༧གོང་ས་སྐྱབས་མགོན་ཆེན་པོར་བཀའ་ཤག་སྐབས་བཅུ་གཉིས་པའི་ལས་དོན་སྙན་ཞུ།
༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་ཕྱག་འཚལ་ལོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིས།
ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་ཤག་སྐབས་བཅུ་གཉིས་པའི་ལས་དོན་སྙན་ཞུ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་མཛད་འཕྲིན་ཆུ་རླབས་ལྟ་བུའི་ལ་གནས་ཚུལ་གལ་ཆེ་འགའ་ཤས་སྙན་གསན་ཞུ་རྒྱུའི་ཆེད་ཉིན་འཁྱོངས་གཉིས་ཀྱི་དུས་ཚོད་གསོལ་རས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
གུས་འབངས་བཀའ་བློན་བཞིས་བཙན་བྱོལ་བོད་གཞུང་བཀའ་ཤག་སྐབས་བཅུ་གཉིས་པའི་ལས་ཁུར་བླངས་ནས་ལོ་གཉིས་དང་ཟླ་བ་བཞི་ལ་ཉེ་བར་སོང་བའི་སྐབས་འདིར་བཙན་བྱོལ་གཞུང་གི་བྱེད་སྒོ་རྣམས་རགས་རིམ་ཙམ་ཤེས་རྟོགས་བྱུང་བ་དང༌། འབྱུང་འགྱུར་ལོ་གཉིས་དང་ཟླ་བ་བརྒྱད་ལྷག་ཙམ་གྱི་རིང་བྱ་རྒྱུའི་རེ་འདུན་འཆང་བའི་ལས་དོན་རྣམས་ཀྱི་འཆར་གཞི་དང༌། ལྟ་གྲུབ་ཀྱི་རྒྱབ་ལྗོངས་རིག་པའི་གཞུང་ལུགས་བཅས་ལམ་ཙམ་གཏན་ལ་འཁེལ་བའི་དུས་སྐབས་འདིར་བཟང་ངན་གྱི་གནས་ཚུལ་ཆ་ཚང་ཞིག་ྋགོང་ས་མཆོག་གི་སྙན་ལམ་དུ་འཁྱོལ་བ་བྱ་རྒྱུ་དང༌། དེའི་ཐོག་བླང་དོར་བཀའ་སློབ་ཞུ་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པའི་ཚོར་སྣང་དྲག་པོ་བྱུང༌། ྋགོང་ས་མཆོག་གི་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ལ་སྨན་པའི་ཆོས་སྲིད་ཀྱི་མཛད་འཕྲིན་མུ་མཐའ་མེད་པའི་དུས་སྐབས་སུ་ཐུགས་དམ་སད་རྐྱེན་མི་དགོས་པ་གཙོ་འདོན་གྱིས་བཙན་བྱོལ་གཞུང་གི་ལས་དོན་ཆེ་ཕྲ་ཚང་མ་རྒྱུན་ལྡན་སྙན་གསན་ཡང་ཡང་སྒྲོན་འབུལ་ཞུ་མ་ནུས་པ་དང༌། སྐབས་རེས་ྋགོང་ས་མཆོག་རྡ་སར་ངོ་བཞུགས་མེད་དུས་སུའང་ལས་དོན་མང་པོ་ཐག་གཅོད་བྱ་དགོས་བཅས་ལ་བརྟེན་བཀའ་ཤག་གི་ལས་དོན་ཡོངས་སུ་རྫོགས་པ་ཞིག་ྋགོང་ས་མཆོག་གི་དགོངས་དབྱིངས་སུ་ཆུད་ཐབས་མ་གྱུར་པ་དང༌། དེ་ལ་བརྟེན་ནས་སྐབས་རེ་ལས་དོན་ཁ་ཤས་ཀྱི་རྒྱབ་ལྗོངས་དང་བྱུང་རིམ་ཇི་བཞིན་སྙན་སྒྲོན་མ་ཐུབ་པའི་དབང་གིས་དངོས་བྱུང་གནས་ཚུལ་གྱི་ངོ་གདོང་གི་ཐོག་ནས་དགོངས་དཔྱད་གནང་བདེ་མེད་པ་སོགས་རྒྱུ་མཚན་མང་པོ་ཞིག་མཐོང་བ་ལ་བརྟེན་ནས་གུས་འབངས་བཀའ་ཤག་གི་ཀུན་སློང་དང༌། བསམ་བློའི་འཁྱེར་ཕྱོགས། ལས་དོན་ཡོངས་རྫོགས་ཀྱི་ཐོག་བསམ་ཞིབ་བྱེད་རིམ་དང༌། ཐག་གཅོད་བྱེད་ཕྱོགས་བཅས་ཆ་ལག་ཚང་བ་ཞིག་ྋགོང་ས་ཆེན་པོའི་སྙན་ལམ་དུ་སྒྲོན་ཐུབ་པ་བྱུང་ན་དགོངས་དཔྱད་དང་གཟིགས་ཕྱོགས་བདེ་བ་ཡོང་རྒྱུ་མ་ཟད། འཕྲལ་ཕུགས་གཉིས་སྨན་གྱི་བླང་དོར་ལམ་སྟོན་གནང་སྟབས་བདེ་བ་ཡོང་རྒྱུའི་རེ་འདུན་བཅངས་ཏེ་ད་རེས་སྙན་གསན་རྒྱས་ཙམ་ཞིག་ཞུ་རྒྱུའི་གོ་སྐབས་བླངས་པ་ཡིན། དེ་དང་ཕྱོགས་མཚུངས་སྐུ་སྒེར་དྲུང་ཆེ་རྣམ་པ་ལྷན་རྒྱས་ཀྱིས་ཀྱང་གནས་ཚུལ་ཆ་ཚང་ཞིག་མཁྱེན་པ་ཡིན་ན་དུས་ནས་དུས་སུ་གང་ཟག་ཅི་རིགས་ཀྱིས་སོ་སོའི་གཟིགས་ཕྱོགས་དགོངས་ཕྱོགས་གཙོ་བཟུང་གིས་གནས་ཚུལ་འདྲ་མིན་ཞུ་མཁན་བྱུང་སྐབས་སུའང་སྤྱི་ཡོངས་ཀྱི་བཀའ་ལན་གནང་སྟབས་བདེ་བ་ཡོང་རྒྱུར་བརྟེན་སྐུ་སྒེར་དྲུང་ཆེ་རྣམ་པ་མཉམ་ཕེབས་ཡོང་བའི་སྙན་གསན་ཞུས་པ་ཡིན།
དེ་རིང་བཀའ་ཤག་གིས་སྙན་གསན་ཞུ་རྒྱུའི་ནང་དོན་ནི་འདས་པའི་ལོ་གཉིས་ལྷག་གི་རིང་ལས་དོན་ཇི་བྱས་ཀྱི་ལས་བསྡོམས་ཀྱི་ངོ་བོ་ཞིག་མིན་པ་དང༌། གྲུབ་འབྲས་ཀྱི་ཕྱོགས་བསྡོམས་ལྟུ་བུ་ཞིག་ཀྱང་མིན། ད་རེས་ཞུ་བྱའི་གཙོ་བོ་ནི་བཀའ་ཤག་གི་བསམ་བློའི་འཁྱེར་ཕྱོགས་དང༌། ལྟ་གྲུབ་ཀྱི་གཞི་རྟེན། དེའི་ཐོག་ནས་བོད་མིའི་དཀའ་རྙོག་ལ་ལྟ་ཕྱོགས་དང༌། དེ་སེལ་བའི་ཐབས་ལམ་བཙལ་ཕྱོགས་དཀའ་ངལ་དང་བར་ཆད་གང་དང་གང་བྱུང་བ། ལས་དོན་རྣམས་བསམ་པ་བཞིན་མ་གྲུབ་པའི་རྒྱུ་མཚན་བཅས་གཙོ་འདོན་གྱིས་ཞུ་རྒྱུ་ཡིན།
༡༽ བཀའ་ཤག་གི་ལས་དོན་ཡོངས་ལ་ཁྱབ་པའི་ཚད་འཛིན་གྱི་ཕྱག་རྒྱ་གསུམ།
ཀ། བདེན་པ།
ཁ། འཚེ་བ་མེད་པ།
ག ཡང་དག་པའི་མང་གཙོའི་རིང་ལུགས།
གོང་གསལ་དོན་ཚན་གསུམ་དེ་ནམ་ཡང་འདོར་མི་རུང་བའི་དམ་ཚིག་གི་ཕྱག་རྒྱ་ཞིག་ཏུ་ངོས་འཛིན་ཞུས་པ་ཡིན། ད་ལྟ་བཀའ་བློན་ཁྲི་པའི་སྒེར་གྱི་བསམ་ཚུལ་ནང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་ལུགས་རིས་མེད་ཀྱི་ངོ་བོར་བསྒྱུར་ཐུབ་པ་ཞིག་བྱུང་ན་སྙམ་པ་ཡོད་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་སྲིད་ཟུང་འབྲེལ་གསལ་བ་ཡིན་སྟབས། གནས་སྐབས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་ལ་བརྩི་བཀུར་ཞུ་དགོས་པ་སྨོས་མ་དགོས་ཀྱང་གོང་དུ་ཞུས་པའི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་བསམ་ཚུལ་མིན་ནའང་ཆོས་ལུགས་གང་གིའང་ལྟ་གྲུབ་དང་འགལ་བ་མེད་པ་ཙམ་མ་ཡིན་པར་མཐུན་ཚབ་ཆེ་བ་དང༌། ཆོས་མེད་སྨྲ་བའི་གང་ཟག་ཚོས་ཀྱང་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་པོ་དེ་མིའི་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་གཞི་ཞིག་གམ། རྨོངས་དད་ལ་བརྟེན་པའི་གནས་ཚུལ་ཞིག་ཡིན་པར་བརྗོད་མི་ཐུབ་ཅིང༌། ཆོས་ལུགས་རིས་མེད་ལ་གཙིགས་ཆེར་འཛིན་པའི་ཆབ་སྲིད་པ་རྣམས་ཀྱིས་ཀྱང་གལ་ཆེར་བརྩི་བའི་གནད་དོན་ཞིག་ཡིན་སྟབས། ཆབ་སྲིད་ཀྱི་ངོ་བོ་ཆོས་སྲིད་ཟུང་འབྲེལ་དང༌། ཆོས་ལུགས་རིས་མེད། ཆོས་མེད་རིང་ལུགས་ཇི་འདྲ་ཞིག་ཡིན་ཡང༌། རྩ་འཛིན་བྱེད་ཆོག་པ་དང༌། བྱེད་འོས་པ། བྱེད་དགོས་པ་ཞིག་ཏུ་ངོས་འཛིན་གྱིས་ནང་ཆོས་སུ་གྲགས་ཆེ་བའི་ཚིག་དོན་གཞན་དག་མ་བླངས་པར་གོང་གསལ་གྱི་དོན་ཚན་གསུམ་རྩ་དོན་དུ་བཟུང་བའི་རྒྱུ་མཚན་དེ་ལྟར་ལགས། ཡིན་ནའང་དངོས་སུ་ལས་དོན་ལག་ལེན་བསྟར་སྐབས་རྩ་དོན་གསུམ་དང་ནམ་ཡང་མི་འགལ་བ་ཞིག་བྱས་ཐུབ་མ་སོང༌། ད་ལྟའི་བཀའ་ཤག་གིས་བདེན་པ་མིན་པའི་གནས་ཚུལ་བཤད་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་རུང༌། སྔོན་ནས་བཤད་ཟིན་པའི་རྫུན་མང་པོ་ཞིག་རྫུན་ཁུངས་བརྟོལ་མ་ནུས་པར་རྒྱུན་འཛིན་བྱ་དགོས་བྱུང་བ་དང༌། འཚེ་བ་ཅན་གྱི་ལས་དོན་གསར་རྩོམ་མ་བྱས་ཀྱང༌། སྔོན་ནས་བརྒྱུད་རིམ་དུ་ཡོད་པའི་འཚེ་བའི་ལས་དོན་འགའ་ཤས་ད་ལྟའང་མཚམས་བཞག་མ་ཐུབ་པར་ཡོད་པ་དང༌། དེ་བཞིན་མང་གཙོའི་རིང་ལུགས་ཀྱི་གནས་དོན་གཙོ་ཆེ་བ་ཞིག་ནི་ཁྲིམ་སཀྱི་དབང་སྒྱུར་འོག་ཁྲིམས་མཐུན་བྱ་རྒྱུ་དེ་ཡིན་ནའང༌། ད་ལྟའི་ཆར་ཡུལ་ཁྲིམས་དང་མི་མཐུན་པའི་ལས་དོན་ཇི་སྙེད་ཅིག་རྒྱུན་སྐྱོང་མ་བྱས་ཐབས་མེད་ཀྱི་ངང་གནས་ཡོད། འཚེ་བ་མེད་པའི་སྤྱི་ཚོགས་ཤིགི་མ་བྱུང་བའི་བར་འཚེ་བ་མེད་པའི་ཆབ་སྲིད་དང་གཞུང་ཞིག་ཡོང་ཐབས་དཀའ་བའི་ཉམས་མྱོང་བྱུང༌།
༢༽ བཙན་བྱོལ་བོད་གཞུང་གི་དམིགས་ཡུལ།
༢་༡། མཐར་ཐུག་གི་དམིགས་ཡུལ།
བོད་ལྗོངས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། བོད་མིའི་སྤྱི་ཚོགས་འཚེ་བ་
མེད་པའི་སྤྱི་ཚོགས་སུ་བསྒྱུར་རྒྱུ།
༢་༢། གནས་སྐབས་ཀྱི་དམིགས་ཡུལ།
ཀ ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ཐོབ་པ་བྱ་རྒྱུ་དང༌།
ཁ གཞིས་ལུས་བོད་མི་རྣམས་ཀྱི་དཀའ་ངལ་ཆུང་དུ་གཏོང་ཐབས།
ག བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང༌། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་བཅས།
༣༽ བཙན་བྱོལ་གཞུང་གི་ལས་འགན།
ཀ། གོང་གི་དམིགས་ཡུལ་རྣམས་བསྒྲུབ་པའི་སླད་དུ་ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་འཐོབ་རྒྱུའི་ཆེད་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་དང༌།
ཁ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང༌། རིག་གཞུང་སྲུང་སྐྱོབ་ཆེད་བོད་མིའི་གནས་ཡུལ་སྡོད་སྒར་ཁག་སྲ་བརྟན་ཡོང་ཐབས་དང༌། ཤེས་ཡོན་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།
ག བཙན་བྱོལ་དུ་ཡུན་རིང་གནས་དགོས་བྱུང་སྟེ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་གནས་མིན་བྱུང་ཡང༌། བཙན་
བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་གནས་ཐུབ་ཐབས་ཀྱི་ལས་འཆར་བསྒྲིག་རྒྱུ་བཅས་ཡིན།
གོང་གསལ་ལས་འགན་རྣམས་ཇི་ལྟར་སྒྲུབ་ཐབས་བྱེད་ཚུལ་རྣམས་མང་ཆེ་བ་འབྲེལ་ཡོད་ལས་ཁུངས་སོ་སོའི་གནས་ཚུལ་ནང་སྙན་གསན་ཞུ་རྒྱུ་ཡིན།
༤༽ བཙན་བྱོལ་གཞུང་གིས་ལས་དོན་གལ་གནད་ཆེ་ཆུང་བརྩི་སྟངས།
ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་གདམས་ངག་གཞིར་བཟུང་བཙན་བྱོལ་གཞུང་གི་ལས་དོན་གལ་གནད་ཆེ་ཆུང་གི་དབྱེ་བ་ཕྱེ་ལུགས་གཤམ་གསལ་ལྟར་ཞུ་བཞིན་ཡོད།
ཀ། སེམས་ཅན་སྤྱི་ཡོངས་ཀྱི་ཆེ་དདུ་དང༌།
ཁ། འགྲོ་བ་མིའི་ཆེད་དུ།
ག ནང་པ་སོགས་ཆོས་ལུགས་རྗེས་འབྲང་པ་རྣམས་ཀྱི་ཆེད་དུ།
ང༌། བོད་མིའི་ཆེད་དུ་སོགས།
གོང་གསལ་གྱི་གལ་གནད་ཆེ་ཆུང་བརྩི་སྟངས་ཀྱི་གནད་དོན་དེ་དག་གཞིར་བཟུང་བའི་ཐོག་ལས་དོན་བྱེ་བྲག་པ་ལག་བསྟར་གྱི་སྐབས།
ཀ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌།
ཁ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་སྟོན།
ག ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་རང་བཞིན་གྱིས་གལ་གནད་ཆེན་པོར་གྱུར་པ་བཅས་རིམ་བཞིན་གལ་གནད་
ཆེ་ཆུང་དུ་བརྩིས་ཏེ་ལག་བསྟར་བྱེད་ཐབས་བྱེད་ཀྱི་ཡོད།
༥༽ བོད་མིའི་དཀའ་རྙོག་གི་ངོས་འཛིན།
ད་ལྟ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་རྙོག་འདི་ནི་བོད་མིའི་སྒེར་གྱི་གནས་ཚུལ་ཁོ་ན་མིན་པར། འཇིག་རྟེན་སྤྱི་ཡོངས་ཀྱི་སྐྱོན་གནད་གཏིང་ཟབ་ཅིག་གི་རྟགས་མཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་རྒྱའི་དཀའ་རྙོག་ནི།
ཀ། ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འཐབ་རྩོད་དང༌།
ཁ། མི་རིགས་ཀྱི་འཐབ་རྩོད།
ག སྲིད་དབང་གི་འཐབ་རྩོད།
ང༌། ཆོས་ལུགས་དང༌། སྐད་ཡིག ལེགས་བྱང་གི་འཐབ་རྩོད།
ཅ། ས་མཚམས་ཀྱི་འཐབ་རྩོད་བཅས་མ་ཡིན་པར། བདེན་པ་དང་རྫུན་པའི་དབར་གྱི་འཐབ་རྩོད་དང༌། དྲང་པོ་དང་དྲང་པོ་མ་ཡིན་པའི་འཐབ་རྩོད་ཅིག་ཡིན། མདོར་བསྡུས་ན་དབང་སྒྱུར་བྱེད་པོ་སུ་ཡིན་གྱི་འཐབ་
རྩོད་མ་ཡིན་པར་དབང་སྒྱུར་བྱེད་ལུགས་ཀྱི་ལམ་སྲོལ་ལ་འཐབ་རྩོད་བྱེད་པ་ཞིག་ཡིན་པ་དང༌། བོད་ཀྱི་དཀའ་
རྙོག་འདི་འདས་པའི་མི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་དར་ཁྱབ་ཕྱིན་པའི་དེང་རབས་དང༌། དེང་རབས་ ཀྱི་ཚན་རིག དེ་ལ་བརྟེན་པའི་འཕྲུལ་ལས། དེ་དག་ལས་བྱུང་བའི་ཆབ་སྲིད་ཀྱི་བཙན་རྒྱལ་རིང་ལུགས་
དང༌། དཔལ་འབྱོར་གྱི་བཙན་རྒྱལ་རིང་ལུགས། འཚེ་བའི་རིང་ལུགས་བཅས་ཀྱི་ཐད་ཀའི་འབྲས་བུ་ཞིག་ཡིན་པར་མཐོང་གི་ཡོད། དེ་ལ་བརྟེན་ནས་དམར་པོའི་རིང་ལུགས་དང༌། མ་རྩའི་རིང་ལུགས། བག་མེད་ལོངས་སྤྱོད་དང༌། གོ་ལ་གཅིག་སྒྱུར་རིང་ལུགས་བཅས་ནི་བོད་མི་ཙམ་མ་ཟད། དེང་དུས་ཀྱི་འཇིག་རྟེན་འདིའི་རྒུད་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པར་མཐོང༌། དེ་ག་ལ་བྱམས་བརྩེའི་སེམས་ཀྱིས་ངོ་རྒོལ་དང༌། དེ་དག་ལ་ངོ་རྒོལ་བྱེད་མཁན་གཞན་དག་དང་མཉམ་དུ་མཉམ་འབྲེལ་གཅིག་ཕན་གཅིག་གྲོགས་ཡོང་
ཐབས་ཀྱི་འབད་རྩོལ་བྱེད་ཀྱི་ཡོད།
༦༽ བཀའ་ཤག་སྐབས་བཅུ་གཉིས་པའི་ལས་དོན་འགོ་འཛུགས།
བཀའ་ཤག་དམ་འབུལ་ཞུས་རྗེས་སྐབས་གསུམ་པའི་གྲོས་ཚོགས་ཚོགས་དུས་གཉིས་པར་བཀའ་ཤག་གསར་པའི་གསལ་བཤད་དང་པོ་ལེ་ཚན་དགུ་དང༌། ནང་གསེས་དོན་ཙན་ ༥༥ ཅན་ཞིག་ཕུལ་ཏེ། སྐབས་བཅུ་གཉིས་པའི་བཀའ་ཤག་གི་ལྟ་གྲུབ་ཀྱི་གཞི་རྟེན་དང༌། འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྲིད་བྱུས་དང་ལས་འཆར། ལས་འཆར་བསམ་ཞིག་བྱ་རྒྱུ་བཅས་རོབ་ཙམ་སྙན་གསན་ཞུས་པ་དང་ཆབས་ཅིག བྱབྱསྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལས་རིམ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཁྲོལ་བསྩལ་བ་ལ་གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུའི་འགན་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན་གྲོས་ཚོགས་ཀྱི་ལམ་སྟོན་ཇི་མཛད་ཀྱི་འོག་གོང་ཞུས་གཞི་རྩའི་ལྟ་གྲུབ་གསུམ་དང་འགལ་བ་མེད་ཚེ་ཤར་བསྐྱོད་ཞུ་རྒྱུ་ཡིན་བྱབྱ ཞེས་ཞུས་པ་ཡིན། བྱབྱབཅའ་ཁྲིམས་ནང་གྲོས་ཚོགས་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞིར་འགྱུར་བ་གང་ཡང་ཕྱིན་མེད་སྟབས། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་འཁུར་དང༌། རྩིས་རྒྱག ལས་འདེབས་ཞུ་དགོས་པའི་གནས་ཚུལ་ད་ལྟོའི་བཀའ་ཤག་གིས་གོ་རྟོགས་གསལ་པོ་ཡོད་པ་མ་ཟད་ཁ་དོན་མཚུངས་པའི་ལག་ལེན་བསྟར་རྒྱུའི་ཆེད་སེམས་བརྟན་པོ་ཡོད། དེ་དང་ཆབས་ཅིག་གྲོས་ཚོགས་ནས་ཀྱང་བཀའ་ཤག་གི་ངོས་ནས་ཁྲིམས་འཆར་རིམ་ལས་འཆར།
ཆབ་སྲིད་དང་འཛིན་སྐྱོང་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་རྒྱབ་གཉེར་ཞུས་རིགས་ལ་མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་སྡེ་ཚན་ཞིག་ནས་ཕུལ་བའི་བསམ་ཚུལ་ཞིག་ཡིན་པའི་ངོས་འཛིན་དང་ཆ་མཐོང་གནང་རྒྱུའི་ཡིད་ཆས་ཡོད་བྱབྱ ཅེས་ཞུས་པ་དང་ཆབས་ཅིག་དེ་དག་གི་ཐོག བྱབྱགྲོས་ཚོགས་ཀྱིས་མཐའ་གཅིག་ཏུ་དགག་བྱ་ཡོད་པའི་རིགས་ཐོག་མ་ནས་ལམ་སྟོན་གསལ་པོ་བྱུང་ན་དེའི་ཐོག་ཉམས་ཞིབ་དང་འཆར་འགོད་སླད་དུས་ཚོད་དང་འབད་རྩོལ་རྒྱུ་གྲོན་བཅས་དོན་མེད་དུ་གཏོང་མི་དགོས་པའི་ཁྱད་པར་ཡོང་རྒྱུར་བརྟེན། དོན་ཚན་སོ་སོའི་ཐོག་བགྲོ་གླེང་དང༌། མཐའ་མ་གྲོས་ཚོགས་ཀྱི་དགོངས་ཚུལ་གསལ་པོ་མ་བྱུང་བའི་རིགས་ལ་འོས་བསྡུའི་ཐག་གཅོད་གནང་དགོས་རིགས་ཀྱང་གནང་སྐྱོང་ཡོང་བ་བྱབྱ ཞེས་ཞུས་པ་ཡིན། སྐབས་དེར་གྲོས་ཚོགས་སུ་བགྲོ་གླེང་ཞིབ་ཕྲ་བྱུང་རྗེས་མཐའ་མ་དོན་ཚན་ཡོངས་རྫོགས་ལ་གྲོས་ཚོགས་ཀྱི་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་བྱུང་སོང་བ་ལྟར། ལས་དོན་རྣམས་བར་ཆད་མེད་པར་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དང་བཅས་ཏེ་འགོ་འཛུགས་ཐུབ་པ་བྱུང༌།
༧༽ བཙན་བྱོལ་བོད་མིའི་གཞི་རིམ་གྱི་དཀའ་ངལ་ ༢༠༠༢ ཕྱི་ཟླ་ ༣ པའི་ནང་བཀའ་ཤག་གིས་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་ཁག་དྲུག་སྙན་སྒྲོན་ཞུས་པ་གཤམ་གསལ།
ཀ། ཤེས་ཡོན་སློབ་སྦྱོང་ཉམས་ཆག
ཁ། གཞིས་ཆགས་ཉམས་ཐོར།
ག ན་གཞོན་བར་ལྡིང༌།
ང༌། གཞན་བརྟེན་གྱི་བསམ་བློ།
ཅ། ནང་ཁུལ་མཐུན་བསྒྲིལ་དཀའ་བ།
ཆ། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་དཀའ་བ་བཅས།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སློབ་སྦྱོང་སྤྱི་དང༌། ཁྱད་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་གནས་ཚད་ཇེ་དམའ་རུ་འགྲོ་བཞིན་པ་དང༌།
ཕུགས་རྒྱང་རིང་པོའི་དམིགས་ཡུལ་ལ་དགོངས་ཏེ་སྐུ་ངལ་འཛེམས་མེད་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་འཛུགས་སྐྲུན་གནང་བའི་གཞིས་ཆགས་ཁང་གི་ནང་བོད་མི་གཏན་སྡོད་བྱེད་མཁན་ཇེ་ཉུང་དུ་སོང་སྟེ་ཁ་ཐོར་འགྲོ་ཉེར་ལ་སླེབས་པ།
བོད་རིགས་ན་གཞོན་སློབ་གྲྭ་ཐོན་པ་དང་མ་ཐོན་པ་ཅི་རིགས་ཀྱི་གྲངས་འབོར་གང་འཚམས་བར་ལྡིང་དུ་འཁྱམས་ཏེ་ཚོ་བ་དང་བཟང་སྤྱོད་གཉིས་ཀའི་མདུན་ལམ་ཞན་ཞིང༌། ལས་རྩོལ་བྱེད་འདོད་མེད་པར་མྱོས་འགྱུར་གྱི་རྫས་ལ་སྤྱོད་མཁན་སོག ས་ཇེ་མང་དུ་འགྲ་བཞིན་པ།
བཙན་བྱོལ་བོད་མི་ཕལ་ཆེར་དཔལ་འབྱོར་གྱི་ཁོངས་མིན་ལ་མ་ལྟོས་པར་གཞན་ནས་རོགས་རམ་གང་ལོན་བྱ་རྒྱུའི་གཞན་བརྟེན་གྱི་བསམ་ཚུལ་ཇེ་འཕེལ་དུ་འགྲོ་བ།
བོད་མིའི་གཞི་རིམ་གྱི་ཆིག་བསྒྲིལ་བཟང་པོ་དེ་མངོན་གསལ་དོད་མི་ཐུབ་པར་མི་རེ་ཟུང་གིས་སྤྱི་པ་ཁ་ལ་ཁྱེར་ཏེ་སྒེར་དོན་འཁྲུགས་རྩོད་ཀྱི་རྙོག་འཛིངས་རྒྱུན་ཆད་མེད་པ།
གཉིས་ཕན་དབུ་མའི་ལམ་གྱི་ངོས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་བོད་མིའི་སྤྱི་ཚོགས་ནང་མཐུན་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དཀའ་བ་བཅས་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་སུ་མཐོང་སྟེ་དེ་དག་ལ་གདོང་ལེན་བྱེད་ཐབས་སྐོར་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་སྙན་གསན་ཞུ་རྒྱུ་ཡིན།
༨༽ སྒྲིག་འཛུགས།
༨་༡། ལས་བྱེད་པའི་གནས་སྟངས།
སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ཡང༌། དེའི་ལས་དོན་འགྲུབ་མིན་ལས་བྱེད་ལ་རག་ལུས་ཤིང༌། རྒྱལ་ཁབ་གཞན་གྱི་གནས་བབས་ལ་ལྟོས་ན་བཙན་བྱོལ་གཞུང་གི་སྲི་ཞུ་བ་རྣམས་ལྷག་བསམ་དང༌། དྲང་ཚུགས། ཤེས་
འཇོན། ལས་བརྩོན་གང་གི་ཆ་ནས་གཞན་དྲིང་མི་འཇོག་པའི་ཁྱད་ཐོན་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད་བཙན་བྱོལ་
དུ་འབྱོར་ནས་རིང་པོ་མ་སོང་བའི་དུས་སྐབས་སུ་བོད་ཀྱི་གཞུང་ཞབས་རྙིང་པ་དང༌། བོད་མི་རྒན་གྲས་རྣམས་ཡོད་སྐབས་དེང་རབས་ཀྱི་ཤེས་ཡོན་དམན་ཡང་སྤྱི་ཡོངས་ཀྱི་ལྷག་བསམ་དང༌། ལས་བརྩོན་ད་ལྟ་ལས་ཁྱད་པར་དུ་འཕགས་པ་ཡོད་ནའང༌། ད་ཆ་དུས་ཚོད་རིང་སོང་དབང་གིས་སྲི་ཞུ་བའི་ལྷག་འཇོན་གྱིས་མ་འདེང་བའི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བཞིན་པ་དང༌། ལྷག་པར་ད་ལྟའི་གནས་སྐབས་ཀྱི་ལས་བྱེད་རྣམས་ལ་ཡོང་ཉེ་བའི་སྐྱོན་གནད་ཆེ་བ་ཁག་
གཤམ་གསལ།
ཀ། མིའི་འབྲེལ་ལམ་དང༌། བསམ་སྤྱོད་ཀྱི་འཁྱེར་སོའི་ནང་གཞུང་སྒེར་གྱི་དབྱེ་བ་ཕྱེ་མ་ཐུབ་པ་དང༌།
ཁ། ལས་དོན་གྱི་གྲུབ་འབྲས་དང་ངོ་སོ་ལ་རེ་སྟེ་ལས་བྱེད་སྒེར་ལ་མིང་དང་ངོ་སོ་མ་ཐོབ་ན་སེམས་ཤུགས་ཆག་པ།
ག བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་མཉམ་འདུས་ཀྱི་ལས་འགན་དང༌། གང་ཟག་སྒེར་གྱི་ལས་འགན་ངོས་
འཛིན་གསལ་པོ་མ་ཐུབ་པའི་དབང་གིས་ཐག་གཅོད་ཀྱི་ལས་རིམ་ལམ་སྲོལ་དང་ལྡན་པ་ཡོང་དཀའ་བ།
ང༌། ཁྲིམས་ཀྱི་དབང་སྒྱུར་གྱི་གོམས་གཤིས་གཏིང་ཟབ་མེད་པའི་དབང་གིས་གང་ཟག་ལ་ལྟོས་ཏེ་ཐག་གཅོད་བྱས་
པ་དང་ཁྲིམས་དང་སྒྲིག་གཞིའི་གནད་དོན་ཕྲ་ཞིང་ཞིབ་པ་ལ་དོ་སྣང་ཞན་པ།
ཅ། འཆར་འགོད་དང་ཐག་གཅོད་ཀྱི་ལས་རིམ་ནང་དགོས་ངེས་ཀྱི་ཉམས་ཞིབ་དང་མཚུངས་བསྡུར་གཏིང་ཟབ་དང་
ཞིབ་ཚགས་བྱ་རྒྱུའི་གོམས་གཤིས་མེད་པར་སྐབས་འཕྲལ་དཀའ་ངལ་སེལ་ཐབས་སམ། དཀའ་ངལ་འཕར་
འགྱངས་བྱ་རྒྱུའི་ཆེད་འཕྲལ་སེལ་གྱི་ཐག་གཅོད་བྱེད་ཐབས་བྱས་པ།
ཆ། དཔལ་འབྱོར་གྱི་སྒྲིག་གཞི་དང༌། གཞུང་གྲོན་བསྲི་ཚགས། རྩིས་ཁྲ་ཁམས་གཙང་དགོས་གལ་ལ་དོ་སྣང་ཆུང་བ།
ཇ། ལས་དོན་འཐུས་ཤོར་དང་ནོར་འཁྲུལ་ལ་ཉེས་འཛུགས་དང་ཆད་པ་བཅད་སྐབས་ལྷག་བསམ་དང་ཁུར་བརྩོན་གྲུབ་འབྲས་ཡོད་པ་རྣམས་རྒྱུ་མཚན་དུ་བཀོད་དེ་ཉེས་པ་ཡང་ཐབས་བྱས་པའམ། ཡང་ན་སེམས་ཤུགས་ཆག་སྟེ་གཞུང་དང་སྒྲིག་འཛུགས་ལ་བློ་ལོག་པ་བཅས།
༨་༢ གོང་གསལ་དཀའ་ངལ་དེ་དག་སེལ་ཐབས་སུ།
ཀཿ ལས་བྱེད་ཚང་མ་གནས་བབས་གཅིག་འགྱུར་ཡོང་ཆེད་ ༢༠༠༡ ཕྱི་ཟླ་ ༡༡ ཚེས་ ༢༩ ནས་དབུས་ལས་ཁུངས་མ་ལགས་དང་བཅས་པའི་རང་ཁུངས་ལས་བྱེད་གསར་བསྐོ་མི་ཆོག་པ་དང༌། ཕྱོགས་མཐར་རང་ཁུངས་ལས་བྱེད་མ་བསྐོས་མཐུ་མེད་རྣམས་བཀའ་ཤག་ནས་བཀའ་ཁྲོལ་ཞུ་དགོས་པ།
ཁཿ ལས་བྱེད་སྦྱོང་དབར་ཁང་གསར་འཛུགས་ཆེད་འཆར་འགོད་ཚོགས་ཆུང་ཟུར་འཛུགས།
གཿ ༢༠༠༣ ཕྱི་ཟླ་ ༩ པ་ནས་གཞུང་ཞབས་འདེམས་ལྷན་སྒྲིག་གཞི་བསྐྱར་བཅོས་ཀྱིས་ལས་བྱེད་གནས་སྤར་འོས་ཆོས་ཚང་ཆེད་བཅའ་ཁྲིམས་དང་སྒྲིག་གཞི་རྒྱུགས་སྤྲོད་བྱ་དགོས།
ངཿ ཕོགས་རིམ་བསྐྱར་བཅོས་ལག་བསྟར་བྱས་པ་དང་སྦྲགས་ ༢༠༠༣ ཕྱི་ཟླ་ ༡༢ ཚེས་ ༡ ནས་དབུས་ལས་
ཁུངས་མ་ལགས་དང༌། ལྡི་ལི་དང་བལ་ཡུལ་དོན་གཅོད་བཅས་པའི་རང་ཁུངས་ལས་བྱེད་རྣམས་གཞུང་ཞབས་བླང་དོར་སྒྲིག་གཞིའི་ཁྱབ་ཁོངས་སུ་ཚུད་དགོས་པ་དང༌། རྒས་ཡོལ་དང་ཕྲུ་གུ་སློབ་འཇུག་གི་ཐོབ་ཐང་
ཁག་མ་གཏོགས་ཕོགས་དང་ཐོབ་ཐང་གཞན་གཞུང་ཞབས་དང་རང་ཁུངས་ལས་བྱེད་གཅིག་གྱུར་བཟོས་པ།
ཅཿ འབྱུང་འགྱུར་གཞང་ཞབས་མ་གཏོགས། རང་ཁུངས་ལས་བྱེད་རིམ་གྱིས་མེད་པ་བཟོ་རྒྱུ་དང༌། གཞུང་ཞབས་རྣམས་ཤེས་ཡོན་སྲི་ཞུ་བ་དང༌། ཕྱི་འབྲེལ་སྲི་ཞུ་བ། འཛིན་སྐྱོང་སྲི་ཞུ་བ་བཅས་སྒྲིག་གྲལ་གསུམ་
དུ་དབྱེ་སྟེ་ལས་བྱེད་ཚང་མ་རིགས་གཅིག་རྐང་འཛིན་གྱི་ཁྱད་ལས་པའི་ངོ་བོར་སྒྱུར་ཐབས་ཀྱི་འཆར་གཞི་བསྒྲིག་
རྩིས་ལགས་པ་བཅས།
༨་༣། ཁྲིམས་ཐོག་ངོས་འཛིན།
བཙན་བྱོལ་བོད་གཞུང་ཞེས་པ་རྒྱ་གར་གྱིས་མཚོན་པའི་རྒྱལ་ཁབ་གང་དུའང་ཁྲིམས་མཐུན་གྱི་ངོས་འཛིན་མེད་
པ་མ་ཟད་སྲིད་དོན་གྱི་ཐོག་ནས་ངོས་འཛིན་ཡང་མེད་ནའང༌། བཙན་བྱོལ་བོད་མི་རང་ཉིད་ཀྱི་ངོས་འཛིན་ལ་ལྟོས་
ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་གཟི་བྱིན་གྱི་འོག་འདས་པའི་མི་ལོ་ ༤༣ རིང་བཙན་བྱོལ་གཞུང་གི་སྒྲིག་
འཛུགས་འདི་འཚོ་ཐུབ་པ་ཞིག་བྱུང་ཡོད་ཀྱང༌། འབྱུང་འགྱུར་དུས་ཡུན་ངེས་ཅན་ནང་བོད་དོན་བདེན་མཐའ་གསལ་བ་ཞིག་མ་བྱུང་ཚེ་གནས་ཚུལ་ཇི་ཡོང་ཆ་མ་རྟོགས་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡུལ་ཁྲིམས་འོག་ངོས་ལེན་ཡོད་པ་ཁག་སྲ་བརྟན་བཟོ་ཐབས་གལ་ཆེར་མཐོང་སྟེ།
ཀ། ཆོས་རིག་ལས་ཁུངས།
ཆོས་དང་རིག་གཞུང་ཚོགས་པ་ (His Holiness the Dalai Lama’s Religious and Culutral
Society)
ཁ། ནང་སྲིད་ལས་ཁུངས།
དབུས་བོད་མིའི་ངལ་སེལ་ལས་ཁུངས་ (Central Tibetan Relief Committee)
ག དཔལ་འབྱོར་ལས་ཁུངས།
ཡིད་ཆེས་དགེ་རྩའི་ལས་ཁུངས་ (His Holiness the Dalai Lama’s Charitable Trust)
བོད་གཞུང་བདེ་དོན་ལྷན་ཚོགས་ (Tibetan Administration’s Welfare Society)
ང༌། ཤེས་རིག་ལས་ཁུངས།
བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ (Tibetan Chidren’s Educational and Welfare Fund)
ཅ། འཕྲོད་བསྟེན་ལས་ཁུངས།
དྭང་བླང་འཕྲོད་བསྟེན་ཚོགས་པ་ (Tibetan Volunteer Health Association) བཅས་དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཁྲིམས་མཐུན་ཡོང་ཐབས་དང༌། དེ་དག་གི་རྩ་ཁྲིམས་དང་སྒྲིག་གཞི་རང་རེའི་དགོས་མཁོ་དང་འཚམས་པའི་བསྐྱར་བཅོས་དགོས་པ་རྣམས་བསྐྱར་བཅོས། ལས་བྱེད་བླང་དོར་སྒྲིག་གཞི་སོགས་གསར་བཟོ་དགོས་པ་རྣམས་གསར་བཟོ་བྱས་ཏེ་རིམ་བཞིན་གཞུང་ཞབས་མིན་པའི་ལས་བྱེད་ཇི་དགོས་ཚོགས་པ་སོ་སོའི་སྒྲིག་གྲལ་དུ་ཚུད་པ་བྱ་རྒྱུ་དང༌། ས་ཞིང་མཁར་དབང་དང༌། དཔལ་འབྱོར་གྱི་བདག་དབང་ཕལ་ཆེར་དེ་དག་གི་མིང་ཐོག་ཏུ་བསྒྱུར་ཏེ་བཙན་བྱོལ་གཞུང་ནི་སྤྱིའི་འབྲེལ་མཐུད་པའི་ངོ་བོ་ཙམ་ཞིག་ལས། ཅི་སྟེ་རྒྱུན་གནས་མ་ཐུབ་པའི་གོ་སྐབས་བྱུང་ཡང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་ཆེ་བ་ཞིག་ཁྲིམས་མཐུན་རང་འཚོ་འཕེར་བ་གནས་ཐུབ་པ་ཡོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།
༩༽ བཀའ་ཤག་གི་ལས་དོན་བྱེད་ཕྱོགས།
༩་༡ བཀའ་ཤག་ལྷན་ཚོགས།
བཀའ་ཤག་གིས་རྒྱུན་ལྡན་ཐག་གཅོད་བྱེད་ཕྱོགས་ཐད་འཛིན་སྐྱོང་སྒྲིག་གཞི་གཞིར་བཟུང་ལས་དོན་གལ་གནད་
ཆེ་བ་ཕལ་ཆེར་བཀའ་བློན་གསུམ་ཡན་འཛོམས་དགོས་པ་དང༌། འཆར་ཅན་གྱི་ལས་དོན་ཆུང་ཙག་རིགས་བཀའ་བློན་གཉིས་ཡན་ཚང་འཛོམས་ཀྱིས་གོ་བསྡུར་ཐག་གཅོད་བྱེད་ཀྱི་ཡོད། འདས་པའི་ལོགཉིས་ལྷག་རིང་བཀའ་ཤག་ལྷན་
ཚོགས་ཐེངས་ ༡༧༩ ཚོགས་ཏེ་གྲོས་གཞི་དོན་ཚན་ ༢༤༩༡ ཐག་གཅོད་བྱས་པ་དེ་དག་རེ་རེ་བཞིན་གྲོས་གཞི་དང་
གྲོས་ཆོད་གཉིས་ཀ་ཡིག་ཐོག་ཏུ་བཀོད་དེ་གྲོས་གཞིའི་རྒྱབ་ལྗོངས་འགྲེལ་བརྗོད་དང་ཐག་གཅོད་སྤྱི་མོས་མང་མོས་ཇི་ཡིན་བཅས་གྲོས་ཆོད་དུ་གསལ་བ་དང༌། ཚོགས་དུས་སྔ་མའི་གྲོས་ཆོད་ཚོགས་དུས་རྗེས་མའི་ནང་བསྐྱར་ཞིབ་གཏན་
འབེབས་བྱས་ཏེ་ཐག་གཅོད་ཡོངས་རྫོགས་གནས་ཚུལ་ཇི་འདྲ་ཞིག་གི་འོག་རྒྱུ་མཚན་ཇི་འདྲ་ཞིག་ལ་བརྟེན་ནས་བྱས་པའི་
སྐོར་ཡིག་ཐོག་ཏུ་ཚང་མས་གཟིགས་ཆོག་ཕྱི་གསལ་ནང་གསལ་བཀོད་དེ་བཞག་ཡོད། བཀའ་ཤག་ལྷན་ཚོགས་མང་
ཆེ་བ་བཀའ་བློན་བཞི་ག་མཉམ་འཛོམས་དང༌། ལྷན་ཚོགས་བརྒྱ་ཆ་བཅུ་ཙམ་བཀའ་བློན་གསུམ་དང༌། བརྒྱ་ཆ་གཉིས་ཙམ་བཀའ་བློན་གཉིས་ལས་མ་འཛོམས་པའང་བྱུང་ཡོད། བཀའ་ཤག་ཏུ་བཀའ་བློན་བྱེ་བྲག་པ་སུ་རང་ངོ་བཅར་ཡོད་མིན་ལ་མ་ལྟོས་པར་ཐག་ཆོད་ཡོངས་རྫོགས་ལ་མཉམ་འདུས་ཀྱི་འགན་ཁུར་ཞུ་བཞིན་པ་ཡིན། བཀའ་ཤག་གི་
ལས་དོན་ཚང་མ་གོང་དུ་ཞུས་པའི་གཞི་རིམ་གྱི་ལྟ་གྲུབ་ཁག་གཙོ་བཟུང་ཐོག
ཀ ཡུལ་ཁྲིམས་དང་འགལ་མིན།
བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་འགལ་མིན།
ག རྩིས་ཞིབ་སྙན་ཞུ་ཞིབ་འཇུག་སྡེ་ཚན།
ང༌། ལས་བྱེད་བཀོད་བསྒྲིགས་སྡེ་ཚན།
ཅ། ཨ་རིའི་རོགས་དངུལ་སྡེ་ཚན།
ཆ། དོལ་རྒྱལ་ཞིབ་འཇུག་སྡེ་ཚན།
ཇ། ཕྱི་བསྐྱོད་ལག་འཁྱེར་སྡེ་ཚན།
ཉ། རྩིས་ཁང༌།
ཏ། ལས་བྱེད་ས་མིག ༢༢ དང་ངོ་ཡོད་ལས་བྱེད་ ༢༢ ཡོད།
༩་༣ འཆར་འགོད་ལྷན་ཁང༌།
གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ཐོག་མའི་འཆར་གཞི་ཚད་ལྡན་དང༌། འཆར་དོན་
ལག་བསྟར་སྐབས་ལྟ་རྟོག་བཏང་འཛིན། ལག་བསྟར་གྱིས་གྲུབ་དོན་བསྐྱར་ཞིབ་བྱ་རྒྱུ་བཅས་ཧ་ཅང་གལ་གནད་ཅེ་ནའང་དངུལ་འབོར་ཧ་ཅང་ཆེ་བའི་འཆར་གཞི་ཁག་འགའ་ཤས་མཐའ་མའི་གྲུབ་འབྲས་གང་ཡང་མ་ཐོན་པ་དང༌། མཇུག་བསྒྲིལ་མ་ཐུབ་པར་ལུས་པ། རྒྱུན་གནས་མི་ཐུབ་པ། མི་མང་སྐྱོ་ཤོས་ལ་མི་ཕན་པ། ཁོར་ཡུག་ལ་གནོད་པ་སོགས་ལམ་འགྲ་མ་རྒྱུགས་པ་མང་དག་ཅིག་བྱུང་བ་ལས་ཉམས་མྱོང་བླངས་ཏེ་དེ་སྔ་དཔལ་འབྱོར་ཁོངས་གཏོགས་འཆར་འགོད་ལྷན་ཚོགས་ཤིག་འདུག་པ་དེ་བཀའ་ཤག་གིས་ ༢༠༠༣ ཕྱི་ཟླ་ ༡༠ ཚེས་ ༧ འཁོད་པའི་འཛིན་སྐྱོང་བཀོད་
ཁྱབ་ཀྱི་འོག་སྒྲིག་འཛུགས་བསྐྱར་བཅོས་ཀྱི་བཀའ་ཤག་གི་ཐད་ཀའི་འཛིན་སྐྱོང་འོག་འཆར་འགོད་ལྷན་ཁང་གི་ངོ་བོར་
བསྒྱུར་ཐོག་འབྱུང་འགྱརུ་བོད་ཀྱི་ཡར་རྒྱས་འཆར་གཞི་དང༌། བཙན་བྱོལ་བོད་མིའི་འཛུགས་སྐྲུན་འཆར་གཞི་གཉིས་ཀ་ལྷན་ཁང་འདི་ནས་བྱ་དགོས་ཀྱི་ལས་དོན་བྱེད་ཕྱོགས་རིག་པའི་གཞུང་ལུགས་ནང་ལས་གཞིའི་འཁོར་ལམ་འཛིན་སྐྱོང་གི་ལམ་སྟོན་དང༌། བཙན་བྱོལ་བོད་མིའི་འཛུགས་སྐྲུན་ལས་འཆར་ཁག་གི་རྩ་བའི་བྱེད་སྒོ་ལམ་སྟོན་སོགས་གསལ་འགོད་བྱས་ཡོད། ལས་འཆར་ཁག་གི་རྩ་བའི་ཚད་འཛིན་ལམ་སྟོན་གཤམ་གསལ།
ཀ། འཚེ་བ་མེད་པ།
ཁ། ཁོར་ཡུག་ལ་མི་གནོད་པ།
ག དབུལ་ཁོངས་རོགསས་སྐྱོར།
ང༌། རྒྱུན་གནས་ཐུབ་པ་བཅས་དང༌། ཁ་ཚ་དགོས་གཏུགས་ཀྱི་ཛ་དྲག་ཆེ་བའི་ལས་རིམ་ཁག་གསུམ་ངོས་འཛིན་བྱས་པ་གཤམ་གསལ།
ཀཿ གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་རྒྱུ།
ཁཿ སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་བྱ་རྒྱུ།
གཿ ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་བྱ་རྒྱུ།
ཀ༽ གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་ཐུབ་སུ།
༡་ སོ་ནམ་ཞིང་ལས་ཀྱི་ནུས་ཤུགས་བསྐྱ་གསོ་དང་རང་བཞིན་དང་སྐྱེ་ལྡན་གྱི་སོ་ནམ་གྱི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་རྒྱུ་དང༌།
༢་ སྒོ་ཕྱུགས་གསོ་སྐྱོང་གི་ནུས་ཤུགས་བསྐྱར་གསོ་དང་ཕྱི་རྒྱལ་ནས་ནང་འགྲེམས་བྱས་པའི་སྒོ་ཕྱུགས་དང་རིགས་གཉིས་པའི་སྒོ་ཕྱུགས་མ་ཡིན་པའི་ས་གནས་རང་གི་སྲོལ་རྒྱུན་གྱི་སྒོ་ཕྱུགས་གསོ་སྐྱོང་གི་
ཕྱོགས་སུ་ཁ་ཕྱོགས་བསྒྱུར་རྒྱུ།
༣་ མཉམ་སྦྲེལ་གྱི་ལས་རིགས་ཁག་བསྐྱར་བཅོས་ཀྱིས་ནུས་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་དཔལ་
འབྱོར་བསྐྱར་གསོ་དང༌། དེ་ལ་བརྟེན་ནས་མ་ཤས་བདག་པོ་སྤྱི་དང༌། ཁྱད་པར་ཉམ་ཐག་རྣམས་ལ་ཐད་ཀར་སྤྱི་ཚོགས་དང་དཔལ་འབྱོར་གྱི་གཞི་རིམ་གྱི་དགོས་མཁོ་སྒྲུབ་པའི་ཁེ་ཕན་ཡོད་པ་བཟོ་རྒྱུ།
༤་ ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ལམ་ནས་མཉམ་སྦྲེལ་དང་ས་གནས་སོ་སོའི་འཛིན་སྐྱོང་རྣམས་
གཱཧྡིའི་བཞེད་དགོངས་ཀྱི་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་ལག་ལེན་དུ་བསྟར་རྒྱུ།
ཁ༽ སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐུབས་སུ།
༡་ གཞིས་གྲོང་སོ་སོའི་ནང་གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་གྱི་སྒྲོམ་གཞིའི་མཐུན་རྐྱེན་རྣམས་སྲ་བརྟན་བཟོས་ཏེ་ཆོས་སྲིད་ཀྱི་སྒྲིག་འཛུགས་ཁག་ནུས་ལྡན་དུ་བཟོ་རྒྱུ་དང༌།
༢་ ཆོས་སྲིད་སྒྲིག་འཛུགས་ཁང་གིས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐོག་དགོས་ངེས་ཀྱི་བྱེད་སྒོ་རྣམས་ཡར་རྒྱས་གཏོང་རྒྱུ།
ག༽ ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་སུ།
༡་ མྱོས་རྫས་ལ་བག་མེད་ལོངས་སྤྱོད་དང༌། ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི། ན་གཞོན་ལས་མེད་ལྟ་བུ་ཛ་དྲག་གི་འཚོ་ཐབས་ཀྱི་དཀའ་ངལ་རྣམས་བསལ་ཏེ་གཞིས་ཆགས་ཐུབ་ཐབས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དང༌།
༢་ ཁ་ཐོར་དུ་གནས་པ་རྣམས་རིམ་བཞིན་སྤྱི་ཡོངས་སུ་ཟླ་བསྒྲིལ་ཐུབ་ཐབས་ཀྱི་ལས་གཞི་ཁག་ལག་བསྟར་དང༌། གཞི་རིམ་སེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་གོ་སྒྲིག་བྱེད་དགོས།
ལས་གཞི་དེ་དག་འབྱུང་འགྱུར་ལོ་གསུམ་གྱི་ནང་འགོ་འཛུགས་ཐུབ་པ་བྱ་ཐབས་དང༌། དེའི་ཆེད་ལས་གཞི་ཆེ་ཁག་བརྒྱད་ཀྱི་ནང་ནང་གསེས་ལས་རིགས་ཙམ་ཡོད་པ་ལ་འགྲོ་གྲན་ཨ་སྒོར་༥༥༥༥༥༠༠།༠༠ ཙམ་གྱི་ལས་འཆར་བཀོད་ཡོད། ཞིབ་ཆ་ཕྲན་བུ་འབྲེལ་ཡོད་ལས་ཁུངས་ཁག་གི་སྐབས་སྙན་གསན་ཞུ་རྒྱུ་ཡིན། ལས་གཞི་དེ་དག་ལ་བརྟེན་ནས་ཉུང་མཐར་རྒྱ་གར་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་རང་རྐྱ་འཕེར་བ་ཡོང་རེ་ཡིན། འབྱུང་འགྱུར་དབུས་མཐའ་ཚང་མའི་ལས་གཞི་རྣམས་སྐྱོབ་གསོ་དང་འཛུགས་སྐྲུན་གཉིས་སུ་དབྱེ་སྟེ་འཛུགས་སྐྲུན་གྱི་ལས་གཞི་གང་ཡང་འཆར་འགོད་ལྷན་ཁང་ནས་ཞིབ་འཇུག་བཀའ་འཁྲོལ་མ་བྱུང་བར་ལས་གཞི་བརྩམ་མི་ཆོག་པ་བཟོས་ཡོད།