༈ སྐྱབས་འགྲོའི་སྐོར།
༄༅།། ད་ལྟ་བཤད་རྒྱུ་དེ་སྐྱབས་འགྲོའི་སྐོར་རེད། སྐྱབས་འགྲོའི་སྐོར་ནི་ནང་པའི་སློབ་ཚན་ལ་སློབ་སྦྱོང་བྱེད་མཁན་ཚང་མས་ཡག་པོ་ཤེས་དགོས་པ་དང་སྔོན་དང་པོར་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཤེ་ན། སྐྱབས་འགྲོ་ནི་ནང་པའི་བསྟན་པ་ལ་འཇུག་པའི་སྒོ་ཡིན་ཞེས་བརྗོད། སྤྱིར་བཏང་ནས་ཆོས་ལུགས་སམ་བསྟན་པ་ཇི་འདྲ་ཞིག་ཡིན་ནའང་ཚང་མར་སྐྱབས་འགྲོ་ཡོད་པ་ཙམ་དུ་མ་ཟད། སྐྱབས་སུ་འགྲོ་ཚུལ་མི་འདྲ་བའི་ཐོག་ནས་སྐྱབས་འགྲོ་བྱེད་ཀྱི་ཡོད། ནང་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དེ་གང་གི་སྒོ་ནས་ཁྱད་པར་ཕྱེ་ཞེ་ན། སྐྱབས་ཡུལ་ངོས་འཛིན་སྟངས་དང་སྐྱབས་སུ་འགྲོ་ཚུལ་གྱི་སྒོ་ནས་མི་འདྲ་བ་རེད། གང་ཟག་རང་ལས་ཐ་དད་པའི་ཕྱིའི་སྐྱབས་གནས་རྐྱང་པ་ལ་སྐྱབས་ཡུལ་ངོས་མི་བཟུང་བ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད། སོ་སོས་གང་ཡང་བྱེད་མ་དགོས་པར་དད་པ་དང་ཡིད་ཆེས་ཁོ་ནའི་ངང་ནས་སྐྱབས་ཡུལ་གྱིས་སྐྱབས་ཐུབ་ཀྱི་རེད་ཅེས་མི་བསམ་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་ཚུལ་རེད།
དེས་ན་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་མ་སྐྱེ་བ་དང་། སྐྱབས་འགྲོའི་གནས་སྟངས་ཡག་པོ་མ་ཤེས་པ། སྐྱབས་སུ་འགྲོ་ཚུལ་དེ་མ་ཤེས་པ་ཡིན་ན་ནང་པའི་གྲལ་དུ་མི་ཚུད་པ་རེད། ང་ཚོའི་གྲྭ་སར་ཚོགས་གཏམ་གྱི་རྒྱུན་ནང་། གནས་བརྟན་ཞལ་མར་གཟིགས། ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་པ་དེ་འདྲ་ཡོད་ཅེས་གསུང་སྲོལ་ཡོད། རབ་བྱུང་རྒས་འཁོགས་ཆགས་ནས་གྲལ་མགོར་ཞལ་མར་གཟིགས་མཁན་ཆགས་ཚར་ནའང་། སྐྱབས་འགྲོ་ཡག་པོ་མ་ཤེས་པ་ཡིན་ན་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་ཀྱི་མེད། དེས་ན་ནང་པ་སངས་རྒྱས་པ་ཡིན་ཟེར་མཁན་ཚོའི་ནང་དུའང་དཀོན་མཆོག་གསུམ་གྱི་རྣམ་གཞག་ངོ་མི་ཤེས་མཁན་མང་པོ་ཡོད་རེད། ང་ཚོ་ཙམ་མ་ཟད། ཉན་ཐོས་ཐེག་པའི་ནང་པའི་ཡུལ་གྲུའི་ནང་དུའང་སྐྱབས་གནས་འཇོག་ཚུལ་དེ་ཤེས་མཁན་དཀོན་པོ་དང། ལྷག་པར་དུའང་རྒྱ་གར་གྱི་ནང་པ་གསར་པའི་རིགས་དེ་དག་གིས་སྐྱབས་འགྲོ་ཁ་ནས་བཏོན་ཡང་སྐྱབས་ཡུལ་དང་སྐྱབས་འགྲོའི་རྒྱུ་ངོས་བཟུང་མ་ཤེས་པར་ལྷག་པ་མང་པོ་རེད། གཅིག་བྱས་ན་ང་ཚོའི་སློབ་གྲྭ་བའི་ནང་དུའང་དཀོན་མཆོག་གསུམ་ངོས་མ་འཛིན་མཁན་མང་པོ་ཡོད་སྲིད། བོད་དུ་མཚར་གཏམ་བཤད་རྒྱུ་ཞིག་ལ། མི་ཞིག་གིས་སྡེ་པ་གཞུང་གི་སྐུ་དྲག་མཁས་པ་ཧ་ཅང་ཆེན་པོ་ཡིན་དགོངས་མཁན་ཞིག་ལ་དཀོན་མཆོག་གསུམ་གང་དུ་ཡོད་ཅེས་དྲིས་པར། སྐུ་དྲག་དེས་དཀོན་མཆོག་གསུམ་ནི་མི་མངོན་ནམ་མཁའི་དབྱིངས་སུ་ཤེལ་གྱི་ཁང་པའི་ནང་དུ་ཁྲ་ཐིང་ངེར་བཞུགས་ཡོད་ཅེས་བཤད་ཚུལ་ཡོད། དེ་ལྟ་བུ་ཆགས་ན་ཧ་ཅང་ཐབས་སྐྱོ་པོ་རེད།
སྐྱབས་འགྲོ་དེ་མདོར་བསྡུས་ནས་སྐར་མ་བཞི་བཅུ་ཞེ་ལྔའི་ནང་བཤད་རྒྱུའི་ཐབས་ཤེས་བྱས་ན། དང་པོ་སྐྱབས་སུ་འགྲོ་བའི་རྒྱུ་ངོས་གཟུང་དགོས། དེ་ནི་སྐྱབས་འགྲོ་ཡོང་བའི་རྒྱུ་ཆ་ཇི་ལྟར་བསག་དགོས་མིན་དེ་རེད། གཉིས་པ་སྐྱབས་སུ་འགྲོ་བའི་ཡུལ་དེ་རེད། དེ་ནི་སྐྱབས་སུ་འགྲོ་བའི་རྒྱུ་དེ་རྒྱུད་ལ་སླེབས་ན་ཡུལ་ཇི་འདྲ་ཞིག་ལ་སྐྱབས་སུ་འགྲོ་དགོས་པ་དེ་རེད། གསུམ་པ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་དེ་རེད། བཞི་པ་སྐྱབས་སུ་འགྲོ་བའི་བསླབ་བྱ་དེ་རེད། དེ་ནི་སྐྱབས་སུ་འགྲོ་ཟིན་ནས་བསླབ་བྱ་གང་ལ་བསླབ་དགོས་པའམ་བླང་དོར་ཇི་ལྟར་བྱེད་དགོས་མིན་དེ་རེད། དེ་བཞིའི་ནང་བསྡུས་ནས་ཞུ་རྒྱུའི་འབད་རྩོལ་བྱ་རྒྱུ་ཡིན། དེ་བཞི་པོའང་ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་པ་རེད།
དང་པོ་སྐྱབས་སུ་འགྲོ་བའི་རྒྱུ་ནི་སོ་སོའི་རྒྱུད་ལ་བསྒྲུབ་དགོས། གལ་ཏེ་སོ་སོའི་རྒྱུད་ལ་སྐྱབས་སུ་འགྲོ་བའི་རྒྱུ་གཉིས་མ་ཚང་ན་འབྲས་བུ་སྐྱབས་འགྲོ་ཡོང་རྒྱུ་མེད། སྐྱབས་འགྲོའི་རྒྱུ་ནི་འཇིགས་པ་དང་ཡིད་ཆེས་བཅས་གཉིས་རེད། ཐོག་མར་འཇིགས་སྣང་ཞིག་མེད་ན་སྐྱབས་སུ་འགྲོ་འདོད་ཡོང་གི་མ་རེད། སྐྱབས་ཞེས་པ་དགོས་པ་ནི་སོ་སོས་མ་འཇོན་པར་གཞན་ཞིག་ལ་རོགས་བཙལ་དགོས་པ་དེ་རེད། དེས་ན་སོ་སོ་འཇིགས་པ་ཐམས་ཅད་དང་བྲལ་བ་ཡིན་ན་སྐྱབས་བཙལ་དགོས་དོན་མེད། སོ་སོས་ཁུངས་མ་འཁྱོལ་བར་གཞན་ལ་སྐྱབས་བཙལ་དགོས་པ་ནི་འཇིགས་པ་ཡོད་པའི་དབང་གིས་རེད། གལ་ཏེ་འཇིགས་པའི་དབང་གིས་སྐྱབས་སུ་འགྲོ་འདོད་ཅིག་ཡོད་ནའང་། སྐྱབས་སུ་འགྲོ་བའི་སྐྱབས་གནས་དེ་ལ་སྐྱོབ་པའི་ནུས་པ་ཡོད་པའི་ཡིད་ཆེས་ཀྱི་དད་པ་མེད་ན་སྐྱབས་འགྲོ་མི་ཡོང་ཞིང་། དེ་ལ་སྐྱབས་སུ་འགྲོ་སྟངས་མི་ཤེས། དེས་ན་རང་ཉིད་ལ་འཇིགས་སྣང་ཞིག་ཡོད་པ་དང་། སྐྱབས་གནས་དེ་ལ་འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པའི་ཡིད་ཆེས་ཡོད་པ་བཅས་འཇིགས་པ་དང་ཡིད་ཆེས་གཉིས་ཚོགས་ན་སྐྱབས་འགྲོའི་རྒྱུ་ཚང་བ་རེད། འཇིགས་པ་དང་ཡིད་ཆེས་མེད་ན་སྐྱབས་འགྲོའི་རྒྱུ་མ་ཚང་བ་རེད། དཀོན་མཆོག་ལ་འཇིགས་པ་ལས་སྐྱོབ་ནུས་པའི་ཡིད་ཆེས་ཡོད་ནའང་། རང་ཉིད་ལ་འཇིགས་པ་མེད་ན་སྐྱབས་འགྲོ་མེད། སངས་རྒྱས་འཕགས་པའི་རྒྱུད་ལ་སྐྱབས་འགྲོ་མེད་ཅེས་བརྗོད་དགོས་དོན་ནི་སངས་རྒྱས་འཕགས་པ་ལ་འཇིགས་པ་མེད་པས་རེད། དེ་བཞིན་འཇིགས་པ་ཡོད་ནའང་འཇིགས་པ་དེ་ལས་སྐྱོབ་མཁན་དཀོན་མཆོག་ཡིན་པའི་ཡིད་ཆེས་མེད་ན་སྐྱབས་འགྲོའི་རྒྱུ་གཅིག་མ་ཚང་བ་རེད།
འཇིགས་པ་ཇི་འདྲ་ཞིག་ཡོད་པ་དེའི་དབང་གིས་སྐྱབས་འགྲོ་ལ་ཁྱད་པར་འགྲོ་བ་རེད། དཔེར་ན་རང་ཉིད་སྐྱེ་བ་ཕྱི་མའི་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ནས་སྐྱབས་འགྲོ་བྱེད་ན་དེ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་རེད། རང་ཉིད་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ནས་སྐྱབས་འགྲོ་བྱེད་ན་དེ་ནི་སྐྱེས་བུ་འབྲིང་གི་སྐྱབས་་འགྲོ་རེད། རང་ཉིད་སྲིད་པ་དང་ཞི་བ་གཉིས་ཀ་ལ་འཇིགས་པ་དང་། དེ་ཡང་རང་ཉིད་གཅིག་པུ་མིན་པར་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་གཉིས་ཀྱི་ཉེས་པ་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ནས་སྐྱབས་འགྲོ་བྱེད་ན་དེ་ནི་ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་རེད། དེས་ན་འཇིགས་པ་དང་ཡིད་ཆེས་ཀྱི་ཁྱད་པར་གྱིས་ཐེག་པ་གསུམ་གྱི་སྐྱབས་འགྲོ་དང་སྐྱེས་བུ་གསུམ་གྱི་སྐྱབས་འགྲོའི་དབྱེ་བ་ཕྱེ་བ་མ་གཏོགས། སྐྱབས་སུ་འགྲོ་ཚུལ་ལ་མི་འདྲ་བ་མེད། མདོར་ན་འཇིགས་པ་དང་ཡིད་ཆེས་གཉིས་པོ་སྐྱབས་འགྲོའི་རྒྱུ་དང་། འཇིགས་པ་ལ་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་པ། སྲིད་པ་དང་ཞི་བའི་ཉེས་པ་ལ་འཇིགས་པ་བཅས་གསུམ་རེད།
གཉིས་པ་སྐྱབས་འགྲོའི་ཡུལ་གང་ཡིན་ཞེ་ན། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསུངས་པ་བཞིན་ནང་པ་སངས་རྒྱས་པའི་སྐྱབས་གནས་ཀྱི་ཡུལ་ལ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གསུམ་རེད། དེ་གསུམ་སྐྱབས་གནས་སུ་བཞག་པའི་རྒྱུ་མཚན་གང་རེད་ཅེ་ན། སངས་རྒྱས་མེད་ན་སྐྱབས་སྟོན་པ་པོ་མེད་ཅིང་། སངས་རྒྱས་ཀྱིས་སྐྱབས་བསྟན་དགོས། ཆོས་མེད་ན་སྐྱབས་དངོས་མེད་ཅིང་། དངོས་གནས་སྐྱབས་ཀྱི་བྱ་བ་དེ་ཆོས་ཀྱིས་བྱེད་དགོས། དགེ་འདུན་མེད་ན་སྐྱབས་སྒྲུབ་པའི་ཟླ་གྲོགས་མེད་ཅིང་། རང་ཉིད་གཅིག་པུས་སྒྲུབ་མི་ཐུབ། དཔེར་ན་ནད་པ་ལ་སྨན་པ་དང་། སྨན། ནད་གཡོག་ལྟ་བུ་རེད། ན་ཚ་ལ་དངོས་གནས་ཕན་མཁན་དེ་སྨན་རེད་མ་གཏོགས། སྨན་པ་དང་ནད་གཡོག་གིས་ན་ཚ་ལ་ཕན་རྒྱུ་མེད། དེ་བཞིན་ང་ཚོ་འཁོར་བ་དང་ངན་སོང་ལས་ཐར་བར་བྱེད་པ་ལ་སྐྱབས་སྟོན་པ་པོ་དང་། སྐྱབས། ཟླ་གྲོགས་བཅས་ཡག་པོ་བྱུང་ན་གཞི་ནས་སྐྱབས་གནས་དེ་ཆ་ཚང་བ་རེད། དེ་ལྟར་སྐྱབས་གནས་ལ་དཀོན་མཆོག་གསུམ་དུ་བཞག་པ་རེད།
སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་གཞུང་ཆེན་པོ་ནས་བྱུང་བ་བཞིན་འདུས་མ་བྱས་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་དཀོན་མཆོག་དང་། བསམ་མེད་གཉིས་མེད་རྟོག་མེད་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཆོས་དཀོན་མཆོག རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་དགེ་འདུན་དཀོན་མཆོག་ཅེས་བཤད་ན་གོ་དཀའ་བར་བརྟེན་དེ་ལྟར་བརྗོད་རྒྱུ་མིན། དེས་ན་སངས་རྒྱས་དཀོན་མཆོག་ནི་དོན་གཉིས་མཐར་ཕྱིན་པའི་གང་ཟག་ཅིག་གམ། ཡང་ན་སྤངས་པ་དང་རྟོགས་པ་མཐར་ཕྱིན་པའི་གང་ཟག་ཅིག་ལ་ཟེར། གང་ལྟར་རང་དོན་སྤངས་པ་ཕུན་ཚོགས་དང་གཞན་དོན་རྟོགས་པ་ཕུན་ཚོགས་ཐོབ་ཟིན་པ་ལ་བརྗོད། གོ་སླ་བར་བཤད་ན། ཚུར་ཐོབ་དགོས་པའི་ཡོན་ཏན་ཆ་ཚང་བ་ཐོབ་ཟིན་པ་དང་། ཕར་སྤང་དགོས་པའི་སྐྱོན་ཆ་ཚང་སྤངས་ཟིན་པ་ལ་སངས་རྒྱས་དཀོན་མཆོག་ཟེར། བཀའ་གདམས་གོང་མ་ཚོའི་གསུང་རྒྱུན་ལ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞེས་བྱུང་བ་བཞིན་སྐྱོན་གྱི་རིགས་མཐའ་དག་ཟད་ཟིན་པ་དང་། ཡོན་ཏན་གྱི་རིགས་ཐམས་ཅད་རྫོགས་ཟིན་པ་ལ་སངས་རྒྱས་ཞེས་བརྗོད། དཔེར་ན། ཉན་ཐོས་དགྲ་བཅོམ་པ་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་མང་པོ་ཡོད་ཀྱང་། ཤེས་བྱའི་སྒྲིབ་པ་སྤངས་མེད་པ་དང་། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྙེད་མེད་པར་བརྟེན། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞེས་པ་ཆགས་མེད། དེ་ནི་རང་གི་དོན་དུ་ཉོན་མོངས་ཙམ་སྤངས་ནས་འཁོར་བ་ལ་སྐྱེ་བ་བླང་མི་དགོས་པ་ཙམ་ལས། དེ་ལས་སྤྲོས་པའི་གཞན་དོན་སྒྲུབ་པའི་ཡན་ལག་ཚང་མེད་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་མེད། ཆོས་དཀོན་མཆོག་ནི་དེ་ལྟ་བུ་སངས་རྒྱས་འཐོབ་བྱེད་ཀྱི་ལམ་གྱི་ངོ་བོར་གྱུར་པའི་འཕགས་ལམ་གྱི་རིགས་ཐམས་ཅད་དང་། ཉན་རང་གི་མཐོང་ལམ་ཡན་ཆད་ནས་འཕགས་པའི་ལམ་གྱི་བདེན་པ་གང་ཡིན་པ་ཐམས་ཅད་ལ་ཟེར། ཉན་ཐོས་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ་དང་། རང་རྒྱལ་གྱི་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ། ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་མི་སློབ་ལམ་གསུམ་བཅས་ལམ་གྱི་བདེན་པ་རྣམས་ཆོས་དཀོན་མཆོག་རེད། ལམ་དེས་དངོས་གཉེན་བྱས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་དགོས་ཤིང་། མཐོང་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་རྣམས་མཐོང་ལམ་གྱིས་སྤོང་བ་དང་། སྒོམ་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་རྣམས་སྒོམ་ལམ་གྱིས་སྤོང་བ་ན་སློབ་པའི་ལམ་ལས་འདས་ནས་མི་སློབ་པའི་ལམ་དུ་སླེབས་པ་རེད། དེ་ལྟ་བུའི་ལམ་གྱི་བདེན་པ་ཐམས་ཅད་ཆོས་དཀོན་མཆོག་དངོས་ཡིན། དེ་ལ་ཆོས་དཀོན་མཆོག་དངོས་ཞེས་བརྗོད་དགོས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་དངོས་གཉེན་ནམ་སྤངས་ཟིན་པ་དེ་སླར་མི་སྐྱེ་བར་བྱེད་པའི་རང་བཞིན་ཡིན་ཙང་རེད། དེ་བཞིན་ལམ་དེ་དང་དེས་རང་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་སྤངས་པའམ་གྲོལ་བ་ཐོབ་པ་ལ་འགོག་པའི་བདེན་པ་ཟེར། དེས་ན་འགོག་བདེན་དང་ལམ་བདེན་གཉིས་ཆོས་དཀོན་མཆོག་དངོས་དེ་རེད། དགེ་འདུན་དཀོན་མཆོག་ནི་འཕགས་པའི་ལམ་རྒྱུད་ལ་སྐྱེས་ཟིན་པའི་གང་ཟག་ཅིག་ལ་ཟེར། འཕགས་པའི་སྐྱེས་བུ་ཐམས་ཅད་དགེ་འདུན་དཀོན་མཆོག་གི་གྲས་སུ་གཏོགས། དེ་ནི་རིག་པ་དང་གྲོལ་བའི་ཡོན་ཏན་ཐོབ་ནས་མཐོང་ལམ་ཡན་གྱི་ལམ་རྙེད་པའི་གང་ཟག་རྣམས་འཕགས་པའི་གང་ཟག་རེད། འཕགས་པའི་གང་ཟག་དང་འཕགས་པའི་དགེ་འདུན་གཉིས་གཅིག་པ་རེད། མདོར་ན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྐྱེས་བུ་སངས་རྒྱས་འཕགས་པ་ལ་སངས་རྒྱས་དཀོན་མཆོག་དང་། ལམ་གྱི་བདེན་པ་དང་འགོག་པའི་བདེན་པའི་རིགས་སུ་གནས་པའི་ཆོས་རྣམས་ལ་ཆོས་དཀོན་མཆོག འཕགས་པའི་ལམ་ཐོབ་པའི་གང་ཟག་རྣམས་དགེ་འདུན་དཀོན་མཆོག་རེད། དེ་ལྟར་ཡིན་རུང་དཀོན་མཆོག་གསུམ་ནང་ཕན་ཚུན་འགལ་བ་ཡིན་མི་དགོས། དཔེར་ན། སངས་རྒྱས་འཕགས་པ་དེ་སངས་རྒྱས་ཡིན་ཙང་སངས་རྒྱས་དཀོན་མཆོག་དང། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་སློབ་པའི་ལམ་ཡིན་ཙང་ཆོས་དཀོན་མཆོག་ཀྱང་ཡིན། སངས་རྒྱས་འཕགས་པ་དེ་འཕགས་པའི་གང་ཟག་ཡིན་ཙང་དགེ་འདུན་དཀོན་མཆོག་ཀྱང་རེད། ལྡོག་པའི་ཆ་ནས་དཀོན་མཆོག་གསུམ་གྱི་དབྱེ་བ་ཕྱེ་བ་མ་གཏོགས། ངོ་བོའི་ཆ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐམས་ཅད་གཅིག་ཏུ་འདུས་པའང་ཡོད་ལ། དབྱེ་བ་ཕྱེ་ནའང་སོ་སོར་ཕྱེ་རྒྱུ་ཡོད།
དེ་བཞིན་གཤེགས་པའི་སྐུ་གཟུགས་བྲིས་སྐུ་སོགས་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་རེད། ཆོས་ཀྱི་ཚིག་དང་གསུང་རབ་གླེགས་བམ་སོགས་དང་། ཚོགས་ལམ་དང་སྦྱོར་ལམ་གྱིས་རང་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་འགོག་པ་རྗེས་མཐུན་པ་རྣམས་ཆོས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་རེད། སོ་སོ་སྐྱེ་བོའི་དགེ་སློང་བཞི་གྲྭ་ཡན་འཛོམས་པའི་དགེ་སློང་གི་དགེ་འདུན་དང་རབ་ཏུ་བྱུང་བ་ཐམས་ཅད་དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་པ་རེད། དེ་དག་ནི་དཀོན་མཆོག་གསུམ་དངོས་མིན་རུང་ཁོངས་སུ་གཏོགས་པ་ཡིན། སྐྱབས་འགྲོ་བྱེད་པའི་སྐབས་སུ་དཀོན་མཆོག་དངོས་དང་ཁོངས་སུ་གཏོགས་པ་གཉིས་ལ་དབྱེ་བ་ཕྱེ་རྒྱུ་མེད། དཀོན་མཆོག་དངོས་དེའང་སྐྱབས་ཡུལ་རེད། དེ་བཞིན་དཀོན་མཆོག་གི་ཁོངས་སུ་གཏོགས་པ་རྣམས་ཀྱང་སྐྱབས་ཡུལ་རེད། སངས་རྒྱས་དངོས་དེ་སྐྱབས་ཡུལ་ཡིན་པ་བཤད་མ་དགོས་ཀྱང་། སངས་རྒྱས་ཀྱི་སྐུ་བརྙན་ཚུན་ཆད་སྐྱབས་ཡུལ་དུ་འཇོག་དགོས། འགོག་ལམ་གྱིས་བསྡུས་པའི་ཆོས་རྣམས་སྐྱབས་ཡུལ་ཡིན་པ་ཙམ་དུ་མ་ཟད། ཆོས་སྟོན་པའི་གཞུང་དང་ཆོས་ཀྱི་གླེགས་བམ་ཚུན་ཆད་སྐྱབས་ཡུལ་ཁོངས་སུ་གཞག་དགོས། འཕགས་པའི་གང་ཟག་རྣམས་དགེ་འདུན་དཀོན་མཆོག་ཡིན་པ་མ་ཟད། སོ་སོ་སྐྱེ་བོའི་དགེ་སློང་གི་དགེ་འདུན་དང་རབ་བྱུང་ཐམས་ཅད་ཀྱང་དགེ་འདུན་དཀོན་མཆོག་གི་ཁོངས་སུ་འཇོག་དགོས། དེས་ན་སྐྱབས་ཡུལ་ཡིན་པ་ལ་ཁྱད་པར་མེད། ང་ཚོས་སྐྱབས་སུ་འགྲོ་བའི་སྐབས་སུ་དེ་དག་དབྱེ་བ་ཕྱེ་ནས་སྐྱབས་སུ་འགྲོ་རྒྱུ་མེད།
དཀོན་མཆོག་གསུམ་སྐྱབས་ཡུལ་ཡིན་པའི་རྒྱུ་མཚན་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་སང་མང་ཆེ་བས་བསམ་བློ་ཁྱོན་ནས་མ་བཏང་བར་སངས་རྒྱས་ནི་སྐྱབས་ཡུལ་ལོས་ཡིན་ཞེས་ལྐུགས་པ་ཨུ་ཚུགས་བྱེད་མཁན་དེ་འདྲ་ཡོད་ཀྱང་། དེས་ཕན་ཐོགས་མེད། དེའི་མཐའ་དེ་གང་ལ་གཏུག་ཅེ་ན། སོ་སོ་ལ་ཐུག་པ་རེད། ང་ནང་པ་ཡིན་ཙང་ངའི་སྐྱབས་ཡུལ་སངས་རྒྱས་ཡིན་དང་ཡིན་ཞེས་བསམ་གྱི་ཡོད། ང་རང་རྒྱུ་མཚན་དུ་བཀོད་དེ་ང་ནང་པ་ཡིན་པའི་རྒྱུ་མཚན་གྱིས་སངས་རྒྱས་སྐྱབས་གནས་ཡང་དག་ཡིན་དགོས་ཀྱི་རེད་བསམ་པ་དེ་བསམ་ཚུལ་གཏི་ཐུག་རེད། དེ་འདྲའི་བསམ་ཚུལ་ཡོད་ན་ཆོས་ཀྱི་མིང་ལ་བརྟེན་པའི་ཆགས་སྡང་འདྲེན་པ་རེད། དངོས་གནས་ཆོས་ཀྱི་གནད་དོན་ཤེས་ན་ཆོས་དེ་ཆགས་སྡང་སྐྱེ་བའི་རྒྱུ་ལ་རྩ་བ་ནས་འགྲོ་ཐབས་མེད། ཆགས་སྡང་སྐྱེ་བའི་རྒྱུར་འགྲོ་བའི་དངོས་པོ་ཞིག་འདུག་ན་དེ་ནི་ཆོས་མིན། དཔེར་ན་ང་ཚོ་ནང་པ་ཡིན་བསམ་གྱི་ཡོད། ཁྱེད་ཚོའི་མདུན་དུ་ནང་པ་ཟེར་བ་དེ་བྱབ་མེད། ཐབས་ཆག་ཅིག་རེད། སངས་རྒྱས་ཟེར་བ་དེ་ཟོག་བརྫུ་ཞིག་རེད་ཅེས་བརྗོད་ན། ཧ་ཅང་ཁོང་ཁྲོ་ལངས་ཀྱི་ཡོད། དེ་ནི་ནང་པའི་ཆོས་ལ་ང་དང་ང་ཡིར་འཛིན་པའི་བློས་རྦད་དེ་བཟུང་ནས་སྙིང་རྗེའི་ཚབ་ཏུ་ཁོང་ཁྲོ་སྐྱེ་བ་ནི་ང་ཚོའི་ཆོས་དང་སེམས་རྒྱུད་ཀྱི་འབྲེལ་བ་དེ་རྩ་བ་ནས་མེད་པའི་རྟགས་རེད། དེས་ན་འཛམ་གླིང་ཡོངས་རྫོགས་ལ་དཀའ་ངལ་ཡོང་གཞི་ནི་ཆོས་དང་གང་ཟག་གི་བར་དུ་རྒྱང་བད་མི་ཤོང་བ་ཙམ་རེ་འདུག་ཅེས་བཀའ་གདམས་གོང་མ་ཚོས་གསུངས་པ་དེ་རང་རེད། ཆོས་དང་གང་ཟག་གཉིས་མཉམ་དུ་འདྲེས་ན་ཆོས་ལ་བརྟེན་ནས་ཉོན་མོངས་ཉུང་དུ་མ་སོང་ནའང་འཕེལ་བ་མེད། ཕྱོགས་གཞན་ནས་བཤད་ན། ཉོན་མོངས་དང་། ཆགས་སྡང་། ཁོང་ཁྲོ་འཕེལ་བའི་རྒྱུ་ཞིག་འདུག་ན་དེ་ནི་ཆོས་མ་རེད། ལྷ་ཁང་ཞིག་ལ་བརྟེན་ནས་ཁོང་ཁྲོ་འཕེལ་གྱི་འདུག་ན་ང་ཚོས་ལྷ་ཁང་དེ་ཆོས་ཀྱི་དོན་དུ་བསམ་བློ་གཏོང་གི་མེད་ལ། དཀོན་མཆོག་གི་རྟེན་བཀྲམས་པའི་ཆེད་དུ་བསམ་བློ་གཏོང་གི་མེད། ལྷ་ཁང་འདི་ངའི་ཡིན་པར་བརྟེན། ངའི་ལྷ་དེ་འཇོག་དགོས་བསམ་པ་ནི་ངར་འཛིན་དེ་རེད་མ་གཏོགས། ཆོས་ཀྱི་གནས་ལུགས་དེ་མ་རེད།
སངས་རྒྱས་སྐྱབས་སུ་འོས་པའི་རྒྱུ་མཚན་གང་རེད་ཅེ་ན། རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་བཅས་བཞི་ནི་རྒྱུ་མཚན་གཙོ་བོ་དེ་རེད། སངས་རྒྱས་དཀོན་མཆོག་རང་ཉིད་ལ་སྲིད་པ་དང་ཞི་བའི་འཇིགས་པ་གང་ཡང་མེད་པར་འཇིགས་པ་ཐམས་ཅད་ལས་གྲོལ་བ་རེད། དེ་ནས་གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཐབས་ལ་མཁས་པ་ཞིག་ཀྱང་རེད། གལ་ཏེ་གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཐབས་ལ་མཁས་པ་ཡོད་ཀྱང་། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་ཞིག་མེད་ན། ཁ་ཤས་སྐྱོབ་པ་དང་། ཁ་ཤས་མི་སྐྱོབ་པའང་ཡོང་སྲིད། དེ་ནས་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ནི་སངས་རྒྱས་ལ་དགའ་བ་དང་མི་དགའ་བའམ་ཕན་བཏགས་པ་དང་གནོད་པ་བྱེད་མཁན་ལ་ཉེ་རིང་མེད་པར་དོན་མཛད་པ་རེད། དེ་དག་བཞི་པོ་ནི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་རེད། དཔེར་ན། ཆུས་འཁྱེར་བའི་མི་དེས་སྐྱབས་དེ་ཇི་འདྲ་ཞིག་ལ་བཙལ་དགོས་ཤེ་ན། ཆུའི་ནང་མ་ལྷུང་བའི་མི་ཞིག་ལ་སྐྱབས་བཙལ་རྒྱུ་དེ་རེད། ཆུའི་ནང་དུ་མཉམ་དུ་ལྷུང་བ་དེས་སྐྱོབ་མི་ཐུབ། དེས་ན་སོ་སོ་འཇིགས་པ་དེ་ལས་གྲོལ་བ་མེད་ན་གཞན་འཇིགས་པ་ལས་བསྐྱབ་རྒྱུ་བསྡད་མེད་པར་བརྟེན། རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་དགོས་རྒྱུ་དེ་རེད། ཆུའི་ནང་ལྷུང་བ་ཞིག་སྐྱོབ་དགོས་བྱུང་ན་ཆུའི་ནང་མ་ལྷུང་བ་ཞིག་གིས་བསྐྱབ་རྒྱུ་མ་གཏོགས། ལྷུང་བ་གཅིག་པ་ཞིག་གིས་སྐྱོབ་མི་ནུས་པ་ལྟ་བུ་རེད། རང་ཉིད་ཆུའི་ནང་མ་ལྷུང་བར་ཆུའི་འགྲམ་དུ་བསྡད་ཡོད་ནའང་རྐྱལ་མ་ཤེས་མཁན་དང་ཚུར་འཐེན་མ་ཤེས་མཁན་ཞིག་ཡིན་ན། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མ་མཁས་པ་རེད། དཔེར་ན་སངས་རྒྱས་ལྟ་བུ་སྲིད་ཞིའི་འཇིགས་པ་ལས་གྲོལ་ནའང་སེམས་ཅན་གཞན་སྲིད་ཞིའི་འཇིགས་པ་ལས་སྒྲོལ་བའི་ཐབས་སྟོན་པ་ལ་མཁས་པ་དེ་མེད་ན་སྐྱོབ་ཤེས་སྟངས་མེད། རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཐབས་ལ་མཁས་པ་ཡིན་ནའང་། བརྩེ་བ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་ཞིག་མེད་ན། དཔེར་ན་དགྲ་བོ་ཞིག་ཆུས་འཁྱེར་བ་ལ་རྗེས་སུ་ཡི་རངས་བྱེད་པ་མ་གཏོགས། ཆུ་ནས་འདོན་ཐབས་མི་བྱེད་པ་དང། དེ་བཞིན་གཉེན་ཞིག་ཆུས་འཁྱེར་བ་ལ་ཐབས་ཤེས་ཡོད་རྒུས་སྐྱོབ་ཐབས་བྱེད་པ་རེད། དེ་ལྟར་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་ཞིག་མེད་ན་སྐྱབས་དེ་ལ་ཡིད་ཆེས་མེད་པ་ཆགས་རྒྱུ་རེད། དེ་ནས་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་ཙམ་གྱིས་མི་འགྲིགས་པར། ཕན་བཏགས་པ་དང་མ་བཏགས་པ་ཐམས་ཅད་ཀྱི་དོན་དེ་དུས་ལས་མི་ཡོལ་བར་མཛད་མཁན་ཞིག་དགོས། དེ་ལྟ་བུའི་ཡོན་ཏན་བཞི་པོ་དེ་ཚང་ན་སྐྱབས་སུ་འོས་པ་རེད། དེས་ན་སངས་རྒྱས་བཅོམ་ལྡན་འདས་ནི་རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། གཞན་འཇིགས་པ་ཐམས་ཅད་ལས་གྲོལ་བའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་བཅས་ཡིན་པར་བརྟེན་སྐྱབས་སུ་འོས་པ་རེད།
དེ་ལྟ་བུའི་ཚད་མའི་སྐྱེས་བུས་གསུངས་པའི་ལམ་གྱི་བདེན་པ་དེས་ཉོན་མོངས་པའི་དངོས་གཉེན་བྱེད་ཐུབ་པ་དེ་ཡིད་ཆེེས་བྱེད་ཆོག དེས་ན་ལམ་གྱི་བདེན་པ་དེས་ཉོན་མོངས་པའི་དངོས་གཉེན་བྱེད་པའི་ངེས་པ་རྙེད་ན་ལམ་དེས་དྲངས་པའི་བྲལ་འབྲས་འགོག་བདེན་མཚན་ཉིད་པ་ཡིན་པ་བཤད་མ་དགོས། གལ་ཏེ་ལམ་བདེན་ཡག་པོ་ཡོད་ན་ལམ་བདེན་དེས་བྲལ་བའི་བྲལ་འབྲས་ཡག་པོ་ཡོད་པ་སྨོས་ཅི། དཔེར་ན་སྨན་ཡག་པོ་ཡོད་ན་ནད་བྲལ་བའི་བྲལ་བ་དེ་སོ་སོས་ཉམས་སུ་མྱོང་ཐུབ། དེས་ན་ལམ་བདེན་གྱིས་སྤངས་པའི་འགོག་བདེན་དེ་ང་ཚོས་ཉམས་སུ་མྱོང་རྒྱུ་ཡོད།
དེ་ལྟ་བུའི་འགོག་ལམ་གྱི་ཆོས་རྒྱུད་ལ་ལྡན་པའི་གང་ཟག་དེའང་ཚད་ལྡན་ཡིན་པ་དང་སྐྱབས་སུ་འོས་པར་བརྟེན། དགེ་འདུན་དཀོན་མཆོག་རེད། དེ་བཞིན་སོ་སོའི་སྐྱེ་བོའི་དགེ་སློང་གི་དགེ་འདུན་དེའང་དགེ་འདུན་དཀོན་མཆོག་དང་མཚུངས་སྟངས་ནི། སོ་སོ་སྐྱེ་བོའི་དགེ་འདུན་ལ་མཆོད་པ་འབུལ་ན་འཕགས་པའི་དགེ་འདུན་ལ་མཆོད་པ་འབུལ་བ་དང་མཉམ་པའི་བསོད་ནམས་ཐོབ་པ་རེད། དེ་བཞིན་སོ་སོ་སྐྱེ་བོའི་དགེ་འདུན་ལ་གནོད་པ་བྱེད་ན་འཕགས་པའི་གང་ཟག་ལ་གནོད་པ་བྱེད་པ་དང་མཉམ་པའི་སྡིག་པ་ཐོབ་པ་ཡིན། དེས་ན་དགེ་སློང་བཞི་གྲྭ་ཡན་གྱི་དགེ་འདུན་དང་རྟགས་ཙམ་འཛིན་པ་ཡན་གྱི་དགེ་འདུན་རྣམས་དགེ་འདུན་གྱི་གྲས་སུ་གཏོང་དགོས་པ་དེ་ལྟར་རེད།
དེང་སང་ཕལ་ཆེ་བས་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་བརྗོད་སྐབས་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་སངས་རྒྱས་བྱེ་བྲག་པ་ཞིག་བསམ་བློར་འཆར་བ་མ་གཏོགས། སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་འཆར་ཐུབ་ཀྱི་མེད། ཆོས་ལ་སྐྱབས་སུ་མཆི་ཞེས་བརྗོད་སྐབས་དཔར་འདེབས་བྱས་པའི་དཔེ་ཆ་ཞིག་བློ་ལ་འཆར་བ་མ་གཏོགས། འགོག་ལམ་གྱིས་བསྡུས་པའི་ཆོས་རྣམས་བློ་ངོར་འཆར་ཐུབ་ཀྱི་མེད། དགེ་འདུན་ལ་སྐྱབས་སུ་མཆི་ཞེས་བརྗོད་སྐབས་གྲྭ་པ་ཚོགས་པའི་བསམ་བློ་མ་གཏོགས། དེ་ལས་གཞན་པའི་དགེ་འདུན་དཀོན་མཆོག་གི་བསམ་ཚུལ་རྩ་བ་ནས་རྙེད་ཀྱི་མེད། དེང་སང་རྒྱ་གར་བ་ཁ་ཤས་ཀྱིས་དགེ་སློང་གི་དགེ་འདུན་སྐྱབས་གནས་ཡིན་ན་དགེ་བསྙེན་འདུས་པ་སྐྱབས་གནས་ཅིའི་ཕྱིར་མིན། གལ་ཏེ་དགེ་བསྙེན་འདུས་པ་སྐྱབས་གནས་ཡིན་ན་མི་ཚང་མ་སྐྱབས་གནས་སུ་ཆགས་པ་རེད་ཅེས་བཤད་པ་ནི་སྐྱབས་འགྲོའི་རྣམ་གཞག་ལ་གོ་བ་ཁྱོན་ནས་མ་ཆགས་པའི་རྟགས་རེད། མདོར་ན་སྐྱབས་ཡུལ་ངོས་འཛིན་སྟངས་ནི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་མཚན་ཉིད་པ་གང་ཡིན་པ་དང་། སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་ཁོངས་སུ་གཏོགས་པ་གང་ཡིན་པ་རྣམས་ཤེས་དགོས། དེའི་ཐོག་ཏུ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར་ཤེས་དགོས།
གལ་ཏེ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར་མ་ཤེས་པར་རྒྱུ་སྐྱབས་རྐྱང་པ་སྐྱབས་ཡུལ་དུ་བཟུང་ནས་སྐྱབས་སུ་མཆི་བ་ཡིན་ན་ཕྱི་རོལ་པས་སོ་སོས་གང་ཡང་བྱེད་མ་དགོས་པར་ཁྱེད་རང་གིས་མཁྱེན་ཞེས་མགོ་འབུལ་ལུས་འབུལ་བྱེད་པ་དང་གཅིག་མཚུངས་ཆགས་པ་རེད། ང་ཚོའི་སྐྱབས་ནི་རང་གི་རྒྱུད་ལ་སྐྱེས་ནས་སོ་སོས་བསྐྱབ་རྒྱུ་རེད། སངས་རྒྱས་ལའང་སྐྱབས་སྟོན་པ་པོ་ཞེས་ཞུ་དགོས་པའང་དེ་རེད། སྐྱབས་དངོས་ཆོས་དེ་རང་གི་རྒྱུད་ལ་སྐྱེས་ནས་བསྐྱབ་རྒྱུ་རེད། སྐྱབས་དངོས་དེའང་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ལས་འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བ་རེད། འབྲས་སྐྱབས་ཞེས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་ནི་ང་ཚོའི་རྒྱུ་སྐྱབས་ཀྱི་སྐྱབས་དེ་རེད། ང་རང་ཚོ་རྗེས་སུ་སངས་རྒྱས་པའི་སྐབས་སུ་འཐོབ་རྒྱུའི་སངས་རྒྱས་ཀྱི་གོ་འཕང་དེ་འབྲས་སྐྱབས་དེ་རེད། གང་ལྟར་སོ་སོ་སངས་རྒྱས་པའི་སྐབས་སུ་འཐོབ་བྱར་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་དེ་ལ་འབྲས་སྐྱབས་ཟེར། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་སངས་རྒྱས་ཀྱི་གོ་འཕང་དེ་ཤཱཀྱ་ཐུབ་པ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ང་ལས་ནུའི་འབྲས་སྐྱབས་དང་། ང་ཚོའི་རྒྱུ་སྐྱབས་རེད། རྒྱུ་སྐྱབས་ནི་ང་ཚོ་ལ་སྐྱབས་སྟོན་པ་པོ་ཡིན་ཙང་རེད། ང་ཚོའི་འབྲས་སྐྱབས་དེ་ད་ལྟ་མེད། རྗེས་སུ་ང་ཚོའི་འཐོབ་བྱར་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་དེ་འབྲས་སྐྱབས་རེད། ད་ལྟ་མེད་པར་བརྟེན་ཇི་ལྟར་སྐྱབས་སུ་འགྲོ་དགོས་ཤེ་ན། འདིའི་སྐབས་སུ་སྔགས་ཀྱི་འབྲས་བུ་ལམ་བྱེད་ཅེས་པ་དེ་རྒྱུ་མཚན་ཆེན་པོའི་སྒོ་ནས་སླེབས་པ་རེད། ཕ་རོལ་ཏུ་ཕྱིན་པའི་སྐབས་སུའང་ད་ལྟ་ཡོད་དང་མེད་ཀྱི་སྐད་ཆ་དེ་བཤད་དགོས་མེད། སྐྱབས་གནས་དེ་སྤྱིར་བཏང་ཡོད་ནའང་འགྲིགས་ལ། དེ་ཡོང་སྲིད་པ་དེ་ཡོད་ནའང་འགྲིགས། ང་ཚོ་ནང་པས་འབྱུང་འགྱུར་གྱི་ཆ་དེ་ལ་ཧ་ཅང་གལ་ཆེན་པོར་བརྩིས་ནས་བྱེད་སྟངས་དེ་སྤྱིར་བཏང་མིའི་བསམ་བློ་འཁྱེར་སྟངས་ནང་ངོ་མཚར་ཆེན་པོ་དང་རླབས་ཆེན་པོ་བརྩི་བ་རེད། དེས་ན་ང་ཚོའི་སྐྱབས་དངོས་སམ་སྐྱོབ་པར་བྱེད་མཁན་འབྲས་སྐྱབས་དེ་ཡིན་ཙང་དེ་གལ་ཆེ་བ་རེད། ཕྱི་རོལ་པའི་བྷཀྟི་མཱརྒ་ (Bhaktimarg) དང་སྐྱབས་འགྲོ་གཉིས་ལ་སྤྱིར་བཏང་ཡིད་ཆེས་ཡོད་པ་མཚུངས་ཀྱང་། སྐྱབས་འགྲོའི་ཡིད་ཆེས་བྱེད་སྟངས་དང་བྷཀྟི་མཱརྒ་གི་ཡིད་ཆེས་བྱེད་སྟངས་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་རེད། དཔེར་ན་སྨན་ལྟ་བུ་ཞིག་འཁྱེར་ཡོང་ནས་འདི་ལ་ནད་འདི་སེལ་བའི་ནུས་པ་ཡོད་ཙང་ངས་བཟས་ནས་ནད་དྲག་པར་བྱེད་ཀྱི་ཡིན་བསམ་པའི་ཡིད་ཆེས་དེ་ནང་པའི་སྐྱབས་འགྲོ་བྱེད་སྟངས་ཀྱི་ཡིད་ཆེས་དེ་རེད། སྨན་འདི་ལ་ནད་སེལ་བའི་ནུས་པ་ཡོད་འདུག་ཀྱང་ངས་བཟའ་རྒྱུ་མིན། སྨན་འདི་ལ་མགོ་གཏུགས་ནས་བསྡད་ན་ངའི་ནད་དེ་དྲག་འགྲོ་རྒྱུ་རེད་བསམ་པ་དེ་བྷཀྟི་མཱརྒ་གི་ཡིད་ཆེས་བྱེད་སྟངས་དེ་རེད། གང་ལྟར་གཅིག་ནི་སོ་སོས་བྱེད་དགོས་པ་དང་། གཅིག་ནི་ཟུར་དུ་བཞག་ན་འགྲིགས་པ་རེད། དེས་ན་ང་ཚོ་མ་འོངས་པར་སངས་རྒྱས་པའི་ཚེ་ན་འཐོབ་བྱར་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་དེ་ང་ཚོའི་འབྲས་སྐྱབས་སུ་གྱུར་པའི་སངས་རྒྱས་དཀོན་མཆོག་དང་། ང་ཚོའི་མ་འོངས་པར་འཐོབ་བྱར་གྱུར་པའི་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་རྣམས་ང་ཚོའི་འབྲས་སྐྱབས་ཀྱི་ཆོས་དཀོན་མཆོག རྗེས་སུ་འཕགས་པའི་ལམ་ཐོབ་པའི་སྐབས་སུ་འཕགས་པའི་གང་ཟག་གི་ངོ་བོར་འགྱུར་བའི་འཕགས་པའི་གང་ཟག་དེ་ང་ཚོའི་འབྲས་སྐྱབས་ཀྱི་དགེ་འདུན་དཀོན་མཆོག་རེད། དེས་ན་འབྲས་སྐྱབས་ཀྱི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་ནི་རྒྱུ་སྐྱབས་ཀྱི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་ལས་གལ་ཆེ་བ་དང་རྩ་ཆེ་བ་ཆགས་ཡོད། ཡིན་ནའང་རྒྱུ་སྐྱབས་ལ་མ་བརྟེན་པར་དེ་ཚོ་འཐོབ་ཐབས་མེད། ད་ལྟ་ཞལ་བཞུགས་པའི་སངས་རྒྱས་ལ་བརྟེན་ནས་ང་ཚོའི་མ་འོངས་པར་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། ད་ལྟ་ཡོད་བཞིན་པའི་ཆོས་ལ་བརྟེན་ནས་ང་ཚོའི་རྒྱུད་ལ་ཆོས་དེ་སྐྱེ་དགོས། ད་ལྟ་ཡོད་བཞིན་པའི་དགེ་འདུན་ལ་བརྟེན་ནས་ང་ཚོ་དགེ་འདུན་གྱི་གྲངས་སུ་ཚུད་པར་བྱེད་དགོས།
ཁྱེད་རང་ངའི་སྐྱབས་བྱེད་རོགས་ཞེས་བརྗོད་ཀྱི་མེད། ཁྱེད་རང་ངའི་སྐྱབས་ཡིན་ཞེས་བརྗོད་ཀྱི་མེད། ང་ཁྱེད་རང་གི་སྐྱབས་སུ་འགྲོ་གི་ཡིན་ཞེས་བརྗོད་དུས་ཚིག་འདིའི་ནུས་པས་གང་བསྟན་གྱི་ཡོད་ཅེ་ན། གང་ལྟར་ངས་ཁྱེད་རང་འཐོབ་པར་བྱེད་ཀྱི་ཡིན་ཟེར་བ་དེ་རེད། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པའི་སྐབས་སུ་སངས་རྒྱས་ནང་འཛུལ་རྒྱུ་གང་ཡང་མེད། རང་གིས་འཐོབ་པར་བྱེད་རྒྱུ་དེ་རེད། ཆོས་ལ་སྐྱབས་སུ་མཆིའོ་ཞེ་ན་ཆོས་དཀོན་མཆོག་ངའི་རྒྱུད་ལ་བསྐྱེད་པར་བྱེད་ཀྱི་ཡིན། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེ་ན་དགེ་འདུན་དཀོན་མཆོག་ངའི་རྒྱུད་ལ་བསྐྱེད་པར་བྱེད་ཀྱི་ཡིན་ཞེས་པའི་དོན་རེད། གང་ལྟར་འཐོབ་བྱའི་ངོ་བོ་མཐོང་བའི་ཆ་ནས་རང་ཉིད་དེ་འཐོབ་འདོད་ཀྱི་མངོན་འདོད་ཀྱི་དད་པ་སྐྱེས་པ་དེ་སྐྱབས་སུ་འགྲོ་ཚུལ་དེ་རེད།
སྐྱབས་འགྲོའི་བསླབ་བྱ་ལ་དགག་པའི་བསླབ་བྱ་དང་སྒྲུབ་པའི་བསླབ་བྱ་བཅས་གཉིས་རེད། དགག་པའི་བསླབ་བྱ་ལ་དཀོན་མཆོག་གསུམ་ལས་གཞན་པའི་འཇིག་རྟེན་པའི་ལྷ་སོགས་སྐྱབས་གནས་སུ་ཁས་མི་བླངས་པ་དེ་གཅིག་རེད། སྐྱབས་ལ་གཉིས་འཛིན་ཤོར་བ་དེ་སྐྱབས་འགྲོ་གཏོང་བའི་རྒྱུ་རེད། དེ་ཡང་སངས་རྒྱས་ལའང་སྐྱབས་སུ་འགྲོ་གི་ཡིན། ཁྱབ་འཇུག་ལའང་སྐྱབས་སུ་འགྲོ་གི་ཡིན་བསམ་ན་གང་དུའང་མི་སླེབས། སྐྱབས་འགྲོ་གཏོང་དགོས་པའི་རྒྱུ་མཚན་ནི་སྲིད་པ་དང་ཞི་བ་ལས་སྐྱོབ་པའི་ནུས་པ་དེ་དཀོན་མཆོག་ཁོ་ན་ཡོད་པའི་ཡིད་ཆེས་དེ་བརླགས་པ་རེད། ཡིན་ནའང་དེ་དག་ལ་མ་གུས་པ་བྱེད་དགོས་པ་མེད། འཇིག་རྟེན་པའི་ལྷ་ལ་འཕྲལ་གྱི་ལས་སྒྲུབ་པའི་དོན་དུ་གཏོར་མ་གཏོང་བ་དང་བསངས་གཏོང་བ་དང་འཕྲིན་ལས་བཅོལ་བ་བཅས་བྱེད་ཆོག དེ་ཚོ་ལ་སྲིད་པ་དང་ཞི་བའི་འཇིགས་པ་ལས་འགྲོལ་བའི་ཆེད་དུ་སྐྱབས་སུ་འགྲོ་གི་མེད། གང་ལྟར་འཇིག་རྟེན་པའི་ལྷ་རྣམས་སྐྱབས་གནས་སུ་མི་བཟུང་བ་དེ་སྐྱབས་འགྲོའི་བསླབ་བྱ་གཅིག་རེད། སེམས་ཅན་ལ་གནོད་འཚེ་སྤོང་བ་ནི་སྐྱབས་འགྲོའི་བསླབ་བྱ་གཉིས་པ་དེ་རེད། སངས་རྒྱས་ལ་སྐྱབས་སུ་འགྲོ་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་འགྲོ་ནས་སེམས་ཅན་ལ་གནོད་འཚེ་སྤངས་པ། དགེ་འདུན་ལ་སྐྱབས་སུ་འགྲོ་ནས་མུ་སྟེགས་ཅན་དང་མི་འགྲོགས་པ་བཅས་སྐྱབས་འགྲོའི་དགག་པའི་བསླབ་བྱ་གསུམ་རེད། འདིེར་མུ་སྟེགས་པ་དང་མི་འགྲོགས་ཞེས་པ་ནི་མུ་སྟེགས་པ་མཉམ་དུ་སྣུམ་འཁོར་ནང་མི་འགྲོ་ཞེས་པའི་དོན་མིན་པར། མུ་སྟེགས་པའི་གནས་སུ་གནས་བཅའ་ནས་དེའི་གཞུང་ལ་སློབ་སྦྱོང་བྱས་པའམ་ལྟ་སྤྱོད་མཐུན་པར་མི་བྱེད་པའི་དོན་རེད།
སྒྲུབ་པའི་བསླབ་བྱ་ལ་རི་མོར་བྲིས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཚུན་ཆད་ལ་མ་གུས་པ་མི་བྱེད་པ་དང་། ནོར་གྱི་འདུ་ཤེས་མི་བྱེད་པ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་དང་། ཡི་གེ་ན་ཚུན་ཆད་དང་ཆོས་ཀྱི་གླེགས་བམ་ལ་བརྙས་སྨོད་དང་མི་གུས་པ་མི་བྱེད་པ་ནི་ཆོས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ། རྟགས་ཙམ་འཛིན་པའི་དགེ་འདུན་ཡན་ཆད་ལ་བརྙས་སྨོད་དང་མི་གུས་པ་མི་བྱེད་པ་ནི་དགེ་འདུན་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱ་ཡིན། དཔེར་ན། རྒྱལ་བ་འབྲོམ་སྟོན་པས་ལྷན་པ་དམར་སེར་ཞིག་ས་ལ་ཟག་པ་གཟིགས་ནའང་ལམ་སེང་དཀྲུག་དཀྲུག་གིས་དབུ་ལ་བཞག་པ་མ་ཟད་གཙང་ས་ཞིག་ཏུ་བཞག་ནས་ཚོས་གཞི་འདི་འདྲ་མཆོད་མཁན་གྱི་གང་ཟག་ལ་ཡོན་ཏན་སྣ་གཅིག་མེད་པ་མི་སྲིད་ཅེས་གསུངས་ཀྱི་ཡོད།
སྐྱབས་འགྲོ་སྤྱིའི་བསླབ་བྱ་ནི་དཀོན་མཆོག་གི་ཡོན་ཏན་དྲན་ནས་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བ་དང་། བཀའ་དྲིན་དྲན་པའི་སྒོ་ནས་རྒྱུན་དུ་མཆོད་པ་འབུལ་བ། ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་འགྲོ་བྱེད་པ་བཅས་རེད།
དེ་ལྟ་བུའི་སྐྱབས་འགྲོ་ཡང་དག་ཅིག་རྒྱུད་ལ་སྐྱེས་ན་དེའི་ཕན་ཡོན་ལ་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྡིག་པ་དག་པ། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ། ངན་སོང་དུ་མི་འགྲོ་བ། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ། ཅི་བསམ་ཆོས་དོན་གྱི་བྱ་བ་འགྲུབ་པ། མྱུར་དུ་འཚང་རྒྱ་བ་བཅས་བརྒྱད་རེད། འདི་ཡན་སྐྱབས་འགྲོའི་སྐོར་མདོར་བསྡུས་ཞུས་པ་ཡིན། ཞེས་གསུངས།།
(༡༩༩༠ ཕྱི་ཟླ་ ༢ ཚེས་ ༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་པོའི་ཁབ་ཀྱི་གཞོན་ནུ་དོན་གྲུབ་མགྲོན་ཁང་དུ་སློབ་གཉེར་བ་རྒན་པ་རྣམས་ཀྱི་དགུན་ཆོས་སུ་བསྟན་པ་སྤྱིའི་རྣམ་གཞག་ཁོངས་གསུངས་པ་ཞིག་ཡིན།)