ཁ་བའི་སྒྲོན་མེ།

སྒྲོལ་མ་གླིང་། བློ་བཟང་ཆོས་སྒྲོན།
བྱམས་དང་བརྩེ་བས་འགྲོ་དོན་བྱོན་པའི།།
རྒྱལ་མཆོག་གང་གི་ཐུགས་ཀྱི་སྲས་མཆོག།
ཉེར་གཅིག་དུས་ཀྱི་མཁས་པའི་གཙུག་རྒྱན།།
སློབ་དཔོན་མཆོག་ལ་སྒོ་གསུམ་གུས་འདུད།།

འཇིག་རྟེན་མི་བུའི་གར་དུ་རོལ་ཡང་།།
ཟང་ཟིང་ནོར་ལ་ཆགས་ཞེན་སྤངས་ཏེ།།
ནང་གི་ལོངས་སྤྱོད་ཤེས་བྱའི་ནོར་བུ།།
དཔྱོད་མཁས་བློ་ཡིས་རྒྱན་དུ་སྤྲས་སོང་།།
བོད་པ་ཚང་གི་ཆགས་འཇིགས་སྐྱོ་པོའི།།
ཐེགས་དཀའི་ཁུར་པོ་ལྕི་མོ་དེ་ཉིད།།
༸རྒྱལ་བ་མཆོག་གི་ཁུར་དུ་བཞེས་ཏེ།།
འབད་པས་ལམ་ཕྲན་རིམ་གྱིས་བརྒྱུད་དུས།།
སློབ་དཔོན་ཁྱེད་ཉིད་འཁར་བ་བཞིན་དུ།།
རྒྱལ་མཆོག་གང་གི་ཕྱག་ནས་བསྐྱོར་ཏེ།།
བོད་ཀྱི་བདེན་དོན་ཧུར་གྱིས་བརྩོན་སོང་།།
ཁ་བའི་སྐད་ཡིག་རིག་གཞུང་དག་གི།
མདུན་ལམ་རིང་མོར་ཐུགས་བསམ་བཞེས་ཏེ།།
གནའ་དེང་ཟུང་གི་ཤེས་བྱའི་ལྡེའུ་མིག།
རིག་གསལ་སློབ་བུའི་ཚོགས་ལ་བསྩལ་སོང་།།
རྒྱལ་བ་མཆོག་གིས་ཐུགས་དགོངས་བཞིན་དུ།།
ལོ་ཟླ་རིང་མོའི་དཀའ་སྡུག་ཁྲོད་ནས།།
རང་རིགས་བོད་ཀྱི་བདེན་དོན་ཟབ་མོའི།།
འགན་ཁྲི་ཡོད་ཚད་ཕྲག་ཏུ་བཞེས་སོང་།།
བོད་དང་བོད་ཀྱི་བདེན་དོན་སླད་དུ།།
ཁྱེད་ཀྱི་སྐྲ་ལོའི་ཁ་མདོག་འགྱུར་ཐལ།།
རང་སྲོལ་སྐྱོང་བའི་ལས་རིམ་ཁྲོད་ནས།།
ཁྱེད་ཀྱི་ལང་ཚོ་ཞན་དུ་འགྱུར་སོང་།།
ཁྱེད་ཀྱི་ལུས་ཟུངས་འདི་ལྟར་རྒས་རུང་།།
བྱམས་དང་བརྩེ་བས་འདུལ་བྱའི་ཚོགས་ལ།།
རྒྱལ་བསྟན་ཟབ་མོའི་གནད་ཀྱི་བཅུད་སྙིང་།།
འཇམ་པོའི་ངག་ནས་བདེ་ལེགས་བསྩལ་སོང་།།
དྲང་བདེན་མིག་ཟུང་བཙན་གྱིས་བཙུམས་ཤིང་།།
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བྲལ་བའི།།
སྐྱེས་བུ་འགའ་ཡིས་མཁས་མཆོག་ཁྱེད་ལ།།
ལོང་གཏམ་ཚིག་གི་མདའ་མོ་འཕེན་ཡང་།།
རྒྱལ་བའི་སྲས་མཆོག་སློབ་དཔོན་ཆེན་པོ།།
མཚུངས་ཟླ་བྲལ་བའི་ཁྱེད་ཀྱི་བཀའ་དྲིན།།
མི་གཤིས་འཛིན་པའི་གདོང་དམར་པ་ཡིས།།
སེམས་དང་བསམ་པའི་གཏིང་ན་རུམ་ཡོད།།