ཁྲིམས་སྒྲིག་འགྲེལ་བརྗོད་སྐོར་དང༌། ཁྲིམས་ཀྱི་ལེགས་བྱང་ཡག་པོ་དགོས་གནད།
ཁྲིམས་སྒྲིག་འགྲེལ་བརྗོད་སྐོར་དང༌། ཁྲིམས་ཀྱི་ལེགས་བྱང་ཡག་པོ་དགོས་གནད། རྩིས་འགོའི་འགྲོ་སྟངས་སོགས་ཀྱི་ཐོག་ལམ་སྟོན།
ཚོགས་གཙོའི་ལམ་སྟོན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་གམ། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ཁུར་བའི་རིམ་པའི་ནང་དྲི་བར་ལན་འདེབས་བྱེད་ཚུལ་དང་གསལ་བཤད་བྱེད་སྟངས་སོགས་ཀྱི་ཐོག་ལམ་སྟོན་གནང་རྒྱུ་ཡོད། དེ་མ་གཏོགས་སྒྲིག་གཞིའི་འགྲེལ་བཤད་རྒྱག་སྟངས་ཐོག་ཚོགས་གཙོས་ལམ་སྟོན་གནང་རྒྱུ་མེད་པ་དེ་མཁྱེན་དགོས་པ་ཡིན། ཚོགས་གཙོ་དེ་ཚོགས་གཙོ་རེད་མ་གཏོགས་ཁྲིམས་ཞིབ་པ་མ་རེད། སྒྲིག་གཞི་བཟོས་པའི་སྐབས་དགོས་གལ་བྱུང་ན་སྒྲིག་གཞིའི་གོ་དོན་གང་ཡིན་པ་དེ་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པའི་སྐབས་གྲོས་ཚོགས་ཀྱི་ཚོགས་མིའི་ནང་ནས་དེའི་འགྲེལ་བཤད་རྒྱག་སྟངས་གསལ་བཤད་དགོས་གསུངས་ཚེ་ཚོགས་གཙོས་གསལ་བཤད་ཞུ་རྒྱུའི་ལམ་སྲོལ་ཡོད། གཏན་ལ་ཕབ་ཟིན་པའི་སྒྲིག་གཞི་གཅིག་གི་ཚིག་དོན་གོ་བ་བླང་ཕྱོགས་དང་འགྲེལ་བཤད་རྒྱག་སྟངས་ལ་ཚོགས་གཙོས་ལམ་སྟོན་གནང་རྒྱུ་མེད། ཚོགས་གཙོས་ལམ་སྟོན་གནང་རྒྱུར་སེར་སྣ་བྱེད་པ་དེ་འདྲ་མིན། དེ་ནི་རང་བཞིན་གྱིས་ཚོགས་གཙོའི་དབང་ཚད་ནང་ཡོད་པ་ཞིག་མིན་པ་གསལ་པོར་ཞུ་འདོད་བྱུང༌།
དེང་སྐབས་ཁྲིམས་དོན་ཐག་གཅོད་གནང་མཁན་ཚོས་གྲོས་ཚོགས་ལ་བཀའ་འདྲི་གནང་རྒྱུ་དང༌། གྲོས་ཚོགས་ཀྱིས་ངོས་འཛིན་བྱེད་ཚུལ་ག་འདྲ་ཡིན་ནམ་ཞེས་བཀའ་འདྲི་གནང་རྒྱུའི་གཤིས་ཀ་ཞིག་ཆགས་འདུག ཁྲིམས་དང་སྒྲིག་གཞིའི་འབྲུ་དོན་གོ་བ་བླང་ཕྱོགས་དང༌། དེ་ལ་བརྟེན་པའི་ཐག་གཅོད་གནང་ཕྱོགས་ཀྱི་ཐད་གྲོས་ཚོགས་ཀྱི་དགོངས་ཚུལ་གང་ཡིན་མཁྱེན་དགོས་པ་མེད། སྲིད་ཇུས་ཐག་གཅོད་བྱ་རྒྱུ་ཞིག་ཡིན་ན། གྲོས་ཚོགས་ཀྱི་དགོངས་ཚུལ་གང་ཡིན་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། དེ་མ་གཏོགས་སྒྲིག་གཞི་གཅིག་གི་སྟེང་གྲོས་ཚོགས་ཀྱི་དགོངས་ཚུལ་གང་ཡིན་མིན་མཁྱེན་དགོས་རྒྱུ་སྤྱིར་བཏང་གི་ཁྲིམས་ཀྱི་འགྲོ་སྟངས་ཐོག་དགོས་གལ་མེད་ལ། དབང་ཚད་ཀྱི་རྭ་བའི་ནང་སླེབས་ཀྱི་མེད། དེ་གྲོས་ཚོགས་ནང་ཡོད་མཁན་ཚང་མས་མཁྱེན་དགོས་པར་བརྟེན་ངོས་ནས་ཞུས་པ་ཡིན། འཛིན་སྐྱོང་ལ་རྒྱུན་ལྡན་གྱི་ཕྱག་ལས་ཐོག་སྒྲིག་གཞི་གོ་བ་བླང་ཕྱོགས་ཐད་སྐུ་ངལ་བྱུང་ཚེ། དེ་དག་སེལ་རྒྱུའི་ཆེད་རྒྱུན་ལས་དང་གྲོས་ཚོགས་ཀྱི་དགོངས་ཚུལ་དང་བསྟུན་ནས་སྒྲིག་གཞི་གྲོས་འདེབས་ཚོགས་ཆུང་ཞིག་བཙུགས་པ་རེད། ཚོགས་ཆུང་དེ་བཀའ་ཤག་གིས་བེད་སྤྱོད་གནང་ན་སྒྲིག་གཞིའི་ཐོག་གནས་ཚུལ་མ་གསལ་བ་རྣམས་གསལ་པོ་བཟོ་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད། འོན་ཀྱང་ཚོགས་ཆུང་དེ་བཀའ་ཤག་གིས་བེད་སྤྱོད་གནང་ཐུབ་མེད། སྒྲིག་གཞི་གྲོས་འདེབས་ཚོགས་ཆུང་དེ་དུས་ཚོད་རྫོགས་ཏེ་རང་བཞིན་གྱིས་ཡལ་ཕྱིན་པ་རེད། དེར་བརྟེན་དཀའ་རྙོག་དེ་འདྲའི་ཐོག་གྲོས་ཚོགས་ཀྱི་ལམ་སྟོན་དང་ཚོགས་གཙོའི་ལམ་སྟོན་ལ་མ་འོངས་པར་ཡང་ཐུགས་རེ་གནང་རྒྱུ་མེད་ཅེས་གསལ་པོ་བཟོ་རྒྱུ་ཡིན།
བགྲོ་གླེང་ནང་བཀའ་མོལ་བྱུང་བ་བཞིན་སྒྲིག་གཞི་དང་བཅའ་ཁྲིམས་ཐོག་འགྲེལ་བརྗོད་བྱེད་ཚུལ་དགོངས་པ་མ་མཐུན་པའི་སྐབས་ཐག་གཅོད་བྱ་ཡུལ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་འགན་གཙོ་བོ་དེ་རང་ཡིན། ང་ཚོ་རྒྱ་གར་དུ་སྐྱབས་བཅོལ་ལ་བསྡད་པའི་རིང་ནག་ཉེས་ཀྱི་ཁྲིམས་རྩོད་དང་མཁར་དབང་ཐོབ་ཐང་གི་ཐོག་ཁྲིམས་རྩོད་བྱེད་རྒྱུ་མེད། ང་ཚོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ནང་ཁྲིམས་ཞིབ་བྱེད་རྒྱུའི་དོན་ཚན་གཙོ་བོ་གཉིས་ཡོད་པ་ནི། བཅའ་ཁྲིམས་དང་སྒྲིག་གཞིའི་གོ་དོན་ལེན་ཕྱོགས་ཐོག་རྩོད་པ་བྱུང་ཚེ་དེ་ཁྲིམས་ཁང་གཞན་གང་དུའང་འགྲོ་ས་མེད་པས་ངེས་པར་དུ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསན་དགོས་པ་དང་གཅིག བོད་གཞུང་ཁྱབ་ཁོངས་དང་བཅས་པའི་སྲི་ཞུ་བ་རྣམས་ཀྱི་སྲི་ཞུའི་གནས་སྟངས་དང་འབྲེལ་བའི་ཐོག་རྩོད་རྙོག་བྱུང་ཚེ་གསན་ཞིབ་གནང་རྒྱུ་དེ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐུགས་འགན་གཙོ་བོ་དེ་རེད། དེར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་བཤེར་གནང་བའི་སྐབས་གྱོད་གཞིའི་ངོ་བོར་རྩོད་གླེང་བྱེད་དགོས་རྒྱུའི་གནས་ཚུལ་ནི་བདེན་པ་རེད། ྋགོང་ས་མཆོག་གིས་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ནས་བསམ་འཆར་བཞེས་པའི་སྐབས་སུའང་དངོས་འབྲེལ་བྱེད་ན་ཁྲིམས་རྩོད་པ་བཙུགས་ནས་གསན་ཞིབ་གནང་དགོས་ཀྱི་ཡོད་པ་དེ་ནི་འགྲོ་སྟངས་རེད། དེར་བརྟེན་དེ་ལ་སྡེ་ཚན་ཕན་ཚུན་ཁ་མཆུ་བཙུགས་ན་ཡག་པོ་མི་འདུག་ཅེས་གསུངས་ནས་འཚེར་སྣང་གནང་དགོས་དོན་མེད། ཁ་མཆུ་ནི་གནས་ཚུལ་མ་ཤེས་པ་གཅིག་ཤེས་པའི་ཆེད་དུ་བཤད་སྦྱངས་བྱེད་པ་ལས་ཕན་ཚུན་དགྲ་ཟླར་བཟུང་ནས་རྩོད་པ་བརྒྱབས་པར་ངོས་འཛིན་གནང་རྒྱུ་མེད། ང་རང་ཚོའི་གནས་ཚང་རྒྱ་གར་ལ་ཆ་བཞག་ན། ཁ་མཆུའི་རྩོད་གླེང་སྒྲིག་འཛུགས་གང་སར་མང་པོ་ཡོང་བསྡད་ཀྱི་ཡོད། དེ་ཚོའི་རིགས་ལ་ཁ་མཆུའི་རྩོད་ཟླ་གཉིས་ཀ་འགྲུལ་འཁོར་གཅིག་གི་ནང་ཕྱིན། གནས་ཚང་གཅིག་ནང་བསྡད། ཕན་ཚུན་གོ་བསྡུར་བྱས་ཏེ་ཁ་མཆུ་རྒྱག་མཁན་མང་པོ་ཡོད་པ་རེད། དེ་ནི་ཕན་ཚུན་གཅིག་གིས་གཅིག་ལ་གནོད་སེམས་དང་དགྲ་ཡར་བཟུང་ནས་རྩོད་གླེང་བྱས་པ་ཞིག་རྩ་བ་ནས་མ་རེད། གང་ཟག་གཉིས་ལ་འདོད་ཚུལ་ཐ་དད་པ་གཉིས་བྱུང་བར་བརྟེན། དེ་ལྟ་བུའི་འདོད་ཚུལ་མི་འདྲ་བ་གཉིས་པོ་དེ་ཁྲིམས་ཐོག་ནས་བདེན་པ་གང་ཡིན་དང༌། མི་བདེན་པ་གང་ཡིན་ཐག་གཅོད་ཡོང་ཆེད་ཁྲིམས་རྩོད་བྱེད་ཀྱི་ཡོད་པ་རེད། དེ་ནི་དགེ་ཕྲུག་གཉིས་ཀྱིས་དགེ་རྒན་སར་ཕྱག་དཔེ་དྭོགས་གཅོད་ཆེད་དུ་ཕྱིན་པ་དང་འདྲ་པོ་རེད། དེ་ལ་འཚེར་སྣང་གནང་དགོས་དོན་ཡོད་པ་མ་རེད་ཅེས་གསལ་འདེབས་ཞུ་རྒྱུ་ཡིན།
ལར་ནས་རྩིས་ཞིབ་དང༌། ལོ་འཁོར་སྔོན་རྩིས། བསྐྱར་བཅོས་སྔོན་རྩིས་འབུལ་སྟངས་སོགས་ཀྱི་ཐོག་ཡང་ཡང་གྲོས་ཚོགས་ཀྱི་ནང་འཛིན་སྐྱོང་ལ་སྐུ་ངལ་འཕྲད་ཀྱི་ཡོད། གཅིག་བྱས་ན་ང་ཚོ་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་བྱས་ཚེ་ཁྲིམས་ཞིབ་ཁང་ལའང་སྐུ་ངལ་འཕྲད་མི་སྲིད་པ་མིན། སྐུ་ངལ་དེ་དག་འཕྲད་དགོས་དོན་གྱི་རྒྱུ་མཚན་གཉིས་ཡོད་པའི་དང་པོ་ནི་ང་ཚོ་བཙན་བྱོལ་བོད་གཞུང་གི་ནང་ཕྱག་ལས་ཀྱི་སྣེ་མོར་བཞུགས་མཁན་ཚང་མར་ཁྲིམས་ཀྱི་ལེགས་བྱང་གི་གནས་ཚད་མི་འདང་བ་དེ་ང་ཚོས་ངོས་ལེན་གནང་དགོས་པ་ལས་དེ་སྦས་ནས་ཕན་ཐོགས་མེད། སྤྱི་འཐུས་ ༤༦ ནང་ཁྲིམས་ཡིག་ཟིན་བྲིས་ཤིག་བཟོ་དགོས་བྱུང་ན་བཟོ་ཐུབ་མཁན་དཀོན། གནས་སྟངས་དེ་འཛིན་སྐྱོང་གི་ནང་དུའང་ཆགས་བསྡད་ཡོད། ཁྲིམས་ཡིག་གསར་པ་ཞིག་བཟོ་དགོས་བྱུང་ནའང་རེད། ཁྲིམས་ཡིག་ལ་འགྲེལ་བཤད་བརྒྱབ་དགོས་བྱུང་ནའང་རེད། དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། བརྡ་སྤྲོད་ཀྱི་གཞུང་ལ་མཁས་པའི་སྐད་ཡིག་ཡག་པོ་མཁྱེན་མཁན་ཞིག་ཡིན་པ་ཡིན་ནའང་དེས་ཁྲིམས་ཀྱི་གནས་ལུགས་ཡག་པོ་མཁྱེན་པའི་ངེས་པ་མེད། རིག་པའི་གཞུང་ལུགས་གཞན་ལ་མཁས་པ་ཡིན་ནའང་ཁྲིམས་དོན་གྱི་ཐོག་ལ་དམིགས་སུ་བཀར་ནས་མ་སྦྱངས་ན་དེ་ཡིས་ཁྲིམས་ཀྱི་གནད་དོན་རྣམས་མཁྱེན་པའི་ངེས་པ་གང་ཡང་མེད། ཚད་མ་རིགས་པའི་གཞུང་སྦྱངས་མྱོང་མཁན་ཞིག་ཡིན་ན་དེས་ཁྲིམས་དོན་རིག་པར་སྦྱོང་སྐབས་ལས་སླ་པོ་ཡོང་རྒྱུ་དེ་སྨྲོས་མི་དགོས་པ་ཡིན། ང་ཚོ་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་ནང་ཁྲིམས་ཀྱི་གནད་དོན་མཁྱེན་མཁན་གྱི་ལས་བྱེད་པའམ་བཀའ་སློབ་འབུལ་མཁན་དེ་འདྲ་དགོས་མཁོ་ཆེན་པོ་ཡིན། ཡིན་ནའང་དགོས་མཁོ་དེ་བསྐང་རྒྱུའི་ཆེད་ང་ཚོའི་ན་གཞོན་ནང་སྤྱིར་བཏང་ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་ཉུང་ཉུང་དང༌། ལྷག་པར་དུ་འཛིན་སྐྱོང་གི་སྒྲིག་གཞི་དང་འབྲེལ་བ་ཡོད་པའི་ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་ཉུང་ཉུང་རེད། གཅིག་བྱས་ན་འདིའི་ཐོག་ནས་འཚོ་བ་འཁྱོལ་གྱི་མ་རེད་བསམ་པ་ཡིན་སྲིད། གལ་སྲིད་ང་ཚོ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་རྒྱུའི་དངོས་གནས་ཆོད་སེམས་བརྟན་པོ་ཞིག་ཡོད་ན། ང་རང་ཚོའི་གཞོན་སྐྱེས་ནང་ཁྲིམས་ཀྱི་ལམ་སྲོལ་ཤེས་མཁན་གང་མང་མང་ཡོང་རྒྱུའི་འབད་བརྩོན་གནང་རྒྱུ་དེ་གལ་ཆེན་པོ་རེད། དམིགས་སུ་བཀར་ནས་ཤེས་རིག་དང༌། ནང་སྲིད། དཔལ་འབྱོར་བཅས་ནས་ངེས་པར་དུ་ཐུགས་འགན་བཞེས་ཏེ་དགོངས་པ་བཞེས་དགོས།
རྒྱུ་མཚན་གཉིས་པ་ནི། ང་རང་ཚོར་གནས་ཚད་ཇི་ཙམ་ཡོད་པ་དེ་ཆ་ཚང་བེད་སྤྱོད་བྱས་ཏེ་ཁྲིམས་དང་སྒྲིག་གཞིའི་ཡིག་ཆ་རྣམས་ཡང་དག་པར་ཀློག་གི་མེད་པ་དང་ཞིབ་ཚགས་པོ་གནང་གི་མེད་པ་མ་ཟད། གནང་རྒྱུའི་ཐུགས་འདོད་ཀྱང་གནང་གི་མི་འདུག ཁྲིམས་ལ་སློབ་སྦྱོང་བྱས་མ་མྱོང་བའི་གང་ཟག་རྣམས་ཁྲིམས་ཡིག་དང་སྒྲིག་གཞི་རྩ་བ་ནས་ཤེས་ཀྱི་མ་རེད་ཅེས་བཤད་མི་ཐུབ། རྒྱལ་ཁབ་གང་ལ་བལྟས་ཀྱང་འཛིན་སྐྱོང་གི་ཕྱག་ལས་གནང་མཁན་མང་ཆེ་བར་དམིགས་བསལ་ཁྲིམས་ཀྱི་སློབ་སྦྱོང་མེད་མཁན་རེད། ཡིན་ནའང་སྤྱིར་བཏང་ཤེས་བྱའི་ཐོག་ནས་རང་གི་རྣམ་དཔྱོད་ཀྱིས་ཤེས་ཐབས་བྱེད་ཀྱི་རེད། དབྱིན་ཇིའི་གཏམ་དཔེ་ཞིག་བཞད་གད་ཀྱི་ཚུལ་དུ་བེད་སྤྱོད་བཏང་ན། Open your eyes and use your common sense ཞེས་མིག་ཡར་ཕྱེ་ནས་སྤྱིར་བཏང་ཤེས་བྱ་བེད་སྤྱོད་གཏོང་ཟེར་བ་ལྟར། ཚང་མས་སྤྱན་ཡར་ཕྱེ་ནས་སྤྱིར་བཏང་ཤེས་བྱ་བེད་སྤྱོད་བྱས་ཏེ་ཁྲིམས་དང་སྒྲིག་གཞིའི་ཐོག་གཟིགས་དགོས་རྒྱུ་དེ་གལ་ཆེན་པོ་རེད། དམིགས་སུ་བཀར་ནས་དཔལ་འབྱོར་འདུ་འགོད་དང་འབྲེལ་བ་ཡོད་པའི་སྒྲིག་གཞི་ལ་ཆ་བཞག་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་འདི་རྩ་བའི་སྒྲོམ་གཞི་ལྟ་བུ་ཡིན། དེའི་འོག་ཏུ་རྒྱུན་དུ་ཕྱག་ལས་གནང་སྐབས་བེད་སྤྱོད་གནང་རྒྱུའི་སྒྲིག་གཞི་རྒྱས་པ་ཞིག་འཛིན་སྐྱོང་རང་གི་ངོས་ནས་བཟོ་དགོས་ཀྱི་ཡོད། གྲོས་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་བཀའ་ཤག་སྤྱི་དང༌། ཁྱད་པར་དཔལ་འབྱོར་བཀའ་བློན་གཞུང་གི་དངུལ་འབབ་ཡོངས་རྫོགས་གཏོང་ལེན་གྱི་དབང་ཚད་ཡོད་པའི་འགན་འཛིན་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དབྱིན་སྐད་དུ་ D.D.O. ཟེར་བ། གཞུང་གི་དངུལ་འདོན་འཇུག་དང༌། བགོ་འགྲེམས་ཀྱི་དབང་ཚད་ཡོད་པའི་གང་ཟག་གྲོས་ཚོགས་ལ་འགན་ཁུར་ཞུ་མཁན་དེ་སུ་རེད་ཟེར་ན། མཉམ་འདུས་ལས་འགན་ཡོད་པའི་བཀའ་ཤག་དང༌། དེའི་ནང་ནས་དམིགས་བཀར་དཔལ་འབྱོར་བཀའ་བློན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་ན་དཔལ་འབྱོར་བཀའ་བློན་གྱིས་དབུས་དང་ཕྱོགས་མཐའ་ཡོངས་སུ་རྫོགས་པའི་ D.D.O. གི་ལས་ཀ་བྱེད་ཐུབ་ཀྱི་རེད་དམ་ཞེ་ན་ཐུབ་ཀྱི་མ་རེད། དེར་བརྟེན་དཔལ་འབྱོར་བཀའ་བློན་ལ་བསྐུར་བའི་འགན་དབང་དེ་ནས་གཤམ་འོག་གི་ལས་བྱེད་ལ་ཆ་བགོས་བྱས་ཏེ་འཛིན་སྐྱོང་གི་བཀོད་ཁྱབ་གཅིག་གི་ཐོག་ནས་སྤྲད་དགོས་པ་ཡིན། དེ་འདྲའི་དབང་ཚད་ཆ་བགོས་དབྱིན་སྐད་དུ་ Deligation of power ཟེར་བ་དེ་ངེས་པར་དུ་གཏན་འཇགས་སམ་འཕྲལ་སེལ། ཡང་ན་ལོ་དུས་རྒྱས་བཅད་ཀྱི་ཐོག་ནས་སྤྲད་དགོས་པ་ཡིན། སྤྱིར་བཏང་གཏོང་ལེན་གྱི་ཁྲིམས་འཆར་ཐོག་གཏན་ལ་ཕབ་ཟིན་པའི་ཁྲིམས་ཡིག་ནང་གསལ་བའི་དངུལ་འབོར་ཡོངས་སུ་རྫོགས་པ་དེའི་ནང་དོན་བཀའ་ཁྲོལ་གནང་རྒྱུ་དང༌། སྟངས་འཛིན་གནང་རྒྱུའི་འགན་དབང་བཀའ་ཤག་དང་དཔལ་འབྱོར་བཀའ་བློན་ལ་ཡོད་ཅེས་ཁ་གསལ་པོ་ཡོད། ང་ཚོའི་དཔལ་འབྱོར་གྱི་སྒྲིག་གཞི་དེ་ཚོ་བཟོས་པའི་སྐབས་འཛིན་སྐྱོང་ལ་དབང་ཚད་ཧ་ཅང་ཉུང་ཉུང་བཞག་ཡོད། གཞན་ཕར་བཞག་ནས་བརྩི་འགོ་ཁ་བསྒྱུར་བྱེད་རྒྱུ་དེ་ཡང་གྲོས་ཚོགས་སམ་རྒྱུན་ལས་ལ་ཡོང་དགོས་པ་བཟོས་ཡོད། ཕྱི་ལོ་ ༡༩༩༡ ལོར་སྔོན་བྱུང་གི་ཉམས་མྱོང་མང་པོ་ཞིག་ལ་བརྟེན་ནས་དེ་འདྲ་ཞིག་བཟོ་དགོས་པའི་ཚོར་བ་བྱུང་བར་བརྟེན་དེ་ལྟར་བཟོས་པ་རེད། དེ་སྐབས་ཟིན་བྲིས་རྒྱག་མཁན་ཚོའི་བསམ་བློ་ལ་རིམ་བཞིན་ཉམས་མྱོང་བསགས་ཡོང་བའི་སྐབས་འཛིན་སྐྱོང་གི་ངོས་ནས་དེ་དག་ལ་བསྐྱར་བཅོས་བྱེད་རྒྱུའི་གྲོས་འཆར་ཡོང་གི་རེད་བསམ་པ་རེད། འོན་ཀྱང་དེ་འདྲའི་རིགས་ལ་བསྐྱར་བཅོས་གྲོས་འཆར་ཡོང་མེད། གང་ལགས་ཤེ་ན། དེ་དག་ཇི་མ་ཇི་བཞིན་ལག་ལེན་དུ་མ་བསྟར་བར་བརྟེན་མང་པོ་ཞིག་སྒྲིག་གཞི་དང་འགལ་མ་འགལ་མ་མཁྱེན་པར་ལུས་པ་རེད། གྲོས་ཚོགས་ཀྱིས་མ་མཁྱེན་པའི་ཐོག་བཀའ་ཤག་གིས་ཀྱང་མ་མཁྱེན་པའམ་སྐབས་རེ་མ་མཁྱེན་པའི་ཚུལ་བསྟན་ནས་བཞུགས་པ་རེད། དཔེར་ན་དངུལ་ཁང་གི་རྩིས་སྒོའི་སྐོར་སྒྲིག་གཞི་དོན་ཚན་བཅིུས་པ་ད་བར་ལག་ལེན་རྩ་བ་ནས་བསྟར་ཐུབ་མེད་ཀྱང༌། བསྐྱར་བཅོས་ཀྱང་བྱས་མེད། རྩིས་ཞིབ་ལས་ཁང་གིས་ཀྱང་འདིའི་ཐོག་ཐུགས་སྣང་མ་ཕྱིན་པ་འདྲ། འདི་ནི་ངོས་ནས་དཔེ་མཚོན་ཙམ་ཞིག་ཞུས་པ་ཡིན་ལ། དེ་དང་དེ་འདྲའི་རིགས་མང་པོ་ཞིག་སྒྲིག་གཞི་ལྟར་འགྲོ་ཐུབ་ཀྱི་མེད་པ་ཡིན་ནའང་དེ་ཚོའི་ཐོག་དགག་བྱ་བྱེད་མཁན་མ་བྱུང་བས་སྣང་མེད་དུ་ལུས་པ་རེད། ཉིན་རེ་ཉིན་རེའི་དཔལ་འབྱོར་གྱི་ཕྱག་ལས་གནང་སྟངས་ཀྱི་ཞིབ་ཕྲའི་སྒྲིག་གཞི་ Financial Hand Book ཡང་ན་ Financial Manual དེ་འདྲ་ཞིག་མེད་པའི་སྐབས་རྩིས་ཞིབ་ལའང་ཁག་པོ་ཆགས་ཀྱི་ཡོད་ལ། འཛིན་སྐྱོང་ལས་བྱེད་ལའང་ཁག་པོ་ཆགས་ཀྱི་ཡོད། སྒྲིག་གཞི་ཇི་ཙམ་གྱིས་ཞིབ་ཚགས་པ་དེ་ཙམ་གྱིས་ལས་ཀ་བྱེད་སླ་རུ་འགྲོ་གི་ཡོད་པ་དེ་ཚན་རིག་གི་ལྟ་ཚུལ་ཞིག་ཡིན། སྔ་མ་གྲོས་ཚོགས་ནང་སྒྲིག་གཞི་དེ་ཚོ་ལ་བརྟེན་ནས་ལས་བྱེད་པ་རྐང་པ་ལག་པ་བསྡམས་བཞག་པ་ལྟ་བུ་འདུག་ཅེས་བཀའ་མོལ་བྱུང་ཡོད། དེ་ཡིན་ན་ བྱབྱལྷ་བདུད་དུ་བབས་པ་བྱབྱ དང་ བྱབྱསྨན་དུག་ཏུ་སོང་བ་བྱབྱ ཟེར་བ་ལྟ་བུ་གོ་ལྡོག་གི་གནས་ཚུལ་ཞིག་བྱུང་བ་རེད། ད་ལྟ་དམིགས་སུ་བཀར་ནས་དེ་རིང་གི་གྲོས་འཆར་ཕྱིར་འཐེན་གནང་བ་དེ་རང་གི་དོན་དུ་ཞུས་ན་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་སྐབས་གཏོང་འཆར་མེད་པའི་གློ་བུར་འགྲོ་སོང་གཏོང་དགོས་བྱུང་བའི་རིགས་ཀྱི་ཆེད་དུ་ངེས་མེད་དགོས་དངུལ་ཟེར་བ་དེ་བཞག་ཡོད། དེ་ནི་ངེས་མེད་གློ་བུར་དུ་བྱུང་བའི་གནས་ཚུལ་ཞིག་གི་ཐོག་གཏོང་རྒྱུ་ཡིན། དེར་བརྟེན་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་མ་འཁོད་པ་ཞིག་དགོས་ཀྱི་ཡོད། དེའི་ནང་མ་འཁོད་པ་ཟེར་བའི་སྐབས་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་འཁོད་པ་ཡིན་ན་རྩིས་འགོ་ངེས་ཅན་ཞིག་གི་འོག་འཁོད་དགོས་པ་ལས། རྩིས་འགོ་ངེས་ཅན་ཞིག་གི་འོག་མ་འཁོད་པར་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་འཁོད་རྒྱུ་གང་ཡང་མེད། སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་འཁོད་རྗེས་རྩིས་འགོ་ངེས་ཅན་ཞིག་གི་འོག་འཁོད་པ་གཞིར་བཞག་ཡིན། དེར་བརྟེན་གོང་དུ་བགྲོ་གླེང་སྐབས་བཀའ་མོལ་བྱུང་བ་བཞིན་རྩིས་འགོ་ངེས་ཅན་ཟེར་བའི་ཚིག་དེ་ཡོད་རུང་མེད་རུང་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་ཚུད་མ་ཚུད་དེ་གཅིག་པ་ཆགས་ཀྱི་ཡོད། རྩིས་འགོ་ངེས་ཅན་མེད་པ་ཞིག་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་ཚུད་རྒྱུ་མེད། སྔོན་རྩིས་ནང་ཚུད་ཟིན་པའི་རྩིས་འགོ་ཞིག་གི་ནང་ངེས་མེད་ཀྱིས་དང་པོ་འཆར་གཞི་བཞག་པའི་དངུལ་འབོར་ལས་མང་བ་ཞིག་གཏང་དགོས་བྱུང་ནའང་རྩིས་འགོ་དེ་གའི་འོག་ནས་བཏང་ཆོག གཏང་རྒྱུའི་བཀའ་ཁྲོལ་སྤྲད་རྒྱུའི་འགན་དབང་ཆ་ཚང་བཀའ་ཤག་ལ་ཡོད། ཐོག་མར་སྔོན་རྩིས་ནང་སྒོར་སྟོང་གཅིག་བཞག་པ་དངོས་སུ་ལག་བསྟར་གནང་བའི་སྐབས་སྒོར་འབུམ་གཅིག་གཏོང་དགོས་རྒྱུའི་གནས་ཚུལ་བྱུང་ཚེ། རྩིས་འགོ་དེ་གའི་འོག་བསྐྱར་བཅོས་སྔོན་རྩིས་ནང་ཡོང་དགོས་ཀྱི་ཡོད། བསྐྱར་བཅོས་སྔོན་རྩིས་མ་སླེབས་བར་འགྲོ་སོང་དེ་གཏང་མི་ཆོག་པ་དེ་ཡང་དག་པའི་འགྲེལ་བཤད་ཅིག་ཆགས་ཀྱི་མེད། སྔོན་རྩིས་ནང་རྩིས་འགོ་ཞིག་བཀའ་ཁྲོལ་གནང་རྗེས་རྩིས་འགོ་དེའི་འོག་འགྲོ་མཁན་གྱི་འགྲོ་སོང་ཡོངས་སུ་རྫོགས་པ་དེ་དེའི་འོག་གཏང་དགོས། གོང་དུ་བགྲོ་གླེང་གནང་བའི་སྐབས་ཕྱོགས་མང་པོ་ཞིག་ནས་སྐུ་མགྲོན་དམིགས་བསལ་བ་ཕེབས་མཁན་ཞིག་ལ་དཔེ་བཞག་ནས་གསུངས་སོང༌། སྐུ་མགྲོན་དམིགས་བསལ་བ་ག་འདྲ་ཞིག་ཕེབས་ཀྱང་སྣེ་ལེན་གྱི་རྩིས་འགོ་འོག་ནས་འགྲོ་སོང་གཏང་དགོས། རྩིས་འགོ་ཡོད་པའི་རྩིས་འགྲོ་ཞིག་དམིགས་བསལ་དགོས་དངུལ་གྱི་ཐོག་ནས་གཏང་གི་ཡིན་གསུངས་ན་སྒྲིག་གཞི་དང་མཐུན་པ་བྱུང་མེད། ལོ་གཅིག་གི་ནང་སྐུ་མགྲོན་ཕེབས་མཁན་ག་ཚོད་ཡོད་པ་སྔོན་རྩིས་བཀོད་པའི་སྐབས་གཏན་འཁེལ་ཐུབ་ཐབས་མེད། འདས་ལོའི་ནང་ག་ཚོད་ཕྱིན་པ་དེ་ལ་ཚོད་དཔག་བྱས་ཏེ་བཀོད་ཀྱི་ཡོད། སྐུ་མགྲོན་གྱི་མིང་ལ་ལེགས་སྦྱར་སྐད་དུ་ཨཏིཐི་ཞེས་ཟེར། ཨཏིཐི་ཞེས་པ་ངེས་མེད་གློ་བུར་བ་ཞིག་ལ་ཟེར། དངོས་འབྲེལ་བྱས་ན་དང་པོ་ནས་ཡོང་གི་ཡིན་ཞེས་བརྗོད་ནས་ཡོང་མཁན་དེ་ལ་སྐུ་མགྲོན་གྱི་སྒྲ་བཤད་ཆ་ཚང་མི་ཚང༌། རྒྱུ་མཚན་ཆ་ཚང་གསུང་རྒྱུ་ཡོད་ན་སྐུ་མགྲོན་སྣེ་ལེན་གྱི་རྩིས་འགོའི་འོག་སྔོན་རྩིས་ནང་འཁོད་པའི་དངུལ་འབབ་ལ་བསྐྱར་བཅོས་སྔོན་རྩིས་ནང་ལྡབ་བཅུ་སྤར་དགོས་བྱུང་ནའང་གྲོས་ཚོགས་ནས་དེ་ངོས་ལེན་གནང་དགོས་ཀྱི་རེད་ལ་རྩིས་ཀྱི་འགྲོ་སྟངས་ཀྱང་དེ་རང་ཡིན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་སྤར་དགོས་པའི་རྒྱུ་མཚན་དེ་གསུངས་དགོས་ཀྱི་རེད། དཔེ་མཚོན་བཞག་རྒྱུའི་སྐུ་མགྲོན་སྣེ་ལེན་གྱི་འགྲོ་སོང་དེ་འཛིན་སྐྱོང་གི་ངོས་ནས་ངེས་མེད་དགོས་དངུལ་ནས་གཏོང་དགོས་ཡོད་དགོངས་པ་དེ་ནོར་བ་ཡིན་ལ། རྩིས་ཞིབ་ཀྱི་ངོས་ནས་དེའི་ནང་འགའ་ཤས་རྩིས་འགོ་ངེས་ཅན་ནང་ཡོད་པ་དང༌། འགའ་ཤས་རྩིས་འགོ་ངེས་ཅན་ནང་ཡོད་མ་རེད་གསུངས་པ་དེ་ཡང་ངོས་ཀྱི་མཐོང་ཚུལ་ལྟར་བྱས་ན་སྒྲིག་གཞི་དང་མཐུན་པ་ཞིག་མ་རེད་སྙམ། ངེས་མེད་དགོས་དངུལ་ནས་གཏང་མི་ཆོག་པ་གང་དང་གང་ཡིན་སྒྲིག་གཞིའི་ནང་ཁ་གསལ་ནས་ཡོད། གཏན་འཇགས་ལས་བྱེད་ཀྱི་ཕོགས་དང་ཟུར་ཕོགས་ཐོག་གཏང་ཆོག་གི་མ་རེད་ཅེས་འཁོད་ཡོད། དེ་འཁོད་དགོས་དོན་ནི་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་མ་ཡོང་བར་གློ་བུར་ཞིག་ལ་གཏན་འཇགས་ལས་བྱེད་གཅིག་བསྐོ་དགོས་རྒྱུའི་གནས་སྟངས་ཤིག་ཆགས་མི་སྲིད། གཏན་འཇགས་ལས་བྱེད་གཅིག་གི་ཆེད་ས་མིག་བཟོ་རྒྱུ་དང་བསྐོ་གཞག་གནང་རྒྱུ་དེ་འཆར་གཞི་ལྡན་པའི་ཐོག་ནས་ཡོང་དགོས་པས་ན་གཏན་འཇགས་ལས་བྱེད་ཀྱི་ཕོགས་དང་ཟུར་ཕོགས་ལ་དམིགས་སུ་བཀར་ནས་སྤྲད་ཆོག་གི་མ་རེད་ཅེས་བརྗོད་ཡོད། ལོ་གཅིག་གི་ནང་ཚར་འགྲོ་རྒྱུའི་ལས་དོན་ཞིག་གི་ཆེད་དུ་ཟླ་བ་དྲུག་ལ་སོགས་པ་བཞག་རྒྱུའི་འཕྲལ་སེལ་གྱི་ལས་བྱེད་དགོས་པ་བྱུང་ན་དེའི་ཕོགས་དང་ཟུར་ཕོགས་སྤྲད་ཆོག་གི་རེད།
མཁར་དབང་ཉོ་སྒྲུབ་དང་ཨར་ལས་ལ་གཏང་ཆོག་གི་མ་རེད་ཅེས་བཀག་ཡོད། མཁར་དབང་ཉོ་སྒྲུབ་བྱེད་རྒྱུར་སྔོན་རྩིས་སྐབས་མེད་པ་ཞིག་གློ་བུར་ཞིག་ལ་མཁར་དབང་ཉོ་སྒྲུབ་བྱེད་དགོས་རྒྱུ་དེ་ཡོང་ཤེས་ཀྱི་མེད། གལ་སྲིད་ཡོང་བ་ཡིན་ནའང་དེ་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་གང་ཡང་རུང་བ་ཞིག་གི་ནང་ལ་འཁྱེར་ཡོང་དགོས། མཁར་དབང་ཞིག་ཉོ་སྒྲུབ་བྱེད་པ་ཡིན་ན་དེའི་འཛིན་སྐྱོང་བྱེད་རྒྱུར་མུ་མཐུད་ནས་མ་གཏང་ཐབས་མེད་ཀྱི་འགྲོ་སོང་མང་པོ་དེའི་མཉམ་རྗེས་འབྲེལ་བྱས་ནས་ཡོང༌། ཨར་པོའི་ལས་ཀ་ཞིག་ཡིན་ནའང་ཟླ་བ་མང་པོའི་སྔོན་ནས་འཆར་གཞི་བཟོ་དགོས་པས་ན་དེ་དག་ངེས་མེད་ཀྱི་མཚན་ཉིད་མ་ཚང་བས་དེའི་ཐོག་གཏོང་ཆོག་གི་མ་རེད་ཅེས་བཀག་པ་དང༌།
སྔ་གཡར་དང་བུན་སྐྱེད་ལ་གཏང་མི་ཆོག་ཅེས་གསུམ་པ་འདི་བཀག་པ་ཡིན། མི་ལ་དངུལ་གཡར་རྒྱུ་ཡིན་ན། ངེས་མེད་དགོས་དངུལ་ནས་གཡར་ཆོག་གི་མེད། སྤྱིར་བཏང་གཞུང་དངུལ་གྱི་ཐོག་ནས་གཡར་རྒྱུ་ཁག་པོ་ཡོད་ཀྱང༌། གལ་ཏེ་གཡར་དགོས་བྱུང་ན་ངེས་མེད་དགོས་དངུལ་དེ་འདིའི་ཆེད་དུ་མིན། ཡང་གཞུང་ལ་བུ་ལོན་གྱི་སྐྱེད་ཀ་སྤྲོད་རྒྱུའི་ཆེད་དུ་ངེས་མེད་དགོས་དངུལ་ནས་གཏང་ཆོག་རྒྱུ་དེ་ཁྱབ་ཆེན་པོ་ཆགས་པ་ཡིན། གོང་དུ་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་མེད་པ་ཟེར་བ་ཞིག་བྲིས་ཡོད། འོག་ཏུ་གཏང་མི་ཆོག་པའི་ལས་དོན་རྣམས་ཟུར་དུ་བཅད་ཡོད། དེར་བརྟེན་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་ནང་ལ་ཡོད་པ་གང་ཡིན་པ་རྣམས་སྔོན་རྩིས་རང་གི་རྩིས་འགོའི་འོག་ནས་འགྲོ་དགོས་རྒྱུ་ཞིག་ཡིན། བར་ལམ་ཞིག་ནས་སྔོན་རྩིས་བསྐྱར་བཅོས་བྱེད་རྒྱུའི་སྔོན་དུ་སྔོན་རྩིས་ལས་བརྒལ་བའི་འགྲོ་སོང་ཆེན་པོ་ཞིག་བཏང་དགོས་ཆགས་ཚེ་འགྲོ་སོང་སྔོན་བཏང་བཀའ་ཁྲོལ་རྗེས་ཞུས་ཟེར་བ་ཆགས་ཀྱི་རེད། དེ་ཆོག་གི་མ་རེད་གསུང་མཁན་འདུག དེ་བདེན་པ་རང་ཨེ་ཡིན། བསྐྱར་བཅོས་སྔོན་རྩིས་མ་སླེབས་གོང་སྔ་མའི་སྔོན་རྩིས་ནང་ཡོད་པའི་དངུལ་འབབ་ཆ་ཚང་ཟླ་བ་གསུམ་གྱི་ནང་རྫོགས་ཚར་བ་རང་གི་དྲན་ཐོག་ལ་མང་པོ་བྱུང་སོང༌། དེ་དག་འགྲོ་སོང་སྔོན་བཏང་བཀའ་ཁྲོལ་རྗེས་ཞུས་རེད་ཅེས་གྲོས་ཚོགས་ནས་གསུངས་མེད། གསུངས་པ་ཡིན་ན་དེ་ཚུལ་མཐུན་མ་རེད། དངུལ་འབབ་དེ་མ་འདེང་བ་རེད་མ་གཏོགས་གཏོང་རྒྱུའི་རྩིས་འགོ་དེ་བཀའ་ཁྲོལ་ཡོང་བ་ཞིག་ཡིན། དངུལ་འབབ་ཀྱིས་མ་འདེང་བར་ཆེན་པོ་བཏང་དགོས་རྒྱུ་དེར་གསལ་བཤད་དང་རྒྱུ་མཚན་འདེང་བ་ཞིག་དགོས་ཀྱི་ཡོད། དེ་ཡོད་པ་ཡིན་ན་དེ་སྔ་ཕན་ཆད་ལོ་དགུའི་རིང་ལ་དེ་འདྲ་མང་པོ་བཀའ་ཁྲོལ་བཏང་ཡོད་པ་མ་གཏོགས་མ་གཏང་བ་མ་རེད། བསྐྱར་བཅོས་སྔོན་རྩིས་ཡོང་བའི་སྐབས་སྔ་མའི་དངུལ་འབབ་དེ་རྫོགས་ནས་དེའི་ཐོག་འགྲོ་སོང་མང་པོ་ཞིག་ཕྱིན་ཚར་བ་དེ་དག་བསྐྱར་བཅོས་སྔོན་རྩིས་ནང་བཀའ་ཁྲོལ་བཏང་བསྡད་ཀྱི་ཡོད། སྔོན་རྩིས་ནང་རྩིས་འགོ་བཀའ་ཁྲོལ་མེད་པའི་རྩིས་འགོ་གསར་པ་ཞིག་སྔོན་རྩིས་བསྐྱར་བཅོས་ནང་འཁྱེར་ཡོང་བ་ཡིན་ན། དེ་སྤྱིར་བཏང་གི་རྩིས་ཀྱི་འགྲོ་སྟངས་དང་མི་མཐུན། དེ་འདྲའི་རིགས་དེ་འགྲོ་སོང་སྔོན་བཏང་བཀའ་ཁྲོལ་རྗེས་ཞུས་ཟེར་བ་ཡིན་སྲིད་པ་ཞིག་རེད། སྔོན་རྩིས་ནང་རྩིས་འགོ་རྩ་བ་ནས་མེད་པ་ཞིག་བསྐྱར་བཅོས་སྔོན་རྩིས་ནང་སླེབས་པ་ཡིན་ན་རྒྱག་གཞི་མེད་པའི་ལྷན་པ་ནང་བཞིན་ཆགས་པ་རེད། བསྐྱར་བཅོས་ཞེས་པ་ནི་བཟོ་བཅོས་གཏོང་རྒྱུའི་གཞི་རྩ་སྔོན་ནས་ཡོད་པ་ཞིག་ལ་བསྐྱར་དུ་བཟོ་བཅོས་གནང་བ་ཡིན་ཞེས་པའི་དོན་ལས་བཟོ་བཅོས་གཏོང་རྒྱུའི་གཞི་རྩ་རྩ་བ་ནས་མེད་པ་ཞིག་བསྐྱར་བཅོས་བྱེད་རྒྱུ་གང་ཡང་མེད། དེར་བརྟེན་སྔོན་རྩིས་ནང་མ་ཚུད་པ་ཞིག་འགྲོ་སོང་གཏོང་དགོས་ཆགས་པ་དེ་ངེས་པར་དུ་བཀའ་ཤག་གི་ངེས་མེད་དགོས་དངུལ་ནས་བཏང་དགོས་པ་ལས་སྔོན་རྩིས་བསྐྱར་བཅོས་ནང་འཁྱེར་ཡོང་བ་དེ་ནོར་བ་ཡིན། ཉེ་བའི་ཆར་དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་གོ་སོང༌། དེ་དག་སྤྱི་ཡོངས་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་བྱེད་སྟངས་ཀྱི་གཞི་རིམ་ལྟ་གྲུབ་ཀྱི་རིགས་ལམ་གསལ་པོ་མེད་པའི་དབང་གིས་བྱུང་བ་རེད་སྙམ། དེར་བརྟེན་མདོར་བསྡུས་ན་དཔལ་འབྱོར་གྱི་ལས་དོན་གནང་མཁན་རྣམས་དཔལ་འབྱོར་གྱི་གཞི་རིམ་གྱི་སྒྲིག་གཞི་དང་ཉིན་རེ་ཉིན་རེའི་ལས་དོན་བྱེད་ཕྱོགས་ཐོག་ཏན་ཏན་ཐུགས་བསམ་བཞེས་དགོས་རྒྱུ་ཞིག་དང༌། དེའི་སླད་དུ་ལམ་སྟོན་གྱི་ལག་དེབ་ཞིབ་ཅིང་ཕྲ་བ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད། ད་ལྟ་སྒྲིག་གཞི་དེ་ཚོ་གཏན་ལ་ཕབ་ནས་ལོ་དགུ་ཕྱིན་པ་རེད། དེའི་རིགས་ལ་ལམ་སྟོན་ལག་དེབ་ཅིག་མ་བྱུང་བ་དེ་ཕྲན་བུའི་བློ་ཕམ་གྱི་གནས་ཤིག་ཡིན། དེར་བརྟེན་མ་འོངས་པར་དེ་དག་གསལ་པོ་བྱུང་ན། དེའི་ཐོག་ནས་རྩིས་ཞིབ་སྐུ་ངལ་ཆུང་བ་དང་འཛིན་སྐྱོང་སྐུ་ངལ་ཆུང་བ་ཡོང་གི་རེད་སྙམ། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡