༈ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པའི་ཐོག་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་༨ ཚེས་༡༨ ཉིན།

༄༅།། དེ་རིང་འདིར་ཟབ་སྦྱོང་དུ་ཕེབས་པའི་རྒན་ལགས་རྣམ་པ་ཚང་མར། ཐོག་མར་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་ཤེས་རིག་ལས་ཁུངས་ཀྱིས་གྲ་སྒྲིག་ཞུས་པའི་ཟབ་སྦྱོང་ལ་གལ་ཆེན་པོར་བརྩིས་ཏེ་ཐག་རིང་པོའི་སློབ་གྲྭ་མང་པོ་ནས་སྐུ་ངལ་འཛེམས་མེད་ཀྱིས་ཕེབས་པ་རེད། ཟབ་སྦྱོང་ཉིན་མང་པོ་དེའི་རིང་ཐུགས་སྣང་ཆེན་པོས་ཤེས་ཡོན་སྲིད་བྱུས་སྐོར་ལ་ཉམས་ཞིབ་དང་སློབ་སྦྱོང་གཏིང་ཟབ་གནང་རྒྱུའི་གོ་སྐབས་བྱུང་ཡོད་པར་བརྟེན།   ཟབ་སྦྱོང་དུ་མ་ཕེབས་སྔོན་གྱི་སློབ་ཁྲིད་གནང་སྟངས་དང༌། ཟབ་སྦྱོང་རྗེས་སློབ་ཁྲིད་གནང་སྟངས་ཀྱི་སྤུས་ཀའི་ཐོག་ཏན་ཏན་ཁྱད་པར་དང་ཡར་རྒྱས་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་མ་བྱུང་ན་ཟབ་སྦྱོང་རྣམས་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་ཉེན་ཡོད།

དེང་སང་ཟབ་སྦྱོང་དང༌། ལས་གྲྭབགྲོ་གླེང་ཚོགས་འདུ་སོགས་མིང་སྣ་ཚོགས་བཏགས་ཏེ་ཚོགས་འདུ་མང་པོ་ཚོགས་པའི་འབྲས་བུར་ཆོས་དྲེད་ཤོར་ཟེར་བ་བཞིན། ཤེས་ཡོན་ལའང་ཤེས་དྲེད་ལྟ་བུ་ཤོར་ན་ཕན་ཐོགས་གང་ཡང་མེད། དངོས་གནས་བྱས་ན་ཟབ་སྦྱོང་སྤྲོད་མཁན་ངོས་ནས་གྲ་སྒྲིག་གཏིང་ཟབ་ཀྱིས་ཟབ་སྦྱོང་དུ་ཕེབས་མཁན་རྣམས་ཀྱིས་སྔར་མ་གསན་པ་ཞིག་མ་གསན་ནའང་སྔར་མ་གོ་བ་ཞིག་གོ་བ་བཟོ་དགོས་པ་དེ་མེད་དུ་མི་རུང་བ་ཡིན་རུང༌། ཟབ་སྦྱོང་ནང་ང་དང་ང་འདྲ་བའི་མི་རྣམས་སྐད་གཏོང་དུས་འཛིན་གྲྭའི་ནང་མ་སླེབས་གོང་གྲ་སྒྲིག་གི་གོ་སྐབས་མེད་པར་གློ་བུར་དུ་གང་དྲན་པ་དེ་བཤད་དུས་དོན་དམ་གྱི་ཕན་ཐོགས་ཆེན་པོ་ཞིག་ཡོང་དཀའ།འོན་ཀྱང་ཤེས་ཡོན་སྲིད་བྱུས་འདི་ཟིན་བྲིས་དང་གྲོས་ཚོགས་སུ་ལན་འདེབས་སོགས་ཀྱི་སྐབས་སུ་ང་རང་ཡོད་སྟབས། རྒྱུས་མངའ་གང་འཚམས་ཡོད་རེད།དེར་བརྟེན་བང་བསྒྲིགས་ནས་བཤད་རྒྱུའི་གོ་སྒྲིག་མེད་རུང༌། རྗེས་སུ་དྲི་བ་དྲིས་ལན་གནང་སྐབས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དྲི་བ་ཡོད་ན་དེའི་རྒྱབ་ལྗོངས་གསལ་བཤད་གང་ལ་གང་འཚམས་ཞུ་ཐུབ་ཀྱི་རེད།

ད་རེས་འདིར་ཕེབས་པ་རྣམས་གཞི་རིམ་འོག་མའི་འཛིན་གྲྭ་ཁག་གི་རྒན་ལགས་རེད་ཅེས་བཀའ་གནང་སོང༌། སྤྱིར་བཏང་དེང་རབས་ཚན་རིག་གམ་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་ནང་སྔོན་འགྲོ་དང་དམའ་རིམ་འཛིན་གྲྭའི་དགེ་རྒན་རྣམས་དགེ་རྒན་གྱི་སྤྱི་ཚོགས་ནང་ནས་གལ་གནད་ཆེ་ཤོས་སུ་བརྩི་ཞིང༌། དེ་སྐབས་ཀྱི་དགེ་རྒན་རྣམས་གནས་ཚུལ་གསར་པ་ངོ་སྤྲོད་དང་ལན་བསྐྱལ་བ་ཙམ་མིན་པར་ཕྲུ་གུའི་བསམ་བློ་དང་ལུས་ཀྱི་འཚར་ལོངས་གཉིས་ཀར་མཉམ་རུབ་བྱེད་མཁན་གྱི་བློ་མཐུན་པ་ཞིག་ཆགས་ཡོད། དེར་བརྟེན་སྔོན་འགྲོ་དང་གཞི་རིམ་འོག་མའི་ནང་རྩིག་པ་ལྟ་བུའི་རྨང་གཞི་ཡག་པོ་ཞིག་བཏིང་མ་ཐུབ་པའམ་ཐིག་ཚད་ཀྱིས་མ་འགྲིགས་པར་ཀྱོག་ཀྱོག་ཅིག་ཆགས་ན། རྗེས་སུ་གཞི་རིམ་གོང་མ་དང་མཐོ་རིམ་ལ་སླེབས་སྐབས་འདུ་བྱེད་སོ་ན་མི་གནས་པ་འགྱུར་བའི་རང་བཞིན་ཡིན་སྟབས། འགྱུར་བ་གཏོང་མི་ཐུབ་ཅེས་བརྗོད་དཀའ་ཡང་ཁག་པོ་ཞིག་ཏན་ཏན་ཆགས་རྒྱུ་རེད། གལ་ཏེ་འགྱུར་བ་གཏོང་དགོས་ན། ལོ་ལྔ་དྲུག་ནང་བརྒྱབས་ཟིན་པའི་རྩིག་པ་ཆ་ཚང་བཤིག་ན་མ་གཏོགས་བཟོ་བཅོས་གཏོང་ཐབས་མེད། དེས་ན་ལྷན་རྒྱས་རྣམ་པ་ཚོ་ཕྲུ་གུར་གལ་གནད་ཆེ་བའི་སྐབས་ཀྱི་དགེ་རྒན་ཆགས་པར་བརྟེན། སློབ་སྦྱོང་དང་ཉམས་ཞིབ་གནང་རྒྱུ། དེ་བཞིན་ཟབ་སྦྱོང་དང་ཆེད་སྦྱོང་སོགས་སུ་ཡང་ཡང་ཕེབས་དགོས་པ་ཧ་ཅང་གལ་ཆེ།

ཟབ་སྦྱོང་དང་ཆེད་སྦྱོང་རྣམས་ཉིན་ལྔ་དང་བཅུ་ཙམ་གྱི་དུས་ཚོད་ངེས་ཅན་ནང་བྱ་རྒྱུ་ཞིག་རེད། དེ་ཙམ་གྱིས་དགེ་རྒན་གྱི་མི་ཚེའི་རིང་ལ་འདང་དཀའ།དེས་ན་ཟབ་སྦྱོང་དང་བསྐྱར་སྦྱོང་རྣམས་ཉིན་ལྟར་གནང་དགོས་པ་ཞིག་རེད། དགེ་རྒན་གྱི་ལས་དོན་ནི་ཁྲིམས་རྩོད་པའི་ལས་དོན་དང་འདྲ་ཞིང༌། ཁྲིམས་རྩོད་པས་ཁྲིམས་ཁང་ནང་ཁ་མཆུ་རྒྱག་སྐབས་ཉིན་ལྟར་དྲི་བ་དང༌། ཁ་མཆུ། རྩོད་གླེང་བཅས་མི་འདྲ་བ་རྣམས་ལ་དུས་ནས་དུས་སུ་གྲ་སྒྲིག་གིས་གདོང་ལེན་བྱ་དགོས། འཚེམ་པོ་བ་བཞིན་ཐེངས་གཅིག་འབྲེག་སྟངས་དང་འཚེམ་སྟངས་བསླབས་ཟིན་ན་ཉིན་ལྟར་འདྲ་བཤུས་ཀྱིས་འགྲོ་ཐབས་མེད། སློབ་སྟོན་སྐབས་ཕྲུ་གུའི་ཁམས་དང༌། བསམ་པ། བག་ལ་ཉལ་མི་འདྲ་བ་དང༌། ཕྱིའི་ཁོར་ཡུག་གི་གནས་བབ་མི་འདྲ་བ། སློབ་ཚན་གྱི་རིམ་པ་མི་འདྲ་བ། ཕྲུ་གུའི་བློ་གྲོས་རབ་འབྲིང་མཐའ་གསུམ་དབང་གིས་བསམ་བློའི་ནང་དྲི་བ་མི་འདྲ་བ་སྣ་ཚོགས་ཡོང་བ་བཅས་ལ་བརྟེན། ཉིན་ལྟར་སློབ་ཕྲུག་རེ་རེའི་དོན་དུ་དམིགས་བསལ་གྱིས་སློབ་སྟོན་བྱེད་སྟངས་གྲ་སྒྲིག་དང་ཉམས་ཞིབ་བྱེད་དགོས་པ་གལ་ཆེ་ཡིན་པ་བཤད་མ་དགོས་ཀྱང༌། རྒྱུན་དུ་དགེ་རྒན་ཚོས་དེ་ལྟར་གནང་ཐུབ་མིན་ལ་ཐེ་ཚོམ་ཡོད།

གལ་ཏེ་སྐར་མ་སོ་ལྔའི་འཛིན་གྲྭ་ཞིག་ལེན་དགོས་ན་དེའི་སྔོན་དུ་གྲ་སྒྲིག་ཆེད་ཉུང་མཐར་ཚོུད་གཅིག་གི་དུས་ཚོད་གཏོང་ཐུབ་ན་འཛིན་གྲྭའི་ནང་གི་སློབ་སྟོན་ཚད་ལྡན་ཡོང་རྒྱུ་ལས། དེ་མིན་ཉིན་ལྟར་བསྐྱར་ལྡབ་ཡང་ལྡབ་ལས་གསར་པ་ཞིག་འཐོན་རྒྱུ་མེད། དེང་རབས་ཀྱི་དགེ་རྒན་འོས་སྦྱོང་བ་ཚོས་དེའི་སྐོར་བོད་བརྒྱུད་ནང་བསྟན་གྱི་ནང་དོན་རིག་པའི་གཞུང་ནས་བསྟན་པ་བཞིན་ཞིབ་ཚགས་དང་གཏིང་ཟབ་ཤེས་ཀྱི་མེད་རུང༌།རགས་པ་ཙམ་རེ་ཁོང་ཚོས་ཀྱང་ཤེས་ཀྱི་ཡོད། དེང་སང་ཁྱེད་ཚོས་གནང་མིན་མི་ཤེས་ཀྱང༌། གཞན་སྔོན་མ་ཡིན་ན་དགེ་རྒན་ཚོས་འཛིན་གྲྭའི་ཉིན་དེབ་བརྒྱང་དགོས་པ་དང༌། དེའི་ནང་བདུན་གཅིག་གམ་ཚོགས་ཐེངས་གཅིག ཡང་ན་ཚོགས་དུས་གཅིག་གི་སློབ་ཚན་སློབ་སྟོན་བྱེད་སྟངས་སྔོན་ནས་གྲ་སྒྲིག་གིས་འབྲི་དགོས་པ་དང༌། སློབ་སྟོན་བྱས་རྗེས་དཀའ་ངལ་གང་ཕྲད་དང་ཉམས་མྱོང་ཇི་བྱུང་རྣམས་འབྲི་དགོས་པ། དེ་ནས་ཉིན་དེབ་དེ་གོང་རིམ་གྱི་དགེ་རྒན་ཆེན་མོ་སོགས་ཀྱིས་དུས་ནས་དུས་སུ་གཟིགས་ཏེ་དགེ་རྒན་དེའི་བྱེད་ཕྱོགས་བསྐྱར་ཞིབ་གནང་བའི་ལམ་སྲོལ་ཡོད་རེད། འོན་ཀྱང་ལམ་སྲོལ་ཡག་པོ་ཇི་ཙམ་ཡོད་ཀྱང་དུས་ཚོད་གང་འཚམས་ནས་འཆར་ཅན་ཆོ་ག་ཕྱག་ལེན་ལ་འགྲོ་རྒྱུ་དེ་མིའི་གཤིས་ལུགས་ལྟ་བུ་ཞིག་རེད།གསར་གཏོད་ཀྱི་རྣམ་པ་དེ་ཚོའང་ཆོ་ག་ཕྱག་ལེན་དུ་སོང་ནས་དགེ་རྒན་གྱིས་ཀྱང་འབྲི་ཆོག་ཆོག་ལྟ་བུ་གནང་གི་ཡོད།

སྔོན་མ་ང་ཝཱ་རཱ་ཎ་སཱིར་སྡོད་སྐབས་ཝཱརཱཎསཱི་རྫོང་གི་ཤེས་ཡོན་འགན་འཛིན་(District Education Officer)དེ་མཧཱབོདྷིའི་སློབ་གྲྭའི་མཛད་སྒོ་ཞིག་ཏུ་མཉམ་དུ་འཁེལ་སོང༌། དེ་དུས་ཁོང་གིས་ཀུ་རེ་དང་སྦྲགས་བཀའ་མོལ་ཞིག་གནང་བ་དེ་ད་བར་བརྗེད་མྱོང་མེད། ཁོང་གིས་དགེ་རྒན་ཞིག་གི་མིང་འབོད་དེ་ཁོང་སློབ་གྲྭར་ལོ་བཅོ་བརྒྱད་ཕྱིན་ཡང་སློབ་སྟོན་གྱི་ཉམས་མྱོང་ལོ་གཅིག་མ་གཏོགས་མེད་ཅེས་གསུངས་སོང༌། དེའི་འགྲེལ་བཤད་དུ་ཁོང་གིས་ལོ་དང་པོར་ཉམས་མྱོང་ཆ་ཚང་བསགས་པ་དེ་ལོ་གཉིས་པ་ནས་བསྐྱར་ལྡབ་ཀྱིས་ཕྱིན་པར་བརྟེན་ཉམས་མྱོང་ལོ་གཅིག་མ་གཏོགས་མེད་ཅེས་གསུངས་པའི་བཀའ་མོལ་དེ་གཏིང་ཟབ་པོ་རེད།

ང་ཚོས་རྒྱུན་ལྡན་གྱི་ལས་ཀ་མང་པོ་ཞིག་ཐོག་བསམ་བློའི་ནང་དྲན་ཤེས་བཞིན་བསྟེན་རྒྱུ་དང་། རིག་པ་བསྒྲིམ་རྒྱུ་དེ་ལུས་འགྲོ་བའི་ཉེན་ཁ་ཡོད། ཁ་སང་དང༌། དེ་རིང༌། སང་ཉིན་བཅས་ལ་བྱེད་རྒྱུ་རྣམས་གཅིག་པ་ཡིན་དགོངས་ན་དགེ་རྒན་གྱི་ལས་འགན་དེ་མི་བསྒྲུབ་ཅིང༌།ལར་ནས་དགེ་རྒན་གྱི་ལས་འགན་བསྒྲུབ་དང་མི་བསྒྲུབ་ནི་དགེ་རྒན་སོ་སོས་བསྐྱར་ཞིབ་ཐུབ་རྒྱུ་ལས་དགེ་རྒན་ཆེ་མོ་དང༌། སློབ་སྤྱི་སོགས་ཀྱིས་མི་ཐུབ།གོང་རིམ་གྱིས་འཛིན་གྲྭའི་ནང་སླེབས་མི་སླེབས་དང༌། དུས་ཚོད་ཆ་ཚང་བསྡད་མི་བསྡད་བཅས་གཟིགས་ཐུབ་རྒྱུ་ལས། གཞན་སློབ་སྟོན་ཚད་ལྡན་བྱུང་དང་མི་བྱུང་གཟིགས་མི་ཐུབ། དེ་གཟིགས་ཐུབ་མཁན་དང་པོ་དེ་དགེ་རྒན་སོ་སོ་རེད། གཉིས་པ་ཞིག་ཡོད་ན་དགེ་ཕྲུག་ཚོ་རེད། དགེ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཀྱི་ཚད་གཞིའི་ཐོག་ནས་དགེ་རྒན་གྱིས་སློབ་སྟོན་ཡག་པོ་གནང་དང་མི་གནང་ཤེས་ཐུབ་པ་དང༌། དགེ་རྒན་གྱིས་དགེ་ཕྲུག་ཇི་ཙམ་སྨིན་པ་ཞིག་བཟོས་ཡོད་མེད་སོ་སོས་ཞིབ་འཇུག་བྱ་ཐུབ་རྒྱུ་ཞིག་རེད།

སློབ་སྟོན་བྱ་རྒྱུར་དཀའ་ངལ་མེད་པའི་ཚོར་སྣང་ཞིག་བྱུང་ན་དགེ་རྒན་དེ་འཕྲོ་བརླག་གམ་རུལ་འགྲོ་ཞིང༌། དགེ་རྒན་ལ་རྒྱུན་དུ་སློབ་སྟོན་ལས་དོན་ཐོག་དཀའ་ངལ་ཞིག་འཕྲད་འཕྲད་དང་དེ་སེལ་བའི་ཐབས་ལམ་ཞིག་བཙལ་བཙལ་བ་བསྡད་ན། དེའི་སློབ་སྟོན་གྱི་ལས་དོན་དེ་ཡག་པོ་ཡོང་ཞིང༌། དེ་སྐབས་ཉམས་མྱོང་གསོག་བཞིན་སློབ་སྟོན་ཚད་དང་ལྡན་མི་ལྡན་རང་གིས་རང་ལ་རྟོག་ཞིབ་ཀྱང་མཉམ་དུ་འགྲོ་བ་ཡིན། ཚད་འཛིན་ས་བདེ་ཤོས་ནི་ཉིན་རེའི་འཛིན་གྲྭའི་སློབ་སྟོན་ཟིན་རྗེས་བསྐྱར་ཞིབ་ཀྱིས་དཀའ་ངལ་འཕྲད་པ་དང༌། ཐབས་ལམ་འགྱུར་བ་གཏོང་དགོས་པ། ཐབས་ལམ་གསར་པ་བཙལ་དགོས་པ་བཅས་ཀྱི་དྲི་བ་མང་པོ་བསམ་བློའི་ནང་མ་སླེབས་ན་དགེ་རྒན་དགེ་ཕྲུག་བར་ལ་གོ་བརྡ་ཡག་པོ་མ་འཕྲོད་པའི་རྟགས་ཤིག་བསྟན་གྱི་ཡོད།དགེ་རྒན་དགེ་ཕྲུག་བར་གོ་བརྡ་ཡག་པོ་ཞིག་འཕྲོད་ཕྱིན་ཆད། དྲི་བ་དང་དཀའ་ངལ་མེད་པ་ཧ་ལམ་ཡོང་ཐབས་མེད། དྲི་བ་རྫོགས་སྐབས་སློབ་སྦྱོང་ཡག་པོ་མི་ཡོང་བ་རེད། སྔོན་མ་གྲྭ་སར་བསྡད་སྐབས་ཟུར་ཟའི་སྒྲུང་ཞིག་ཡོད་ཅིང༌། དཔེ་ཆ་བ་ཞིག་གིས་དྲང་ངེས་ལེགས་བཤད་སྙིང་པོ་ཆ་ཚང་བཀླགས་ཀྱང་། རྟགས་བསལ་གཏོང་རྒྱུ་གཅིག་ཀྱང་མི་འདུག་ཅེས་བཤད་པ་རེད་ཅེས་ལབ་སྲོལ་ཡོད།དྲང་ངེས་ལེགས་བཤད་སྙིང་པོ་ཆ་ཚང་བཀླགས་ནས་རྟགས་བསལ་གཏོང་རྒྱུ་མ་བྱུང་བ་དེ་འཁྱགས་བག་སྒང་ལ་འདྲེད་བརྡབ་ཤོར་བ་བཞིན་སོང་བ་ལས་ཚིག་དོན་གཅིག་ལའང་ཡག་པོ་ཟུག་མེད་པའི་རྟགས་རེད།

དེས་ན་དགེ་རྒན་དགེ་ཕྲུག་གཉིས་ཀ་ཚོུད་ཉེར་བཞིའི་རིང་དྲི་བ་ཞིག་དང་རྟོག་ཞིབ་ཅིག་ནང་གནས་ན། དགེ་རྒན་དང༌དགེ་ཕྲུག་བར་གྱི་སློབ་སྦྱོང་གི་ལས་རིམ་བཅས་ཚད་ལྡན་ཡོང་གི་ཡོད། དེ་མིན་འདི་རེད། འདི་མ་རེད།འདི་ཡིན།འདི་མིན་ཞེས་ཐག་ཆོད་དེ་བསླབ་རྒྱུ་ཞིག་བྱུང་ན་རྨོངས་དད་དུ་འགྲོ་ཉེན་ཆེ། གང་དུ་ཡིན་རུང་ཐེ་ཚོམ་དང༌། དྭོགས་པ། དྲི་བ་ཞིག་སླེབས་དགོས།དགེ་ཕྲུག་གི་བསམ་བློའི་ནང་དྲི་བ་མང་པོ་སླེབས་སྐབས་དེ་དང་མཉམ་དུ་རྟོག་དཔྱོད་ཀྱི་རིག་པ་གོང་ནས་གོང་དུ་འགྲོ་བའི་ཐབས་ལམ་དེ་དགེ་རྒན་གྱིས་བཙལ་ནས་རོགས་པ་བྱེད་པ་ལས། ལམ་སེང་ཐག་ཆོད་པའི་ལན་རག་པའི་ཐབས་ལམ་ཞིག་སྤྲད་ན་སློབ་སྟོན་གྱི་ལས་དོན་དེ་ཚད་ལྡན་ཞིག་ཡོང་གི་མེད། ཇེ་ཀྲྀཥྞ་མཱུརྟི་ (J. Krishnamurthy) ཡིས་ཁྱེད་རང་དྲི་བའི་མཉམ་དུ་མི་ཚེ་བསྐྱལ་ཐུབ་བམ། དྲི་བའི་མཉམ་དུ་བསྡད་ཐུབ་བམ་ཞེས་རྟག་ཏུ་གསུང་གི་ཡོད། དྲི་བའི་མཉམ་དུ་མི་ཚེ་བསྐྱལ་ཐུབ་པ་ཆགས་སྐབས་སློབ་སྦྱོང་འགོ་ཚུགས་ཀྱི་ཡོད་རེད།དེ་ངེས་པར་དུ་རྒན་ལགས་རྣམ་པ་ཚོས་གཞི་རིམ་གྱི་ཚད་གཞིར་བཟུང་ནས་དགོངས་པར་འཇགས་དགོས།

ཤེས་ཡོན་སྲིད་བྱུས་ནང་དོན་ཚན་མང་པོ་ཞིག་ཡོད་པ་དེ་དག་རེ་རེ་ནག་པོ་འབྲུ་བཤེར་གྱི་ཐོག་ནས་བགྲོ་གླེང་གནང་གྲུབ་ཀྱང༌།ཤེས་ཡོན་སྲིད་བྱུས་ཀྱི་གཞི་རིམ་གྱི་གནས་ཚུལ་གཅིག་གཉིས་ཤིག་ཞུ་འདོད་བྱུང༌། ཤེས་ཡོན་སྲིད་བྱུས་འདི་འདྲ་ཞིག་བཟོ་དགོས་པའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་བམ་བསམ་ཚུལ་གང་ཡོད་པ་དང༌། དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་དང་མི་འདྲ་བའི་ཁྱད་པར་གང་ཡོད།སློབ་ཚན་དང་བྱེད་སྟངས་རྣམས་ཧ་ལམ་འདྲ་ཡང་འདིར་མི་འདྲ་བ་གང་ཡོད་བཅས་དགོངས་སྲིད། ཤེས་ཡོན་སྲིད་བྱུས་འདིའི་རྒྱབ་ལྗོངས་ཆ་ཚང་ཞིག་མ་གཟིགས་པར་སློབ་ཚན་དང༌། སྒྲོམ་གཞི། སློབ་དུས་ཙམ་ལ་གཟིགས་ན་བྲོ་བ་གཞན་ཞིག་རྙེད་རྒྱུ་མེད།

ད་ལྟ་ཤེས་ཡོན་འགན་འཛིན་གྱིས་ལོཌ་མེ་ཀོ་ལེའི་(Lord Macaulay)ཚིག་ཐོ་ཡང་བཀྲམས་ཡོད་ཅེས་གསུངས་སོང༌། ལོཌ་མེ་ཀོ་ལེའི་ཚིག་ཐོ་ལུང་དྲངས་དགོས་པའང་སྐབས་དེ་དུས་ཨིན་ཇི་དབང་འཛིན་པ་ཚོས་རྒྱ་གར་བ་རྣམས་ལ་ཤེས་ཡོན་གང་འདྲ་ཞིག་སྤྲད་རྒྱུའི་བསམ་བློ་འཁོར་ཡོད་པ་དེ་ཁྱེད་ཚོས་ངེས་པར་དུ་མཁྱེན་དགོས། ཤེས་ཡོན་དེ་ཆབ་སྲིད་དབང་འཛིན་པས་རང་གི་དགོས་མཁོ་བསྒྲུབ་རྒྱུའི་ལག་ཆར་ངོས་འཛིན་གྱིས་དབང་འཛིན་རྒྱུན་གནས་ཐུབ་ཆེད། ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པ་དེའི་ཤུགས་གནོན་ད་བར་མ་ཉམས་པར་གནས་ཡོད།བདག་ཉིད་ཆེན་པོ་གཱནྡྷིའི་དགོངས་ཚུལ་ལ་རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ཐོབ་མིན་ལ་མ་ལྟོས་པར་བསམ་བློ་དང༌། དཔལ་འབྱོར། ཤེས་ཡོན་བཅས་ཀྱི་རང་དབང་རྣམས་སྔོན་ལ་ཐོབ་དགོས་པ་དེ་ཡོད་ཀྱང༌། ཁོང་མི་གཅིག་གིས་གྲུབ་འབྲས་ཐོན་པ་ཞིག་གནང་ཐུབ་མེད། དེ་ནི་ང་ཚོ་བོད་པ་དང་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཡིན་སྟབས་ཞུ་གི་ཡོད།

ཉིན་ཞིག་ཌོཀ་ཊར་མཧཱ་བཱིར་པྲསཱད་ (Dr. Mahavira Prasad) ཡིས་གཱནྡྷི་ (Gandhi) ལ་མི་ཚོས་ཇབཱཧར་ལཱལ་ནེཧརཱུ་ (Jawaharlal Nehru) དང་ཁྱེད་གཉིས་དགོངས་ཚུལ་མ་མཐུན་པ་ཆེན་པོ་ཡོད་རེད་ཟེར་གྱི་འདུགཁྱད་པར་གང་ཡོད་ཅེས་དྲིས་སྐབས། གཱནྡྷིས་ཁྱད་པར་གང་ཡང་མེད་ཅེས་གསུངས་འདུགའོན་ཀྱང་མཧཱ་བཱིར་པྲསཱད་ཀྱིས་མི་ཚོས་ཁྱད་པར་ཆེན་པོ་ཡོད་ཚུལ་གསུང་གི་འདུགངེས་པར་དུ་གསུང་རོགས་ཞེས་ཞུ་སྐབས། གཱནྡྷིས་བསམ་ཚུལ་མི་མཐུན་པ་ཆེན་པོ་མེད།ནེཧརཱུས་ཨིན་ཇི་ཕར་ལོག་ཀྱང༌། ཨིན་ཇིའི་ལམ་སྲོལ་འདིར་ལྷག་ན་སྐྱོན་མེད་པར་དགོངས་ཀྱི་ཡོད།ངས་འདི་ནས་ཨིན་ཇིའི་ལམ་སྲོལ་མེད་པ་ཆགས་ན་ཨིན་ཇི་འདིར་བསྡད་ན་སྐྱོན་མེད་བསམ་གྱི་ཡོད། ང་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་དེ་རང་རེད་ཅེས་གསུངས་འདུགད་ལྟ་བོད་སྐད་དུ་བསྒྱུར་ནས་བཤད་སྐབས་ཏག་ཏག་བསྡད་མིན་མི་ཤེས།འོན་ཀྱང་དེ་ནི་དངོས་གནས་བསྡོམས་ཆེན་པོ་ཞིག་བརྒྱབས་པ་རེད།

དེ་བཞིན་ང་ཚོའི་ནང་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཅེས་ལབ་མཁན་མང་ཡང༌། རྒྱ་མིའི་ལེགས་བྱང་བོད་ནས་ཕར་འགྲོ་དགོས་ཞེས་ལབ་མཁན་ད་བར་གཅིག་ཀྱང་མེད། དེ་ལྟར་ལོཌ་མེ་ཀོ་ལེའི་ཚིག་ཐོར་བལྟས་ན་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་ཤེས་ཡོན་གྱི་ལམ་སྲོལ་དང་སྲིད་བྱུས་གཏན་འབེབས་བྱས་པ་དེ་ཤེས་ན། ལོ་བརྒྱ་ཕྲག་གཉིས་ཙམ་གོང་གི་རྒྱ་གར་ནང་བྱུང་བ་ཇི་མ་ཇི་བཞིན་ད་ལྟ་བོད་ནང་ཡོང་བཞིན་པ་རེད། གང་ལྟར་དཀའ་ངལ་གཅིག་པ་རང་རེད། ང་ཚོས་དཀའ་ངལ་དེ་ངོ་ཤེས་པའི་ཐོག་ནས་གདོང་ལེན་བྱ་དགོས།གལ་སྲིད་སང་ཉིན་རྒྱ་མི་ཡོངས་རྫོགས་ལོག་ནས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་བོད་པ་ལ་སྤྲད་རུང་། ཆབ་སྲིད་སྐྱོང་སྟངས་ད་ལྟ་བཞིན་བསྡད་ན་ཁྱད་པར་གང་ཡང་བྱུང་མེད། དབང་སྒྱུར་བྱེད་པའི་ལམ་དང་སྲོལ་ལ་ཁྱད་པར་མེད་ན་གཅིག་པ་རང་རེད། ད་ལྟ་རྒྱ་གར་ནང་རང་བཙན་གསར་པ་ཞེས་འཐབ་རྩོད་བྱེད་དགོས་པ་དེ་གང་ལ་ཐུག་གམ།རྒྱ་གར་གྱི་ཤེས་ཡོན་དང༌། ལེགས་བྱང༌།བསམ་སྤྱོད་ཀྱི་རང་དབང་བཅས་ཡོངས་རྫོགས་ཤོར་ཟིན་པའི་རྗེས་ཨིན་ཇིའི་འོག་ནས་རང་བཙན་ཐོབ་པར་བརྟེན། སྲིད་དོན་རྐྱང་པའི་རང་བཙན་མ་གཏོགས་དེ་ལས་གཞན་པའི་གནས་ཚུལ་གང་གི་ཐོག་ཏུའང་རང་བཙན་ཐོབ་མེད། དབུལ་ཕོངས་རྣམས་དབུལ་ཕོངས་དང༌།ཡིག་རྨོངས་རྣམས་ཡིག་རྨོངས་སུ་ལྷག་སྟེ་མང་ཚོགས་ནང་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་སླེབས་མ་ཐུབ་པ་རེད།

ང་ཚོ་བོད་མི་ལའང་ཆབ་སྲིད་ཀྱི་རང་སྐྱོང་ངམ་རང་བཙན་ཐོབ་རུང་། ནང་གི་བསམ་བློ་དང༌།དེས་དྲངས་པའི་ཀུན་སྤྱོད་གཉིས་པོ་རང་སྐྱོང་ངམ་རང་བཙན་མ་ཐོབ་ན་མིང་དོན་མཚུངས་པ་ཞིག་ཆགས་ཐབས་མེད། དེས་ན་ཤེས་ཡོན་གྱི་ལམ་སྲོལ་དེ་བསམ་སྤྱོད་ཀྱི་རང་དབང་དང་། བསམ་བློའི་རང་དབང་ཡོད་པ་བཟོ་ཆེད་དམིགས་དགོས་པ་ཧ་ཅང་གལ་ཆེ། ང་ཚོའི་བསམ་བློའི་རང་དབང་གི་གནས་བབ་དེ་ཤོར་ན་ཆབ་སྲིད་ཀྱི་རང་དབང་ཐོབ་པས་ཕན་ཐོགས་མེད་ཅིང༌། ྋསྐྱབས་མགོན་རིན་པོ་ཆེས་༼བཙན་བྱོལ་ནང་རང་དབང་༽ཞེས་རང་རྣམ་གྱི་མཚན་བྱང་དུ་བྲིས་གནང་བ་དེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་དུ་བཞུགས་ཀྱང་། དེང་རབས་དང་ཕྱིའི་གནོན་ཤུགས་གང་གི་དབང་དུའང་མ་སོང་བར། ཐུགས་སེམས་ཀྱི་རང་དབང་ཆ་ཚང་ཡོད་པ་ཞིག་བསྟན་གྱི་ཡོད།དེ་ནི་གཏིང་ཟབ་ཀྱི་བརྡ་མཚོན་ཆེན་པོ་ཞིག་རེད། དེ་ནུབ་ཕྱོགས་པ་ཚོས་གོ་གི་ཡོད་ཀྱང་བོད་པ་དོ་སྣང་བྱེད་མཁན་ཉུང་ཉུང་རེད།

ཤེས་ཡོན་གྱི་ལམ་སྲོལ་གང་འདྲ་ཡོང་དང་མི་ཡོང་གི་གཞི་རྩ་སྤྱིར་བཏང་འཇིག་རྟེན་ལ་ལྟ་ཚུལ་དང༌། ལྷག་པར་དུ་མི་དང༌།དེའི་ནང་ནས་ན་གཞོན་ལ་ལྟ་སྟངས་ཀྱི་ཐོག་རག་ལུས་པ་རེད། དེང་རབས་དངོས་གཙོ་རིང་ལུགས་པའི་འཇིག་རྟེན་ལ་ལྟ་སྟངས་དང༌། ནང་པའི་འཇིག་རྟེན་ལ་ལྟ་སྟངས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ། འཇིག་རྟེན་ལ་ལྟ་སྟངས་ཞེས་པ་ནི་ཨིན་སྐད་དུ་World Viewཟེར་བ་དེ་རེད།མི་ཚང་མར་སོ་སོའི་འཇིག་རྟེན་ལ་ལྟ་སྟངས་རེ་ཡོད་དགོས། འོན་ཀྱང་སོ་སོའི་འཚོ་བའི་འདུན་ལམ་ཙམ་མ་གཏོགས་བསམ་བློ་མི་གཏོང་མཁན་ཡོད་སྲིད།འོན་ཀྱང་མི་ཚང་མར་ཆེ་ཆུང་ལ་མ་ལྟོས་པའི་རྣམ་འབྱེད་ཀྱི་ཤེས་རབ་རེ་ཡོད་སྟབས། དེ་ལ་འཛིན་སྟངས་སམ་ལྟ་སྟངས་ཤིག་ངེས་པར་དུ་ཡོད་དགོས། སྤྱི་ཡོངས་འཇིག་རྟེན་ལ་ལྟ་སྟངས་ཐོག་འགྲེལ་བརྗོད་མ་དགོས་པར། དགེ་རྒན་ཡིན་པའི་ཆ་ནས་དགེ་ཕྲུག་ལ་ལྟ་སྟངས་དེ་ངེས་པར་དུ་གསལ་པོ་ཞིག་དགོས་གལ་ཆེ།

ནུབ་ཕྱོགས་པ་དང་དེང་རབས་པས་ཕྲུ་གུ་རྣམས་ཐོན་སྐྱེད་ཀྱི་རྒྱུ་ཆ་རགས་པ་ཞིག་ཏུ་བརྩི་བ་ལས།གང་ཟག་བྱེ་བྲག་པའི་ཐོུང་མ་ཡིན་པའི་གནས་བབ་དང་དེའི་རང་དབང་ལ་བརྩི་མཐོང་མི་བྱེད་ཅིང༌། ཕྲུ་གུ་ཚང་མ་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དགོས་མཁོར་བསྟུན་པའི་བཟོ་བསྐྲུན་གྱི་རྒྱུ་ཆ་རགས་པ་ཞིག་ལ་ངོས་འཛིན་བྱས་པ་ཙམ་མ་ཟད། ཁ་ནས་ཀྱང་བཤད་ཀྱི་ཡོད་ཅིང༌། ཐོག་མ་ང་ཚོ་རྒྱ་གར་དུ་སླེབས་སྐབས་རྒྱ་གར་ཤེས་རིག་ལས་ཁུངས་ཞེས་བརྗོད་པ་ལས་མིའི་ཐོན་སྐྱེད་ལས་ཁུངས་ཞེས་བརྗོད་སྲོལ་མེད། རཱཇཱིབ་གཱཾདྷཱི་སྲིད་བློན་བྱེད་སྐབས་ནུབ་ཕྱོགས་ཨི་ཊ་ལི་ནས་དཔེ་བལྟས་ཏེ་ཤེས་རིག་ལས་ཁུངས་དེ་མིའི་འཐོན་ཁུངས་ལས་ཁུངས་ (Ministry of Human resources Development) ལ་བསྒྱུར་བ་རེད།

གལ་ཏེ་ཐོན་སྐྱེད་ཀྱི་རྒྱུ་ཆ་རགས་པར་བརྩི་ན་གང་བྱེད་ཆོག་ཅིག་དགོས་ཤིང༌། དཔེར་ན་ལྕགས་ལྟ་བུ་ལྕགས་སྡོང་དང༌། ལྕགས་སྐུད་སོགས་སོ་སོའི་དགོས་མཁོ་དང་བསྟུན་ནས་བཟོ་རྒྱུ་རེད། དེ་ལྟ་བུའི་བསམ་བློ་གཏོང་སྐབས། མིའི་ཐོུང་མ་ཡིན་པའི་རང་དབང་གི་ནུས་པ་ལ་ངོས་འཛིན་མི་བྱེད་པ་དང༌། ངོས་འཛིན་བྱས་ཀྱང་བརྩི་མཐོང་དང་གུས་ཞབས་མེད་པར་སྣང་མེད་དུ་གཏོང་གི་ཡོད། དེང་སང་ནུབ་ཕྱོགས་སུ་མི་འབོར་ཆེན་པོ་མེད་པའི་རྒྱལ་ཁབ་དེ་ཚོས་མཐོ་སློབ་ཁག་ནང་། སློབ་ཚན་སོ་སོར་ཕྲུ་གུ་སློབ་འཇུག་གི་ཞབས་སྟེགས་ཀྱི་གྲངས་ཀྱང་རྒྱལ་ཁབ་དེའི་དགོས་མཁོར་བལྟས་ནས་མཚམས་བཟུང་ཞིང༌། དཔེར་ན། འབྱུང་འགྱུར་ལོ་ལྔའི་ནང་སྨན་པ་དང༌། འཕྲུལ་ལས་པ།སྨན་ཞབས་པ་སོགས་ཀྱི་དགོས་མཁོ་ཇི་ཙམ་ཡོད་པ། དེ་གཞིར་བཟུང་མཐོ་སློབ་ཁག་ནང་ཕྲུ་གུ་གསར་འཇུག་གི་ས་མིག་ཀྱང་མཚམས་བཟུང་བྱེད་ཀྱི་ཡོད། དེས་ན་སློབ་སྦྱོང་ཐོན་པ་ཚང་མ་རྒྱལ་ཁབ་ཀྱི་ཆེད་དུ་རྒྱུ་ཆ་རགས་པ་ཞིག་ཏུ་ངོས་འཛིན་པ་དེས་མི་བྱེ་བྲག་པའི་འདོར་དུ་མེད་པའི་ནུས་པ་དང་ཆེ་མཐོང་རྩ་མེད་དུ་གཏོང་བ་དེ་ལས་ལྷག་པའི་མིའི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུ་ཞིག་མེད།

སྔོན་མ་ནུབ་ཕྱོགས་སུ་དགེ་རྒན་འོས་སྦྱོང་སྤྲོད་པའི་སྐབས་དགེ་རྒན་ནི་རྫ་མཁན་ལྟ་བུ་དང་སློབ་ཕྲུག་ནི་འདམ་བག་ལྟ་བུ་ཡིན་པར་བརྟེན།ཕོར་པ་དང་བུམ་པ་སོགས་གང་བཟོས་དགེ་རྒན་གྱི་ལག་ཏུ་ཡོད་ཅེས་དཔེ་རུ་འཇོག་གི་ཡོད། དེའི་ཐོག་ནས་མིའི་ནུས་པར་ལྟ་སྟངས་ལ་ཁྱད་པར་འགྲོ་བ་ཡིན། ནང་པའི་ལྟ་སྟངས་ནི་ཕྲུ་གུ་རྣམས་འདམ་བག་ལྟ་བུ་ནམ་ཡང་མིན་པར།ནུས་པ་དང་ལྡན་པའི་ས་བོན་ལྟ་བུ་ཞིག་ལ་བརྩི་ཞིང༌། ཆུ་ལུད་དྲོད་གཤེར་གྱི་མཐུན་རྐྱེན་འཛོམས་ན་མྱུ་གུ་ནུས་ལྡན་སྐྱེ་ཐུབ་པའི་ས་བོན་ཞིག་ལ་ངོས་ལེན་གྱིས། དགེ་རྒན་ནི་ལྡུམ་རྭ་བ་དང་ཞིང་པ་ལྟ་བུར་བརྩི། དེས་ཆུ་དང་ལུད་སོགས་ཀྱི་མཐུན་རྐྱེན་སྦྱར་ཐུབ་ཀྱང་མྱུ་གུ་སྐྱེ་བའི་ནུས་པ་ས་བོན་ནང་དུ་ཡོད་པ་ལས། ཞིང་པ་དང་ལྡུམ་རྭ་བས་བཟོ་ཐབས་མེད་ཅིང༌། དེ་ནི་རང་བྱུང་གི་ནུས་པ་ཞིག་རེད།འབྲས་ཀྱི་ས་བོན་ཡིན་ན་འབྲས་ཀྱི་མྱུ་གུ་སྨིན་པ་མ་གཏོགས།སྲན་མ་ལྟ་བུ་ཞིག་སྨིན་ཐབས་མེད།

འོན་ཀྱང་དེང་སང་ས་བོན་ཡང་རིགས་འདྲེས་པ་བཟོ་མུས་ཡིན་པ་དེ་ནི། དཔལ་འབྱོར་མི་ཚང་འགའ་ཞིག་གི་ལག་ཏུ་གཅིག་སྡུད་བྱེད་རྒྱུའི་དེང་རབས་ཀྱི་ཐབས་ལམ་འདྲ་མིན་ཡོད་པ་ལས་གཅིག་རེད། རིགས་འདྲེས་པ་བཟོས་ནའང་སྲན་མའི་ས་བོན་ལས་འབྲས་ཀྱི་འབྲས་བུ་སྐྱེ་བ་ཞིག་ད་བར་བཟོས་ཐུབ་མེད། མ་འོངས་པ་ལའང་ཡོང་ཐབས་མེད།རྒྱུ་མཐུན་གྱི་འབྲས་བུ་སྐྱེ་བ་མ་གཏོགས་མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་སྐྱེ་བ་ནི་དངོས་པོའི་གཤིས་ལུགས་རེད།

དེར་བརྟེན་དགེ་རྒན་གྱིས་དགེ་ཕྲུག་རྣམས་ས་བོན་གྱི་ངོ་བོར་བལྟས་ཏེ་དེའི་ནང་མཐའ་མེད་པའི་ནུས་པ་ཡོད་པ་ཞིག་ཏུ་གཟིགས་དགོས།ནང་པའི་ཐུན་མིན་གྱི་འཇིག་རྟེན་ལ་ལྟ་སྟངས་ནི་སྲོག་ཆགས་གྲོག་སྦུར་ཡན་ཆད་ཚང་མར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བར་འཐོབ་ཐུབ་པའི་ནུས་པ་ཡོད་པ་དེ་རེད། ང་ཚོས་ཤེས་ཡོན་སྲིད་བྱུས་བཟོ་སྐབས་ཐོག་མའི་འཇིག་རྟེན་ལ་ལྟ་སྟངས་སམ།ལྷག་པར་དུ་སློབ་ཕྲུག་ལ་ལྟ་སྟངས་ནི། སློབ་ཕྲུག་མི་རེ་ངོ་རེས་ཤེས་ཡོན་མཐའ་དག་ལེན་ཐུབ་པ་མ་ཟད། སློབ་སྦྱོང་མཐར་ཕྱིན་བྱེད་ཐུབ་པའི་ནུས་པ་ཡོད་པར་ངེས་པ་རྙེད་པའམ་ཡིད་ཆེས་བྱེད་ཅིང༌། དེ་ནས་ས་བོན་དེ་མྱུ་གུ་དང༌། མྱུ་གུ་དེ་ཤིང་སྡོང༌།ཤིང་སྡོང་དེར་མེ་ཏོག་དང་འབྲས་བུ་སྨིན་ཐུབ་པ་བཟོ་བའི་ལས་འགན་རྣམས་དགེ་རྒན་གྱིས་འཁྱེར་དགོས། སྒྲོམ་གཞི་དེའི་འོག་ནས་ཤེས་ཡོན་སྲིད་བྱུས་བཟོས་པ་རེད།

སྒྲོམ་གཞི་དེ་བཟོ་སྐབས་དགེ་རྒན་ལ་འགན་རྣམ་པ་གསུམ་འཁྲི་བ་དེ་གསལ་སྟོན་བྱེད་ཅིང༌། དེ་ནི་ལོ་༢༥༠༠ སྔོན་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང༌། རྒྱ་གར་གྱི་མཁས་དབང་རྣམས་ཀྱིས་རྨོངས་དད་མིན་པར་རིགས་པ་ཡང་དག་གིས་དཔྱད་པའི་ཐོག་ནས་གཏན་ལ་ཕབ་པ་ཞིག་རེད། དེ་དག་ནི་མངོན་རྟོགས་རྒྱན་ལས།སེམས་མི་འགོངས་པ་ཉིད་དང་ནི།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་གསུངས་པ་བཞིན་དགེ་རྒན་གྱི་མིང་ལ་ཡོངས་འཛིན་ཞེས་བཏགས་ཤིང༌། ཡོངས་ནི་ཐམས་ཅད་དང༌། འཛིན་ནི་འཆང་བའམ་བཏེག་པ་རེད། དགེ་ཕྲུག་གི་ལེགས་པའི་ཆ་ཡོངས་རྫོགས་འདེགས་ཐུབ་མཁན་ལ་ཡོངས་འཛིན་ཟེར་བ་རེད།

དེ་ལྟ་བུའི་ཡོངས་འཛིན་གྱིས་དང་པོ་སེམས་མི་འགོངས་པ་བྱ་རྒྱུ་དེ་རེད། དེ་ནི་དགེ་ཕྲུག་གི་བསམ་བློའི་ནང་འཇིགས་པ་དང་ཞུམ་པ་མེད་པ་བཟོ་རྒྱུ། འཇིགས་ཞུམ་ནི་དགེ་ཕྲུག་གི་བསམ་བློའི་ནུས་པ་ཡར་རྒྱས་འགྲོ་བའི་འགལ་རྐྱེན་གཙོ་བོ་དེ་རེད། དེ་སེལ་བ་ལ་སེམས་མི་འགོངས་པ་བྱ་དགོས་ཤིང༌། དེའི་ཐབས་ལམ་ཅི་རིགས་ཡོང་སྲིད། གལ་སྲིད་ཕྲུ་གུ་ཆུང་ཆུང་ཁྱིམ་ནས་ཡོང་སྐབས་ཕ་མས་གསོ་སྐྱོང་བྱེད་སྟངས་འགྲིགས་དང་མ་འགྲིགས་དབང་གིས་བསམ་བློའི་ནང་མངོན་པར་གསལ་མི་གསལ་གྱི་འཇིགས་པ་དེ་འདྲ་ཡོད་ན། དགེ་རྒན་སར་སླེབས་དུས་མེད་པ་ཆགས་ཏེ་དགེ་རྒན་ལ་ཡིད་ཆེས་སླེབས་ཐུབ་པའི་ཆེད་དུ་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་འདིའི་ནང་ཚོགས་གཏམ་དང་ཉེས་རྡུང་གཏོང་རྒྱུ་མེད་པ་དང༌། ལྷག་པར་དུ་འཇིགས་སྣང་བསྐུལ་རྒྱུ་མེད་པ་བཤད་ཀྱི་ཡོད།

ཕྲུ་གུར་རྒྱུ་ཆ་རགས་པའི་བསམ་ཚུལ་འཁྱེར་མཁན་ཚོས་ཕྲུ་གུའི་འཚར་ལོངས་སྐབས་ཧ་ཅང་ནོར་འཁྲུལ་ཅན་གྱི་ཐབས་ལམ་གཉིས་བེད་སྤྱོད་བྱེད་ཅིང༌།དེ་ནི་འཇིགས་ཞུམ་དང་རེ་བ་རེད། དཔེར་ན། སང་ཉིན་འདི་བྲིས་ནས་འཁྱེར་མ་ཡོང་ན་བརྡུང་གི་ཡིན་ཞེས་དང༌། སང་ཉིན་བྲིས་ནས་འཁྱེར་ཡོང་ན་མངར་མོ་ཞིག་སྤྲད་ཀྱི་ཡིན་ཞེས་མིའི་བསམ་བློའི་ནང་བེད་སྤྱོད་བྱེད་མི་རུང་བའི་འཇིགས་སྣང་དང་རེ་བ་གཉིས་པོ་བེད་སྤྱོད་ལོག་པ་བཏང་སྟེ་ལས་ཀ་བླང་རྒྱུའི་ཐབས་ཤེས་བྱེད་ན་སྤྱིར་བཏང་ནོར་འཁྲུལ་ཡིན་པ་སྨོས་མ་དགོས་ཀྱང༌། འགྲོ་བ་མི་ལ་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། དེའི་དབང་གིས་འགྲོ་བ་མི་རྣམས་རང་ཉིད་ངོ་མི་ཤེས་པ་དང༌།རང་གིས་རང་ངོ་ཤེས་པའི་ཆེད་དུ་མི་གཞན་དང་མཚུངས་བསྡུར་དགོས་པ་ཆགས་རྒྱུ་བཅས་ཆུང་དུས་ནས་འཇིགས་པ་དང་རེ་བ་གཉིས་བེད་སྤྱོད་ལོག་པ་བཏང་བ་ལས་བྱུང༌།

དཔེར་ན། བོང་བུ་ལ་དེ་ལྟར་བྱེད་ཀྱི་ཡོད་ཅིང༌། ཨིན་ཇིའི་གཏམ་དཔེར།གོང་ལ་ཕུག་ཅིག་དང་དབྱུག་པ་ཞིག་གིས་བོང་བུ་ནས་ལས་ཀ་བླང་དགོས་ཞེས། གོང་ལ་ཕུག་བསྟན་ཙམ་བྱེད་ན་བཟའ་རྒྱུ་ཞིག་མིན་འགྲོ་སྙམ་ནས་བོང་བུ་སླེབས་ཤིང༌། ཡང་མི་འགྲོ་ན་དབྱུག་པས་གཞུ་བ་ཡིན། གང་ལྟར་རེ་བ་སྤྲད་ནས་མངོན་འདོད་བསྒྲུབ་ཐུབ་བམ། ཡང་ན་འཇིགས་སྣང་བསྐུལ་ནས་མངོན་འདོད་བསྒྲུབ་ཐུབ་མིན་བལྟ་རྒྱུ་ནི་ནུབ་ཕྱོགས་པའི་ཐུན་མོང་མ་ཡིན་པའི་བསམ་ཚུལ་ཞིག་རེད། རེ་བ་དང་འཇིགས་སྣང་དབང་གིས་བྱུང་བའི་བྱ་བ་ཚང་མ་འཇིགས་སྣང་དང་རེ་བ་མེད་པ་ཆགས་སྐབས་མེད་པ་འགྲོ་རྒྱུ་ཉག་ཅིག་རེད། དེ་ལྟ་བུའི་ལས་ཀ་བྱེད་མཁན་རྣམས་སྡུག་རུས་བརྒྱབས་ཀྱང་བརྩོན་འགྲུས་མིན།བརྩོན་འགྲུས་ནི་བྱ་བ་གང་ཡིན་དེའི་དགོས་པ་མཐོང་ནས་སྤྲོ་བས་ཞུགས་པ་ཡིན།སང་ཉིན་ཉེས་རྡུང་རག་རྒྱུའི་ཞེད་སྣང་དང༌། སང་ཉིན་རྔན་པ་རག་རྒྱུའི་རེ་བ་གཉིས་པོའི་དབང་གིས་སློབ་སྦྱོང་ལ་ངལ་བ་ཇི་ཙམ་བྱས་ཀྱང་བརྩོན་འགྲུས་སུ་མི་འགྲོདེས་ན་སེམས་མི་འགོངས་པའི་ཐོག་ནས་སློབ་ཚན་རྣམས་ངོ་སྤྲོད་བྱེད་སྐབས། ཇི་ལྟ་བ་བཞིན་ཤེས་པ་ལ་འགལ་རྐྱེན་ནམ་མི་མཐུན་པའི་ཕྱོགས་སྣ་ཚོགས་ཤིག་ཡོང་སྲིད་པ་དེ་དག་བསལ་རྒྱུ་ནི་དགེ་རྒན་གྱི་ལས་འགན་འདོར་དུ་མེད་པ་ཞིག་རེད།

ཐོག་མ་སློབ་ཕྲུག་གི་རྒྱུད་ལ་ཞུམ་པ་དང་འཇིགས་པ་མེད་པ་བཟོ་བའི་ཐབས་ཤེས་མ་གནང་སྔོན་དུ་མངོན་གྱུར་དང་བག་ལ་ཉལ་ཚུན་ཆད་ནས་ངོས་འཛིན་ཐུབ་པ་དང༌། དེའི་ཐོག་ནས་སེམས་འགོངས་པ་དེ་བསལ་ཐུབ་ན་གཞི་ནས་གང་བསྟན་བྱའི་དོན་དཔེར་ན་ཀ་ཁ་བསླབ་རྒྱུ་ལྟ་བུ་མ་ཐོས་པ་ཐོས་བཅུག་པ་དང༌། མ་བསམ་པ་བསམ་བཅུག་པ།བསམ་པ་དེ་སྒོམ་པར་བྱེད་ན་སློབ་སྦྱོང་གི་རིམ་པ་དེ་ཆ་ཚང་བ་རེད།

དེ་ནས་དོན་གྱི་ངོ་བོ་རྟོགས་པའི་མཚམས་སུ་སླེབས་སྐབས་ཕྱི་ནང་གི་མི་མཐུན་པའི་ཕྱོགས་མང་ཞིང༌། དེ་ནི་སེམས་ཀྱི་དྲི་མའི་ངོ་བོ་དང༌། སྤྱོད་པའི་ངོ་བོ།བརྟག་དཔྱད་བྱེད་སྟངས་བཅས་གང་གི་ཐོག་ཡོང་རུང༌། དེ་དག་གི་གཉེན་པོ་ངོས་བཟུང་བའི་ཐོག་ནས་བསལ་རྒྱུ་དེ་དགེ་རྒན་གྱི་ལས་འགན་རེད།

དགེ་རྒན་གྱིས་དེ་གསུམ་ཆ་ཚང་ཞིག་གནང་ཐུབ་ན་དགེ་ཕྲུག་རྒྱུད་ལ་མངོན་གྱུར་དང་བག་ལ་ཉལ་གྱི་ཚུལ་དུ་ཡོད་པའི་ནུས་པ་དེ་ངེས་པར་དུ་རྒྱས་པ་དང་འབྲས་བུ་སྨིན་པ་མ་གཏོགས། བག་ལ་ཉལ་ནས་གནས་མི་ཐུབ། གང་ལྟར་དེ་འདྲའི་ནུས་པ་ཞིག་ཡོད་པ་ངོས་འཛིན་པའི་ཐོག་ནས་དེ་སད་པ་དང་། འཕེལ་བའི་ཐབས་ཤེས་སྤྲད་སྐབས་ཚུལ་མཐུན་མ་ཡིན་པའི་ཐབས་ལམ་རེ་བ་དང་ཞེད་སྣང་སྐྱེ་རུ་མ་བཅུག་ན་ཕྲུ་གུ་སོ་སོའི་གནས་བབ་སོ་སོས་ཤེས་རྒྱུ་དང༌། སོ་སོའི་གནས་བབ་མི་གཞན་དང་མཚུངས་བསྡུར་གྱིས་མི་ལྟ་བའི་གོམས་གཤིས་ཤིག་རག་ངེས།

དུས་རབས་ཉེར་གཅིག་པ་འདིའི་ནང་འཛམ་གླིང་ཡོངས་རྫོགས་ཞི་བདེ་མེད་པར་རྟག་ཏུ་འཇིགས་སྣང་དང་དྭོགས་ཟོན་འོག་བསྡད་དགོས་པ་ནི་རང་གིས་རང་ཉིད་ངོ་མི་ཤེས་པ་དེ་ལས་བྱུང་ཞིང༌། ཕྲུ་གུ་ཆུང་དུས་སྐབས་ཕ་མ་དང༌། དེ་ནས་དགེ་རྒན། དེ་ནས་སྤྱི་ཚོགས་ནང་མཚུངས་བསྡུར་གྱིས་ལྟ་བའི་ཕྱོགས་སུ་ལྷུང་བར་བྱེད། དཔེར་ན་འཛིན་གྲྭའི་ནང་ཁོ་གང་འདྲ་ཡག་པོ་བསྡད་ཀྱི་འདུགཁྱེད་རང་བསྡད་མི་ཐུབ་པ་གང་རེད། ཁོས་ཡག་པོ་གང་འདྲ་བྲིས་འདུགཁྱེད་རང་གིས་སྡུག་ཅག་གང་འདྲ་བྲིས་འདུག ཁོས་ཚང་མ་བློ་ལ་བཟུང་འདུགཁྱེད་རང་བློ་ལ་བཟུང་མི་འདུག་ཅེས་བཤད་ཀྱི་ཡོད། གལ་ཏེ་བློ་ལ་བཟུང་མེད་ན་ཁོ་རང་ལ་བློ་ལ་གཟུང་དགོས་ཞེས་ལབ་ཆོག་པ་མ་གཏོགས། གཞན་ཞིག་དང་མཚུངས་བསྡུར་མི་ཆོག

མཚུངས་བསྡུར་དེ་རང་ངོ་མི་ཤེས་པ་ཆགས་རྒྱུའི་གོམ་པ་དང་པོ་དེ་རེད།མཚུངས་བསྡུར་གྱི་དེ་མ་ཐག་པའི་འབྲས་བུར་འགྲན་བསྡུར་དེ་བྱུང་ཞིང༌། དེ་ནི་སྤྱི་ཚོགས་ཀྱི་རྒུད་པ་ཀུན་གྱི་རྩ་བ་ལྟ་བུ་རེད། དེང་རབས་ཤེས་ཡོན་ནང་སྐྱོན་ཆ་ཆེ་ཤོས་ནི་མིའི་བསམ་བློའི་ནང་མཚུངས་བསྡུར་དང་འགྲན་བསྡུར་ལས་གཞན་པའི་དངོས་པོའི་གནས་ལུགས་ལྟ་བའི་ཐབས་ལམ་ཚང་མ་བཀག་པ་དེ་རེད། སྤྱིར་སེམས་ཅན་ཚང་མ་བྱེ་བྲག་པ་ཡིན་པའི་དབང་གིས་སོ་སོར་མི་འདྲ་བ་དང་ཐུན་མོང་མ་ཡིན་པའི་གནས་སྟངས་ཡོད་པ་དེ་ངོས་ལེན་བྱེད་དགོས།དེ་ནི་དངོས་ཡོད་ཀྱི་གནས་སྟངས་ཀྱང་རེད།

ད་ལྟ་ཚོགས་ཁང་འདིའི་ནང་མི་༦༠ཙམ་ཡོད་ཀྱང་། མི་གཉིས་གཅིག་པ་གཅིག་རྐྱང་ཡོང་མི་ཐུབ།འཛམ་གླིང་གི་མི་གྲངས་ཐེར་འབུམ་ཁ་ཤས་ནང་ཁྱོན་ནས་དབྱེ་བ་ཕྱེ་མི་ཐུབ་པ་གཅིག་པ་གཅིག་རྐྱང་གི་མི་གཉིས་རག་རྒྱུ་མེད་ཅིང༌། ཕྲུ་གུ་མཚེ་མ་རྣམས་ཀྱང་ཧོབ་སྟེ་བལྟས་སྐབས་ཧ་ཅང་འདྲ་ཡང༌།མཉམ་དུ་སླེབས་སྐབས་དབྱེ་བ་ཕྱེ་ཐུབ། ལུས་ཀྱི་རྣམ་འགྱུར་ཙམ་ལའང་དེ་ཙམ་གྱིས་མི་འདྲ་བ་དང་ཐུན་མོང་མ་ཡིན་པ་ཡོད་པ་དེས་གང་ཟག་ཡོངས་སུ་རྫོགས་པ་བྱེ་བྲག་པ་དང་དམིགས་བསལ་བ་ཞིག་ཡིན་པ་མཚོན་གྱི་ཡོད། དེ་ནི་ནུབ་ཕྱོགས་པས་ཀྱང་ཁས་བླངས་ཤིང༌། ཁོང་ཚོས་ Individual ཟེར་གྱི་ཡོད།མི་ཚང་མའི་ནང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ན།དེ་རང་ཐོག་ནས་བལྟ་རྒྱུ་རེད་མ་གཏོགས། གཞན་ཞིག་དང་མཚུངས་བསྡུར་གྱིས་ཁོའི་ཐུན་མོང་མ་ཡིན་པའི་གནས་སྟངས་དེ་ཤེས་མི་ཐུབ།གཅིག་པ་ཞིག་ཡིན་ན་མཚུངས་བསྡུར་ཐོག་ནས་ཤེས་རྒྱུ་མ་གཏོགས།ཐུན་མོང་མ་ཡིན་པའི་གནས་བབ་ཅིག་མཚུངས་བསྡུར་ཐོག་ནས་ཤེས་པ་དང་ངོ་འཕྲོད་ཐབས་མེད། དེས་ན་མཚུངས་བསྡུར་གྱི་ལྟ་སྟངས་དེ་དངོས་པོའི་གནས་ལུགས་ཇི་མ་ཇི་བཞིན་བལྟ་བར་འགལ་རྐྱེན་ཆེ་ཤོས་ཡིན། དེ་དང་མཉམ་དུ་འགྲན་བསྡུར་སྦྱར་ནས་ཡོང་གི་ཡོད།

ད་ལྟའི་གནས་སྐབས་སུ་འགྲོ་བ་མིའི་སྤྱི་ཚོགས་ཀྱིས་སོ་སོའི་མེད་དུ་མི་རུང་བའི་དགོས་མཁོ་གང་ཡིན་སོ་སོས་ཐག་གཅོད་མི་ཐུབ་ཅིང༌།མི་གཅིག་ལ་སྟོད་ཐུང་གོས་ཐུང་དང༌། ལྷམ་ག་ཚོད་དགོས་མིན་སོ་སོའི་དགོས་མཁོ་ལ་བརྟེན་ནས་མིན་པར་མི་གཞན་ལ་བལྟས་ནས་ཐག་གཅོད་ཀྱི་ཡོད།དཔེར་ན། ཁོ་ཞོགས་པ་འཁྱམ་འཁྱམ་འགྲོ་སྐབས་ལྷམ་དེ་འདྲ་ཞིག་གྱོན་འདུགངས་ཀྱང་དེ་འདྲ་ཞིག་གྱོན་དགོས།ཁོའི་ཕྲུ་གུ་སློབ་གྲྭར་སྣུམ་འཁོར་ནང་བསྐྱལ་གྱི་འདུགངའི་ཕྲུ་གུའང་དེ་འདྲ་བསྐྱལ་དགོས་ཞེས་པ་མ་གཏོགས།ངའི་ཕྲུ་གུས་སློབ་གྲྭའི་བར་དུ་གོམ་པ་བརྒྱབས་ནས་འགྲོ་ཐུབ་དང་མི་ཐུབ་ཀྱི་གནད་དོན་དེ་རྦད་དེ་བརླགས་པ་རེད། གལ་སྲིད་སློབ་གྲྭའི་བར་གོམ་པ་སྤོས་ནས་ཕྱིན་ན་སྐྱོན་དང་དགེ་གང་ཡོད་ཐོག་བསམ་བློ་གཏོང་གི་མེད། ཁོའི་ཕྲུ་གུ་སྣུམ་འཁོར་ནང་འགྲོ་སྟབས་ངའི་ཕྲུ་གུའང་སྣུམ་འཁོར་ནང་མ་ཕྱིན་ན་སློབ་གྲྭའི་ནང་ཉམས་དམའ་པོ་ཆགས་ཀྱི་རེད་བསམ་གྱི་ཡོད། སློབ་གྲྭའི་ནང་སླེབས་སྐབས་ཕྲུ་གུའི་གནས་ལུགས་གང་ཡིན་བསམ་བློ་གཏོང་གི་མེད། དེར་བརྟེན་དེང་སང་མིའི་དགོས་མཁོ་གང་ཡིན་རང་གིས་ཐག་གཅད་ཐུབ་ཀྱི་མེད། གཟུགས་མཐོང་རླུང་འཕྲིན་དང་གསར་ཤོག་བརྒྱུད་ནས་དགོས་མཁོ་དེ་རང་གི་མགོ་བོའི་སྟེང་གཡོགས་པ་མ་གཏོགས།དགོས་དང་མི་དགོས་དེ་སོ་སོའི་གནས་སྟངས་ཐོག་ནས་ཐག་གཅོད་མི་ཐུབ་པ་དེ་ང་ཚོའི་བསམ་བློའི་རང་དབང་ཆ་ཚང་ཤོར་ཟིན་པའི་དན་རྟགས་དེ་རེད། དེས་ན་རང་གི་བསམ་བློའི་རང་དབང་སུ་ལའང་མ་ཤོར་བར་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རང་གི་བླང་དོར་གཏན་ལ་ཕབ་ཐུབ་པ་ཞིག་དགོས་སྟབས། ཚད་དང་ལྡན་པའི་ཤེས་ཡོན་གྱི་ལམ་སྲོལ་ལམ་སྲིད་བྱུས་ཤིག་དགོས་ཀྱི་ཡོད།

དུས་རབས་ཉེར་གཅིག་པ་འདིའི་ནང་ང་ཚོའི་ཐུན་མིན་གྱི་ཆོས་དང་ལེགས་བྱང་སྲུང་སྐྱོབ་བྱེད་དགོས་ན། དེའི་གཏོར་བཤིག་གཏོང་མཁན་གྱི་ནུས་པ་དང་མཉམ་དུ་གདོང་ལེན་ནམ་ཁ་གཏད་མ་གཅོག་ཐབས་མེད་རེད། རྒྱ་མིས་དྲག་པོའི་ཐོག་ནས་གཏོར་བཤིག་གཏོང་བ་ཡིན་སྟབས། ང་ཚོས་ཤེས་ཐུབ་པ་མ་ཟད།དེ་ལ་ཁ་གཏད་ཀྱི་བསམ་བློ་ཞིག་ཀྱང་ངང་གིས་སླེབས་པ་ཡིན།འོན་ཀྱང་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱིས་གཏོར་བཤིག་གཏོང་བ་ལ། ང་ཚོས་ནམ་ཡང་གདོང་ལེན་མི་བྱེད་པ་མ་ཟད། དེ་ཧ་ཅང་མདུན་བསྐྱོད་ཆེན་པོ་ཞིག་ཏུ་བརྩི་ནས་དགའ་བསུ་བྱེད་ཀྱི་ཡོད། གང་ལྟར་གཏོར་བཤིག་དེ་ཕྱོགས་གཉིས་ཀ་ནས་འགྲོ་མུས་རེད། དཔེར་ན།གཟུགས་པོར་མི་འཕྲོད་པའི་ཟས་ཤིག་སྐྱུར་མོ་བྱས་ནས་སྤྲད་ན་ང་ཚོས་ལམ་སེང་མི་ཟ་ཞིང༌། མངར་མོ་བྱས་ནས་སྤྲད་ན་ཟ་བ་དང་མཚུངས།དེའི་དབང་གིས་གཟུགས་ཁམས་ལ་གནོད་པ་འདྲ་མཉམ་ཡིན་ཡང༌། མངར་མོ་དང་ཞིམ་པོ་དེས་གནོད་པ་ཤེས་རྒྱུ་ཁག་པོ་རེད་ལ།ཤེས་ཀྱང་འཛེམས་རྒྱུར་དཀའ་ངལ་ཡོད།

དེས་ན་གཞི་རིམ་སློབ་སྦྱོང་སྐབས་ནས་གང་ཟག་རང་གི་ཐུན་མོང་མ་ཡིན་པའི་ངོས་འཛིན་སྲུང་སྐྱོབ་ཀྱི་རང་གཤིས་བསྐྲུན་དགོས་པ་ནི་ཧ་ཅང་གལ་ཆེ། ནུབ་ཕྱོགས་པ་ནས་ལད་ཟློས་ཀྱིས་བོད་པའི་ངོས་འཛིན་བརླག་རྒྱུ་མེད་ཅེས་གསུང་མཁན་མང་པོ་ཡོད། བོད་པའི་ངོས་འཛིན་བརླགས་ཟིན་པ་ཚོས་ཀྱང་བོད་པའི་ངོས་འཛིན་བརླག་རྒྱུ་མེད་ཅེས་བཤད་ཀྱི་ཡོད། དེ་ཡང་ནུབ་ཕྱོགས་པའི་ལད་ཟློས་བྱས་ནས་བཤད་ཀྱི་ཡོད། ངོ་མ་ནི་ནུབ་ཕྱོགས་པའི་ལད་ཟློས་བྱེད་དགོས་དོན་མེད། དངོས་ཡོད་གནས་ཚུལ་ཐོག་ནས་ང་ཚོའི་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ངོས་འཛིན་གང་ཡིན་པ་དེ་དགེ་རྒན་དགེ་ཕྲུག་ཚང་མས་ཤེས་དགོས། ངོས་འཛིན་ཤེས་སོང་ན་ངོ་ཤེས་པ་རང་གིས་ངོས་འཛིན་སྲུང་སྐྱོབ་ལ་གོམ་པ་དགའ་རབ་སྤོས་ཟིན། འོན་ཀྱང་ད་ལྟ་ང་ཚོས་ངོ་ཤེས་ཀྱི་མེད། རྟག་ཏུ་མི་གཞན་དང་མཚུངས་བསྡུར་གྱིས་ཕྱིན་པ་མ་གཏོགས་རང་གི་རང་ཞལ་དེ་ཡག་པོ་མཐོང་གི་མེད།

བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་མང་ཆེ་བ་དང༌། ལྷག་པར་དུ་རྫོགས་ཆེན་དང་ཕྱག་ཆེན་རྣམས་ཀྱིས་སེམས་ཀྱི་རང་ཞལ་མཇལ་དགོས་ཞེས་ཡང་ཡང་གསུང་གི་ཡོད། སེམས་ཀྱི་རང་ངོ་མཐོང་བ་དེ་ཧ་ལམ་འཁོར་བ་ལས་འགྲོལ་བར་ཉེ་བ་ཞིག་ལ་བརྩི་གི་ཡོད། འོན་ཀྱང་སེམས་ཀྱི་རང་ངོ་མཐོང་རྒྱུ་དེ་ཏན་ཏན་དཀའ་ཡང༌། གང་ཟག་གི་རང་ངོ་ཤེས་རྒྱུ་དེ་ཙམ་ཁག་པོ་མིན་ཞིང༌། ང་སུ་ཡིན་པ་དང༌། གང་འདྲ་ཞིག་ཡིན་པ་དེ་མི་གཞན་དང་མཚུངས་བསྡུར་མེད་པར་སོ་སོའི་ངོས་ནས་ཤེས་ཐུབ་པ་དང༌། སོ་སོའི་དགོས་མཁོའང་མི་གཞན་ལ་དཔེ་བལྟ་མི་དགོས་པར་རང་གི་རྣམ་དཔྱོད་ཐོག་ནས་བྱེད་ཐུབ་པ་བྱུང་ན་མི་དེ་ངོས་འཛིན་ཡོད་པ་དང༌། རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཞིག་ལ་ངོས་འཛིན་ཐུབ། དེ་ལྟ་བུ་དེ་བོད་མི་ཡིན་ཕྱིན་བོད་པ་ཞིག་མ་གཏོགས་གཞན་ཞིག་ཆགས་མི་ཐུབ།

ད་ལྟ་ངས་གོང་དུ་ཞུས་པ་རྣམས་ཐོར་བ་དང་བང་མ་འགྲིགས་པ་ལྟ་བུ་ཆགས་སོང་བས་བསྡོམས་བརྒྱབས་ཏེ་ཞུ་ན། ཤེས་ཡོན་སྲིད་བྱུས་གང་འདྲ་ཞིག་ཡོང་དང་མ་ཡོང་འཇིན་རྟེན་ལ་ལྟ་སྟངས་དང༌། ཁྱད་པར་དུ་མི་ལ་ལྟ་སྟངས།དེའི་ནང་ནས་སློབ་ཕྲུག་ལ་ལྟ་སྟངས་ཐོག་ནས་ཁྱད་པར་འགྲོ་ཞིང༌། དེར་བརྟེན་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་རྒྱབ་ལྗོངས་ཀྱི་མི་ལ་ལྟ་སྟངས་དེ་གང་ཟག་བྱེ་བྲག་པ་སུ་ཡིན་རུང་དེ་ལ་རྣམ་འབྱེད་ཀྱི་ཤེས་རབ་མཐའ་མེད་དུ་འཕེལ་བའི་ནུས་པ་ཡོད་པ་ཞིག་ཡིན་པ་དེ་གཅིག་པ་ངོས་འཛིན་བྱེད་རྒྱུ་དང༌། དེ་འདྲའི་རྣམ་འབྱེད་ཤེས་རབ་འཕེལ་བའི་ནུས་པ་ཡོད་པ་དེ་རང་གི་འབད་རྩོལ་ཐོག་ནས་འཕེལ་བ་མ་གཏོགས།དགེ་རྒན་གྱིས་ཕྱི་ནས་བླུག་རྒྱུ་མེད་ཀྱང་དེ་སྤེལ་བའི་ཐབས་ཤེས་དགེ་རྒན་གྱིས་བྱེད་དགོས་ཤིང༌།

དེས་ན་དགེ་རྒན་གྱི་ལས་འགན་ནི་སེམས་འཇིགས་ཞུམ་མེད་པ་བཟོ་རྒྱུ་དང༌། དེའི་ཆེད་དུ་འཇིགས་པ་དང་རེ་བའི་ཐབས་ལམ་དེ་ཤེས་ཡོན་སློབ་སྟོན་ནང་བེད་སྤྱོད་མི་བྱེད་པ། རང་ངོ་ཤེས་པ་བཟོ་ཆེད་མཚུངས་བསྡུར་མི་བྱེད་པ། ཀུན་དང་མཐུན་པར་བཟོ་ཆེད་འགྲན་བསྡུར་མི་བྱེད་པ་བཅས་ཀྱི་ཐབས་ལམ་ཐོག་ནས་སློབ་ཚན་དེ་བསྟན་པ་དང༌། དེ་ལ་གོ་བརྡ་མི་འཕྲོད་པ་དང་དཔྱད་པ་བྱེད་མི་ཐུབ་པའི་ཕྱི་ནང་གི་འགན་རྐྱེན་རྣམས་བསལ་ཐུབ་ན་དགེ་རྒན་ཚད་ལྡན་ཞིག་ཆགས་རྒྱུ་རེད། དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་གོ་བརྡ་སྤྲོད་སྐབས་དགེ་རྒན་རྣམས་ཀྱིས་སྲིད་བྱུས་འདིའི་ཐོག་ལྟ་སྟངས་དང༌། དགེ་རྒན་ནས་གང་འདྲ་ཞིག་ཡོང་བའི་རེ་འདུན་བྱེད་པ། དགེ་རྒན་ཚོས་གང་མ་གནང་ན་ཡག་པོ་ཡོད་རེད་བསམ་པ་དེ་དག་མཁྱེན་དགོས་པ་གལ་ཆེན་པོ་རེད། དེར་བརྟེན་ང་ཚོའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་ཀྱི་བསམ་བློའི་གཞི་རྟེན་ནམ་སྒྲོམ་གཞི་དེའི་ཐོག་ནས་ཤེས་ཡོན་སྲིད་བྱུས་དེ་བཟོས་ཤིང༌། སྲིད་བྱུས་འདི་དང་མཐུན་པའི་ཤེས་ཡོན་ནང་བསྐྱོད་པའི་ན་གཞོན་དེ་དག་བསམ་བློའི་རང་དབང་ཡོད་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད།དེ་ལྟ་བུ་ཞིག་བྱུང་ན་སྲིད་དོན་ཆ་ནས་སུའི་དབང་འོག་ཏུ་བསྡད་རུང་། བོད་མིའི་གཞི་རིམ་གྱི་རང་དབང་དེ་མ་ཤོར་བར་བསྡད་ཐུབ།དེ་ནི་མ་འོངས་བོད་ཀྱི་རང་དབང་ལ་མེད་དུ་མི་རུང་བའི་མ་རྩ་ལྟ་བུ་དེ་རེད། སྤྱིར་བཏང་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་རང་དབང་དེ་གཙོ་བོ་ཡིན་ཡང༌། དེའི་ནང་ནས་བོད་མི་རིགས་ཀྱི་བསམ་བློའི་རང་དབང་ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ཁྲ་ཁྲ་ཟིང་ཟིང་ནང་ཆ་ཚང་མ་ཤོར་བའི་ཐབས་ལམ་ཞིག་ལ་ཤེས་ཡོན་སྲིད་བྱུས་དེ་བསྐྲུན་ཡོད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།