སྤྱི་ཚོགས་ཞབས་ཞུ་བའི་སྦྱོང་བདར་སྐབས་གནང་བའི་གསུང་བཤད།

༄༅། །ད་ལྟ་ངས་བཤད་རྒྱུ་དེ་ཁྱེད་ཚོའི་སྤྱི་ཚོགས་ཞབས་ཞུའི་སྦྱོང་བདར་དང་འབྲེལ་བ་ཡོད་པའི་སློབ་ཚན་ཞིག་མ་རེད། འོན་ཀྱང་ཁ་སང་བློ་བཟང་ནོར་བུ་ཤཱསྣྟིའ་དང་ཀརྨ་ལགས་གཉིས་ཀྱིས་ངས་ཁ་སྔོན་ལྡི་ལིར་པཉ྄ཅནད་ཉམས་ཞིབ་ཁང་ལ་བཤད་པའི་སྐད་ཆ་དེ་བསྐྱར་དུ་ཤོད་ཅེས་གསུངས་པ་རེད།

བྱས་ཙང་ཁྱེད་རང་ཚོའི་སློབ་ཚན་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་བཤད་ཀྱི་ཡོད། ངས་ལྡི་ལིར་བཤད་པ་དེ་རྒྱ་གར་དང་ཕྱི་རྒྱལ་གྱི་མི་ཚོའི་དོན་ལ་བཤད་པ་ཞིག་རེད། བོད་པ་ལ་འཚམས་པོ་རང་ཨེ་ཡོང༌། གང་ཡིན་ཟེར་ན་ངས་བཤད་པའི་གནས་ཚུལ་དེ་ཚོ་བོད་པ་ཚང་མས་ཡག་པོ་མཁྱེན་གྱི་ཡོད་པ་གཞིར་བཞག་རེད། བྱས་ཙང་སྐད་ཆ་དེའི་ནང་ཁྱེད་ཚོས་མ་མཁྱེན་པའི་དོན་གནས་གསར་པ་གང་ཡང་ཡོད་མ་རེད། པཉ྄ཅནད་ཉམས་ཞིབ་ཁང་གིས་རེ་འདུན་གནང་དོན་བཞིན་དེང་དུས་བོད་ཀྱི་གནས་བབ་དང་འབྱུང་འགྱུར་བོད་ཀྱི་ཐོག་རེ་བ་གང་ཡོད་ཀྱི་སྐོར་ (THE PRESENT STATUS AND FUTURE PROSPECTS OF TIBET) ལ་བཤད་པ་རེད། ངས་ལྡི་ལིར་བཤད་སྐབས་ ༡༩༥༠ ནས་བཟུང་སྟེ་ ༡༩༩༠ བར་གྱི་ལོ་བཞི་བཅུའི་རིང་གི་གནས་སྟངས་འདི་ང་ཚོ་བོད་པའི་ བྱད་ལྟའི་གནས་སྟངས་བྱ ལ་ཆ་བཞག་ནས་བཤད་པ་རེད། ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཡིན་པར་མཁྱེན་པ་ལ་བོད་ཀྱི་འདས་པའི་ལོ་རྒྱུས་རོབ་ཙམ་ཞིག་མ་མཁྱེན་ན་གྲ་འགྲིག་རྒྱུ་མེད་ཙང་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཆགས་དགོས་པ་དེ་འདས་པའི་ལོ་རྒྱུས་ག་འདྲ་ཞིག་གིས་བྱུང་རྐྱེན་བྱས་པ་མཁྱེན་པའི་ཆེད་དུ་ལོ་རྒྱུས་བསྐྱར་ཞིབ་མདོར་ཙམ་ཞིག་བྱེད་དགོས་བྱུང་བ་རེད། ད་ལྟའི་ལོ་བཞི་བཅུའི་རིང་གི་གནས་སྟངས་དེ་ བྱབོད་ཀྱི་ད་ལྟའི་གནས་སྟངས་བྱ ལ་ཆ་བཞག་ནས་དེ་རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་འགྲོས་དང་བསྟུན་ཏེ་བལྟས་ན་མ་འོངས་པར་ཇི་འདྲ་ཞིག་ཡོང་བའི་རེ་བ་ཡོད་པ་ཚོད་དཔག་ཙམ་བྱེད་རྒྱུ་རེད། དེ་མིན་ བྱད་ལྟའི་བོད་ཀྱི་གནས་སྟངས་བྱ ཟེར་དུས་ཕྱི་ལོ་ ༡༩༩༠ ཟླ་ ༤ པའི་ནང་གི་གནས་སྟངས་ག་འདྲ་ཞིག་ཡོད་པ་ཙམ་ལ་ཟེར་རྒྱུ་མ་རེད། ཁ་སང་དེ་རིང་ཉི་མ་ཁ་ཤས་ཀྱི་གནས་སྟངས་འདིས་ བྱབོད་ཀྱི་ད་ལྟའི་གནས་སྟངས་བྱ ཆ་ཚང་ཞིག་མཚོན་ཐུབ་ཀྱི་མ་རེད། བྱས་ཙང་བོད་ལ་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟ་ཕན་བོད་ཀྱི་གནས་སྟངས་ཡོངས་རྫོགས་ལ་བསམ་བློ་གཏང་དགོས་པ་ཞིག་རེད།

ད་རེས་ཁྱེད་རང་ཚོས་འདིའི་སྐོར་བསྐྱར་ཟློས་བྱེད་དེ་ཤོད་གསུང་སྐབས་ངས་བཤད་རྒྱུའི་ཁས་ལེན་བྱེད་དགོས་དོན་གང་ཡིན་ཟེར་ན་འདི་འདྲའི་གནས་སྟངས་སྐོར་ལ་སྐད་ཆ་འདྲི་མཁན་བོད་པའི་ནང་ལ་ཉུང་ཉུང་རེད། ངས་རྟག་པར་སྐད་ཆ་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་དེ་ཚོ་ཤོད་འཇུག་མཁན་དང་སྐད་ཆ་འདྲི་མཁན་ཕལ་ཆེ་བ་རྒྱ་གར་བའམ། ཡང་ན་མགོ་སེར་བ་རེད། བྱས་ཙང་ཁྱེད་རང་ཚོས་ལན་གཅིག་དྲིས་པའི་སྐབས་འདིར་ད་ལྟའི་སྦྱོང་བདར་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་གང་ཤོད་ཟེར་བ་དེ་བཤད་ན་ཡག་པོ་འདུག་བསམས་ནས་ཁས་བླངས་པ་ཡིན།

ངས་ལྡི་ལིར་བཤད་པའི་སྐད་ཆའི་སྔོན་འགྲོའི་ཚིག་རེ་ཟུང་གསར་ཤོག་འགོད་མཁན་ཁ་ཤས་ཀྱིས་དོ་སྣང་ཆེན་པོས་བངྒཱལ་དང་པཾཇཱབ་ཀྱི་གསར་ཤོག་མང་བ་ཞིག་གི་མགོ་བརྗོད་ནང་བཏོན་འདུག ཚིག་བརྗོད་དེ་གང་རེད་ཟེར་ན། ངས། ང་ཚོ་བོད་པ་ཚོར་༼ད་ལྟའི་གནས་སྟངས་༽ཞེས་བཤད་འོས་པའི་༼ད་ལྟ་བ་༽གང་ཡང་ཡོད་མ་རེད། བྱས་ཙང་ བྱམ་འོངས་པ་བྱ ཡང་འདི་འདྲ་ཞིག་ཡོང་གི་རེད་ཅེས་ཐག་གཅད་རྒྱུ་དཀའ་པོ་རེད། ང་ཚོ་བོད་པར་ཡོད་པ་དེ་༼འདས་པ་༽ཤ་སྟག་རེད། དེ་འདྲ་ཡིན་དུས་བོད་མི་སྤྱི་དང༌། ལྷག་པར་དུ་བོད་པའི་ན་གཞོན་སློབ་སྦྱོང་ཐོན་པ་བོད་པའི་རིག་གཞུང་ལ་དོ་སྣང་ཡོད་པ་དེ་ཚོ་འདས་པ་ཁོ་ན་ལ་འཐམས་ནས་བསྡད་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་འདི་རང་མ་འོངས་པའི་རེ་བའི་འབྱུང་ཁུངས་ཡིན་པ་མཚོན་གྱི་ཡོད་པ་རེད། ང་ཚོས་འདས་པའི་གནས་སྟངས་ལ་རྒྱུན་འཛིན་མ་ཐུབ་པར་ལག་ནས་ཤོར་ན་དེའི་ཉིན་མོ་ནས་བོད་པའི་༼མ་འོངས་པ་༽དེ་ཡང་བལྟ་ས་མེད་པར་འགྲོ་རྒྱུ་ཉག་གཅིག་རེད། དེ་ནས་ང་ཚོའི་མ་འོངས་པ་དེ་ཡང་འཛམ་གླིང་སྤྱི་ཡོངས་ཀྱི་མ་འོངས་པའི་གནས་སྟངས་ཀྱི་ནང་འདྲེས་འགྲོ་བ་མ་གཏོགས།

བོད་པའི་མ་འོངས་པའི་གནས་སྟངས་ཁྱད་པར་བ་ཞིག་གི་རེ་བ་ལྷག་གི་མ་རེད། བྱས་ཙང་ང་ཚོའི་ བྱམ་འོངས་པ་བྱ དང་ང་ཚོའི་ བྱད་ལྟ་བ་བྱ གཉིས་ཀ་ང་ཚོའི་ བྱའདས་པའི་བྱ གནས་སྟངས་ལ་བརྟེན་ཡོད། དེས་ན་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་པ་དང་སྤྱི་ཚོགས་གཞན་པ་ཚོ་དང་མི་འདྲ་བར་ཕྲན་བུ་ངོས་གཟུང་ས་དང་ཆ་གཞག་ས་ཡོད་པ་དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད་ཟེར་ན་ང་ཚོས་ད་ལྟ་འཇོན་པོ་རྒོད་པོ་བཏང་ནས་བྱུང་ཡོད་པ་མ་རེད། དཔེར་ན། པཱ་ལ་སི་ཏི་ནི་ཡན་ (PALESTINIAN) དང༌། པཾཇཱབ། (PUNJAB) ཀཤ྄མིའར་ (KASHMIR) སོགས་ནང་ཡོད་པའི་རྒོལ་འཛིངས་པ་དེ་ཚོས་ག་འདྲ་བྱས་ནས་རང་གི་གནས་སྟངས་མི་གཞན་པས་གོ་བ་དང་ཚོར་བ་བྱེད་ཀྱི་ཡོད་པ་རེད་ཟེར་ན། ཁོང་ཚོས་འཚེ་བའི་ལས་ཀ་དང་འཇིགས་སྣང་བསྐུལ་བའི་ལས་དོན་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་བྱེད་ཀྱི་ཡོད་པ་རེད། དེ་ཧ་ཅང་མི་འོས་པའི་བྱ་བ་སྨད་པའི་གནས་ཤིག་རེད། ཡང་རྒྱལ་ཁབ་ཁ་ཤས་ཀྱིས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་སྒོ་ནས་རང་གི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐུབ་པར་བྱས་པ་ཉི་ཧོང་ལྟ་བུ་དང༌། དེ་བཞིན་དུ་ཀུབེཏ་ (KUWAIT) ལྟ་བུའི་སྣུམ་འཐོན་སའི་ལུང་པ་དེ་ཚོས་ཤེས་ཡོན་དང་འཕྲུལ་ཆས་ཀྱི་ཐོག་ལ་ཧ་ཅང་ཡར་རྒྱས་འགྲོ་གི་མེད་ན་ཡང་དཔལ་འབྱོར་གྱི་ཐོག་ནས་རང་གི་གནས་སྟངས་མཚོན་ཐུབ་པ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་པ་ལ་དཔལ་འབྱོར་དང་སྟོབས་ཤུགས་ཀྱི་ཆ་ནས་རང་གི་སྤྱི་ཚོགས་ཀྱི་ངོ་བོ་མཚོན་ཐུབ་ཐབས་ཡོད་མ་རེད་ལ། ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་ཐོན་གསར་པ་མི་གཞན་ལས་ལེགས་པ་བྱས་ནས་ཀྱང་རང་གི་ངོ་བོ་མཚོན་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་ང་ཚོ་བོད་པ་སྐྱབས་བཅོལ་བ་མི་ཉུང་ཉུང་སྟོང་ཕྲག་བརྒྱ་སྐོར་ལས་མེད་ཀྱང་འཛམ་གླིང་ནང་མ་བརླགས་པར་ཧ་ཅང་དངོས་གསལ་དོད་པོ་བྱས་ནས་བསྡད་ཐུབ་པ་དེ་ག་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ང་ཚོའི་གནའ་བོའི་རིག་གཞུང་དང་ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་དེ་རང་ལ་བརྟེན་ནས་བྱུང་བ་རེད། དེ་འདྲའི་གནས་ཚུལ་དེ་ཡང་ྋགོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་མཛད་འཕྲིན་རྒྱས་པོ་གནང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་དེ་ཚང་མས་ངེས་པར་དུ་མཁྱེན་དགོས། དེ་བཞིན་འདས་པའི་ལོ་བཞི་བཅུའི་ནང་བོད་དུ་རྒྱ་མིས་མི་སྤྱོད་ལས་འདས་པའི་བཙན་གནོན་དྲག་ཤུལ་དང༌། རྒྱུ་དངོས་གོ་གནས་སོགས་ཀྱིས་སླུ་བྲིད། ཀླད་པ་བཀྲུ་བའི་སློབ་སྦྱོང་སོགས་གང་འདྲ་ཞིག་བྱས་ཀྱང༌། བོད་མི་རྣམས་སེམས་ཀྱི་གཏིང་ནས་རྒྱ་མིའི་དབང་འོག་ཏུ་ཚུད་པ་ཞིག་དང༌། དེ་ནས་ཡར་ལང་རྒྱུའི་བསམ་བློ་དང་བློ་སྤོབས་མེད་པ་བཟོ་མ་ཐུབ་པ་དེ་ཡང་འདས་པའི་ལོ་རྒྱུས་དང་རིག་གཞུང་གི་ལེགས་བྱང་མིའི་སེམས་ལ་གཏིང་ཟབ་ཡོད་པ་དེའི་དབང་གིས་བྱུང་བ་ཞིག་རེད།

ད་ལྟའི་བོད་ཀྱི་གནས་སྟངས་ཞིབ་འཇུག་བྱེད་སྐབས་བཙན་འོག་ཏུ་ཡོད་པའི་བོད་ནང་གི་གནས་ཚུལ་དང༌། སྐྱབས་བཅོལ་བོད་མིའི་གནས་ཚུལ་ཁག་གཉིས་སུ་ཕྱེ་ནས་ཞིབ་འཇུག་བྱེད་དགོས། སྐྱབས་བཅོལ་བ་རྣམས་ནི་སོ་སོའི་རྒྱལ་ཁབ་དང་ས་ཆ་མེད་པར་ལུང་པ་གཞན་དག་ཅིག་ནང་རྒྱལ་ཁབ་མེད་པའི་མིའི་གྲས་སུ་སྐྱབས་བཅོལ་བའི་མིང་གནས་འཁྱེར་ནས་བསྡད་ཡོད་པ་རེད། བོད་ཀྱི་ནང་ལ་ཡོད་པའི་བོད་མིའི་གནས་སྟངས་ནི་རྒྱ་མིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་པའི་བཙན་འོག་ཏུ་ཚུད་པའི་གནས་སྟངས་ཀྱི་འོག་ཏུ་བསྡད་ཡོད། དེར་བརྟེན་བོད་ནང་ལ་ཡོད་མཁན་ཚོ་ཡིན་ནའང་འདྲ། ཕྱི་རྒྱལ་དུ་ཡོད་མཁན་ཡིན་ནའང་འདྲ། གང་ལྟར་རྒྱལ་ཁབ་མེད་པའི་མི་ཞིག་དང་བཙན་འོག་ཏུ་ཚུད་པའི་མི་ཞིག་གི་ངོ་བོར་ཡོད་པ་མ་གཏོགས་རྒྱལ་ཁབ་ཡོད་མཁན་གྱི་མི་ཚོ་དང་མཚུངས་པར་སྤྱི་ཚོགས་དང༌། དཔལ་འབྱོར། སྲིད་དོན། ཤེས་ཡོན། བསམ་སྤྱོད། ཆོས་དང་རིག་གཞུང་སོགས་ཀྱི་རང་དབང་སྤུ་ཙམ་མེད་པར་མ་ཟད། འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་ཙམ་ཡང་མེད་པར་བསྡད་པའི་གནས་སྟངས་དེ་ད་ལྟའི་བོད་ཀྱི་གནས་སྟངས་རེད།

ད་ལྟ་ང་ཚོས་རྩོད་པ་རྒྱག་རྒྱུའི་དོན་གནད་གཙོ་བོ་དེ་གང་རེད་ཟེར་ན། བོད་དེ་རྒྱ་མིས་རྒྱ་ནག་རང་གི་རྒྱལ་ཁབ་ཀྱི་མངའ་དབང་གི་ཁོངས་སུ་གཏོགས་པའི་མངའ་སྡེ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་རེད། བོད་རྒྱ་མིའི་མངའ་སྡེ་ཡིན་བཞིན་དུ་བར་སྐབས་ཕྱི་རྒྱལ་གྱི་གཡོ་འཕྲུལ་དང་བོད་མིའི་ངོ་ལོག་ལ་བརྟེན་ནས་རྒྱ་ནག་གི་ཆ་ཤས་སུ་ཡག་པོ་མ་བསྡད་པར་ཡོད་པ་དེ་རྒྱ་ནག་ཏུ་གུང་བྲན་གྱི་སྲིད་གཞུང་དབང་བསྒྱུར་བྱུང་སྟེ་རྒྱ་ནག་གི་ནང་ལ་སྲིད་དོན་གྱི་བཅིངས་བཀྲོལ་བྱུང་བ་དང་མཉམ་དུ་ལམ་སེང་རྒྱ་ནག་གིས་བཅིངས་བཀྲོལ་དམག་མི་བཏང་ནས་བོད་པ་དེ་ཕྱི་རྒྱལ་གྱི་བཙན་དབང་འོག་ནས་བཅིངས་བཀྲོལ་བཏང་བ་རེད། མེས་རྒྱལ་ནས་ཟུར་དུ་ཐོན་ནས་བསྡད་པ་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཕྱིར་ལོག་བྱེད་དུ་བཅུག་པ་རེད། དེར་བརྟེན་བོད་ལ་རྒྱ་མིའི་དབང་བསྒྱུར་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་དང༌། ལོ་རྒྱུས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་རེད། བོད་རང་རྒྱལ་དུ་མཉམ་བསྒྲིལ་བྱེད་རྒྱུའི་དོན་ལ་ཐོག་མར་དམག་མི་བཏང་བ་རེད་དེ། རྗེས་སུ་དམག་མིས་དྲག་པོའི་ལས་རིགས་བྱེད་མི་དགོས་པར་མངའ་སྡེའི་གཞུང་དང་དབུས་གཞུང་གཉིས་ཀྱི་དབར་ལ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྟེ་བོད་ཞི་བའི་བཅིངས་བཀྲོལ་བྱུང་བ་རེད་ཅེས་ལབ་ཀྱི་ཡོད་པ་རེད། བོད་པས་ངོ་ལོག་རྒྱག་པ་དེ་ཡང་བོད་མི་མང་གི་ངོ་ལོག་ཅིག་ལ་ཆ་འཇོག་བྱེད་ཀྱི་ཡོད་མ་རེད། ཏཱ་ལའི་བླ་མ་དང༌། ཏཱ་ལའི་བླ་མའི་གཡས་གཡོན་ལ་ཡོད་པའི་ལོག་སྤྱོད་པ་ཉུང་ཤས་ཤིག་གིས་མགོ་ཁྲིད་བྱས་ནས་བོད་མིའི་ཆ་ཤས་ཉུང་ཉུང་ཞིག་གིས་ད་ལྟ་ཡང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་རྒྱ་ནག་ཁྱིམ་ཚང་ཆེན་པོའི་ནང་ལ་ལོག་དགོས་ཀྱི་ཡོད་པ་ཧ་མ་གོ་བར་ཕྱི་རྒྱལ་གྱི་རྒྱུག་ཁྱི་བྱས་ནས་མེས་རྒྱལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་རེད་མ་གཏོགས། བོད་རྒྱ་ཆེ་མི་མང་གིས་རྒྱ་ནག་གི་དབང་བསྒྱུར་ལ་དགའ་པོ་བྱས་ནས་སྔོན་མ་བོད་ཀྱི་སྲིད་དབང་ལོགས་སུ་ཡོད་པའི་སྐབས་ལ་མི་སེར་ལ་བཤུ་གཞོག་དང་གཉའ་གནོན་ཧ་ཅང་དྲག་པོ་བཏང་བ་དེ་ལས་ཡར་ལངས་ནས་ད་སྐྱིད་པོ་བྱས་ནས་བསྡད་ཡོད་རེད་ཅེས་རྒྱ་དམར་གྱི་བཤད་ཚུལ་དེ་འདྲ་རེད།

ང་ཚོ་བོད་པས་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། བོད་དེ་མི་ལོ་སྟོང་ཕྲག་གཉིས་ཀྱི་ལོ་རྒྱུས་ཀྱི་ནང་ག་དུས་ཡིན་ནའང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་རེད་མ་གཏོགས། ནམ་ཡང་རྒྱ་མིའི་སྲིད་དབང་འོག་ལ་ཚུད་ཡོད་པ་མ་རེད། རྒྱ་ནག་གི་ཆ་ཤས་མ་རེད་ལ། དེའི་མངའ་སྡེ་ཡང་མ་རེད། དེའི་སྲིད་དབང་གི་ཁྱབ་ཁོངས་འོག་ལའང་ཕྱིན་ཡོད་པ་མ་རེད། ཕྱི་ལོ་ ༡༩༤༩།༥༠ ཐམ་པའི་ལོར་གུང་ཁྲན་གྱིས་དམག་གི་ནུས་ཤུགས་ལ་བརྟེན་ནས་བོད་ཀྱི་ནང་ཁྲིམས་འགལ་ཐོག་ནས་བཙན་འཛུལ་དང་དམག་ཤུགས་ཀྱིས་༩༤

བཟས་བཞག་པ་ཞིག་རེད་མ་གཏོགས། བོད་ལ་རྒྱ་ཡིས་དབང་བསྒྱུར་བྱེད་པའི་ཐོབ་ཐང་གང་ཡང་ཡོད་མ་རེད། ཕྱི་ལོའི་གོང་གི་ལོ་ ༡༢༧ ནང་བྱུང་བའི་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་ཕྱི་ལོ་ ༡༢༠༤ ཙམ་ལ་ཇིང་གིར་ཁཱན་གྱིས་བོད་ལ་དམག་མ་བརྒྱབ་ཀྱི་བར་བོད་དེ་ག་དུས་ཡིན་ནའང་རང་བཙན་བྱས་ནས་བསྡད་པ་མ་གཏོགས། ཕྱི་རྒྱལ་གྱི་བཙན་དབང་འོག་ལ་ནམ་ཡང་འགྲོ་མེད་པའི་ལོ་རྒྱུས་དེ་རྒྱ་བོད་ཧོར་གསུམ་ག་པར་ཕྱིན་ནའང་ཚང་མས་གསལ་པོ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། དེ་ལ་དོགས་གཞི་རྩ་བ་ནས་ཡོད་མ་རེད། དེ་ནས་ཕྱི་ལོ་ ༡༢༤༠ སྐོར་ནས་ལོ་བཅོ་ལྔ་བཅུ་དྲུག་ཅིག་གི་རིང་ལ་སོག་པོའི་དབང་བསྒྱུར་འོག་ལ་ཕྱིན་པ་རེད། སོག་པོའི་དམག་གིས་བོད་ས་ཚང་མ་བཟུང་ནས་དབང་བསྒྱུར་བྱས་པ་དེ་ལོ་བཅུ་ཙམ་ཞིག་གི་རིང་ལ་རེད། ཡང་བསྐྱར་དམག་ཤུགས་ཀྱིས་བོད་ལ་དབང་བསྒྱུར་བྱེད་མཁན་གྱི་སོག་པོ་ཁོ་རང་ཚོའི་དུས་ལ་བོད་ཀྱི་སྲིད་དབང་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ཏེ་རང་བཙན་གཙང་མ་བྱུང་བ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་ཆབ་སྲིད་བསྐྱངས་པ་ནས་ཉེ་དུས་ཕྱི་ལོ་ ༡༩༥༠ ལོར་རྒྱ་མིས་བཙན་འཛུལ་བྱས་པའི་བར་ལ་བོད་ཀྱི་ཆབ་སྲིད་དེ་ནམ་ཡང་ཕྱི་རྒྱལ་གཞན་དག་གི་དབང་འོག་ལ་འགྲོ་མྱོང་ཡོད་པ་མ་རེད། རྒྱ་ནག་དང་བོད་གཉིས་བར་ལ་ཆོས་སྲིད་ཀྱི་འབྲེལ་བ་ཡོད་པ་དེ་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་རེད། དེ་ཡང་སོག་པོ་གོ་དན་ཁཱན་གྱིས་རྒྱ་ནག་དབང་བསྒྱུར་མ་བྱས་གོང་ནས་ས་པཎ་དང་མཆོད་ཡོན་དུ་འབྲེལ་བ་རྒྱུན་སྐྱོང་གིས་ཕྱི་ལོ་ ༡༢༥༣ ལོར་བོད་ཁྲི་སྐོར་བཅུ་གསུམ་ཆོས་རྒྱལ་འཕགས་པར་ཕུལ་ཟིན་པའི་རྗེས་སུའང་ཕྱི་ལོ་ ༡༢༥༤ ལོར་ཕུལ་བའི་འཇའ་སའི་ནང་ བྱབྱཁྱོད་ཀྱི་ཡོན་བདག་ངས་བྱས་པ་ཡིན།བྱབྱ ཞེས་ཡོན་བདག་བྱེད་རྒྱུ་ཁས་ལེན་བྱས་ཏེ་བོད་པ་མཆོད་གནས་དང་རྒྱ་ནག་གི་རྒྱལ་པོ་སོག་པོ་གོང་མས་ཡོན་བདག་བྱས་པའི་འབྲེལ་བ་དེ་བྱུང་བ་རེད། དེ་ལ་སྲིད་དབང་གི་འབྲེལ་བ་གང་ཡང་ཡོད་པ་མ་རེད་ལ། སོག་པོ་དང་འབྲེལ་བ་སྔོན་ནས་ཡོད་པ་དེ་མུ་མཐུད་པ་མ་གཏོགས། སོག་པོས་རྒྱ་ནག་དབང་བསྒྱུར་བྱས་པའི་ཆ་ནས་འབྲེལ་བ་གསར་པ་ཞིག་ཆགས་པའང་མ་རེད། མཆོད་གནས་ཟེར་བ་སྐྱབས་བཅོལ་ཞུ་ས་དང༌། མཆོད་པ་འབུལ་ས། སྐུ་ཡོན་འབུལ་ས་ཞིག་ལ་ཟེར་གྱི་རེད། ཡོན་བདག་དང་སྦྱིན་བདག་ཟེར་བ་ལེགས་སྦྱར་གྱི་ བྱདཱཡཀ་བྱ ཟེར་བའི་སྐུ་ཡོན་འབུལ་མཁན་དང་མཆོད་སྦྱིན་འབུལ་མཁན་ཞིག་ལ་ཟེར་གྱི་རེད།

འབྲེལ་བ་དེ་ནམ་ཡང་དབང་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་འབྲེལ་བ་ཞིག་ལ་གོ་རྒྱུ་ཡོད་པ་མ་རེད། གལ་སྲིད་གོ་ནའང་མཆོད་གནས་དེ་དབང་སྒྱུར་བྱེད་དང༌། ཡོན་བདག་དེ་དབང་བསྒྱུར་བྱ་ལ་གོ་ན་མ་གཏོགས། མཆོད་གནས་བླ་མ་ལས་ཡོན་བདག་སློབ་མ་དབང་ཆེ་བ་ཡོང་སྟངས་མེད། མཆོད་ཡོན་གྱི་འབྲེལ་བ་དེ་ལ་རྒྱ་མིས་ལོག་བཤད་དང༌། དབྱིན་སྐད་དུ་བསྒྱུར་ཉེས་པ་གཉིས་འཛོམས་དབང་གིས་མི་མང་པོར་ལོག་རྟོག་བྱུང་བ་རེད། ཡོན་བདག་གིས་མཆོད་གནས་ལ་ཞབས་འདེགས་ཞུ་རྒྱུའི་དོན་ལ་དམག་བཏང་ཡོད་ནའང་འདྲ། སྲིད་དོན་པའི་སྐུ་ཚབ་བཏང་ཡོད་ནའང་འདྲ། དངུལ་ཕུལ་ཡོད་ནའང་འདྲ། ཆབ་སྲིད་འཛིན་ཕྱོགས་ལ་རོགས་རམ་དང་གསལ་འདེབས་ཞུས་ཡོད་ནའང་འདྲ། ག་རེ་བྱས་ཡོད་ནའང་མཆོད་ཡོན་གཉིས་རྒྱལ་ཁབ་སོ་སོ་ཡིན་པའི་གནས་སྟངས་གཞིར་བཞག་གིས་འདིའི་ཐོག་རོགས་རམ་དང་ཕན་གྲོགས་བྱས་པ་མ་གཏོགས། རྒྱལ་ཁབ་གཅིག་གིས་སྲིད་དོན་གྱི་དབང་བསྒྱུར་གྱི་ཐོག་ནས་འབངས་ལ་རོགས་རམ་བྱས་པའི་གནས་སྟངས་ཤིག་རྩ་བ་ནས་མ་རེད། དེ་འདྲ་ཡིན་ཙང་ཕྱི་ལོ་ ༡༩༤༩།༥༠ ལོ་ལ་རྒྱ་མིས་བོད་ལ་དམག་བརྒྱབས་པ་དེ་རྒྱལ་ཁབ་གཞན་ཞིག་གིས་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་དག་གཅིག་ལ་ཁྲིམས་འགལ་གྱི་ཐོག་ནས་དམག་ཤུགས་ཀྱིས་ས་མཚམས་བརྒལ་ནས་བཙན་འཛུལ་ཧམ་ཟོས་བྱས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། ཡིན་ནའང་རྒྱ་མིས་ད་ལྟ་བར་དུ་བོད་ཀྱི་ཁྲིམས་མཐུན་གྱི་ཆབ་སྲིད་ཀྱི་སྲིད་གཞུང་ (LEGITIMATE GOVERNMENT) དེ་མེད་པ་བཟོས་ཐུབ་ཡོད་པ་མ་རེད། བྱས་ཙང་ད་ལྟ་ཡང་བོད་པའི་གཞུང་འབྲེལ་གྱིས་རང་བཙན་བསྐྱར་གསོའི་ལས་མགུལ་མུ་མཐུད་བྱས་ནས་བསྡད་པ་དེ་རེད། རྒྱ་མིས་དམག་ཤུགས་ཀྱི་ཐོག་ནས་བོད་ས་དབང་བསྒྱུར་བྱས་པ་ཡིན་ནའང་ད་ལྟ་བོད་དེ་ཆ་ཚང་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་མིའི་དབང་འོག་ལ་ཕྱིན་ཚར་བ་རེད་དམ་ཟེར་ན་ཕྱིན་ཚར་ཡོད་པ་མ་རེད། དམག་འཐབ་ཀྱིས་དབང་བསྒྱུར་ཆ་ཚང་ཟིན་པའི་རྒྱལ་ཁབ་གཅིག་བཙན་འཛུལ་མཁན་གྱི་རྒྱལ་ཁབ་དེའི་དབང་འོག་ཏུ་ཧྲིལ་གྱིས་འགྲོ་བའི་སྲོལ་ཞིག་ཡོད་ནའང༌། བོད་ལ་གནས་སྟངས་དེ་ཆགས་ཡོད་པ་མ་རེད། ཕྱི་ལོ་བརྒྱ་ཕྲག་བཅུ་བདུན་པའི་ནང་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་བོད་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་ནི་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་དགའ་ལྡན་ཕོ་བྲང་དེ་རེད། ྋསྐྱབས་མགོན་རིན་པོ་ཆེ་དང་སྐྱབས་མགོན་རིན་པོ་ཆེས་བསྐོ་བཞག་གནང་བའི་བཀའ་ཤག་དེ་བོད་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་རེད། ཁྲིམས་མཐུན་གྱི་སྲིད་གཞུང་དེས་ནམ་ཡང་བོད་རྒྱ་མིའི་དབང་འོག་ལ་ཚུད་པའི་ཁས་ལེན་བྱས་ཡོད་པ་མ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་རྒྱ་མིའི་དབང་འོག་ཡིན་པར་ཁས་ལེན་བྱས་ཡོད་རེད་ཟེར་གྱི་ཡོད་རུང༌། དེ་ནི་རྒྱ་མིའི་བཙན་དབང་གི་འོག་བཞག་པའི་གྲོས་མཐུན་ཞིག་ཡིན་པར་མ་ཟད། སྐུ་ཚབ་འཛུགས་སྟངས། གྲོས་མཐུན་བཞག་སྟངས། གྲོས་ཆོད་ཀྱི་ངོ་བོ་སོགས་གང་ནས་ཀྱང་རྒྱལ་སྤྱིའི་ཁྲིམས་དོན་ཐོག་བོད་ལ་རྒྱ་མིས་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་ཡིན་པ་བཟོ་རྒྱུར་ཕན་ཐོགས་པའི་ཚད་ལྡན་ (VALIDITY) གང་ཡང་ཡོད་མ་རེད་ལ། རྒྱ་མི་རང་ངོས་ནས་ཀྱང་གྲོས་མཐུན་དེ་ལ་བརྩི་འཇོག་མ་བྱས་པ་དང༌། དེ་ཡང་ཁྲིམས་འགལ་ཁྲིམས་མེད་རང་གི་ཐོག་ནས་བྱས་པ་མ་གཏོགས་ཁྲིམས་མཐུན་གྱིས་གྲོས་མཐུན་ཕྱིར་བསྡུ་དང་བསྐྱར་བཅོས་སོགས་གང་ཡང་བྱས་ཡོད་མ་རེད། བྱས་ཙང་རྒྱ་མིས་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་ཞེ་པོ་གཅིག་ཡིན་མདོག་བྱས་ནས་བཤད་ཀྱང༌། དེས་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པ་དེ་ཁྲིམས་མཐུན་ཡིན་པ་བསྒྲུབ་མི་ཐུབ་པ་མ་ཟད། ཁོ་རང་ཚོ་ཁྲིམས་མེད་ངོ་ཚ་མེད་པའི་རྟགས་མཚན་གསལ་པོ་ཆགས་ཀྱི་རེད། གྲོས་མཐུན་དེར་ཁྲིམས་ཐོག་ཏུ་འཕེར་བའི་ཁས་ལེན་མ་བྱེད་མཁན་གྱི་བོད་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དེ་བར་མ་ཆད་པར་བསྡད་ཡོད་པ་མ་ཟད། ྋསྐྱབས་མགོན་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་པའི་སྐབས་ལ་བོད་ཀྱི་སྲིད་གཞུང་དེ་ཡང་མཉམ་དུ་བཙན་བྱོལ་དུ་འབྱོར་བ་རེད། དེ་ཡིན་དུས་གཞུང་ཁོ་རང་བཙན་བྱོལ་ (EXILE) བྱུང་བ་རེད་མ་གཏོགས། གཞུང་བཞག་ནས་རྒྱལ་བ་རིན་པོ་ཆེ་གང་ཟག་ཡན་འགའ་བ་ཞིག་བྲོས་བྱོལ་ལ་ཕེབས་ཡོད་མ་རེད། སྲིད་གཞུང་བཙན་བྱོལ་དུ་ཕེབས་པ་དེ་ཡང་དབང་ཚད་ལྡན་པའི་སྲིད་གཞུང་རང་གི་ཐག་གཅོད་དང་མཐུན་པར་ཕེབས་པ་རེད་མ་གཏོགས། གཞུང་གི་ཐག་གཅོད་མེད་པའམ། མི་རེ་གཉིས་ཀྱི་ཁ་ཤུགས་ཀྱིས་ཕེབས་པ་དེ་འདྲ་མ་རེད། བོད་ཀྱི་ནང་ལ་སྲིད་གཞུང་འཛིན་ཐུབ་པ་མི་འདུག་པས་སྲིད་གཞུང་དེ་ས་ཆ་གཞན་ཞིག་ལ་སྤོས་ནས་བོད་རྒྱ་མིའི་འོག་ནས་བཅིངས་བཀྲོལ་གཏང་རྒྱུའི་ཐབས་ཤེས་གནང་གི་ཡིན་གསུངས་ནས་སྲིད་གཞུང་གི་ཐག་གཅོད་ཀྱི་ཐོག་ནས་ཕྱི་རྒྱལ་ལ་ཕེབས་པ་ཡིན་ཙང་གཞུང་དེ་ད་ལྟའང་བཙན་འོག་ལ་མ་ཚུད་པར་ཕྱི་རྒྱལ་ལ་ཡོད་རེད། རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེའི་བཀའ་ཤག་གང་དུ་ཡོད་ས་དེ་ལ་བོད་ཀྱི་སྲིད་གཞུང་ཡོད་པ་དེ་གཞིས་བྱེས་བོད་མི་ཡོངས་μོགས་ཀྱིས་བརྒྱ་ཆ་བརྒྱ་ཐམ་པ་ངོས་ལེན་བྱེད་ཀྱི་ཡོད་རེད། བོད་མིས་ངོས་ལེན་བྱེད་པའི་གཞུང་དེ་ལ་བོད་ཀྱི་གཞུང་ལབ་ཀྱི་ཡོད་རེད་མ་གཏོགས། རྒྱལ་ཁབ་གཞན་དག་གིས་ངོས་ལེན་བྱེད་མིན་ལ་ལྟོས་དགོས་གང་ཡང་ཡོད་མ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་དབུས་གཞུང་གིས་བོད་ས་གནས་སྲིད་གཞུང་དེ་མེད་པ་བཟོ་བའི་གསལ་བསྒྲགས་བྱས་ནས་དམག་མིའི་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུའི་བཀོད་ཁྱབ་བཏང་ཡོད་རེད། བཀོད་ཁྱབ་དེ་ཁྲིམས་ཀྱི་ནང་ལ་ཚད་འཛིན་ཡོད་མ་རེད། གང་ཡིན་ཟེར་ན་བོད་ཀྱི་སྲིད་གཞུང་མེད་པ་བཟོ་རྒྱུ་དང༌། སྲིད་གཞུང་གསར་པ་བསྐོ་བཞག་བྱེད་རྒྱུའི་དབང་ཚད་རྒྱལ་སྤྱིའི་ཁྲིམས་དོན་ཕར་བཞག རྒྱ་ནག་རང་གི་སྐབས་དེའི་རྩ་ཁྲིམས་ནང་ལའང་དེ་འདྲའི་དབང་ཚད་ཀྱི་ཆ་རྐྱེན་ཡོད་མ་རེད། དོན་ཚན་བཅུ་བདུན་ལ་ཁས་ལེན་བྱས་ཡོད་པ་མ་རེད། ཁས་ལེན་བྱས་པའི་དབང་དུ་བཏང་ནའང་བོད་ས་གནས་སྲིད་གཞུང་དེ་མེད་པ་བཟོ་རྒྱུའི་དབང་ཆ་དེ་བོད་ལ་ཡོད་རེད་མ་གཏོགས་རྒྱ་ནག་དབུས་གཞུང་ལ་ཡོད་མ་རེད། བྱས་ཙང་བོད་གཞུང་མེད་པ་བཟོས་པའི་གསལ་བསྒྲགས་དེ་བརྒྱ་ཆ་བརྒྱ་ཐམ་པ་ཁྲིམས་འགལ་རེད་ལ། དེའི་རྗེས་ལ་བཙུགས་པའི་བོད་ནང་གི་སྲིད་གཞུང་གང་ཡིན་པ་ཚང་མ་ཁྲིམས་འགལ་གྱི་སྲིད་གཞུང་ཤ་སྟག་རེད་མ་གཏོགས། རྒྱལ་སྤྱིའི་ཁྲིམས་དོན་ཐོག་སྲིད་གཞུང་ལ་ངོས་ལེན་བྱེད་འོས་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ཆགས་ཀྱི་ཡོད་མ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཚད་ལྡན་གྱི་སྲིད་གཞུང་ནི་བཙན་བྱོལ་དུ་ཡོད་པའི་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་སྲིད་གཞུང་དེ་རེད། བྱས་ཙང་རྒྱལ་བ་ལྔ་པའི་སྐབས་སུ་བོད་མཉམ་འབྲེལ་གྱི་སྲིད་གཞུང་དེ་ཚུགས་པ་ནས་བཟུང་ད་ལྟ་བར་དུ་ང་ཚོའི་ཁྲིམས་མཐུན་གྱི་གཞུང་དེ་མ་ཉམས་པར་བསྡད་ཡོད་རེད།

བོད་རྒྱ་མིས་བཟས་ཚར་བ་ཟེར་དུས་ས་ཆ་མི་མང་སྲིད་དང་བཅས་པ་ཆ་ཚང་བཟས་ཚར་བའི་བཟོ་འདྲ་པོ་ཞིག་མཐོང་གི་ཡོད་རུང༌། དེ་འདྲ་རྩ་བ་ནས་མ་རེད། དཔེར་ན་སྔོན་རྒྱལ་པོའི་སྲིད་གཞུང་ཡིན་པའི་སྐབས་ལ་རྒྱལ་པོ་གཅིག་གིས་རྒྱལ་པོ་གཅིག་ལ་དམག་བརྒྱབས་ནས་རྒྱལ་པོ་ཞིག་བཟུང་བའམ། དམག་ཤོར་ནས་ཤི་བ་ཡིན་ན། རྒྱལ་ཁབ་དེ་རྒྱལ་ཁབ་གཞན་དེའི་འོག་ལ་ཚུད་པ་ལ་ཆ་བཞག་རྐྱང་བྱེད་ཀྱི་ཡོད་རེད། དེ་བཞིན་དམག་ཆེན་གཉིས་པའི་སྐབས་ལྟ་བུར་ཡང་དམག་ཤུགས་ཀྱིས་རྒྱལ་ཁབ་བཟས་པ་དང༌། རྗེས་སུ་རང་བཙན་ཐོབ་དུས་རང་བཙན་གསར་པ་ཐོབ་པ་རེད་ཟེར་རྒྱུ་མ་གཏོགས། དེའི་དབར་ལ་ཆབ་སྲིད་མ་ཉམས་པར་གནས་མ་ཐུབ་པའི་རྒྱལ་ཁབ་གང་མཚམས་བྱུང་ཡོད་རེད། དེ་ཚོ་དང་མི་འདྲ་བར་ང་ཚོའི་བོད་ཆབ་སྲིད་ཀྱི་བདག་པོ་ྋརྒྱལ་བ་རིན་པོ་ཆེ་རྒྱ་མིའི་འོག་ལ་ཤོར་ཡོད་མ་རེད། བོད་ཀྱི་སྲིད་གཞུང་ཁོ་རང་རྒྱ་མིའི་འོག་ལ་ཤོར་ཡོད་མ་རེད།

རྒྱ་མིའི་འོག་ལ་ག་རེ་ཤོར་ཡོད་རེད་ཟེར་ན་ས་ཆ་གཅིག་པུ་ཤོར་བ་རེད། ཡིན་ནའང་བོད་ཀྱི་ཁྲིམས་མཐུན་ཆབ་སྲིད་ཀྱི་རྒྱུན་དེ་ད་ལྟ་ཡོད་པ་རེད། བྱས་ཙང་ང་ཚོའི་ད་ལྟའི་གནས་སྟངས་དེ་བོད་ནང་ལ་ཡོད་པའི་བོད་མི་དེ་ཚོ་རྒྱ་མིའི་བཙན་འོག་ལ་ཚུད་པ་དང༌། ཕྱི་རྒྱལ་ལ་ཡོད་པ་དེ་ཚོ་རང་གི་རྒྱལ་ཁབ་ཀྱི་ས་ཆ་མེད་པར་ (STATELESS) སྲིད་དོན་གྱི་སྐྱབས་བཅོལ་བའི་གནས་སྟངས་བྱས་ནས་བསྡད་ཡོད་པ་རེད། བོད་ས་དེ་བཙན་འཛུལ་གྱིས་བཟུང་བའི་ཡུལ་ཞིག་གི་ངོ་བོར་བསྡད་ཡོད་པ་རེད། དེ་ལྟར་རྒྱ་མིས་ཁྲིམས་འགལ་གྱིས་དབང་བསྒྱུར་བྱས་པ་མ་གཏོགས། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ང་རང་ཚོའི་ཆབ་སྲིད་ཀྱི་སྲིད་གཞུང་མ་ཉམས་པར་མུ་མཐུད་གནས་ཡོད་པ་རེད།

དེ་འདྲ་ཡིན་དུས་ད་ལྟའི་ང་ཚོའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཆགས་ཡོད་རེད་ཟེར་ན། བོད་ཀྱི་ཆབ་སྲིད་དང་སྲིད་གཞུང་དེ་རྒྱ་མིའི་བཙན་གནོན་འོག་ལ་མ་ཚུད་པ་དང༌། བོད་ཀྱི་དབུ་ཁྲིད་དེ་རྒྱ་མིའི་བཙན་གནོན་འོག་ལ་མ་ཚུད་པ། བོད་ཆོལ་ཁ་གསུམ་ཀའི་ངོ་ཚབ་བྱས་ཐུབ་པའི་མི་མང་གང་འཚམས་ཤིག་བཙན་འོག་ལ་མ་ཚུད་པར་ཡོད་པ་དེ་ང་ཚོའི་བྱེས་འབྱོར་བོད་མིའི་ད་ལྟའི་གནས་སྟངས་དང༌། དེ་བཞིན་གཞིས་ལུས་རྒྱ་ཆེ་མི་མང་རྒན་གཞོན་ཐམས་ཅད་ཀྱང་ལུས་བཙན་འོག་ཏུ་ཚུད་ཀྱང༌། སེམས་ཀྱི་གཏད་ས་དང་ཡིད་ཆེས་ྋགོང་ས་སྐྱབས་མགོན་ཆེན་པོ་ལ་རྩེ་གཅིག་ཏུ་གཏད་ནས་རྒྱ་མིའི་དབང་བསྒྱུར་ལ་ངོས་ལེན་མ་བྱས་པར་རྟག་ཏུ་རང་བཙན་བསྐྱར་གསོའི་ལས་འགུལ་ལ་ལུས་སྲོག་ཕངས་མེད་ཀྱིས་བཞུགས་པ་དང༌། བྱེས་འབྱོར་སྲིད་གཞུང་དང་མང་ཚོགས་ལ་ཡིད་ཆེས། རང་གི་ཆོས་དང་རིག་གཞུང་ལ་བདག་གཅེས་ཀྱིས་འབད་རྩོལ་ག་ཚོད་བྱེད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་གྱི་གནས་ཚུལ་དེ་དག་ང་ཚོའི་ད་ལྟའི་གནས་སྟངས་དང༌། མ་འོངས་པའི་རེ་བའི་གཞི་རྩ་ཡིན་པ་དེ་མཁྱེན་དགོས།

ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༢༡ ནས་ཟླ་ ༥ ཚེས་ ༣༠ བར་སཱརནཱཐར་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཚུགས་པའི་སྤྱི་ཚོགས་ཞབས་ཞུ་བའི་སྦྱོང་བདར་སྐབས་གནང་བའི་གསུང་བཤད་དེ་ཕྱི་ལོ་ ༡༩༩༡ ཟླ་ ༡༠ ཨང་ ༢ པའི་གངས་རྒྱུན་དུས་དེབ་ལས་ཕྱུང་ཡང༌། ཚིག་སྦྱོར་མ་བདེ་བ་རྣམས་ཕྲན་བུ་ཞུ་སྒྲིག་བྱས་པ་ཡིན།