༈ སྤྱི་ཚོགས་ནང་བསམ་བློའི་མགོ་འཁྲིད་ཇི་ལྟར་བྱེད་དགོས་སམ།
༄༅།། ད་རིང་འདིར་ཕེབས་པའི་ཝཱ་རཱ་ཎ་སཱི་སློབ་ཟུར་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱུན་ལས་རྣམ་པ། དེ་བཞིན་དྷརྨ་ཤཱ་ལཱ་གཙོ་བོར་གྱུར་པའི་ས་གནས་ཁག་ནས་ཕེབས་པའི་སློབ་ཟུར་རྣམས་ལ། ངའི་བསམ་པར་སློབ་ཟུར་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ་ཚོ་མ་གཏོགས། ཕྱོགས་གང་ས་ནས་སློབ་ཟུར་མང་པོ་འཛོམས་ཀྱི་ཡོད་པའི་ཚོར་སྣང་མ་བྱུང་མོད། ད་རིང་དངོས་སུ་མཇལ་དུས་ས་གནས་མང་དག་ནས་ཕེབས་པའི་སློབ་ཟུར་འདུག་པས་དགའ་པོ་བྱུང་། འོན་ཀྱང་ང་རང་སྒེར་གྱི་མཐོང་ཚུལ་ལ་སྔོན་མ་ང་རང་ལོ་བརྒྱད་ཅུ་ཟིན་པའི་སྐབས་དང་། སྔ་ལོ་དང་འདི་ལོའི་སྐྱེས་སྐར་ཉིན་མོ་བཅས་ལ་སློབ་ཟུར་རྣམས་རུག་རུག་གིས་ལས་འགུལ་སྣ་ཚོགས་སྤེལ་བ་དང་། ད་ལན་བརྟན་བཞུགས་འབུལ་རྒྱུས་མཚོན་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ཀྱི་ཕྱག་ལས་མང་ཆེ་བ་ཁོ་བོའི་སྐོར་ལ་གནང་གིན་བཞུགས་པའི་མཐོང་ཚུལ་བྱུང་བས་ཡ་མཚན་པོ་བྱུང་། སྤྱིར་བཏང་དགེ་རྒན་ཡག་པོ་ཞིག་ཡིན་ན། སློབ་གྲྭ་ནས་རྒས་ཡོལ་ཐོན་ཡང་སློབ་ཕྲུག་དང་འབྲེལ་བ་ཡག་པོ་བསྡད་རྒྱུའི་གོ་སྐབས་དགེ་རྒན་མང་ཆེ་བ་ལ་ཡོད་པ་མ་གཏོགས། སློབ་གྲྭ་ཁག་གི་འཛིན་སྐྱོང་གི་མགོ་ཁྲིད་སློབ་སྤྱི་དང་སློབ་ཕྲུག་གི་དབར་འབྲེལ་ལམ་དམ་ཟབ་ཡོང་རྒྱུ་དཀོན་པོ་རེད། ང་ཚོའི་གནས་ཚང་རྒྱ་གར་ལ་མཚོན་ན། རིགས་བདག་རྣམས་དུས་ཡུན་ལོ་གསུམ་མམ་ལྔའི་རྗེས་སུ་འཁྱུར་བའི་སྐབས་སུ་ཧ་ལམ་ཕུད་པ་ལྟ་བུ་དང་། དེ་བཞིན་བོད་ལ་ཆ་བཞག་ནའང་འཛིན་སྐྱོང་གི་མགོ་ཁྲིད་སོ་སོའི་དགེ་རྒན་ཡིན་ནའང་རྗེས་སུ་ཁ་གཏང་རྒྱུ་ཆགས་ཀྱི་ཡོད། འཛིན་སྐྱོང་ཀྱི་མགོ་ཁྲིད་རྣམས་ཀྱིས་འཛིན་སྐྱོང་གི་ལས་དོན་རྣམས་སློབ་ཕྲུག་གི་མངོན་འདོད་དང་འཚམས་པ་དང་མངོན་འདོད་ཡོངས་སུ་བསྐང་ཐུབ་པ་ཡོང་ཁག་པོ་རེད། སློབ་ཕྲུག་གི་མངོན་འདོད་ནི་སོ་སོའི་ཐད་ཀར་ཉིན་རེའི་དགོས་མཁོ་དང་བསྟུན་པ་ཡིན། དཔེར་ན། རྒྱུགས་སྤྲོད་ལས་སླ་པོ་ཡོང་རྒྱུ་དང་། འཛིན་གྲྭར་འགྲོ་མི་དགོས་པ་སོགས་ཀྱི་བསམ་ཚུལ་ཡོད། སྤྱིར་འཛིན་སྐྱོང་གི་ལས་དོན་ནི་ཚང་མའི་བློ་ངོར་བབས་པ་ཞིག་ཁག་པོ་རེད། བོད་ལ་མཚོན་ནའང་གདན་སའི་ནང་ལས་འགན་གང་ཡང་མེད་པར་དཔེ་ཁྲིད་རྐྱང་པ་གནང་མཁན་ཚོར་གྲྭ་མང་ནང་དད་གུས་ཆེ་བ་ཡོད། འོན་ཀྱང་དེ་ལྟ་བུ་དེ་རྗེས་སུ་མཁན་པོར་ཕེབས་ན་རིམ་གྱིས་མ་འགྲིགས་པའི་གནས་ཚུལ་གོ་རྒྱུ་ཡོད། དེ་ཡང་ལན་གཅིག་དགའ་ལྡན་ཤར་རྩེའི་མཁན་པོར་དགེ་ཕྲུག་གཅིག་གིས་ཁ་བཏང་བར། གཞན་ཚོས་ཁྱོད་རང་མཁན་རིན་པོ་ཆེའི་དགེ་ཕྲུག་དང་ཁོང་གི་སྐུ་མདུན་ནས་དཔེ་ཁྲིད་ཞུས་མྱོང་བ་མ་རེད་དམ་ཞེས་བཤད་པར། དགེ་ཕྲུག་དེས་དགེ་ཕྲུག་ཡིན་རུང་། རྒན་ལགས་ཁོང་རང་ཁ་གཏང་སར་ཕེབས་ན་ང་ལ་བྱེད་ཐབས་མི་འདུག་ཅེས་བཤད་པའི་སྒྲུང་ཡོད།
གུང་ཐང་བསྟན་པའི་སྒྲོན་མེ་དགོན་པའི་མཁན་པོ་གནང་བའི་སྐབས་ཀྱི་ལྗགས་རྩོམ་ཞིག་ཏུ། ཐོག་མར་ཕྱག་བཙལ་ཕྲག་ཏུ་བཀུར་ན་ཡང་།། རིམ་གྱིས་ཆེ་རྡེག་ཆུང་རྡེག་སྤེལ་བའི་མཐར།། མཐའ་མར་ཏོག་སྒྲ་དང་བཅས་དོར་བ་ཡི།། གཎྚིའི་ངང་ཚུལ་འཛིན་པའི་མཁན་པོ་རྣམས།། ཞེས་གསུངས་པ་ལྟར། གདན་སའི་ནང་དགེ་འདུན་རྣམས་ལས་ལ་འདུ་བའི་ཕྱིར་བརྡུང་བྱའི་གཎྚི་ཞེས་ཤིང་ལས་གྲུབ་པ་ཞིག་ཡོད་པ་དེ་རྡུང་མཁན་གྱི་གྲྭ་པ་དེས་ཐོག་མར་གཎྚི་ལ་ཕྱག་གསུམ་བཙལ། དེ་ནས་ཕྲག་པར་བླངས་ཏེ་རིམ་པས་སྒྲ་ཤུགས་ཆེ་བ་ནས་ཆུང་བ་དང་། ཆུང་བ་ནས་ཆེ་བར་རིམ་པ་གསུམ་བརྡུང་བའི་མཐའ་མར་སྒྲ་ཤུགས་ཆེན་པོ་ཏོག་སྒྲ་གསུམ་བརྡུངས་ནས་གཎྚི་དེ་གཡུག་སྲོལ་ཡོད་པ་ལྟར་གདན་སའི་མཁན་པོ་རྣམས་ཀྱང་ཐོག་མར་ཁྲི་འདོན་གནང་སྐབས་ཚང་མས་གུས་བཀུར་གྱིས་ཕྱག་འཚལ་བ་དང་། དངོས་སུ་ལས་སུ་ཞུགས་སྐབས་ཆེ་རྡེག་ཆུང་རྡེག་ལྟ་བུའི་ཁ་བཏང་། མཐའ་མར་གཎྚི་སར་འཕངས་པ་ལྟར་མཁན་པོ་རྣམས་འབུད་ཀྱི་རེད་ཅེས་གསུངས། མཁས་དབང་གཽརཱི་ནཱཐ་ཤཱསྟྲཱི་ང་ཚོའི་མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་གི་ཚོགས་འདུ་དང་པོའི་ནང་དུ་ཡོད་ཅིང་། ཁོང་ནི་ཝཱཎ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཟུར་པ་ཡིན་སྟབས། ཚོགས་འདུ་ལེགས་སྦྱར་གཙུག་ལག་སློབ་ཁང་དུ་ཚུགས་ན་སློབ་ཕྲུག་ཚོས་ངོ་རྒོལ་སོགས་བྱེད་དྭོགས་ཀྱིས་ཕེབས་རྒྱུར་ཧ་ཅང་འཚེར་སྣང་གནང་གི་རེད།
ངས་ཝཱཎ་མཐོ་སློབ་ཏུ་ལས་ཀ་བྱེད་སྐབས་སློབ་གྲྭའི་འཕྲལ་ཕུགས་རྒྱང་གསུམ་གྱི་ཕུགས་རྒྱང་རིང་པོའི་བསམ་བློ་མ་གཏོགས། སློབ་ཕྲུག་དགའ་པོ་ཡོང་བའི་དམིགས་ཡུལ་ནམ་ཡང་བཅངས་མྱོང་མེད། འོན་ཀྱང་སློབ་གྲྭ་བཞག་ནས་ལོ་ཉི་ཤུ་རྩ་གྲངས་ཕྱིན་པའི་རྗེས་སུའང་ང་རང་སློབ་སྤྱི་ཡིན་དུས་ཡོད་མེད་ལ་མ་ལྟོས་པར་ཝཱཎ་སློབ་ཟུར་གསར་རྙིང་ཚང་མས་ང་ལ་བརྩེ་སེམས་དང་མཛའ་སེམས་ཡོད་པ་མཐོང་དུས་སེམས་འགུལ་ཐེབས་པོ་བྱུང་། ད་རིང་བརྟན་བཞུགས་ལ་མཚོན་ནའང། སྤྱིར་བཏང་ཆོས་འཆད་ཉན་གྱི་རྗེས་སུ་བརྟན་བཞུགས་འབུལ་སྲོལ་ཡོད་པ་ལས། གཞན་བརྟན་བཞུགས་རྣམས་ཁོ་བོས་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་པ་མ་ཟད། དེ་སྔ་གཏན་ནས་ཁས་ལེན་བྱས་མྱོང་མེད། ད་རེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནང་ཉིན་མ་བདུན་བརྒྱད་ཅིག་ཆོས་འཆད་ཉན་བྱས་རྗེས་འཆར་ཅན་གྱི་རྣམ་པར་བརྟན་བཞུགས་ཤིག་བྱས་པ་རེད།
ད་རིང་ཁྱེད་རང་ཚོས་གོང་མ་བདག་ཁྲི་རིན་པོ་ཆེའི་ཐུགས་དམ་དགོངས་དོན་ཡིན། བརྟན་བཞུགས་འབུལ་གྱི་ཡིན་ཞེས་ལྷག་བསམ་རྣམ་དག་གིས་ནན་པོར་གསུངས་པ་རེད། ལར་ནས་དྷརྨ་ཤཱ་ལཱར་བརྟན་བཞུགས་སོགས་བླང་རྒྱུར་༧གོང་ས་མཆོག་གི་བཀའ་ཁྲོལ་མེད་པར་ཡོང་རྒྱུ་མེད། དེར་བརྟེན་དགོངས་སྐོར་ཞུ་སྐབས་བླང་ན་ཡག་པོ་འདུག་ཅེས་བཀའ་ཁྲོལ་ཕེབས་ཙང་ད་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་དེ་བྱུང་བ་རེད། སྤྱིར་བཏང་བརྟན་བཞུགས་འབུལ་ཞེས་པ་སྐྱེ་འཆི་ལ་རང་དབང་ཐོབ་མཁན་ཞིག་ཡིན་ན་དོན་དུ་སྨིན་པ་ཞིག་ཡོད་ཀྱང་། ང་དང་ང་འདྲའི་སྐྱེ་འཆི་ལ་རང་དབང་མ་ཐོབ་མཁན་ཚོར་ཆོ་ག་ཕྱག་ལེན་དང་གཟུངས་སྔགས་ཀྱི་ནུས་པ་ལ་བརྟེན་ནས་ཕན་ཐོགས་ཤིག་ཡོད་ཤས་ཆེ། མ་གཞི་ནས་སྒྲོལ་དཀར་ཚེ་སྒྲུབ་བྱེད་དགོས་ཞེས་འདས་པའི་ལོ་ཁ་ཤས་ནང་གནས་ཆུང་ཆོས་སྐྱོང་ཆེན་པོས་ཐེངས་ཁ་ཤས་གསུངས་སོང་། དེར་བརྟེན་ཁྱེད་རང་ཚོས་བརྟན་བཞུགས་ཀྱང་སྒྲོལ་དཀར་གྱི་སྒོ་ནས་བྱས་པར་བརྟེན་ཏན་ཏན་འབྲེལ་བ་ཞིག་ཡོད་ཀྱི་རེད་བསམ་གྱི་འདུག སྐྱེ་འཆི་ལ་རང་དབང་མ་ཐོབ་པའི་གང་ཟག་ཚོས་བརྟན་བཞུགས་བླང་རྒྱུ་དེའང་ཡ་མཚན་པོ་རེད། གཏང་རག་མཎྜལ་འབུལ་བའི་སྐབས་སུ་ཞལ་གྱིས་བཞེས་མཁན་དང་བཞེས་ཐུབ་མཁན་གང་ཡང་མེད་རུང་། ཆོ་གའི་ཚིག་དེ་ལྟར་འདོན་གྱི་ཡོད། བར་ལམ་ཁྱེད་རང་ཚོས་ཞབས་བརྟན་བསྒྲུབ་རྒྱུ་དང་སྲོག་བླུ་ཚེ་ཐར་བྱེད་རྒྱུ་སོགས་མང་པོ་བྱས་འདུག སྤྱིར་བཏང་ནས་དེ་ཚོ་དགེ་བའི་བྱ་བ་ཡིན་པས་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པའི་གང་ཟག་ཚོས་ཕན་ཚུན་བསྔོ་བ་བྱས་ན་ཏན་ཏན་ཕན་ཐོགས་ཡོང་རེ་ཡོད་སྟབས་དེ་ཚོ་ལ་རྗེས་སུ་ཡི་རངས་ཡོད།
ད་རིང་ང་ཚོ་འདིར་འཛོམས་ནས་ཝཱ་རཱ་ཎ་སཱི་ནས་ཐོན་པའི་སློབ་ཕྲུག་ཟུར་པ་ཚོས་སྤྱི་ཚོགས་ཀྱི་བསམ་བློའི་མགོ་ཁྲིད་ཇི་ལྟར་བྱེད་དགོས་པའི་ཐོག་ཤོད་ཅེས་གསུངས་པ་རེད། ངས་དུས་ནམ་ཡིན་ལ་སློབ་ཟུར་ཚོར་སོ་སོའི་སྤྱི་ཚོགས་ཀྱི་ནང་དུ་བསམ་བློའི་མགོ་ཁྲིད་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ང་ཚོའི་གཙུག་ལག་སློབ་ཁང་གི་རིགས་ཀྱི་གླུའི་ནང་དུའང་ལྟ་གྲུབ་དང་བསམ་བློའི་མགོ་ཁྲིད་བྱེད་དགོས་པ་གསལ་ཡོད། གང་ཡིན་ཞེ་ན། ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་ཁང་གི་བསླབ་གཞིའི་སྒྲོམ་ནི་སྤྱིར་དེང་རབས་དང་སྲོལ་རྒྱུན་ཟུང་དུ་འབྲེལ་བ་དང་། ལྷག་པར་དུ་སྲོལ་རྒྱུན་གཙོ་ཆེ་བའམ་བསླབ་བྱའི་གཙོ་བོ་རེད། དེ་དང་ཆབས་ཅིག་ཏུ་སྲོལ་རྒྱུན་གྱི་སློབ་ཚན་རྣམས་དེང་རབས་ཀྱི་སློབ་ཁྲིད་ཀྱི་ལམ་སྲོལ་ནང་བཅུག་སྟེ། དེང་རབས་ཀྱི་རྒྱུགས་སྤྲོད་དང་ལག་འཁྱེར་སྤྲོད་སྟངས་ཀྱི་ལམ་སྲོལ་སོགས་ལག་བསྟར་བྱེད་ཀྱི་ཡོད། དེར་བརྟེན་ཝཱ་ཎ་གཙུག་ལག་སློབ་ཁང་ནང་གཞུང་ཆེན་མོ་དང་ཆོས་ཀྱི་སློབ་སྦྱོང་གཙོ་བོ་བྱེད་ཀྱི་ཡོད་རུང། སློབ་གཉེར་བྱས་པའི་རྗེས་སུ་བྱ་བྲལ་ལ་ཕྱིན་ནས་ཚེ་དང་སྒྲུབ་པ་མཉམ་ནས་བསྡད་རྒྱུ་རྐྱང་པའི་དོན་དུ་མིན་པར། སྤྱི་ཚོགས་ཀྱི་ནང་རང་བཞིན་གྱིས་བསྡད་ཐུབ་པ་དང་། སྤྱི་ཚོགས་ཀྱི་མགོ་ཁྲིད་བྱེད་ཐུབ་པའི་བསམ་ཚུལ་ཐོག་མའི་དམིགས་ཡུལ་ནང་དུའང་ཡོད་པ་ཞིག་རེད། གདན་ས་ཁག་གི་ནང་དུ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཞེས་གསུངས་པ་ལྟར་སྒྲུབ་པ་ཉམས་ལེན་ཁོ་ནའི་དམིགས་ཡུལ་མ་གཏོགས། དེ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ཀྱི་བྱ་བ་བྱེད་རྒྱུའི་དམིགས་ཡུལ་མེད།
སྤྱི་ཚོགས་ཞེས་པ་ནི་སོ་སོའི་རིགས་དང་སྐད་ཀྱི་འབྲེལ་བ་ཡོད་པའི་མི་ཚོགས་ཤིག་ལ་བརྗོད། མི་མང་པོ་མཉམ་དུ་རུག་རུག་ཆགས་པའི་འཚང་ཁ་ཞིག་ལ་སྤྱི་ཚོགས་ཞེས་མི་བརྗོད། དཔེར་ན། ཝཱ་རཱ་ཎ་སཱིའི་གཽ་དོ་ལི་ཡཱའི་བཞི་མདོར་ཕྱི་དྲོ་འཚང་ཁ་ཤིག་ཤིག་ཡོད་པ་དེ་འཚང་ཁ་རེད་མ་གཏོགས། དེ་ནི་སྤྱི་ཚོགས་མིན། སྤྱི་ཚོགས་ནི་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་པའི་སྡེ་ཚན་ཞིག་ལ་གོ་དགོས། དེ་ནི་སྤྱི་ཚོགས་ཚན་རིག་གི་འགྲོ་སྟངས་ཤེས་མཁན་ཚོས་ཤེས་ཀྱི་རེད། ཝཱ་རཱ་ཎ་སཱི་སློབ་ཟུར་ལ་མཚོན་ནའང་། འདིའི་ནང་བོད་རིགས་དང་རྒྱ་གར་བ། དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་སློབ་ཕྲུག་ཡོད་པ་ཚང་མར་སོ་སོའི་སྤྱི་ཚོགས་ཤིག་ཡོད་སྟབས། སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་དེ་ལ་ཕན་ཐོགས་པ་ཞིག་དང་། སྤྱི་ཚོགས་དེ་དང་དེའི་བསམ་བློའི་མགོ་འཁྲིད་བྱས་ཐུབ་པ་ཞིག་དགོས། དེ་ཡང་མིའི་སྤྱི་ཚོགས་ནང་བླང་བར་འོས་པ་དང་དོར་བར་འོས་པ་གང་ཡིན་བླང་དོར་གྱི་གནས་ལེགས་པར་ཤེས་ཐུབ་པ་བཟོ་རྒྱུའམ། ཡང་ན་དེ་ལྟ་བུའི་བསམ་བློའི་རྣམ་དཔྱོད་སྤྲད་ཐུབ་པ་ལ་བསམ་བློའི་མགོ་འཁྲིད་ཟེར། སྤྱིར་བཏང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་དང་། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་འདིའང་སོ་སོའི་སྤྱི་ཚོགས་ཀྱིས་བརྒྱུད་ནས་བྱེད་རྒྱུ་ནི་བརྒྱུད་ལམ་ཡག་ཤོས་དེ་རེད། བདག་ཉིད་ཆེན་པོ་གཱནྡྷཱིས་ངའི་རྨི་ལམ་གྱི་རྒྱ་གར་ (མེརེ་སཔནོཾ་ཀཱ་བྷཱརཏ་) ཞེས་པའི་ཕྱག་དེབ་ཀྱི་ནང་དུ། ངས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གཅིག་གྱུར་གྱི་འདུ་ཤེས་ཡོད་ཅིང་། ངས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པའང་ཤེས་ཀྱི་ཡོད། འོན་ཀྱང་ངས་རྒྱ་གར་དང་རྒྱ་གར་གྱི་མིའི་དོན་དུ་དམིགས་བཀར་ལས་ཀ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ངས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་ལམ་ནི་སོ་སོའི་སྐད་དང་རིག་གཞུང་གཅིག་པ་ཡིན་པ་དང་། སྟབས་བདེ་བོའི་ངང་བསྙབས་ཐུབ་པ་རྣམས་ཀྱི་བརྒྱུད་ནས་ཞུས་ན་ནུས་པ་སྨིན་པ་དང་ཕན་ཐོགས་ཆེ་བ་ཡོད། ཡིན་ནའང་དེ་ནི་བརྒྱུད་ལམ་ཙམ་ལས་ངའི་མཐར་ཐུག་གི་དམིགས་ཡུལ་དང་འབབ་ཡུལ་དེ་མིན་ཞེས་གསུངས་པ་ནི་དངོས་ཡོད་གནས་སྟངས་རེད། བསམ་བློའི་རྒྱབ་ལྗོངས་སུ་ཇི་ཡོད་ལ་མ་ལྟོས་པར་ནུབ་ཕྱོགས་པའི་སྐད་ཀྱི་གཏམ་དཔེའི་ནང་དུ་ Think globally, act locally ཞེས་ཡོད་པ་ལྟར། བསམ་བློ་ནི་གོ་ལ་སྤྱིའམ་གོ་ལ་ཆ་ཚང་གི་དོན་དུ་གཏོང་དགོས་པ་དང་། ལག་ལེན་ནི་ས་གནས་སོ་སོ་ནས་བསྟར་དགོས་པ་བཤད་ཀྱི་ཡོད། དེར་བརྟེན་རང་དང་མི་རིགས། སྐད་ཡིག དཔལ་འབྱོར་སོགས་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་བརྒྱུད་ནས་སེམས་ཅན་སྤྱི་ཡོངས་ལ་དམིགས་པའི་བྱ་བ་སྒྲུབ་ན་ལས་སླ་བ་ཡིན།
བསམ་བློའི་མགོ་འཁྲིད་ཅིག་བྱེད་པར་མེད་དུ་མི་རུང་བའི་མཐུན་རྐྱེན་འགའ་ཞིག་ཚང་དགོས་ཤིང་། དེའི་ནང་ནས་གལ་ཆེ་ཤོས་ནི་བློ་གཟུ་བོར་གནས་པ་དང་རིགས་པས་དཔྱད་པ་བྱེད་ཤེས་པ་གཉིས་དགོས། དེ་ཡང་སོ་སོའི་གྲོགས་པོ་དགའ་ཉེ་དང་སོ་སོས་དེ་འདྲ་བསམ་གྱི་ཡོད་པ་རྒྱུ་མཚན་དུ་མ་བཀོད་པར་རིགས་པས་དཔྱད་པ་ན་ཕྱོགས་རིས་ཕྱོགས་ལྷུང་མེད་པར་བླང་དོར་གྱི་གནས་གཏན་ལ་ཕབ་ཐུབ་པ་དགོས། ཕྱོགས་སུ་མ་ལྷུང་བ་ཞེ་ན། ཐོག་མ་ཉིད་ནས་སོ་སོའི་བློས་བཏགས་པའི་བླང་བྱ་དང་དོར་བྱ་དེ་ལ་ཆ་མ་བཞག་པར། ཇི་སྐད་དུ། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་གསུངས་པ་ལྟར་རིགས་པ་ཡང་དག་གིས་བརྟག་དཔྱད་བྱས་ནས་འགྲོ་དགོས། ཐོག་མ་ནས་བློ་ཕྱོགས་སུ་ལྷུང་བ་ཡིན་ན། རང་ཕྱོགས་ཀྱིས་བཤད་པ་དེ་བདེན་པ་ཡིན་དགོས་པ་དང་། གཞན་ཕྱོགས་སམ་འགལ་ཟླའི་ཕྱོགས་ནས་བཤད་པ་དེ་བདེན་པ་མིན་དགོས་སྙམ་པའི་ཕྱོགས་འཛིན་གྱི་བློ་ཞིག་ཡོད་ཕྱིན་བློ་དེ་གཟུ་བོར་མི་གནས་པ་ཡིན། སློབ་མ་ཡག་པོ་ཞིག་ཆགས་པ་ལའང་གཟུ་བོར་གནས་པ་དང་བློ་གྲོས་དང་ལྡན་པ་གཉིས་ཐོག་མར་གལ་ཆེ་ཚུལ་གསུངས་ཤིང་། གཟུར་གནས་བློ་ལྡན་དོན་གཉེར་བ།། ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་པ་ལྟ་བུ་ཡིན། བློ་ཕྱོགས་སུ་ལྷུང་བའམ་གཟུ་བོར་གནས་པ་མིན་ན་བླ་མའི་གསུང་ལའང་རང་གི་ལྟ་ཕྱོགས་དང་མཐུན་ན་ཁས་བླང་བ་དང་། མི་མཐུན་ན་ཁས་མ་བླང་བ་ཆགས་ཀྱི་ཡོད་སྟབས་གཟུ་བོར་གནས་པ་གལ་ཆེ། བློ་གཟུ་བོར་གནས་པ་ཡིན་ནའང་བླ་མས་གང་གསུངས་པ་དེ་ཆོས་དང་མཐུན་མ་མཐུན། རིགས་པས་དཔྱད་བཟོད་མི་བཟོད་སོགས་ལྟ་བའི་བློ་གྲོས་དང་ལྡན་པ་དགོས། མཐའ་མར་སློབ་མ་ཡིན་པས་དོན་གཉེར་ཅན་ཞིག་དགོས། དེ་ནི་རང་ཉིད་སློབ་སྦྱོང་བྱེད་པའི་སྐབས་སུ་དགོས་པ་བཞིན་གཞན་གྱི་བསམ་བློའི་མགོ་འཁྲིད་བྱེད་པའི་སྐབས་སུའང་བློ་གཟུ་བོར་གནས་པ་དང་། རིགས་པས་དཔྱད་པ་བྱེད་པའི་བློ་གྲོས་དང་ལྡན་པ། བྱ་བ་གང་ཡིན་ནའང་དོན་གཉེར་གྱི་བརྩོན་འགྲུས་ཡོད་པ་གསུམ་པོ་མ་ཚང་བ་ཡིན་ན་བསམ་བློའི་རྗེས་འཇུག་དང་མགོ་འཁྲིད་གཉིས་ཀ་བྱེད་མི་ཐུབ། བླ་མ་ཞིག་གི་རྗེས་སུ་ཞུགས་ནས་བསམ་བློའི་རྗེས་འཇུག་བྱེད་དགོས་པའམ། ཡང་ན་རང་ཉིད་བླ་མ་ཐོན་ནས་གཞན་གྱི་བསམ་བློའི་མགོ་འཁྲིད་བྱེད་དགོས་པ་གཉིས་ཀར་གོང་ཞུས་ཁྱད་ཆོས་གསུམ་པོ་ངེས་པར་ཚང་དགོས།
ལྷག་པར་དུའང་སྤྱི་ཚོགས་ཤིག་གི་བསམ་བློའི་མགོ་འཁྲིད་བྱེད་པར་སྤྱི་ཚོགས་དེའི་འདས་པའི་གནས་ཚུལ་དང་། ད་ལྟ་བའི་གནས་སྟངས། མ་འོངས་པའི་མདུན་ལམ་མམ་འགྲོ་ཕྱོགས་གང་ཡིན་གསུམ་པོ་ཤེས་རྒྱུ་གལ་ཆེ། སངས་རྒྱས་ལ་དུས་གསུམ་མཁྱེན་པ་ཞེས་དང་། དེ་བཞིན་འདས་པའི་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ལའང་དུས་གསུམ་མཁྱེན་པ་ཞེས་པའི་མཚན་བརྗོད་སྲོལ་ཡོད། དུས་གསུམ་མཁྱེན་ནས་ཁྱད་པར་གང་ཡོད་ཅེ་ན། དུས་གསུམ་མཁྱེན་པའི་དབང་གིས་གདུལ་བྱར་མ་ནོར་བའི་ལམ་བསྟན་ཐུབ་པ་ཡིན། འདས་པའི་གནས་ཚུལ་གྱིས་ང་ཚོའི་བསམ་བློའི་བག་ཆགས་རྣམས་བསྐྲུན་ཡོད་ཅིང་། ང་ཚོའི་ལུས་ངག་ཡིད་གསུམ་གྱི་གནས་བབ་དེ་གང་ནས་བྱུང་ཞེ་ན། འདས་པའི་གནས་སྟངས་ཤིག་གིས་ཤུགས་རྐྱེན་ཐེབས་ནས་དེའི་བག་ཆགས་དབང་གིས་བྱུང་། ད་ལྟའི་གནས་བབ་མ་མཁྱེན་པ་ཡིན་ན་བཟོ་བཅོས་དང་ཁ་སྣོན་ཇི་དགོས་ཤེས་དཀའ་བ་རེད། ད་ལྟ་གཟབ་གཟབ་བྱས་ན་མ་འོངས་པར་གང་གི་ཕྱོགས་སུ་འགྲོ་བའི་རེ་བ་ཡོད་པ་དང་། གཟབ་གཟབ་མ་བྱས་ན་གང་གི་ཕྱོགས་སུ་ལྷུང་བའི་ཉེན་ཁ་ཡོད་པ་བཅས་ཚོད་དཔག་བྱེད་ཐུབ་པ་དགོས་རྒྱུའང་གལ་ཆེན་པོ་རེད། དེ་ལྟར་མ་བྱུང་ན་གང་ཟག་སྒེར་གྱི་མི་ཚེའི་མདུན་ལམ་དང་སྤྱི་ཚོགས་ཀྱི་མདུན་ལམ་གཉིས་ཀ་ལ་རང་གིས་བསམ་བློ་ཡག་པོ་ཞིག་བཏང་མི་ཐུབ་པ་མ་ཟད། གཞན་ལ་བསམ་བློའི་མགོ་འཁྲིད་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།
ང་ཚོ་འདིར་གཙོ་ཆེ་བ་བོད་རིགས་རེད། བོད་རིགས་ཞེས་པ་སྒྲ་ཁྱབ་ཆེ་ཆུང་གི་གོ་སྟངས་མི་འདྲ་བ་གཉིས་རེད། དཔེར་ན་ལེགས་སྦྱར་གྱི་སྐད་དུ་ རཱཥྚྲ། ཀུལ། གོཏྲ། ཇཱཏི་ཞེས་པའི་ཚིག་རྣམས་དང་། ཨིན་སྐད་དུ་ Nation, Ethnicity, Race སོགས་ལ་བོད་སྐད་དུ་རིགས་ཞེས་པའི་ཚིག་བེད་སྤྱོད་གཏོང་བ་རེད། རིགས་ཞེས་པའི་ཚིག་ཡོང་བའི་སྐབས་སུ་ལེགས་སྦྱར་དང་ནུབ་ཕྱོགས་པའི་སྐད་ཀྱི་ཐོག་ལ་བལྟ་རྒྱུ་གལ་ཆེན་པོ་རེད། དེ་ཡང་རཱཥྚྲ་དང་ Nation ལྟ་བུ་ཡིན་ན། བོད་སྐད་རྒྱག་ཚད་བོད་རིགས་ལ་བརྩི་རྒྱུ་མེད། རྒྱ་གར་གྱི་ཡུལ་མི་ཡིན་པ་དང་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་སྐད་རང་གི་ཕ་སྐད་དུ་བེད་སྤྱོད་གཏོང་མཁན་དང་། དེ་བཞིན་ཆོས་ཀྱི་ཆེད་དུ་བེད་སྦྱོད་གཏོང་མཁན་བཅས་གཉིས་ཡོད། དེར་བརྟེན་ངས་ནམ་རྒྱུན་བོད་རིགས་ཞེས་པའི་ཚིག་བེད་སྤྱོད་གང་དུ་གཏོང་གི་ཡོད་ཅེ་ན། གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་རང་གི་ཕ་སྐད་ཡིན་མཁན་རྣམས་ལ་བོད་རིགས་དང་། དེ་དག་གི་སྐད་ལ་བོད་སྐད་ཅེས་བརྗོད། རྒྱལ་ཁབ་ཀྱི་ཆ་ནས་ད་ལྟའི་ཆར་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བེད་སྤྱོད་གཏོང་མཁན་བོད་པ་ས་ཡ་དྲུག་མ་གཏོགས་མེད་རུང་། ད་ལྟའི་བོད་ཆོལ་ཁ་གསུམ་གྱི་ས་མཚམས་ཀྱི་ཕྱི་ལ་རྒྱ་གར་གྱི་ཧི་མཱ་ལ་ཡ་རི་བརྒྱུད་དང་། པཱ་ཀི་སྟཱན་ནས་འབྲུག་མ་ཡན་མར་བར་དང་། དབུས་ཨེ་ཤི་ཡ་བཅས་སུ་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་བརྡ་སྤྲོད་བེད་སྤྱོད་གཏོང་མཁན་ས་ཡ་བརྒྱད་ཡན་མན་ཚོད་དཔག་བྱེད་ཀྱི་ཡོད། ཆོས་སྐད་ཀྱི་ཚུལ་དུ་བེད་སྤྱོད་གཏོང་མཁན་ནི་ར་ཤི་ཡ་དང་སོག་པོ་དང་རྒྱ་ནག་གི་མན་ཇུ་སོགས་མི་རིགས་མང་པོ་ཞིག་ཆོས་ལ་སློབ་སྦྱོང་བྱེད་པའི་སྐབས་སུ་བོད་སྐད་བེད་སྤྱོད་བྱེད་ཅིང་། སྤྱིར་ལྕང་སྐྱའི་སྐབས་སུ་མན་ཇུ་དང་སོག་སྐད་དུ་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནས་བསྒྱུར་ཡོད་ཀྱང་སློབ་སྦྱོང་ཤུགས་ཆེ་བ་སྔ་མོའི་སྲོན་རྒྱུན་ལྟར་བོད་སྐད་རང་གི་ཐོག་ལ་བྱེད་པར་བརྟེན། ཆོས་སྐད་ཀྱི་ཚུལ་དུ་བེད་སྤྱོད་གཏོང་མཁན་ཁྱབ་ཆེན་པོ་རེད།
དེ་དག་ལས་ང་ཚོས་ཤེས་དགོས་པ་ནི་སྤྱིར་བོད་སྐད་རྒྱག་མཁན་ཚང་མ་དང་། ལྷག་པར་དུའང་ཆོལ་གསུམ་བོད་ཀྱི་རྒྱལ་ཁབ་ཏུ་གཏོགས་པའི་གང་ཟག་དེ་ཚོས་སོ་སོའི་འདས་པའི་གནས་སྟངས་གསལ་པོ་ཤེས་རྒྱུ་གལ་ཆེན་པོ་རེད། ང་ཚོ་རྒྱ་གར་ལ་ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་ལོ་ཤས་རིང་བོད་པ་ཡིན་ཞེས་བརྗོད་རྒྱུར་ངོ་ཚ་བྱས་ཏེ་ཉི་ཧོང་པ་ཡིན་ཟེར་མཁན་མང་དག་བྱུང་བ་རེད། ཡིན་ནའང་ང་ཚོའི་མི་རིགས་འདི་ཞུམ་དགོས་པ་དང་སྦས་དགོས་པའི་གནས་སྟངས་ཤིག་མེད། དེ་ཡང་རྒྱ་ཆེན་པོ་བཤད་དགོས་པ་མི་འདུག སྟོན་པ་ཤཱཀྱ་ཐུབ་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་འདི་ད་ལྟ་བོད་ཅེས་པའི་ལུང་པའི་ནང་ཡོད་པ་དང་། དེའི་གཞུང་ལུགས་རྒྱ་ཆེ་བ་ཕལ་ཆེར་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་དུ་ཡོད། ད་ལྟ་ས་ཡི་གོ་ལ་འདིའི་སྟེང་དུ་གཞུང་དང་མི་མང་ས་ཁྱོན་ལྡན་པའི་རྒྱལ་ཁབ་ཀྱི་ཐ་སྙད་ཡོད་པ་སུམ་བརྒྱ་མ་ཟིན་ཙམ་ཡོད་པ་དེ་དག་གི་ནང་མི་འབོར་ས་ཡ་དྲུག་ལས་ཉུང་བ་ཡོད་པ་དཀོན་པོ་རེད། དེས་ན་བོད་མི་ས་ཡ་དྲུག་ཅེས་མི་འབོར་གྱི་ཆ་ནས་ཉུང་བའི་གྲས་དང་། བྱུང་རབས་ཀྱི་དུས་ཡུན་གྱི་ཆ་ནས་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཕྲ་ཚུགས་རྒྱུ་དེ་ཕྱི་ལོ་བརྒྱ་ཕྲུག་བདུན་པ་བརྒྱད་པ་ནས་ཡིན་ཙང་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་ཙམ་མ་གཏོགས་ཕྱིན་མེད། དེ་ལྟ་བུའི་མི་ཉུང་ཉུང་དང་དུས་ཡུན་ཐུང་ཐུང་ནང་བཀའ་འགྱུར་བསྟན་འགྱུར་བསྒྱུར་ཐུབ་པ་དང་། དེ་ལས་ཀྱང་ལྷག་པའི་གཞུང་ལུགས་བརྩམས་པ་འཇིག་རྟེན་གྱི་ཁྱོན་ལ་བཙལ་ན་བོད་པ་གཅིག་པུ་ལས་མེད།
རྒྱ་ནག་ནི་མི་འབོར་ཆེན་པོ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་མ་དར་བའི་ཆེས་སྔོན་ནས་རྒྱ་ནག་ཏུ་དར་ཟིན་པ་རེད། ཡིན་ནའང་རྒྱ་ནག་གི་བཀའ་འགྱུར་བསྟན་འགྱུར་དང་བོད་པའི་བཀའ་འགྱུར་བསྟན་འགྱུར་གཉིས་བསྡུར་ན་གྲངས་འབོར་དང་སྤུས་ཀ་གཉིས་ཀའི་ཆ་ནས་ཧ་ཅང་ཁྱད་པར་ཡོད་རེད། རྒྱ་ནག་གི་སྐད་ནས་རྒྱ་གར་གྱི་སྐད་དུ་བསྒྱུར་ན་མ་གཏོགས་བསྐྱར་གསོ་བྱེད་མི་ཐུབ་ཀྱང་། བོད་སྐད་ནས་ལེགས་སྦྱར་གྱི་སྐད་ལ་ཇི་མ་ཇི་བཞིན་བསྐྱར་གསོ་བྱེད་ཐུབ།
ལར་ནས་དེང་རབས་ཀྱི་ཚན་རིག་པ་ཚོས་ཀམ་པུ་ཊར་གྱི་ཆེད་དུ་བེད་སྦྱོད་གཏང་རྒྱུའི་སྐད་ཡིག་ཡག་ཤོས་དེ་ལེགས་སྦྱར་གྱི་སྐད་རེད་ཅེས་བརྗོད་ཀྱི་ཡོད། ལེགས་སྦྱར་གྱི་སྐད་དང་དཔུང་པ་བསྡུར་ནས་འགྲོ་ཐུབ་མཁན་བོད་སྐད་མ་གཏོགས་མེད། ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ཉེ་འགྱུར་ཉི་ཤུ་རྩ་གཉིས་ཡོངས་སུ་རྫོགས་པ་ཚང་བ་བོད་སྐད་ལྟ་བུ་ལས། རྒྱ་གར་རང་གི་སྐད་གཞན་གྱི་ནང་དུའང་དཀོན་པོ་རེད། དེས་ན་ལེགས་སྦྱར་དང་པཱལི་སྐད་ལ་བཞུགས་པའི་གསུང་རབ་རྣམས་ཇི་མ་ཇི་བཞིན་བསྒྱུར་ཐུབ་སའི་སྐད་ཡིག་ནི་བོད་སྐད་རྐྱང་པ་ལྟ་བུ་རེད། དེ་ལྟ་བུའི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱའི་ནང་དུ་ས་ཡ་དྲུག་ལས་མེད་པའི་མི་འབོར་ཞིག་གིས་གཞུང་ལུགས་ཆེན་པོ་དེ་ལྟར་འགྱུར་བ་དང་བརྩམས་ཐུབ་པ་བྱུང་བ་ནི་བློར་མི་ཤོང་བ་ཞིག་རེད། ཕལ་ཆེར་བརྩམས་པའི་ཡིག་ཆ་ལ་མཚོན་ནའང་བོད་པ་ནང་བཞིན་གྱི་རྩོམ་ཡིག་མང་པོ་ཡོད་པ་ཧ་ལམ་དཀོན་པོ་རེད། བཀའ་འགྱུར་དང་བསྟན་འགྱུར་གྱི་པོ་ཏི་སུམ་བརྒྱ་ལྷག་ཙམ་གསེར་དངུལ་ཐོག་ལག་པས་བྲིས་ནས་ཇི་ཙམ་བསྐྲུན་པ་ཚོད་དཔག་མི་ཐུབ། ད་ལྟ་ང་ཚོས་ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པ་ལྟ་བུ་པོ་ཏི་ཆུང་ཆུང་ཞིག་ལག་པས་འབྲི་དགོས་བྱུང་ན་ཀམ་པུ་ཊར་མེད་ན་འབྲི་མཁན་རག་དཀའ། བོད་ཆོལ་ཁ་གསུམ་གྱི་ཁྱོན་དང་། བོད་བརྒྱུད་ནང་བསྟན་དར་ས་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ནང་ལའང་འབུམ་པོ་ཏི་བཅུ་དྲུག་དང་། བརྒྱད་སྟོང་གཟུངས་བསྡུས་སོགས་བྲིས་མ་མེད་པ་ཧ་ལམ་མེད། དེ་འདྲའི་སྙིང་སྟོབས་དང་བརྩོན་འགྲུས་ཅན་གྱི་མི་རིགས་གཅིག་གི་རྗེས་འཇུག་ཡིན་པ་ང་ཚོས་གསལ་པོར་ཤེས་དགོས་པ་གལ་ཆེ།
ང་ཚོའི་མི་རབས་སྔ་མ་ཚོས་ནོར་འཁྲུལ་དང་ཞན་ཆ་གཅིག་ཀྱང་བྱུང་མེད་དམ་ཞེ་ན། ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཆ་ནས་ནོར་འཁྲུལ་ཆེན་པོ་ཕྱིན་པ་ཡོད་རེད། འོན་ཀྱང་མི་རབས་གོང་མ་ཚོས་བཞག་པའི་ལག་རྗེས་ལ་ཆ་བཞག་ན་ནོར་འཁྲུལ་ཕྱིན་པ་རྣམས་ཧ་ཅང་ཆུང་ཆུང་རེད། དེ་ལྟ་བུའི་བསམ་བརྗོད་ལས་འདས་པའི་ལག་རྗེས་ཆེན་པོ་བཞག་པ་རྣམས་ཀྱི་བྱུང་རབས་ང་ཚོའི་བློ་ལ་ཡོད་ཀྱང་དེ་ནི་ཧ་ལས་པའི་གལ་ཆེན་པོ་ཡིན་པའི་ཚོར་སྣང་མེད། ངས་ནི་དུས་རབས་བདུན་པ་བརྒྱད་པའི་ནང་ཕེབས་པའི་བོད་ཀྱི་ཆོས་རྒྱལ་དང་སྐབས་དེའི་ལོ་ཙྭ་བ་རྣམས་ཀྱིས་ཧ་ཅང་གྱོང་པོ་གནང་བ་ཞིག་དྲན་གྱི་ཡོད། སངས་རྒྱས་ཀྱི་བསྟན་པ་བོད་ཀྱི་སྔོན་ལ་ལྷོ་ཤར་ཨེ་ཤི་ཡ་དང་རྒྱ་ནག་སོགས་སུ་དར་ཟིན་པ་རེད། འཕགས་པ་གནས་བརྟན་སྡེ་པ་ལྟ་བུ་ལ་མཚོན་ན་ཤྲཱི་ལངྐཱ་དང་། མ་ཡན་མཱར། ཐཱཡི་ལེནྜ། ཀམ་བྷོ་ཌི་ཡ་དང་དེའི་གཡས་གཡོན་གྱི་ལུང་པ་ཚོའི་ནང་དུ་དར་ཟིན་པ་རེད། དེ་དག་ཏུ་བསྟན་པ་སྤེལ་བའི་སྐབས་སུ་ཁོང་ཚོར་སྐད་ཡིག་ཡོད་ཀྱང་མཁན་པོ་དང་གནས་བརྟན་ཚོས་ནོར་འཁྲུལ་ཡོང་ཉེན་གྱིས་པཱ་ལིའི་གཞུང་ལུགས་རྣམས་ཡུལ་ལུང་སོ་སོའི་སྐད་ཀྱི་ནང་བསྒྱུར་བཅུག་མེད། དེའེི་མཇུག་འབྲས་སུ་ད་ལྟའི་གནས་སྐབས་ལ་དགེ་སློང་དང་དགེ་ཚུལ་ཚང་མས་པཱ་ལིའི་སྐད་ཤེས་ཀྱི་མེད་སྟབས། ལས་ཀྱི་ཆོ་ག་རྣམས་པཱ་ལིའི་སྐད་ཀྱི་ནང་དུ་སྐྱོར་བའི་སྐབས་སུ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བརྗོད་ཀྱང་དགེ་འདུན་བཙུན་པ་ཐམས་ཅད་ཀྱིས་པཱ་ལི་སྐད་མཁྱེན་གྱི་མེད་ཙང་གསན་ཐུབ་ཀྱི་མེད།
བོད་ཀྱི་ཆོས་རྒྱལ་གོང་མ་ཚོ་དང་། ལྷག་པར་དུའང་མཁན་ཆེན་བཀའ་དྲིན་ཅན་གྱི་ཐུགས་རྗེ་ལ་བརྟེན་ནས་འདུལ་བའི་ལས་ཆོག་རྣམས་ཀྱང་བོད་སྐད་དུ་བསྒྱུར་ཐུབ་པ་བྱུང་། སྐབས་དེར་རྒྱ་གར་གྱི་མཁས་པ་ཚོས་དེ་ཏག་ཏག་བསྡད་མིན་མཁན་ཆེན་ལ་ཞུ་མཁན་བྱུང་ཡོད་ཚོད་ཀྱང་། མཁན་ཆེན་གྱིས་བོད་སྐད་དུ་བསྒྱུར་རྒྱུ་གནང་བ་ནི་རླབས་ཆེན་གྱི་བློ་གྲོས་ལྡན་པའི་ཐག་གཅོད་ཆེན་པོ་ཞིག་ཡིན་པ་ང་ཚོས་ད་ལྟ་མཐོང་ཐུབ། དེར་བརྟེན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་སྔོན་གྱི་བོད་མིའི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་གྲུབ་དོན་དང་གཟི་བརྗིད། འདས་པའི་མི་རབས་ཚོས་ལག་རྗེས་ཆེན་པོ་ཇི་ཙམ་བཞག་ཡོད་པ་ང་ཚོས་ངེས་པར་དུ་ཤེས་དགོས།
བོད་མི་སྐྱབས་བཅོལ་བ་ལྟ་བུ་ལ་མཚོན་ན། རྒྱ་མིས་བོད་ས་ཡོངས་རྫོགས་བཙན་བཟུང་གིས་ལྔ་བཅུ་ང་དགུའི་ནང་ང་ཚོ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བའི་དུས་འགྱུར་ཆེན་པོ་དེ་ནི་བོད་ཀྱི་བྱུང་རབས་ཀྱི་ནང་གནས་ཚུལ་སྡུག་ཤོས་ཤིག་རེད། འོན་ཀྱང་འདས་པའི་ལོ་དྲུག་ཅུ་རེ་གཉིས་ཀྱི་ནང་ང་ཚོ་སྐྱབས་བཅོལ་བའི་ངོ་བོར་གྲུབ་འབྲས་ཇི་ཙམ་ཐོན་ཡོད་པ་འདིའང་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འཇིག་རྟེན་ཁྱོན་ཡོངས་ལ་སྐྱབས་བཅོལ་བ་སྔོན་མ་ནས་ཡོད་ལ། ད་ལྟའང་ལོ་ལྟར་སྐྱབས་བཅོལ་བ་མང་པོ་ཡོད་པའི་གྲངས་ཐོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདོན་བཞིན་པ་རེད། དེ་དག་ལ་བལྟ་དུས་ང་ཚོ་བོད་པ་ཆིག་འབུམ་ལྔ་ཁྲི་ཡས་མས་ནི་སྐྱབས་བཅོལ་བ་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་འདས་པའི་ལོ་དྲུག་ཅུ་རེ་གཉིས་ཀྱི་ནང་དུ་རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ང་ཚོ་སྐྱབས་བཅོལ་བསྡད་སའི་ཡུལ་ལུང་ཚོའི་ནང་དུ་ཤེས་ཡོན་དང་ཆོས་ཕྱོགས་ཐོག་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། བོད་ཀྱི་ཆོས་སྡེ་ཆེན་པོའམ་གདན་ས་ཆེན་པོ་མང་ཆེ་བ་ཧ་ལམ་བོད་ལ་ཡོད་པ་ལྟ་བུ་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་གསར་བསྐྲུན་ཐུབ་ཅིང་། ད་ལྟའི་རྒྱུད་སྟོད་ཀྱི་གདན་ས་འདི་ལྟ་བུ་ལ་མཚོན་ནའང་བོད་ཀྱི་ར་མོ་ཆེ་ལས་རྫིག་པ་ཡོད།
བོད་ཕྲུག་ཡོངས་རྫོགས་ལ་གནའ་དེང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཐུབ་པ་དང་། སྐྱབས་བཅོལ་བ་ཡོངས་རྫོགས་སོ་སོའི་འདུན་ལམ་བསྐྲུན་ཐུབ་པ། སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་རྣམ་པ་ཅན་དུ་བསྒྱུར་ནས་ཕྲ་ཚུགས་པ་བྱུང་བར་གཞིགས་ན། སྐྱབས་བཅོལ་བ་གཞན་སུས་ཀྱང་མ་ཐུབ་པ་དང་མ་བྱས་པ་ཞིག་ང་ཚོས་ཐུབ་པ་དེ་མཐོང་དགོས། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་རྐྱང་གི་དབུ་ཁྲིད་དང་གཟི་བྱིན་གྱི་ནུས་པ་ལ་བརྟེན་ནས་བྱུང་བ་ཡིན་པ་འདིའང་ང་ཚོས་ཤེས་དགོས་ཀྱི་འདུག དེར་བརྟེན་ང་ཚོའི་གནས་ཚུལ་མང་པོར་ཧོབ་སྟེ་བལྟས་ན་འབུར་དུ་ཐོན་ནས་མཐོང་རྒྱུ་དཀོན་རུང་། ཞིབ་ཚགས་པོས་བསམ་བློ་བཏང་ན་ངོ་མཚར་དང་ཡ་མཚན་སྐྱེད་དགོས་པ་ཞིག་ཡོད། ཆ་ཚང་ཟིན་དུས་འདི་འདྲ་ཚར་འདུག་བསམ་པ་ལས། ཇི་ལྟར་ཐུབ་པའང་ང་ཚོས་ཀྱང་གོ་བརྡ་འཕྲོད་ཁག་པོ་ཞིག་ཆགས་ཡོད། དཔེར་ན། དགོན་པ་གྲྭ་ཚང་ལྟ་བུ་ལ་ཆ་བཞག་ན། ལོ་གསུམ་རེ་རྗེས་ཕྱག་མཛོད་བརྗེ་པོ་ཐེབས་པ་ཡིན་ནའང་འཛུགས་སྐྲུན་དང་བྱ་བ་ལས་ཀྱི་རིམ་པ་རྣམས་ཏག་ཏག་འགྲོ་བ་འདིས་མངོན་པར་མི་གསལ་བའི་ནུས་པ་ཞིག་གི་ཐོག་ནས་འགྲོ་བཞིན་པ་འདི་ཞིབ་ཚགས་པོས་བལྟས་ན་ཤེས་ཐུབ། དེ་ལྟ་བུའི་ངང་ནས་ང་ཚོ་བློ་ཚིམས་ནས་བསྡད་ན་འདས་པ་དང་ད་ལྟའི་གནས་སྟངས་ཡག་པོ་ཡོད་ནའང་མ་འོངས་པའི་གནས་སྟངས་ཡག་པོ་ཡོང་རྒྱུ་གཏན་འཁེལ་མིན་ནི་བརྗོད་དཀའ་བ་ཞིག་རེད། དེས་ན་བོད་ཀྱི་འདས་པའི་བྱུང་རབས་དང་། སྐྱབས་བཅོལ་བའི་འདས་པའི་བྱུང་རབས་གཉིས་ལ་བློ་གཟུ་བོར་གནས་པ་ཞིག་གིས་བསྐྱར་ཞིབ་བྱེད་ན་ང་ཚོ་ཞུམ་དགོས་པ་དང་ངོ་ཚ་དགོས་པ་གང་ཡང་མེད། དེ་དག་གི་སྐབས་སུ་ང་ཚོས་ངོ་ཚ་དགོས་པའི་ལས་ཀ་གཅིག་ཀྱང་བྱས་མེད་དམ་ཞེ་ན། དེ་ནི་མིན་ཏེ། ངོ་ཚ་དགོས་པའི་ལས་ཀ་མང་པོ་སྔར་ཡང་བྱས་ཡོད་ལ་ད་ལྟའང་བྱེད་བཞིན་པ་རེད། འོན་ཀྱང་དེ་དང་ཆབས་ཅིག་ཏུ་ངོ་ཚ་མི་དགོས་པར་སྤོབས་པ་བྱེད་འོས་པའི་བྱ་བ་གང་དང་གང་བསྒྲུབས་པ་དང་། ཇི་ལྟར་བསྒྲུབས་པའི་གནས་ཚུལ་རྣམས་ཀྱང་ང་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད།
ལྷག་པར་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་བབ་ཡང་དག་པའི་མང་གཙོའི་ལམ་ལ་ཇི་ལྟར་ཕྱིན་པ་དང་། ང་ཚོའི་མང་གཙོའི་སྒྲོམ་གཞི་ཇི་འདྲ་ཡོད་པ་བཅས་ཀྱི་ཐོག་ལ་ཆབ་སྲིད་ཀྱི་ཚན་རིག་སློབ་སྦྱོང་བྱེད་མཁན་ཞིག་གིས་ཉམས་ཞིབ་བྱེད་ན། སྒྲོམ་གཞིའི་ཆ་ནས་དེང་རབས་ཀྱི་མང་གཙོ་རྩེ་ཕུད་ཡོད་པའི་རང་དབང་ཡོད་པའི་ལུང་པ་དེ་ཚོ་ལས་ཀྱང་ང་ཚོའི་སྒྲོམ་གཞི་ཡག་པ་ཡོད་ཅེས་བརྗོད་མི་ནུས་པ་གང་ཡང་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོས་སྲིད་རྒྱལ་སྲིད་ཀྱི་སྐུ་དབང་བཞེས་པ་ནས་ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་བ་སོགས་སྐུ་གཞོན་ནུའི་དུས་ནས་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་དེང་རབས་ཀྱི་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་གཞི་ཡོད་མུས་ཀྱང་རྒྱ་མིའི་དབང་བསྒྱུར་འོག་ནས་གང་ཡང་མ་བྱུང་བ་རེད། ང་ཚོ་རྒྱ་གར་དུ་འབྱོར་ཏེ་ང་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་མང་གཙོའི་རིང་ལུགས་འདི་ལྟ་བུ་བེད་སྤྱོད་གཏང་རྒྱུའི་གནས་ཚད་མ་སྨིན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་མིའི་བསམ་བློའི་དབུ་ཁྲིད་མཛད་སྟངས་ཤིག་གི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་རིང་ལུགས་སུ་གློ་བུར་བཙན་ཐབས་སུ་བསྒྱུར་གནང་བ་ཞིག་རེད། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་གཟིགས་ན། དབང་ཚད་ཆ་བགོས་དང་ལྗིད་མཉམ་བཏང་འཛིན་གྱི་ལྟ་གྲུབ་ཡོངས་སུ་རྫོགས་པ་ཚང་བའི་ཐོག་ཏུ་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་བེད་སྤྱོད་བཏང་ནའང་འགལ་བ་མེད་པའི་ཐོག་ནས་འགྲོ་ཐུབ་པ་དང་། གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཧ་ཅང་ཡག་པོ་ཞིག་བཟོ་གནང་མཛད་ཡོད། ཁོ་བོས་ད་ལྟའང་གསལ་པོར་དྲན་པ་ཞིག་ལ། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་རྒྱག་པའི་སྐབས་སུ་རྒྱ་གར་ནང་གི་ཁྲིམས་དང་ཆབ་སྲིད་ཚན་རིག་གི་སློབ་དཔོན་ཆེན་པོ་རཱབ་དང་སློབ་དཔོན་ཆེན་པོ་དོ་ཁ་ལི་ཡ་སོགས་མཁས་པ་རྩེ་ཕུད་མང་པོ་དང་། དེ་བཞིན་ཨིན་ཡུལ་གྱི་མཁས་པ་མང་པོས་ཀྱང་མཉམ་རུབ་གནང་ཡོད། མཐའ་མར་གྲོས་ཚོགས་སུ་ཟིན་བྲིས་གཏན་འབེབས་མ་གནང་གོང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ནང་ཉིན་ལྔའི་རིང་སྔ་དྲོ་ཆུ་ཚོད་དགུ་པ་ནས་ཕྱི་དྲོ་ཆུ་ཚོད་ལྔ་པ་དང་དྲུག་པའི་བར་བསྟུད་མར་ཟིན་བྲིས་ཚོགས་ཆུང་དང་མཉམ་དུ་ཚིག་རེ་རེ་བཞིན་ནག་པོ་འབྲུ་བཤེར་གྱིས་གོ་བསྡུར་གནང་སྟེ་༧གོང་ས་མཆོག་གང་ཉིད་ཀྱིས་དམིགས་བསལ་དགོངས་བཞེད་ཀྱི་ཐོག་ནས་སྣོན་འཕྲི་སྤོར་གཅོག་གནང་བ་དང་། ལྷག་པར་ང་ཚོའི་བསམ་བློའི་ནང་ལག་ལེན་འཁེལ་དཀའ་བར་མཐོང་བའི་གནད་དོན་མང་པོ་གསར་འཇུག་གནང་སྟེ་གཏན་ལ་ཕབ་པ་ཞིག་རེད། བོད་པའི་གཏམ་དཔེར་བཀའ་ཤོག་གི་མི་འགྲིག་མི་ཤུགས་དགོས་ཞེས་གསུངས་པ་ལྟར་མིས་འདེང་བ་ཡིན་ན་བེད་སྤྱོད་གཏང་རྒྱུའི་ཤོག་བུའི་སྒྲོམ་གཞི་ཕུན་སུམ་ཚོགས་པ་ཡོད་མུས་རེད། དེ་ལྟ་བུའི་རྒྱལ་སྤྱིའི་ནང་སུས་བལྟས་ནའང་གནས་ཚད་མ་ལོངས་པའི་བསྙོན་འཛུགས་བྱེད་མི་ཐུབ་པའི་ཡིག་ཆ་མང་པོ་བསྐྲུན་ཐུབ་པ་བྱུང་ཡོད། དཔེར་ན་མ་འོངས་པའི་བོད་ཀྱི་འཆར་སྣང་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལྟ་བུར་མཚོན་ན། རྒྱལ་སྤྱིའི་སྡིངས་ཆ་གང་དུ་བསྟན་པ་ཡིན་ནའང་ཚང་མས་ཚད་འཛིན་བྱེད་འོས་པའི་ཡིག་ཆ་ཞིག་ཆགས་ཡོད། དེ་བཞིན་དུ་ང་ཚོའི་བཅའ་ཁྲིམས་ལྟ་བུར་མཚོན་ནའང་། ཆབ་སྲིད་ཚན་རིག་དང་ཁྲིམས་ཀྱི་གནད་དོན་ཤེས་མཁན་གྱི་རྒྱལ་སྤྱིའི་སྡིངས་ཆ་གང་དུ་ཕྱིན་ནའང་ཚད་ལྡན་གྱི་ཡིག་ཆ་ཞིག་མ་གཏོགས། དེའི་ནང་ཞན་ཆ་ཡོད་པ་སུས་ཀྱང་སྐྱོན་འདོན་བྱེད་ཐུབ་ཐབས་མེད་པའི་གདེང་ཚོད་དང་སྤོབས་པ་བྱེད་ཀྱི་ཡོད། འོན་ཀྱང་ཡིག་ཆ་དེ་དག་ང་ཚོས་བེད་སྤྱོད་གཏོང་བའི་སྐབས་སུ་དངོས་སུ་ཇི་ཙམ་བེད་སྤྱད་ཐུབ་ཀྱི་ཡོད་པ་དང་། ཇི་ཙམ་བག་མེད་ལོངས་སྤྱོད་ལ་འགྲོ་བའི་གནས་སྟངས་དེ་ཕྱོགས་སུ་མ་ལྷུང་བའི་བློ་གཟུ་བོར་གནས་པ་དང་བློ་གྲོས་དང་ལྡན་པ་ཞིག་ཡིན་ན་དབྱེ་འབྱེད་བྱེད་ཐུབ་ཀྱི་རེད།
བོད་པའི་འཐབ་རྩོད་དེ་བོད་ཀྱི་རིག་གཞུང་དང་ལེགས་བྱང་གི་ནང་དུ་ཡོད་ཀྱང་ཆབ་སྲིད་ཀྱི་ཐོག་ནས་བོད་ཀྱི་ཡུལ་མི་མ་ཡིན་མཁན་གྱི་ངོས་ནས་བསམ་བློ་བཏང་པ་ཡིན་ནའང་ཚང་མའི་དཀའ་ངལ་དང་འཐབ་རྩོད་ཀྱི་ངོ་བོ་གཅིག་པ་ཡིན་པའི་གནས་ཚུལ་ང་ཚོས་ཡག་པོ་མ་ཤེས་ན། ང་ཚོའི་འཐབ་རྩོད་འདི་རྒྱ་མི་གུང་བྲན་དང་བོད་མི་ས་ཡ་དྲུག་གི་བར་གྱི་འཐབ་རྩོད་རྐྱང་པར་བསམས་ནས་བསྡད་ན་དེ་ལ་གདོང་ལེན་དང་དེ་ལས་རྒྱལ་ཁ་ཐོབ་ཐུབ་རྒྱུ་ཁག་པོ་རེད། ཕྱི་ལོ་ ༡༩༤༩ དང་ ༡༩༥༠ བར་དུ་སྟོབས་ཆེན་རྒྱལ་ཁབ་ཀྱི་ཁོངས་སུ་བརྩིས་པའི་ཨིན་ཇིས་བོད་ལ་དམག་བརྒྱབས་པ་དང་། རྒྱ་མིས་བོད་ལ་ཚད་ཚད་མང་པོ་བཏང་དང་གཏོང་བཞིན་པ་རེད། ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་གྱིས་ཀྱང་བོད་ལ་དམག་བརྒྱབས་ཡོད། འོན་ཀྱང་དེ་དག་ཚང་མའི་སྐབས་སུ་བོད་འདི་རྒྱལ་ཁབ་གཞན་གྱི་མངའ་དབང་གི་འོག་ལ་གཏན་ནས་ཚུད་མེད། སྐབས་དེར་ཨིན་ཇིའི་སྟོབས་ཤུགས་ལ་མཚོན་ན། ཕྱི་ལོ་ ༡༩༠༤ ལོར་ཨིན་དམག་བོད་དུ་བསླེབས་སྐབས་མུ་མཐུད་བོད་ལ་དབང་བསྒྱུར་བྱེད་ན་སུས་ཀྱང་དེ་ལ་ཀླན་ཀ་བྱེད་ཐུབ་ཐབས་མེད་ཀྱང་དེ་དུས་དབང་བསྒྱུར་བྱས་མེད། གང་ལྟར་རྗེས་སུ་སིམ་ལའི་ཆིངས་ཡིག་གི་ཐོག་ནས་འགྲིགས་པ་ལྟ་བུ་ཆགས་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་བོད་རྒྱ་མིའི་འོག་ལ་ཆ་ཚང་འགྲོ་རྒྱུ་ནི་རྒྱལ་སྤྱིའི་འགྱུར་བ་ཆེན་པོ་ཞིག་གི་གནས་བབ་ལ་བརྟེན་ནས་བྱུང་བ་ང་ཚོས་ཤེས་དགོས།
རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་བ་ཆེན་པོ་དེའི་འབྱུང་ཁུངས་བཙལ་ན་དེང་རབས་དང་སྲོལ་རྒྱུན་གྱི་འཐབ་རྩོད་ལ་ཐུག་ཡོད། དེང་རབས་ཞེས་པ་ཨིན་སྐད་དུ་ Modernity དང་། སྲོལ་རྒྱུན་ལ་ཨིན་སྐད་དུ་ Tradition ཟེར། སྲོལ་རྒྱུན་ཞེས་པ་མདོར་བསྡུས་ན་བརྒྱུད་ཅེས་བརྗོད། དེང་རབས་དར་རྒྱས་བྱུང་སྟེ་ས་ཡི་གོ་ལ་དེང་རབས་ཅན་དུ་བསྒྱུར་ནས་ལོ་མང་ཕྱིན་མེད། དེ་ཡང་ཐོག་མ་ནས་བརྩི་ན་ལོ་བཞི་བརྒྱ་ཡས་མས་དང་། དངོས་སུ་འགྱུར་བ་ཆེན་པོ་ཕྱིན་པའམ་བཟོ་ལས་ཅན་དུ་བསྒྱུར་ནས་ལོ་ཉིས་བརྒྱ་ལྷག་ཙམ་མ་གཏོགས་ཕྱིན་མེད། དེང་རབས་ཀྱི་ནང་དུ་ཚན་རིག་ (Science) དང་འཕྲུལ་ལས་ (Technology) གཉིས་རེད། དེ་གཉིས་ཀྱི་འགྱུར་བ་ལ་བརྟེན་ནས་འགྲོ་བ་མི་ལ་གང་ཐོབ་ཡོད་ཅེ་ན། འགྲོ་བ་མིའི་དགོས་མཁོ་ལས་ལྷག་པའི་རྒྱུ་ཆ་བེད་སྤྱོད་གཏང་རྒྱུ་དང་ཅ་ལག་བཟོ་སྐྲུན་བྱེད་ཐུབ་པའི་ནུས་པ་བསླེབས་པ་རེད། སྔ་མོ་ཡིན་ན་འགྲོ་བ་མིའི་དགོས་མཁོ་སྒྲུབ་མ་ཐུབ་པ་མེད་ཅིང་། འགྲོ་བ་མིའི་དགོས་མཁོ་ཇི་ཙམ་ཡོད་པ་དེ་ཙམ་ཐོན་སྐྱེད་བྱེད་པ་མ་གཏོགས། དེ་ལས་ལྷག་པའི་ཐོན་སྐྱེད་བྱེད་པའི་ནུས་པ་མེད། འོན་ཀྱང་ཚན་རིག་གི་མཇུག་འབྲས་སུ་འཕྲུལ་ལས་བསླེབས་པ་རེད། དེ་ལ་བརྟེན་ནས་བཟོ་ལས་ཅན་དུ་བསྒྱུར་བའི་ (Industrialization) སྐབས་སུ་མིའི་དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་བྱེད་རྒྱུའི་ནུས་པ་བསླེབས་པ་ཡིན་སྟབས་མིའི་འདོད་རྔམ་བེད་སྤྱོད་གཏང་དགོས་པའི་གནས་སྟངས་བྱུང་སྟེ་ཁྲོམ་རྭའི་རིང་ལུགས་ཟེར་བ་དེ་བྱུང་བ་རེད། ཁྲོམ་རྭའི་རིང་ལུགས་དང་མཉམ་དུ་མ་རྩའི་རིང་ལུགས་སླེབས་པ་རེད། མ་རྩའི་རིང་ལུགས་ཀྱིས་བཤུ་གཞོག་དང་གཉའ་གནོན་ལ་བརྟེན་ནས་དམར་པོའི་རིང་ལུགས་དར་བ་རེད། དམར་པོའི་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་འཐབ་རྩོད་ཀྱི་བར་ལ་བོད་ཚུད་པ་རེད།
སྔོན་མ་གསར་འགྱུར་འགོད་མཁན་དང་མི་གཞན་འགའ་ཞིག་གིས་རྒྱ་མིས་བརྒྱ་ཕྲག་ཉི་ཤུ་པའི་དཀྱིལ་ལ་མ་གཏོགས་སྔོན་མ་ནས་བོད་ཅིའི་ཕྱིར་དབང་བསྒྱུར་མ་བྱས་པ་རེད་དམ་ཞེས་དྲིས་སྐབས། དེའི་ལན་དུ་ངས་ནུབ་ཕྱོགས་ལ་མ་རྩའི་རིང་ལུགས་དར་བ་ཡིན་ཙང་བོད་རྒྱ་མིའི་འོག་ལ་ཕྱིན་པ་རེད་ཅེས་བརྗོད་ཀྱི་ཡོད། སྐབས་དེར་ཁོང་ཚོ་ཧ་ལས་ལས་བྱེད་ཀྱི་འདུག ང་ཚོའི་བོད་ཀྱི་གཏམ་དཔེ་ཞིག་ཏུ་མགོ་ག་རེ་བྱས་སོང་ཞེས་དྲིས་པར། རྐུབ་ལུག་གིས་བརྡུངས་སོང་ཞེས་ལན་བརྒྱབས་པ་ལྟ་བུར་མཚོན་ན། མགོ་ལ་རྨ་བཟོས་པའི་རྒྱུ་མཚན་དྲིས་པ་ལ་མགོར་རྨ་བཟོ་སྟངས་འགྲེལ་བཤད་མ་བྱས་པར་རྐུབ་ལུག་གིས་བརྡུངས་སོང་ཞེས་བཤད་དུས་འབྲེལ་བ་མེད་པ་ལྟ་བུ་མཐོང་སྲིད། འོན་ཀྱང་དངོས་འབྲེལ་བྱས་ན་རྐུབ་ལུག་གིས་བརྡུངས་པར་བརྟེན་འགྱེལ་ནས་མགོ་སར་བརྡབས་ཏེ་རྨ་བཟོས་པ་ཡིན་པ་རེད། དེས་ན་ལན་དེར་འབྲེལ་བ་ཆེན་པོ་ཡོད་ཀྱང་། གློ་བུར་ཧོབ་སྟེ་བལྟས་ན་འབྲེལ་བ་མེད་པ་ལྟ་བུ་ཡོད། གལ་ཏེ་མ་རྩའི་རིང་ལུགས་མ་དར་ན་དམར་པོའི་རིང་ལུགས་དར་རྒྱུ་མེད།
ཀཱལ་མར་ཁེ་སིའི་དཱས་ཀ་པི་ཊལ་ (Das Kapital) ཞེས་པའི་དེབ་ཕྲེང་བརྒྱད་ཙམ་ཡོད་པའི་ནང་གི་དོན་བསྡུས་ན། མ་རྩའི་རིང་ལུགས་ཀྱིས་མ་རྩ་གཅིག་བསྡུས་བྱས་ཏེ་བཟོ་པའི་གྲལ་རིམ་ལ་དགོས་ངེས་ཀྱི་ཁེ་ཕན་མ་སྤྲད་པའམ་ལས་རྩོལ་བའི་འབད་རྩོལ་ལས་བྱུང་བའི་ཁེ་བཟང་རྣམས་འཕྲོགས་ཏེ་བཤུ་གཞོག་བྱས་པའི་རྐྱེན་གྱིས་མར་ཁེ་སིའི་རིང་ལུགས་དང་དམར་པོའི་རིང་ལུགས་བྱུང་ཚུལ་བཤད། དེ་ཡང་བཟོ་གྲྭ་ཞིག་བཙུགས་པའི་དབང་དུ་བཏང་ནས་མ་རྩ་འཛུགས་མཁན་གྱིས་སྒོར་བརྒྱ་བཞག་སྟེ་དེའི་ཁེ་ཕན་སྒོར་ལྔ་བརྒྱ་བྱུང་ན། དེ་ལས་མ་རྩའི་ཁེ་ཕན་སྒོར་བརྒྱ་ཡིན་པ་དང་། སྒོར་བཞི་བརྒྱ་ནི་འབད་རྩོལ་བའམ་ལས་རྩོལ་བ་སྟེ་ལས་ཀ་བྱེད་མཁན་ཚོས་བཟོས་པ་ཞིག་ཡིན་རུང་། ཁོང་ཚོར་དེ་ལྟའི་ཁེ་ཕན་ཐོབ་ཀྱི་མེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ད་ཆ་མར་ཁེ་སིའི་རིང་ལུགས་དང་དམར་པོའི་རིང་ལུགས་ཐམས་ཅད་ཉམས་ཟིན་པ་རེད། ར་ཤི་ཡ་རྒྱལ་ཁབ་ཀྱང་མ་རྩའི་རིང་ལུགས་སུ་འགྲོ་ཞིང་། རྒྱ་མི་རྣམས་ཀྱང་རྒྱ་མིའི་ཁྱད་ཆོས་ལྡན་པའི་དམར་པོའི་རིང་ལུགས་ཞེས་མིང་ཐ་དད་བཏགས་པ་ཙམ་ལས་མ་རྩའི་རིང་ལུགས་སུ་འགྲོ་བ་མ་ཟད། ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོོད་ཀྱི་རིང་ལུགས་སྡུག་ཤོས་ཤིག་ཆགས་ཡོད་པ་ང་ཚོས་མཐོང་ཐུབ། ད་ལྟ་འཇིག་རྟེན་གོ་ལའི་ཁྱོན་འདིར་མ་རྩའི་རིང་ལུགས་དང་ཁྲོམ་རྭའི་རིང་ལུགས་ལས་གཞན་པའི་རིང་ལུགས་གཞན་གང་ཡང་ལྷག་མེད་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད། མར་ཁེ་སིའི་རིང་ལུགས་ལྟ་བུར་མཚོན་ན། ཐོག་མར་དར་བའི་སྐབས་སུ་ཚང་མས་རེ་བ་ཧ་ཅང་ཆེན་པོ་བརྒྱབས་པ་རེད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོས་མར་ཁེ་སིའི་རིང་ལུགས་ཀྱི་ཐབས་ལམ་ཕར་ཕུད་ན་དམིགས་ཡུལ་ལ་ཐུགས་མོས་ཡོད་ཅེས་ཡང་ཡང་གསུངས་པ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། གང་ལྟར་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་ (Consumerism) ནང་ད་ལྟའི་གནས་སྐབས་སུ་འགྲོ་བ་མི་རྣམས་བེད་སྤྱོད་གཏོང་མཁན་ (User) ནས་བག་མེད་ལོངས་སྤྱོད་བྱེད་མཁན་ (Consumer) དུ་ཆགས་ཚར་བ་རེད། སྔོན་མ་ཡིན་ན་བེད་སྤྱོད་གཏོང་མཁན་ལས་བག་མེད་ལོངས་སྤྱོད་བྱེད་མཁན་མིན། ཧིན་སྐད་དུ་ཨུཔཡོག་དང་ཨུཔབྷོག་ཟེར། དང་པོ་ནི་བེད་སྤྱོད་གཏོང་མཁན་དང་ཕྱི་མ་ནི་བག་མེད་ལོངས་སྤྱོད་བྱེད་མཁན་ལ་བརྗོད། དེ་ལ་བརྟེན་ནས་ས་ཡི་གོ་འདི་ཕལ་ཆེར་ཆུད་ཟོས་བཏང་ཟིན་པ་ལྟ་བུ་རེད།
སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་དབར་འབྲལ་དུ་མི་རུང་བའི་འབྲེལ་བ་གཏིང་ཟབ་ཡོད་པ་ནི་ཐམས་ཅད་ཀྱིས་མཁྱེན་གསལ་དང་མངོན་སུམ་ཚད་གྲུབ་ལྟ་བུ་རེད། སྣོད་ཀྱི་འཇིག་རྟེན་འདི་སེམས་ཅན་སྤྱི་མཐུན་གྱི་ལས་ལ་བརྟེན་ནས་བྱུང་བ་ཡིན་སྟབས་བཅུད་ཀྱི་སེམས་ཅན་གྱི་དོན་དུ་རེད། གང་ལྟར་ཆོས་ཕྱོགས་ནས་འཆད་ཚུལ་མི་འདྲ་བ་ལྟར་ན། རིག་བྱེད་པའི་ཇགཏ་པུརཱཎ་གྱི་ནང་། ཚངས་པས་འཇིག་རྟེན་སྣ་ཚོགས་བྱས།། ཞེས་གསལ་བ་དང་། ང་ཚོའི་མངོན་པ་མཛོད་ཀྱི་ནང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཞེས་ཚངས་པ་དང་ལས་གཉིས་གང་ལ་བརྟེན་ནས་བྱུང་བ་ཡིན་ནའང་གང་ལྟར་སྣོད་ཀྱི་འཇིག་རྟེན་ནི་བཅུད་ཀྱི་སེམས་ཅན་གྱི་ལོངས་སྤྱད་བྱར་གྱུར་པ་ཞིག་རེད། སྣོད་ཀྱི་འཇིག་རྟེན་འདི་བག་མེད་ལོངས་སྤྱོད་བྱས་པའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་ཁོར་ཡུག་ཉམས་ཆག་དང་ས་ཡི་གོ་ལའི་ཚ་དྲོད་རྒྱས་པའི་དབང་གིས་ཕལ་ཆེར་བརྒྱ་ཕྲག་འདིའི་མཇུག་ཏུ་སྲོག་ཆགས་ཡོངས་རྫོགས་ལ་ཉེན་ཁ་ཆེན་པོ་འཕྲད་སྲིད་པ་རེད།
ང་ཚོའི་གཞུང་ལུགས་ནང་ནད་ཀྱི་བསྐལ་པ་དང་། མཚོན་གྱི་བསྐལ་པ། མུ་གེའི་བསྐལ་པ་སོགས་སྙིགས་མ་ལྔ་བདོ་བའི་སྐབས་སུ་འབྱུང་བར་གསུངས་པ་རྣམས་ང་ཚོས་མངོན་སུམ་མཐོང་ཐུབ་པ་ལྟ་བུ་ཆགས་ཡོད། མཚོན་གྱི་བསྐལ་པ་ནི་དམག་ཆེན་གཉིས་བྱུང་ཟིན་པ་དང་། དེ་མིན་ང་ཚོས་མི་ཚེ་འདིའི་དྲན་ཚོད་དུ་རྒྱལ་སྤྱིའི་ནང་དམག་མེད་པའི་གོ་སྐབས་གཏན་ནས་བྱུང་མེད། དེའི་རྒྱུ་མཚན་ཡང་མ་རྩའི་རིང་ལུགས་ཀྱི་ལམ་སྲོལ་གྱི་ནང་ལ་གཏོར་བཤིག་གཏོང་བྱེད་མཚོན་ཆ་ནི་མ་རྩ་ཆུང་ཆུང་ཞིག་གིས་ཁེ་བཟང་ཆེན་པོ་བཟོས་ཐུབ་པའི་ཚོང་གི་ཁེ་ཕན་ཆེ་ཤོས་ཤིག་རེད། ཚོང་འདིའི་ཁྲོམ་རྭ་བསྐྲུན་པ་ལ་དམག་འཐབ་དགོས་ཀྱི་ཡོད་པའམ་དམག་གི་ཉེན་ཁ་དགོས་ཀྱི་ཡོད། རྒྱལ་ཁབ་གཉིས་མི་མཐུན་པར་གྱུར་ན་མི་མཐུན་པའི་རྒྱལ་ཁབ་གཉིས་པོ་ཁྲོམ་རྭ་ཡག་ཤོས་དེ་ཆགས་ཀྱི་ཡོད། ང་ཚོའི་མིག་གིས་མཐོང་བཞིན་པ་ནི་དཔེར་ན་པཱཀིསྟཱན་ལ་མཚོན་ཆ་ཞིག་བཙོང་ན། ལམ་སེང་རྒྱ་གར་ལ་མཚོན་ཆ་དེའི་ཁ་གཏད་ང་ཚོས་བཟོ་བཞིན་པ་ཡིན། དེ་མ་ཉོས་ན་ཉེན་ཁ་ཆེན་པོ་ཡོད་ཅེས་ཆེད་དུ་ཉོ་རུ་བཅུག་པ་ཡིན། དེ་མ་ཐག་པཱཀིསྟཱན་ལའང་དེ་མཚུངས་ཉེན་ཁ་ཡོད་ཚུལ་བཤད་པ་སོགས་ཀྱིས་བརྒྱུད་ནས་ཁྲོམ་ར་སྲུང་སྐྱོབ་བྱེད་ཀྱི་ཡོད། མིའི་སྲོག་དང་ཚོང་གི་ཁེ་ཕན་གཉིས་ལས་ཚོང་གི་ཁེ་ཕན་དེ་གལ་ཆེ་བར་བརྩི་བ་མ་གཏོགས་མིའི་ཚེ་སྲོག་དེ་ཙམ་མི་བརྩི།
ཏོག་དབྱིབས་ནད་ཡམས་འདི་བྱུང་སྐབས་ཐོག་མར་བཀག་སྡོམ་མང་པོ་བྱས་ཀྱང་རིམ་གྱིས་དེས་དཔལ་འབྱོར་ལ་གནོད་པ་མཐོང་དུས་དཔལ་འབྱོར་སྲུང་སྐྱོབ་བྱ་རྒྱུ་དང་མིའི་སྲོག་སྲུང་སྐྱོབ་བྱེད་རྒྱུ་གཉིས་ལས་དཔལ་འབྱོར་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་བ་ཡིན་པ་རྒྱལ་ཁབ་ཚང་མས་མི་འདོད་བཞིན་དུ་ཁས་ལེན་དགོས་བྱུང་བ་རེད། ད་ཆ་མི་ཤི་ནའང་བཀག་སྡོམ་བྱེད་རྒྱུའི་བློ་ཁོག་མེད་པ་ཆགས་ཟིན། གཞན་ལྟ་ཅི། སྨན་ཞེས་པ་ནི་དངོས་འབྲེལ་བྱས་ན་ནད་གསོ་བའི་ཐབས་ཤིག་རེད། འོན་ཀྱང་ད་ཆ་སྨན་རྣམས་ཀྱང་ཚོང་དུ་གྱུར་ཟིན། དེས་ན་སྤྱི་ཚོགས་ཀྱི་ནང་དུ་ནད་པ་མེད་པར་བཟོ་རྒྱུ་ནི་སྨན་པའི་དམིགས་ཡུལ་མིན། ཕྱི་ལུགས་ཀྱི་སྨན་ནང་ཞར་བྱུང་གི་གནོད་པ་ (Side effect) མེད་ཀྱང་སྨན་པའི་ཚོང་ཡག་པོ་ཡོང་སླད་ཆེད་དུ་བཟོས་པ་ཞིག་རེད། དཔེར་ན། ཞིང་ལས་རྫས་ལུད་ཅན་དུ་བསྒྱུར་སྐབས་རྫས་ལུད་ཀྱི་ནང་དུ་འབུ་སྐྱེ་བའི་རྒྱུ་རྐྱེན་བསྐྲུན་ཡོད་སྟབས་རྫས་ལུད་བརྒྱབས་རྗེས་འབུ་སླེབས་ཀྱི་ཡོད་པར་བརྟེན་འབུ་སྨན་མ་ཉོས་ཐབས་མེད་རེད། དེ་བཞིན་ཞིང་སོན་ལ་མཚོན་ནའང་རིགས་འདྲེས་པ་དང་རིགས་ཆད་ཀྱི་སོན་བཟོས་ནས་སོ་སོའི་ཞིང་དུ་བཏབ་པའི་སོན་རྣམས་ཡང་བསྐྱར་སྐྱེ་རྒྱུ་མེད། དེ་ལྟའི་གནས་སྟངས་ཀྱི་འོག་ནས་ད་ལྟ་ང་ཚོ་འཇིག་རྟེན་སྤྱི་ཡོངས་ཀྱི་གནས་སྟངས་ནི་ཁོར་ཡུག་ཉམས་ཆག་གི་འཇིགས་པ་དང་། མི་འབོར་འཕེལ་རྒྱས་ཀྱི་འཇིགས་པ། འཚེ་བའི་འཐབ་རྩོད་ཀྱི་འཇིགས་པ། ནད་ཡམས་ཀྱི་འཇིགས་པ་སོགས་ཡོང་མུས་རེད། ནད་ཡམས་ཀྱི་འཇིགས་པའང་མང་ཆེ་བ་ནི་དམག་ཆེན་གསུམ་པ་བྱུང་ན་རྫས་སྦྱོར་གྱི་དམག་འཐབ་བྱེད་རྒྱུར་བསམ་བློ་གཏོང་གི་ཡོད་པ་དང། ད་ལྟའི་ནད་ཡམས་འདིའང་རྒྱ་མིའི་རྫས་སྦྱོར་ཁང་ཞིག་ནས་ཐོན་ཚུལ་བཤད་ཅིང་། དེ་ལ་ཁུངས་སྐྱེལ་མེད་རུང་གཞི་མེད་མིན།
གནས་བབ་དེ་འདྲའི་འོག་ནས་བོད་དང་བོད་མིའི་དཀའ་རྙོག་འདི་ཕུགས་གཏིང་རིང་པོའི་ཡོང་ཁུངས་གང་འདྲ་ཞིག་ཡིན་པ་དང་། འཐབ་རྩོད་གང་འདྲ་ཞིག་ལ་བལྟས་ནས་ད་ལྟ་བོད་པར་རྒྱབ་སྐྱོར་བྱེད་མཁན་དང་དགག་བྱ་བྱེད་མཁན་ཡོད་པ། རྒྱབ་སྐྱོར་བྱེད་མཁན་རྣམས་བོད་པར་དགའ་ནས་ཡིན་ནམ། དགག་བྱ་བྱེད་མཁན་རྣམས་བོད་པར་སྡང་ནས་ཡིན་བལྟས་པ་ཡིན་ན་དེ་འདྲ་ཕལ་ཆེར་མ་རེད། རྒྱབ་སྐྱོར་དང་དགག་བྱ་བྱེད་མཁན་གཉིས་ཀས་སོ་སོའི་མངོན་འདོད་དང་ཁེ་ཕན་ཞིག་བསྒྲུབ་རྒྱུའི་དམིགས་ཡུལ་བཞག་ནས་བྱེད་ཀྱི་ཡོད་རེད། དེས་ན་སྲོལ་རྒྱུན་དང་དེང་རབས་ཀྱི་འཐབ་རྩོད་ཤུགས་ཆེན་པོ་འདི་དང་ཆབས་ཅིག་ཏུ་འཇིག་རྟེན་ཁྱོན་ཡོངས་སུ་ནད་ཡམས་དང་། ཁོར་ཡུག་ཉམས་ཆག དམག་འཁྲུག དཔལ་འབྱོར་གྱི་བཤུ་གཞོག་སོགས་རྒུད་ཚོགས་ཚང་མ་ལ་བལྟས་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ལ་ཞི་བདེ་མི་ཡོང་བའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་པའི་གནས་ཚུལ་ང་ཚོས་གསལ་པོར་གཟིགས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། སངས་རྒྱས་ཀྱིས་ཆེད་དུ་བརྗོད་པའི་ཚོམས་ལས། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། ཞེས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་གསུངས་པ་དེ་ཆོས་རྐྱང་པའི་དོན་དུ་མིན་པར་དངོས་ཡོད་ཀྱི་གནས་སྟངས་རང་རེད། དེ་ལྟ་བུའི་འཇིག་རྟེན་མི་རིགས་དང་སྲོག་ཆགས་ཁྱོན་ཡོངས་ལ་ཁྱབ་པའི་འཐབ་རྩོད་ཀྱི་འཁྲུག་ཆ་དོད་པོ་དང་གཞི་རྒྱ་ཆེན་པོ་འདིའི་ནང་ནས་སོ་སོའི་གནས་བབ་ཆ་ཚང་ཤེས་ནས་ང་ཚོས་གང་འདྲ་བྱེད་ཀྱི་ཡོད་པའི་ཐོག་ལ་དགོངས་པ་བཞེས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད། འདིའི་གནས་སྟངས་ཡོངས་རྫོགས་ངས་ཚོགས་ཐུན་གཅིག་གི་ནང་ལ་ཞིབ་ཚགས་པོས་རྭ་སྤྲོད་དཀའ་ཡང་། རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཟེར་བ་ལྟར་ཕྱོགས་སྟོན་ཙམ་གྱི་ཐོག་ནས་ཞུས་པ་འདི་ལ་ཁྱེད་རང་ཚོས་དགོངས་པ་བཞེས་དགོས།
དེར་བརྟེན་བསམ་བློའི་མགོ་འཁྲིད་གང་འདྲ་བྱེད་དགོས་པའི་ཐོག་ལ་སྤྱི་ཡོངས་ཀྱི་ཆ་ནས་བློ་གཟུ་བོར་གནས་པ་དང། བློ་གྲོས་དང་ལྡན་པ། དོན་གཉེར་ཡོད་པ་བཅས་གསུམ་པོ་མེད་དུ་མི་རུང་བ་རེད་ཅེས་ཞུས་པ་ནི་རྒྱབ་ལྗོངས་ཀྱི་ཚུལ་དུ་ཡིན། འཇིག་རྟེན་ཁྱོན་ཡོངས་ཀྱི་དཀའ་རྙོག་གི་གནས་སྟངས་དེ་རྒྱབ་ལྗོངས་གཅིག་དང་། ང་ཚོའི་འདས་པ་དང་ད་ལྟ་བའི་དུས་སུ་གཟི་བརྗིད་དང་སྤོབས་པ་བྱེད་འོས་པའི་བྱ་བ་གང་དང་གང་བསྒྲུབས་པ་དང་། དེ་བཞིན་ངོ་ཚ་དགོས་པའི་ནོར་འཁྲུལ་ཕྱིན་པ་རྣམས་ལ་བསྐྱར་ཞིབ་ཡང་ཡང་བྱས་པ་བཅས་ཀྱི་ཐོག་ནས་སྒྲོམ་གཞི་བསླང་དགོས།
ཆོས་པ་ཞིག་ཡིན་ནའང་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་ཞེས་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་གནང་གི་ཡོད། དེ་ཡང་ཆོས་པ་ཡིན་པ་གཞི་ལ་བཞག་ནས་དུས་རབས་ཉེར་གཅིག་པའི་མི་དང་མཉམ་གཤིབ་མཉམ་འགྲོ་བྱེད་ཐུབ་པ་ཞིག་དགོས་ཀྱི་རེད། དེ་མིན་དུས་རབས་ཉེར་གཅིག་པའི་མི་སྔོན་ལ་བྱས་ཏེ་རྗེས་སུ་ཆོས་པ་ཞིག་བྱེད་རྒྱུའི་བསམ་བློ་བཏང་ན་མ་འགྲིགས་པ་རེད། དུས་རབས་ཉེར་གཅིག་པའི་མིས་ཆོས་པ་བྱེད་དགོས་ཞེས་གསུང་གི་མེད་ཅིང་། ཆོས་པ་དེས་དུས་རབས་ཉེར་གཅིག་པའི་ཆོས་པ་བྱེད་དགོས་ཞེས་གསུང་གི་ཡོད། དེར་བརྟེན་ཆོས་པ་ཡིན་པ་གཞི་བཞག་གིས་དུས་རབས་ཉེར་གཅིག་གི་ནང་དུ་ཇི་ལྟར་འགྲོ་དགོས་པའི་ཐོག་ལ་ང་ཚོས་གཟིགས་དགོས་པ་གལ་ཆེན་པོ་རེད།
ངས་བསྡོམས་བརྒྱབས་ནས་ཞུ་ན། ང་ཚོ་བོད་མིའི་འཐབ་རྩོད་འདི་སྤྱི་ཡོངས་འཇིག་རྟེན་འགྲོ་བ་མིའི་གཞི་རྒྱ་ཆེ་བའི་འཐབ་རྩོད་གཅིག་གི་ཆ་ཤས་ཡིན་པའི་རྒྱུ་མཚན་གྱིས་གཞི་རྒྱ་ཆེ་བའི་འཐབ་རྩོད་འདིའི་ཕྱོགས་གང་དུ་ལངས་དགོས་པའི་བསམ་བློ་གསལ་པོ་ཞིག་ང་ཚོར་དགོས་ཀྱི་རེད། སྲོལ་རྒྱུན་དང་དེང་རབས་ཀྱི་འཐབ་རྩོད་འདིའི་ནང་ཞུགས་སྐབས་སོ་སོ་དེང་རབས་ཀྱི་མི་གཅིག་བྱས་པ་ཡིན་ན་འགལ་ཟླའི་ཕྱོགས་ལ་ལངས་པ་རེད་མ་གཏོགས། འཐབ་རྩོད་བྱེད་མཁན་གྱི་ཕྱོགས་སུ་ལངས་མེད། དེས་ན་འཐབ་རྩོད་གཅིག་གི་ནང་དུ་ཞུགས་པའི་སྐབས་སུ་ལངས་ཕྱོགས་དང་འགྲོ་ཕྱོགས་ཀྱི་ས་མཚམས་འཛིན་སྟངས་མ་ནོར་བ་དགོས། ངས་རྒྱུན་དུ་དེང་རབས་ཀྱི་ལག་ཆ་འདི་འཁྱེར་ནས་དེང་རབས་དང་འཐབ་རྩོད་བྱེད་མི་ཐུབ་ཅིང་། སྲོལ་རྒྱུན་གྱི་ལག་ཆ་འཁྱེར་ནས་དེང་རབས་དང་འཐབ་རྩོད་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། གང་ལྟར་སོ་སོའི་ལངས་ཕྱོགས་དེ་ཕྱོགས་གཅིག་ལ་བསྡད་དགོས་པ་ཞིག་རེད། ངས་དཔེ་མཚོན་ཞིག་ཞུས་ན། ང་ཚོ་བོད་པ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལ་བརྟེན་ནས་བོད་མི་མང་ཆེ་བས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་ཟེར་གྱི་ཡོད། གལ་ཏེ་འཚེ་མེད་ཞི་བའི་ལམ་གྱི་ཕྱོགས་སུ་ལངས་ན་ང་ཚོ་དངོས་གནས་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་ཡོད་པ་དང་། སོ་སོའང་འཚེ་མེད་ཞི་བའི་ལམ་ལ་ཉམས་ལེན་བྱེད་མཁན་ཞིག་དགོས་ཀྱི་རེད། དེ་མིན་སོ་སོའི་བསམ་བློའི་ནང་དུ་ཁོང་ཁྲོ་ཡོད་ཀྱང་། ཁ་ནས་འཚེ་མེད་ཞི་བའི་ལམ་ཞེས་བརྗོད་ན་དེས་ཕན་ནུས་མི་ཐོན་པ་ཡིན། ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ནང་འཚེ་མེད་ཞི་བའི་ལམ་ལ་ནུས་པ་མ་ཐོན་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོའི་བསམ་ཚུལ་དང་འཚེ་མེད་ཞི་བའི་ལམ་གྱི་ལག་ལེན་གཉིས་པོ་མི་མཐུན་པར་རྒྱང་ཁད་ཡོད་པའི་གནས་སྟངས་ལ་བརྟེན་ནས་ཡིན་པ་གསལ་པོ་རེད།
སྐུ་གཤེགས་སློབ་དཔོན་ཆེན་པོ་ཇིན་ཤརྤ་ (Prof. Gene Sharp) གཱཾདྷཱིའི་ལྟ་གྲུབ་ཐོག་ལ་མཁས་པ་ཡིན་པ་མ་ཟད། ཕྱག་དེབ་མང་པོ་བརྩམས་ཡོད་ལ། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འཚེ་མེད་ཞི་བའི་ལམ་གྱི་ཐོག་ལ་གཟབ་སྦྱོང་མང་པོ་གནང་བ་རེད། ཁོང་དང་ང་གཉིས་དབར་གྱི་འགལ་ཟླ་གཙོ་བོ་ནི། ཁོང་གིས་གཱཾདྷཱིས་འཚེ་མེད་ཞི་བའི་ལམ་འདི་ཐབས་བྱུས་ (Strategy) ཀྱི་ངོ་བོར་བེད་སྤྱོད་བཏང་བ་ལས། ནང་དུ་ཡིད་ཆེས་མེད་ཅེས་གསུང་གི་ཡོད། ངས་གཱཾདྷཱིའི་འཚེ་མེད་ཞི་བའི་ལམ་འདི་སྒྲུབ་པ་ཉམས་ལེན་རེད་མ་གཏོགས། ཐབས་བྱུས་མ་རེད་ཅེས་ཡིད་ཆེས་དང་ལྡན་པའི་ཐོག་ནས་བརྗོད་ཀྱི་ཡོད། ཁོང་གིས་ཐབས་བྱུས་རེད་ཅེས་གསུང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཨིན་ཇི་དང་རྒྱ་གར་གཉིས་པོ་དམག་དང་དཔལ་འབྱོར་སོགས་སྟོབས་ཤུགས་ཀྱི་ཆ་ནས་འདྲ་མཉམ་གཏན་ནས་མེད་སྟབས། རྒྱ་གར་གྱིས་ཨིན་ཇིར་འཚེ་བའི་ཐོག་ནས་ཁ་གཏད་གཅོག་ཐུབ་ཐབས་མེད་པར་བརྟེན། ཐབས་ལམ་གཞན་ཞིག་མ་བཙལ་ཐབས་མེད་རེད། གལ་སྲིད་རྒྱ་གར་ལ་དམག་དང་དཔལ་འབྱོར་དང་མིའི་ནུས་པ་རྣམས་ཨིན་ཇི་དང་མཉམ་པ་ཡོད་ན་ཕལ་ཆེར་འཚེ་བ་བྱེད་སྲིད། དེ་ལྟར་མེད་པའི་རྒྱུ་མཚན་གྱིས་འཚེ་མེད་ཞི་བའི་ལམ་ནི་འུ་ཐུག་ཐབས་ཟད་ཀྱིས་མ་བྱས་ཐབས་མེད་རེད་ཅེས་གསུངས་ཡོད། བདག་ཉིད་ཆེན་པོ་གཱཾདྷཱིས་འཚེ་མེད་ཞི་བའི་ལམ་ནི་དཔའ་བོ་མ་གཏོགས་སྡར་མས་ལག་ལེན་བསྟར་མི་ཐུབ་ཅེས་ཡང་ཡང་གསུངས་དགོས་པའི་རྒྱུ་མཚན་དེར་ཐུག་ཡོད། བོད་པའི་སྤྱི་ཚོགས་ཀྱི་ནང་དུའང་དེ་ལྟ་བུ་བསམ་མཁན་དང་། ཕྱི་ལའང་བོད་པས་རྒྱ་མི་ལ་འཚེ་བའི་ཐོག་ནས་ཁ་གཏད་ཆོག་མི་ཐུབ་པས་འཚེ་མེད་ཞི་བའི་ལམ་ལས་གཞན་དུ་འགྲོ་ས་མེད་ཅེས་བསམ་མཁན་ཡོད་ཚོད་འདུག ང་ཚོའི་འཚེ་མེད་ཞི་བའི་ལམ་དེ་ངོ་མ་ནམ་ཡོང་ངམ་ཞེ་ན། དཔེར་ན། བོད་པ་བཅུ་ཙམ་ཡོད་སར་རྒྱ་མི་གཅིག་གཉིས་ཤིག་བསླེབས་ན་འཚེ་བའི་ཐོག་ནས་བསད་པ་དང་བརྡུང་ཐུབ་པའི་ནུས་པ་ཡོད་པའི་གནས་སྐབས་སུའང་བྱམས་བརྩེའི་ཐོག་ནས་འཚེ་བ་མ་བྱས་ན་དེ་ནི་འཚེ་མེད་ཞི་བ་ཚད་ལྡན་ཞིག་རེད། འོན་ཀྱང་ང་ཚོའི་འཚེ་མེད་ཞི་བའི་ལམ་ལ་ནུས་པ་མ་ཐོན་པའི་རྒྱུ་མཚན་གང་རེད་ཅེ་ན། ང་ཚོའི་བསམ་བློའི་ནང་འགལ་ཟླ་ལ་དམིགས་པའི་ཞེ་སྡང་དང་ཁོང་ཁྲོ་རྩ་མེད་བཏང་ཐུབ་ཀྱི་མེད། བསམ་བློའི་ནང་ལ་ཁོང་ཁྲོ་མེ་འབར་བ་ལྟ་བུ་ཡོད་ནའང་ཁ་ནས་འཚེ་མེད་ཞི་བའི་ལམ་ཡིན་ཞེས་བཤད་ན་དངོས་གནས་དེ་ནི་ཐབས་བྱུས་རེད་མ་གཏོགས། ཡང་དག་པའི་སྒྲུབ་པ་ཉམས་ལེན་ཞིག་ཆགས་ཀྱི་མེད། དེས་ན་ང་ཚོ་ཁ་ཞེ་མཚུངས་པ་བྱེད་དགོས་པ་གལ་ཆེ།
འཐབ་རྩོད་ཇི་འདྲ་ཡིན་ནའང་དང་པོ་སོ་སོའི་ལངས་ཕྱོགས་གསལ་པོ་དང་། གཉིས་པ་འཐབ་རྩོད་ཀྱི་ལག་ཆར་ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་དང་དེ་ལ་སྒྲུབ་པ་ཉམས་ལེན་ཚུལ་བཞིན་ཡོད་ན་དེ་ལ་གདོང་ལེན་བྱེད་ཐུབ་པ་དང་། ཐབས་ལམ་དང་ལག་ཆ་ལ་ནུས་པ་ཐོན་རེ་ཡོད། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་ལ་འཚེ་མེད་ཞི་བའི་ལམ་ཞེས་ཁ་ནས་བཤད་པ་བཞིན་རྟག་ཏུ་བསམ་བློའི་ནང་འཚེ་བ་དང་། ཁོང་ཁྲོ། ཞེ་སྡང་། འཁོན་འཛིན་སོགས་མེད་དགོས་པ་གལ་ཆེན་པོ་རེད། དེས་ན་ཐོག་མར་སོ་སོའི་ལངས་ཕྱོགས་དང་། འཐབ་རྩོད་ཀྱི་ངོ་བོ་དང་དམིགས་ཡུལ། དེ་ནས་སྒྲུབ་པ་ཉམས་ལེན་བྱེད་སྐབས་ཐབས་ལམ་གང་ལ་བརྟེན་པ་བཅས་བསམ་བློའི་ནང་བང་འགྲིག་པོ་དགོས།
དེ་ནས་མཐའ་མར་བཙན་བྱོལ་བོད་མིའི་གནས་བབ་དེ་འབྱུང་འགྱུར་ལོ་བརྒྱའི་ནང་གང་ཡོང་བ་དང་། བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་ད་ལྟ་བཞིན་ཕྱིན་ན་འབྱུང་འགྱུར་ལོ་བརྒྱའི་ནང་གང་ཡོང་བ་བཅས་ཀྱི་ཐོག་ལ་ང་ཚོས་ཚོད་དཔག་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཚོད་དཔག་དེའང་གང་གི་ཐོག་ནས་བྱེད་དགོས་ཤེ་ན། ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། བོད་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས། ལྷག་པར་དུ་གཞོན་སྐྱེས་ཚོའི་འཚར་ལོང་གི་གནས་སྟངས་བཅས་ལ་གཟིགས་དགོས་པ་གལ་ཆེ།
བོད་ཀྱི་ནང་ལ་ད་ཆ་རྒྱ་མིས་སྡིར་ས་གཙོ་བོ་ནི་ཆོས་གཙོ་བོར་གྱུར་པའི་སྐད་ཡིག་དང་ལེགས་བྱང་རེད། ཨིན་ཇིས་རྒྱ་གར་རྩ་མེད་གཏོང་བའི་སྐབས་སུ་ལེགས་བྱང་དང་སྐད་ཡིག་ལ་སྡིར་བ་རེད། ཁ་ཆེ་དང་སོག་པོས་རྒྱ་གར་དབང་བསྒྱུར་བྱེད་པའི་སྐབས་སུ་ཆོས་ལུགས་བཙན་བསྒྱུར་བྱས་པ་བྱུང་བ་ཙམ་ལས་ཤེས་ཡོན་གྱི་ལམ་སྲོལ་གྱི་ཐོག་ནས་གཏིང་ཟབ་པོས་སྐད་ཡིག་དང་ལེགས་བྱང་མེད་པར་བཟོ་རྒྱུའི་ལས་འགུལ་བརྩམས་ཐུབ་མེད། མེཀོལིས་ཐབས་བྱུས་བཏིང་བ་ནས་བཟུང་ལོ་བརྒྱའི་ནང་ལ་རྒྱ་གར་ཧ་ལམ་ཨིན་ཇིར་བསྒྱུར་ཐུབ་པ་ལྟ་བུ་ཆགས་ཡོད། དེ་བཞིན་བོད་ཀྱི་ནང་དུའང་ད་ལྟ་འགྲོ་དང་འགྲོ་བཞིན་པ་རེད། བོད་མིའི་སྐྱབས་བཅོལ་བའི་གནས་བབ་ལ་བལྟས་ན་བཙན་དབང་བྱེད་མཁན་མེད་རུང་། རང་དབང་གི་ཐོག་ནས་འགྱུར་བ་ཞིག་འགྲོ་མུས་རེད། དེ་ཡང་རྒྱ་གར་ནང་ལ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ནི་ཡོང་རྒྱུ་བསྡད་པའི་ལོ་ལྔ་བཅུ་དྲུག་ཅུ་དེ་འདས་པའི་ལོ་ལྔ་བཅུ་དྲུག་ཅུ་དང་གཅིག་གྱུར་བྱས་ནས་འགྲོ་མིན་ཐོག་ཚོད་དཔག་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་རྒྱུའི་ཞལ་བཞེས་ཡོད་པ་བཞིན་བཞུགས་པའི་ཡིད་ཆེས་ཀྱང་ཡོད། ད་ལྟའང་དགུང་ལོ་བརྒྱ་དང་བཅུ་གསུམ་བར་གསེར་ཞལ་འཚོ་གཞེས་གནང་རྒྱུར་ཐུགས་ཀྱི་དམ་བཅའ་བརྟན་པོ་ཡོད་པ་ང་ཚོས་གསལ་པོར་ཤེས་ཐུབ་ཀྱི་འདུག འོན་ཀྱང་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་ཕེབས་པའི་དུས་ཚོད་དེ་ཉིན་གཅིག་སླེབས་ཀྱི་རེད། དེ་བཞིན་འགྲོ་བ་མིའི་ཤ་ཚུགས་སུ་བྱོན་པ་ཡིན་སྟབས་དགུང་ན་མཐོ་པོར་ཕེབས་པའི་སྐབས་སུ་སྐུ་ན་གཞོན་དུས་བཞིན་མཛད་འཕྲིན་བསྐྱང་མི་ཐུབ་པ་ང་ཚོས་མཇལ་གྱི་ཡོད་པ་མ་ཟད། ཚོད་དཔག་ཀྱང་བྱེད་ཐུབ། དེ་བཞིན་བར་ལམ་བོད་མིའི་སྤྱི་ཚོགས་ཀྱི་དགོན་སྡེ་ཁག་ཉམ་ངའི་སྐབས་སུ་བོད་ནས་གསར་འབྱོར་ཡོང་བའི་གོ་སྐབས་ཤིག་བྱུང་ཡོད་ཀྱང་ད་ལྟ་གོ་སྐབས་དེ་རྫོགས་ཟིན་པ་རེད། ད་ཆ་ང་ཚོས་སྐྱབས་བཅོལ་ས་ནི་ཧིམཱལའི་རི་རྒྱུད་རྣམས་རེད། ཁོང་ཚོས་ད་ཆ་རྐང་ཟིན་ནས་མུ་མཐུད་ཆོས་སྡེ་ཁག་རྣམས་མ་འོངས་པར་ལོ་ལྔ་བཅུ་དྲུག་ཅུའི་རིང་ཕྲ་ཚུགས་ནས་བསྡད་ཐུབ་རེ་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ནི་དེ་དག་ཚང་མའི་ནང་ནས་ཉེན་ཁ་ཆེ་ཤོས་ཤིག་རེད། དེར་བརྟེན་བསམ་བློའི་ནང་འབྱུང་འགྱུར་ཡོང་སྲིད་པའི་གནས་ཚུལ་འདི་དང་འདི་བྱུང་ན་ཐབས་ཤེས་དེ་དང་དེ་བསྟེན་དགོས་སོགས་ཚོར་སྣང་ཡག་པོ་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོས་ལམ་སྟོན་སྔ་རྗེས་གནང་བ་རྣམས་ཞིབ་ཚགས་པོས་བསམ་བློའི་ནང་ཚོར་སྣང་ཡོད་པ་ཞིག་བྱས་ནས་བསམ་བློ་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ༧གོང་ས་མཆོག་གི་བཀའ་སློབ་ང་ཚོས་ཉན་གྱི་ཡོད་པ་མ་ཟད། མང་པོ་ཞིག་གིས་ལག་ལེན་དུ་བསྟར་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། འོན་ཀྱང་གོ་བརྡ་མ་འཕྲོད་པ་དང་ཚོར་སྣང་མེད་པ་ནི་ཡང་ཡང་ཡོང་མུས་རེད། དཔེར་ན། ཕྱི་ལོ་ ༡༩༦༠ རེ་གྲངས་ནས་བཟུང་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དོན་གནད་ཆེན་པོ་ཞིག་ཡང་ཡང་བཀའ་གནང་གི་ཡོད། དེ་ཡང་༧སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་ (Dalai Lama Institution) དགོས་ཀྱི་ཡོད་མེད་ནི་བོད་མི་མང་ཚོགས་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་མང་ཚོགས་ཀྱིས་ཐག་གཅོད་ཀྱི་རེད། ཕལ་ཆེར་ང་རང་༧རྒྱལ་བ་དགེ་འདུན་གྲུབ་ཀྱི་དགུང་གྲངས་དང་མཉམ་པར་ཕེབས་དུས་ཐག་ཆོད་མདོག་ཁ་པོ་རེད་ཅེས་ཡང་ཡང་གསུངས་ཀྱང་། བོད་པའི་སྤྱི་ཚོགས་ནང་དེ་ལ་དོ་སྣང་ཡོང་གི་མི་འདུག དེ་དང་དེ་བཞིན་གལ་གནད་ཆེ་བའི་གནས་ཚུལ་མང་པོ་ཚིག་ཚོགས་ཆུང་ངུའམ་ཟུར་ཞིག་བསྟན་པའམ་ཟུར་ཞིག་འཕངས་པའི་ཚུལ་གྱིས་གསུངས་པ་རྣམས་ལ་བོད་པས་དོ་སྣང་སླེབས་ཀྱི་མི་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཐོར་ཞིག་ཕྱིན་ན་བོད་པའི་སྤྱི་ཚོགས་ཀྱི་གཞི་རྩའི་སྒྲོམ་གཞི་ཧ་ལམ་མཛུབ་མོ་བཙུག་ས་མེད་པ་ཆགས་ཉེན་དང་། དེ་འདྲ་བྱུང་ན་བོད་མིའི་རྩ་དོན་གྱི་འཐབ་རྩོད་རྩ་ཆད་ལ་འགྲོ་ཉེན་ཡོད།
ད་རིང་ངའི་སྐད་ཆ་འདི་བང་འགྲིག་པོ་བྱུང་མ་སོང་། མ་གཞི་ལོ་ཡར་བསླེབས་དུས་བསམ་བློའི་ནང་ལ་ས་བཅད་དང་གོ་རིམ་འགྲིགས་པོ་ཡོང་ཁག་པོ་འདུག གང་ལྟར་མང་པོ་ཞིག་ཞུས་པ་དེའི་ནང་ནས་ཁྱེད་རང་ཚོས་བསྒྲུགས་ཏེ་རུག་རུག་བཟོ་རྒྱུ་རེད། གོང་དུ་ཚོགས་གཙོས་གླེང་བསླངས་པའི་སྐབས་སུ་སྤྱི་ཚོགས་ནང་བསམ་བློའི་མགོ་འཁྲིད་ཇི་ལྟར་བྱེད་དགོས་པའི་ཐོག་བཤད་དགོས་ཚུལ་གསུངས་སོང་། བསམ་བློའི་མགོ་འཁྲིད་བྱེད་སྟངས་ངས་གོང་དུ་ཚར་གཉིས་བཤད་པ་ལྟར། བློ་གཟུ་བོར་གནས་པ་དང་། ལེགས་ཉེས་བླང་དོར་འབྱེད་པའི་བློ་གྲོས་ལྡན་པ། བྱ་བ་དེའི་རྩོམ་པ་མཐར་ཕྱིན་པར་འགྲོ་རྒྱུའི་བརྩོན་འགྲུས་དང་རྩོལ་བ་བཅས་གསུམ་པོ་ཚང་དགོས། དེའི་ཐོག་ལ་འདས་པའི་བྱུང་རབས་ཀྱི་གཟི་བརྗིད་དང་སྐྱོན་ཆ་རྣམས་ངོ་ཤེས་དགོས་པ་དང་། ད་ལྟའི་གནས་བབ་ཀྱི་གནས་ཚུལ་རྣམས་ངོ་ཤེས་དགོས་པ། འབྱུང་འགྱུར་ལེགས་ཉེས་ཡོང་སྲིད་པ་རྣམས་ཚོད་དཔག་བྱེད་ཐུབ་པ། དེའི་ཐོག་ནས་མ་འོངས་པར་འགྱུར་བ་གང་འདྲ་ཞིག་གཏང་དགོས་པ། དེ་ཡང་གལ་ཆེ་ཤོས་ནི་འགྱུར་བ་གཏོང་མཁན་ནམ་འགྱུར་བ་གཏོང་བའི་འབད་རྩོལ་བྱེད་མཁན་གྱི་གང་ཟག་དེ་རང་ཉིད་འགྱུར་བ་དེའི་ངོ་བོར་ཕྱིན་ཐུབ་པ་ཞིག་དགོས། དཔེར་ན་འཚེ་མེད་ཞི་བའི་ལམ་ལ་ལག་ལེན་བསྟར་མཁན་ཡིན་ན། བསམ་བློའི་ནང་ནས་བྱམས་པ་དང་སྙིང་རྗེས་དྲངས་པའི་འཚེ་བ་མེད་པའི་བློ་ཞིག་དགོས་པ་ནི་ལྟ་གྲུབ་ཀྱི་རྣམ་གཞག་དང་། དེ་རང་གི་རྒྱུད་ལ་བསྐྱེད་པར་བྱེད་རྒྱུ་ནི་དངོས་སུ་བྱ་བ་སྒྲུབ་པའི་རིམ་པ། རང་ཉིད་ཀྱི་བསམ་བློའི་ནང་ལ་དེ་དག་འགྲིགས་ནས་གཞན་ལ་བསྟན་རྒྱུ་ནི་དངོས་སུ་གཞན་གྱི་འགོ་འཁྲིད་བྱེད་སྟངས་ཡིན།
ད་ལྟ་འཇིག་རྟེན་ཁྱོན་ཡོངས་ཀྱི་གནས་བབ་ཇི་ལྟ་བུའི་ནང་ང་ཚོ་བསྡད་ཡོད་པ་དང་། གནས་བབ་དེའེི་ནང་ང་ཚོས་འབད་རྩོལ་དང་བསྒྲུབ་བྱའི་རིམ་པ་གང་དང་གང་ཡིན་པ། འགྲོ་བ་སྤྱི་ཡོངས་ཀྱི་ཆེད་དུ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་གང་ཡིན་པ། དེའི་དོན་དུ་བོད་མི་རིགས་ཀྱི་ཆེད་དུ་གང་བྱེད་ཐུབ་པ། དེ་ཡང་བཙན་བྱོལ་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་དང་གྲོང་སྡེ་དང་སློབ་གྲྭ་བཅས་ཕྱི་ལོགས་ནས་གང་བྱེད་ཐུབ་མིན་མིན་པར། ངས་གང་བྱེད་ཐུབ་པ། དེ་ཡང་ངའི་ཉིན་ཞག་ཕྲུགས་གཅིག་ནང་བྱེད་བཞིན་པའི་ཁྲོད་དུ་ཆ་མ་ཚང་བ་ཡར་རྒྱས་གཏང་རྒྱུ་གང་འདུག་བལྟ་དགོས་པ་སོགས་ཡིན། ཕ་རན་སིའི་སྦྱོང་བརྡར་ཞིང་གི་ནང་ Better self, better we, better world ཞེས་ཐོག་མར་སོ་སོ་ཡར་རྒྱས་བཏང་། དེ་ནས་ང་ཚོ་ཡར་རྒྱས་འགྲོ་རྒྱུ་ཡིན་པ། དེ་ལ་བརྟེན་ནས་འཇིག་རྟེན་སྤྱི་ཡོངས་ཡར་རྒྱས་འགྲོ་ཚུལ་ཟེར་གྱི་ཡོད། གཱཾདྷཱིས་ག་དུས་ཡིན་ནའང་སྤྱི་ཚོགས་ཀྱི་ནང་ལ་འགྱུར་བ་ཞིག་གཏོང་དུ་ཕྱིན་ན་དང་པོར་འགྱུར་བ་དེ་རང་གི་རྒྱུད་ལ་བསླེབས་ཡོད་མེད་བལྟ་དགོས་ཞེས་གསུངས་པ་ནི་བླ་ན་མེད་པའི་མན་ངག་ཅིག་རེད། ཆོས་ལ་མཚོན་ནའང་། རང་གིས་ཉམས་ལེན་མ་བྱས་པར་གཞན་ལ་བཤད་ན། རྫ་དཔལ་དགེས། རང་ལ་ཉམས་མྱོང་མེད་པའི་དཔེ་ཐོག་གི་བྲོ་རྡུང་།། ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ།། ཞེས་གསུངས་པ་ལྟ་བུ་ཆགས་ཉེན་ཡོད། དེས་ན་རང་གིས་གང་བྱེད་ཐུབ་པ་དང་། རང་གིས་ནང་མི་ལ་གང་བྱེད་དུ་འཇུག་ཐུབ་པ། དེ་ལ་བརྟེན་ནས་རང་གི་སྤྱི་ཚོགས་སམ་ཁོར་ཡུག་ཆུང་ཆུང་དེའི་ནང་གང་བྱེད་ཐུབ་པ་བཅས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་པ་དང་རྩོལ་བ་བྱེད་དགོས། དེ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ཀྱི་ནང་ལ་གནས་ཚུལ་འདྲ་མིན་སྣ་ཚོགས་འབྱུང་སྐབས་དོ་སྣང་བྱེད་དགོས་པ་དང་ལྷན་དུ་སོ་སོའི་ངོས་ནས་ཕན་ཐོགས་ཡོད་པ་བྱེད་རྒྱུ་དང་། རང་དང་བློ་མཐུན་རྣམས་ལ་ག་རེ་བྱེད་རྒྱུར་བཀོད་ཐུབ་པ་སོགས་མགོ་ཆུང་ས་ནས་བཙུགས་ན་ཕུགས་རྒྱང་རིང་པོའི་བར་དུ་འགྲོ་ཐུབ་པའི་རེ་བ་ཡོད་རེད། ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ནའང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱང་རྒྱུ་འདི་དེ་རང་ལ་བསྡད་པའི་དོན་དུ་མིན་པར་ཕྱིན་དྲུག་བསྡུ་བཞིའི་བར་དུ་འགྲོ་དགོས་པ་ལྟ་བུ་རེད། དངོས་གནས་རང་གི་བསམ་བློ་ལ་རང་ཉིད་ཀྱིས་དབང་བསྒྱུར་བའི་ཐོག་ནས་དེའི་ནུས་པས་གཞན་གྱི་བསམ་བློར་འགྱུར་བ་གཏང་ཐུབ་པའི་འབད་རྩོལ་བྱེད་རྒྱུ་དེ་བསམ་བློའི་མགོ་འཁྲིད་བྱེད་སྟངས་ཀྱི་འགྲོ་སྟངས་ཤིག་རེད། གོང་དུ་ཛར་ཛོར་མང་པོ་བྱུང་བར་དགོངས་འགལ་མེད་པ་ཞུ་རྒྱུ་དང་། ཁྱེད་ཚོ་ཚང་མ་སྐུ་གཟུགས་བདེ་པོ་དང་། འཇིག་རྟེན་ནང་ནད་ཡམས་རྣམས་མྱུར་དུ་ཆད་ནས་ང་ཚོ་སྔོན་མ་བཞིན་འགྲོ་བསྐྱོད་བདེ་པོ་དང་འཛོམས་འཛོམས་ཡང་ཡང་བྱེད་ཐུབ་པའི་རེ་བ་དང་སྨོན་ལམ་རྒྱག་གི་ཡོད། ཐུགས་རྗེ་ཆེ།། །།
(ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ ཉིན་སྔ་དྲོ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་གྱིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཕྱི་དྲོ་རྭ་ཆེ་གཉིས་པའི་ལྕང་རྒྱབ་ཁང་གསར་གྱི་ཚོགས་ཁང་དུ་སྤྱི་ཚོགས་ནང་བསམ་བློའི་མགོ་འཁྲིད་ཇི་ལྟར་བྱེད་དགོས་ཐོག་གསུང་བཤད་ཞུས་པ་བཞིན་གནང་བ་ཞིག་ཡིན། གསུང་བཤད་ཡིག་འབེབས་པ་ནི་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་ཝཱ་ཎ་སློབ་ཟུར་ལྷག་པ་དོན་གྲུབ་ཡིན།)