༈ ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ།
༄༅།། ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ།
དགེ་ལེགས་ཀུན་འབྱུང་ཤེས་ཡོན་སྣང་བའི་མཛོད།།
བློ་གསལ་ཡིད་ཀྱི་འདབ་བརྒྱ་བཞད་པའི་གཉེན།།
འཆད་ཉན་ཉམས་ཞིབ་བྱ་བའི་རྟ་ལྗང་གིས།།
འདྲེན་མཁས་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༡ །།
དགེ་བཅུ་ཀུན་ཚང་མང་ཡུལ་བསིལ་ལྡན་ལྗོངས།།
དབུས་འགྱུར་ས་ཡི་ཐིག་ལེའི་འདབ་ཆགས་པར།།
ལྕོག་ལམ་སྐྱེད་ཚལ་མཛེས་པའི་རྒྱན་མཆོག་ཏུ།།
བརྗིད་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༢ །།
ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀུན་ལ།།
རྣམ་དག་རིགས་ལམ་ཕྲ་མོས་ལེགས་དཔྱད་དེ།།
ཕྲ་ཞིབ་དོན་གྱི་གནད་ཀུན་གསལ་རྗེན་དུ།།
སྟོན་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༣ །།
ཟབ་རྒྱས་ཆོས་ཚུལ་མཐའ་བྲལ་མཁའ་དབྱིངས་སུ།།
སྔོན་བྱོན་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས།།
ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི།།
སྔོན་མེད་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༤ །།
འཕགས་ཡུལ་ཐེག་གསུམ་གྲུབ་མཐའ་རྣམ་བཞིའི་དོན།།
བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ།།
དར་བའི་ལེགས་བཤད་བྱེ་བ་འབུམ་གྱི་བཅུད།།
འཛིན་སྐྱོང་སྤེལ་བའི་སློབ་ཁང་ཨེ་མ་ཧོ།། ༥ །།
གཞན་ཡང་བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་དང་།།
དེང་རབས་སྒྱུ་རྩལ་ཚན་རིག་འཕྲུལ་ལས་སོགས།།
གནའ་དེང་ཤེས་བྱའི་གནས་ཀུན་དུས་གཅིག་ཏུ།།
སྦྱང་ཡུལ་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༦ །།
གཞན་ཕན་ལྷག་བསམ་དཔུང་པ་བརྟན་པོ་ཡིས།།
མཁས་མཛངས་ཡ་རབས་སྤྱོད་བཟང་རྒྱལ་མཚན་ཆེ།།
སྒྲེང་ལ་ཞུམ་མེད་འདྲེན་པ་འཛད་མེད་དུ།།
སྐྲུན་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༧ །།
རིས་བྲལ་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་།།
རིགས་ཀྱི་སྲི་ཞུ་སྒྲུབ་པའི་བྱ་བ་གཉིས།།
འགལ་མེད་ལྷན་ཅིག་སྤྱོད་པའི་ལུགས་བཟང་མཆོག།།
སྤེལ་བའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༨ །།
ཨེ་མ་ཧོ། ཨེ་མ་ཧོ། ཅེས་པ་འདིའང་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རིགས་ཀྱི་གླུ་ཞིག་འབྲི་དགོས་ཞེས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དཀོན་མཆོག་དབང་འདུས་ཀྱིས་སྔ་ལོ་ནས་ལྷ་རེག་རྟེན་བཅས་ཡང་ཡང་བསྐུལ་མ་གནང་ཡང་། རྣམ་གཡེང་དང་བར་ཆད་སྣ་ཚོགས་ཀྱིས་རིང་འགྱངས་སོང་བར་འགྱོད་སེམས་དང་བཅས། ཤཱཀྱའི་བཙུན་གཟུགས་དགེ་སློང་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་དྭང་བས་སྨོན་པ་དགེ་བར་གྱུར་ཅིག།། །།
༈ དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུའི་འགྲེལ་བཤད།
༄༅།། གང་ཞིག་གཟིགས་ཤིང་གསུང་བ་ཡི།། མཁྱེན་དང་སྟོན་པ་བླ་ན་མེད།། རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང།། གཟིགས་ཤིང་འདོམས་པ་དེ་ལ་འདུད།།[1] འདུན་ས་འདིར་ཕེབས་པའི་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་མཆོག་གིས་དབུས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ། དགེ་རྒན་དང་ལས་བྱེད་རྣམ་པ། བརྩེ་བའི་སློབ་ཕྲུག་དང་གཞན་ཡང་འདིར་ཟུར་ཉན་ལ་ཕེབས་པ་ཚང་མར་དེ་རིང་གཙུག་ལག་སློབ་གཉེར་ཁང་འདིའི་ནང་༸སྐྱབས་རྗེ་བ་ཀུ་རིན་པོ་ཆེའི་རྗེས་དྲན་གཏམ་བཤད་ཀྱི་ཐོག་ནས་གཙུག་ལག་སློབ་གཉེར་ཁང་འདིའི་རིགས་ཀྱི་གླུའི་ཚིག་དོན་གྱི་འགྲེལ་པ་མདོར་བསྡུས་ཤིག་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། ཐོག་མར་ལ་དྭགས་དང་བོད་གངས་ཅན་གྱི་ལྗོངས་གཉིས་ཀར་བཀའ་དྲིན་ཤིན་ཏུ་ཆེ་བའི་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེས་གོང་མའི་རྣམ་ཐར་བཟང་པོ་བདག་གིར་བསྐྱངས་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ངས་ཐོག་མར་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༥།༡༩༥༦ ལོར་ཇམྨཱུཀཤྨིར་མངའ་སྡེའི་ཕྱག་ལས་གནང་སྐབས་བོད་དུ་ཆིབས་བསྒྱུར་གནང་བའི་སྐབས་སུ་མཇལ་རྒྱུ་བྱུང་།[2] མཇལ་ས་དེའང་འབྲས་སྤུངས་རྒྱལ་རོང་ཁང་ཚན་ནང་སྡེ་དྲུག་རིན་པོ་ཆེའི་མཛད་སྒོ་ཞིག་གི་སྐབས་སུ་རེད། དེ་ནི་སྲས་རིན་པོ་ཆེ་བརྒྱུད་ནས་ཞལ་འདྲིས་བྱུང་བ་ཞིག་ཡིན། སྐབས་དེར་བོད་ལ་རྒྱ་མིའི་དབང་བསྒྱུར་སླེབས་ནས་ལོ་ཤས་སོང་བ་དང་། མ་འོངས་པར་བོད་ཀྱི་གནས་སྟངས་གང་འདྲ་ཆགས་མིན་ཐེ་ཚོམ་ཡོད་པའི་དུས་ཚོད་ཅིག་ཏུ་དེ་དུས་ཀྱི་རྒྱ་གར་གྱི་སྲིད་བློན་དམ་པ་ཇབཱཧར་ལཱལ་ནེཧརཱུས་འབོད་སྐུལ་ལྟར་བོད་ཀྱི་གནས་བབ་གཟིགས་ཞིབ་ཆེད་ཕེབས་པ་ཞིག་རེད་འདུག འོན་ཀྱང་འཕྲལ་རྐྱེན་ཁག་འཇོག་ས་ནི་ད་ལྟའི་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་སྲས་རིན་པོ་ཆེས་དགེ་བཤེས་མཚན་རྟགས་ཀྱི་གཏོང་སྒོ་སྔ་འདོན་གཏོང་གནང་མཛད་པའི་སྐབས་སུ་ཕེབས་ཁུལ་རེད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་སྐྱབས་བཅོལ་ལ་རྒྱ་གར་དུ་འབྱོར་རྗེས་མིསཱམརཱིའི་འདུ་སྡོད་སྡེ་ཚན་ནས་ཟུར་ཐོན་གྱིས་བཀའ་བློན་སྦུག་ཏུ་སྡོད་སྐབས་རིན་པོ་ཆེ་མཆོག་ཆེད་མངགས་ང་ལ་དཀའ་ངལ་འདྲ་ཡོད་མེད་གཟིགས་ཞིབ་ཆེད་ཆིབས་བསྒྱུར་གནང་སོང་། དེ་ནས་བཟུང་སྟེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་མ་གཤེགས་བར་ཧ་ཅང་ཐུགས་ཐག་ཉེ་པོའི་ཐོག་ནས་ཐུགས་རྗེའི་རྗེས་འཛིན་དང་། སྤྱི་སྒེར་གྱི་གནད་དོན་མང་པོའི་ཐོག་ལམ་སྟོན་དང་ཕྱག་རོགས་རྒྱུན་མར་གནང་ཡོད། ཞེ་ས་མ་ཞུས་ན་ཧ་ཅང་གི་བློ་ཐག་ཉེ་བའི་གྲོགས་པོ་ལྟ་བུ་ཡིན། དེར་བརྟེན་རིན་པོ་ཆེ་རྗེས་དྲན་གྱི་གཏམ་བཤད་ཀྱི་ལས་རིམ་ནང་བཅར་ཐུབ་པ་འདི་རྗེས་སུ་ཡི་རངས་བྱ་འོས་དང་། སྐལ་བཟང་གི་ངོ་བོར་བརྩི་གི་ཡོད།
གཏམ་བཤད་ཀྱི་བརྗོད་གཞི་ནི་ད་ལྟ་སྐབས་སུ་བབ་པ་རིགས་ཀྱི་གླུའི་སྐོར་ཞུ་རྒྱུ་དེ་ཡིན། རིགས་ཀྱི་གླུ་འདི་ཤློཀ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན། འདི་ལ་སྤྱིར་བཏང་ཚིག་གི་དོན། གཞུང་གི་དོན། ཞར་བྱུང་དང་ཟུར་གྱིས་འཕངས་པའི་རིགས་སོགས་ཚང་མ་གང་ཐུབ་འགྲེལ་བརྗོད་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།
ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ཞེས་པའི་ཚིག་དོན་གྱི་འགྲེལ་བཤད།
ལ་དྭགས་ཞེས་པ་ནི་ཡུལ་མིང་ཡིན། ཡུལ་མིང་ལ་ལ་དྭགས་ཞེས་ཐོགས་དགོས་པའི་རྒྱུ་མཚན་ནི་ང་ལས་ཁྱེད་རང་ཚོ་ལ་དྭགས་ལ་བཞུགས་མཁན་དང་། ལ་དྭགས་རང་གི་ཡུལ་མི་ཚོས་མང་བ་མཁྱེན་གྱི་ཡོད་ལ་མཁྱེན་དགོས་པའང་ཡིན། སྤྱིར་བོད་ཀྱི་ཡིག་སྐད་དང་ངག་སྐད་གཉིས་ཀའི་ནང་ལ་ཞེས་པ་གྱེན་དུ་འགྲོ་བའི་ལམ་མམ་ཡང་ན་རི་དང་ས་སྒང་མཐོ་བ་ཞིག་ལ་བརྗོད། དྭགས་ཞེས་པ་ཚིག་འདིའི་འབྲུ་དོན་གང་ཡིན་སྒྲ་བཤད་འཇུག་གི་སྒོ་ནས་བཤད་པ་བྱེད་རྒྱུ་ཕལ་ཆེར་ཨེ་ཡོད། འོན་ཀྱང་བོད་ཀྱི་ངག་སྐད་ནང་དུ་དྭགས་ཞེས་པ་དེ་ཕུ་དང་མདའ་གཉིས་ཀྱི་ནང་ནས་ཕུ་ལ་གོ་ཞིང་། དཔེར་ན་ཀོང་པོ་དང་དྭགས་པོའི་ཐ་སྙད་དེ་བོད་ཀྱི་ཡུལ་མིང་ལ་སྦྱར་སྐབས་ཀོང་པོ་ཞེས་པ་རོང་དང་དྭགས་པོ་ཞེས་པ་མཐོ་སའམ་ཡང་ན་རི་རྒྱུད་ཅིག་ལ་གོ་བ་ཡིན། གང་ལྟར་ཡུལ་གྱི་མིང་རྣམས་ཚིག་བླ་དྭགས་སུ་བཏགས་པའམ་འདོད་རྒྱལ་གྱི་མིང་ཤས་ཆེ་བ་རེད། འདིས་ཡུལ་གྱི་རྣམ་གཞག་གསལ་བ་ཡིན།
དབུས་གཞུང་ཞེས་པ་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འདི་མཉམ་འབྲེལ་ཡུལ་མིའི་རྒྱལ་ཁབ་ཅིག་རེད། ཨིན་སྐད་དུ་ Federal Republic ཞེས་བརྗོད། མཉམ་འབྲེལ་ཡུལ་མིའི་རྒྱལ་ཁབ་ནང་མངའ་སྡེ་དང་དབུས་ཀྱི་གཞུང་འཛིན་ལ་རྩ་ཁྲིམས་ཀྱི་ཐོག་ནས་སོ་སོའི་མངའ་དབང་ངམ་དབང་ཚད་ཐ་དད་བཅས་ཡོད། དེ་ལ་དབུས་དང་ས་གནས་ཀྱི་གཞུང་ཐ་དད་ཡོད་པར་བརྟེན། དབུས་གཞུང་གིས་འཛིན་སྐྱོང་བྱེད་པའི་ཆ་ནས་དབུས་གཞུང་ཞེས་བརྗོད།
ནང་པའི་རིག་གནས་ཞེས་པ་ནི་སྤྱིར་ནང་པ་ཞེས་པ་གྲུབ་མཐའ་གཞན་གྱིས་བཏགས་པའི་མིང་ཞིག་མིན། སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱིས་སོ་སོའི་བརྒྱུད་པ་དང། ལྟ་གྲུབ། གཞན་ཡང་ལམ་སྲོལ་ལ་ཕྱི་ནང་གཉིས་སུ་ཕྱེས་ནས་ནང་པ་ལས་གཞན་པའི་གྲུབ་མཐའ་སྨྲ་བ་རྣམས་ལུགས་འདི་ལས་ཕྱི་རོལ་དུ་གྱུར་པའམ། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཞེས་ཁང་པར་དཔེར་མཚོན་ན་སྒོའི་ནང་དུ་ཡོད་པས་ན་ནང་དང་། སྒོའི་ཕྱི་ལ་ཕྱིན་པ་ན་ཕྱི་རོལ་ཞེས་པའི་ཐ་སྙད་ཡོད་པ་ལྟར་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་ཞེས་པ་འདིས་ཟླས་དྲངས་པའི་ནང་པ་ཞེས་བརྗོད་པ་ཡིན། ཕྱི་རོལ་པའི་རྟོག་གེ་སྡེ་ལྔ་སོགས་ཀྱིས་སངས་རྒྱས་པའི་ལུགས་ལ་ཚུར་བལྟས་སྐབས་ནང་པ་ཞེས་མི་བརྗོད། འོན་ཀྱང་ང་ཚོས་ཕར་བལྟས་སྐབས་གྲུབ་མཐའི་རྣམ་གཞག་ལ་ཕྱི་ནང་གཉིས་ཡོད་པའི་ནང་ནས་ནང་དུ་གྱུར་པ་དེ་ལ་ནང་པ་ཞེས་བརྗོད་པ་ཡིན། སྤྱིར་ནང་པ་ཞེས་པའི་མཚམས་གང་འདྲ་ཞིག་ལ་འཇོག་དགོས་མིན་དང་། ཐ་སྙད་ཇི་ལྟར་བྱུང་བའི་ཚུལ་སོགས་གཞུང་ཆེན་མོའི་ནང་དུ་བཤད་པ་རྒྱ་ཆེན་པོ་ཡོད། གང་ཟག་ཅིག་རང་ཉིད་ནང་པར་འགྱུར་བའི་ཆ་རྐྱེན་གང་དགོས་སམ་ཞེ་ན། འཁོར་འདས་ཀྱི་རྣམ་གཞག་ཕྲན་བུ་ཤེས་པའི་ཐོག་ནས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་པོ་ལ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པའི་སྐྱབས་གནས་ཡང་དག་ཡིན་པ་ཁས་བླངས་ཤིང། དེ་ལས་གཞན་པའི་འཇིག་རྟེན་པའི་ལྷ་དང་ཕྱི་རོལ་པའི་ལྷ་སོགས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་གནས་སུ་ཁས་མི་ལེན་ན། དེ་ལ་ནང་པའི་གང་ཟག་ཅེས་ཐ་སྙད་ཐོབ།
སྤྱིར་ནང་པ་དང་ཕྱི་པའི་ཁྱད་པར་སྐྱབས་འགྲོ་རྒྱུད་ལ་ཡོད་མེད་ཐོག་ནས་འཇོག་མཁན་གྱི་རྒྱ་གར་དང་བོད་གཉིས་ཀའི་ནང་མཁས་པ་བྱུང་ཡོད་ཚོད་འདུག ཚིག་སྐྱོན་མ་བཅད་པར་རགས་པ་ཙམ་གྱི་དབང་དུ་བྱས་ན། སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ལ་ནང་པ་ཞེས་བརྗོད་པ་དང་། སྐྱབས་འགྲོ་རྒྱུད་ལ་མི་ལྡན་པའི་གང་ཟག་ལ་ཕྱི་པ་ཞེས་བརྗོད་ཀྱང་ཕལ་ཆེར་མ་འགྲིག་པ་མེད། འོན་ཀྱང་སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ནང་པའི་ཚད་དུ་འཇོག་ན༑ ནང་པ་ཧ་ཅང་ཉུང་ངུ་ཆགས་ངེས། ད་ལྟ་ས་ཡི་གོ་ལ་འདིའི་ཐོག་མིའི་སྐྱེ་འགྲོའི་གྲངས་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད། དེའི་ནང་ནས་དུང་ཕྱུར་བཅུ་ཙམ་གསལ་བསྒྲགས་བྱས་པའི་ཆོས་ཁས་མི་ལེན་མཁན་ཡིན། ཨིན་སྐད་དུ་ Non-believer ཞེས་བརྗོད། དེ་མིན་དུང་ཕྱུར་དྲུག་ཅུ་པོ་དེས་ཆོས་ལུགས་ཤིག་གི་རྗེས་འཇུག་ཡིན་པར་ཁས་འཆེས་ཀྱི་ཡོད། ཡིན་ནའང་དེ་ཚོ་དངོས་གནས་ཆོས་ལུགས་དེའི་རྗེས་འཇུག་པ་ཡིན་ནམ་ཞེས་འདྲི་ན་ཧ་ཅང་ཉུང་ཉུང་ཡིན། གང་ལགས་ཤེ་ན། ནང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ན་ཕྲུ་གུ་དེ་སྐྱེས་མ་ཐག་ནས་ནང་པ་ཆགས་འགྲོ་བ་དང་། ཡེ་ཤུའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ན་སྐྱེས་མ་ཐག་ནས་ཡེ་ཤུ་ཆགས་འགྲོ་བ། རིག་བྱེད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ནའང་དེ་འདྲ་ཞིག་མ་གཏོགས། གང་ལྟར་ཆོས་ཀྱི་རྣམ་གཞག་གང་ཡང་མི་ཤེས་པ་དེ་རྣམས་ཀྱང་ཆོས་ལུགས་སོ་སོའི་མི་གྲངས་སུ་བརྩི་གི་ཡོད།
དེས་ན་སོ་སོའི་ཆོས་ཀྱི་གནས་ཚུལ་ཤེས་ནས་དེ་ལ་ཞུགས་པའི་གང་ཟག་ནི་ཕལ་ཆེར་བརྒྱ་ཆ་གཅིག་དང་ཕྱེད་ཀའམ། ཡང་ན་བརྒྱ་ཆ་གཉིས་ཙམ་ལས་མེད་ཚོད་རེད། དེ་བཞིན་ནང་པའི་ལུང་པ་རྣམས་སུའང་ཚང་མའི་བསམ་བློའི་ནང་ང་ནང་པ་ཡིན་བསམ་པའི་འདུ་ཤེས་ཤིག་ཡོད་ཀྱང། རང་ཉིད་ནང་པར་འགྱུར་བའི་ཆ་རྐྱེན་དཀོན་མཆོག་གསུམ་པོ་སྐྱབས་གནས་ཡང་དག་ཡིན་པ་ངོ་འཕྲོད་མཁན་ཧ་ཅང་དཀོན་པོ་ཡིན་ལ། སྐྱབས་འགྲོ་ཚད་ལྡན་རྒྱུད་ལ་སྐྱེས་པ་ནི་དེ་བས་ཀྱང་དཀོན། དེར་བརྟེན་བོད་ཀྱི་མཁས་པ་མང་པོས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པའི་མཚན་ཉིད་དུ་བཞག་པ་དེ་ལྟར་བྱས་ན་ནང་པའི་མི་འབོར་ཕྲན་བུའི་མང་དུ་འགྲོ་རྒྱུ་ཡིན། སྤྱིར་བཏང་ནས་སྐྱབས་འགྲོ་རྒྱུད་ལ་ཡོད་ཟེར་རྒྱུ་དེ་ཁག་པོ་ཡིན། དེ་ལ་སྐྱབས་སུ་འགྲོ་བའི་ཡུལ་ངོ་ཤེས་དགོས་པ་དང་། སྐྱབས་འགྲོའི་རྒྱུ་འཇིགས་པ་དང་ཡིད་ཆེས་དགོས་པ། དེ་ལ་བརྟེན་ནས་བློ་ལིང་འགེལ་གྱིས་སྐྱབས་སུ་སོང་བའི་བློ་དགོས། དེར་བརྟེན་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་གནས་བརྟན་ཞལ་མར་གཟིགས་ནང་པའི་གྲལ་དུ་མ་ཚུད་པ་ཡོད་ཅེས་གསུངས་པ་དེ་དངོས་ཡོད་གནས་སྟངས་ཡིན། གྲྭ་པ་རྒས་འཁོགས་ཆགས་ཏེ་གྲལ་མགོར་སླེབས་ནའང་རང་གི་རྒྱུད་ལ་སྐྱབས་འགྲོ་མ་སྐྱེས་པ་ཡོད་སྲིད། ཕྱོགས་གཞན་ཞིག་ནས་བཤད་ན། སངས་རྒྱས་འཕགས་པ་ལྟ་བུ་ནང་པ་ཡིན་ནམ་ཕྱི་པ་ཡིན་ཞེ་ན། ནང་པ་ཡིན་ཞེས་བརྗོད་དགོས། འོ་ན་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ལ་སྐྱབས་འགྲོ་ཡོད་དམ་ཞེ་ན། སངས་རྒྱས་འཕགས་པའི་རྒྱུད་ལ་སྐྱབས་འགྲོ་ཡོད་ཅེས་བརྗོད་དཀའ། དེ་ལྟ་བུའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད། ཡིན་ནའང་ཡོངས་གྲགས་སུ་སངས་རྒྱས་འཇིགས་པ་ཐམས་ཅད་དང་བྲལ་བར་བརྟེན་སྐྱབས་སུ་འགྲོ་དགོས་པ་མེད་པས་སངས་རྒྱས་ཀྱི་རྒྱུད་ལ་སྐྱབས་འགྲོ་མེད་གསུང་མཁན་མང་བ་ཡོད། དེར་བརྟེན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་དེ་ནང་པའི་ཁོངས་སུ་བརྩི་ཆོག
དེ་ལས་གཞན་དུ་རིག་གནས་ཞེས་པ་གྲུབ་མཐའ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན། ཕྱི་ནང་གི་ཁྱད་པར་གྲུབ་མཐའི་ཁས་ལེན་གྱི་ཐོག་ནས་འབྱེད་སྟངས་ནི་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱི་ཐོག་ནས་ཕྱེ་ཚུལ་ཞིག་ཀྱང་ཡོད། དེ་བཞིན་གཤེགས་པས་མདོ་ལས་གསུངས་པའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གསུམ་མམ། ཡང་ན་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི། དེ་ལ་ཆོས་ཀྱི་སྡོམ་བཞི་ཞེས་ཀྱང་བརྗོད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གསུམ་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་བཅས་ཡིན། སངས་རྒྱས་ཀྱི་གསུང་མང་པོའི་ནང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གསུམ་གསུངས་པ་དང་། འདུལ་བ་ལུང་གཞི་ལ་སོགས་པའི་ནང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་འདི་མེད་པར་གཞན་གསུམ་གསུངས་པའི་སྐབས་ཀྱང་ཡོད།[3] གོང་གི་གསུམ་པོ་དེའི་སྟེང་དུ་མྱ་ངན་ལས་འདས་པ་ཁོ་ན་ཞི་བའོ་ཞེས་པ་འདི་བསྣན་ན་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞིར་འགྱུར། དེའི་དང་པོ་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་འདུས་བྱས་ནི་རྒྱུ་དང་རྐྱེན་གྱིས་འདུས་བྱས་པའི་རིགས་ལ་བརྗོད། སྤྱིར་རང་གི་ངོ་བོ་འཛིན་པའི་ཆོས་ཐམས་ཅད་དབྱེ་བ་ཕྱེ་ན་རྒྱུ་རྐྱེན་ལས་བྱུང་བ་དང་། རྒྱུ་རྐྱེན་ལས་མ་བྱུང་བ་གཉིས་རེད། རྒྱུ་དང་རྐྱེན་ལས་བྱུང་བའི་རིགས་ཐམས་ཅད་མི་རྟག་པ་ཡིན། རྒྱུ་དང་རྐྱེན་ལས་སྐྱེས་པར་བརྟེན་རྒྱུ་རྐྱེན་དེ་ཉིད་ཀྱིས་རང་ཉིད་འཇིག་པའི་རྒྱུ་རྐྱེན་ཡང་བྱེད་ཀྱི་ཡོད། སྤྱིར་མི་རྟག་པ་ལ་ཕྲ་རགས་ཀྱི་རྣམ་གཞག་མང་། འདུས་བྱས་གང་རུང་རྟག་པར་ཁས་ལེན་ན། ནང་པའི་གྲུབ་མཐའ་སྨྲ་བ་ལས་ཕྱི་རོལ་དུ་གྱུར་པ་ཡིན།
གཉིས་པ་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་ཟག་པའི་དངོས་པོ་ལ་བཞི་གསུངས་ཀྱང་། འདིར་རགས་པ་ཙམ་སྟབས་བདེ་བྱེད་ན༑ ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པའམ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མཚོན་པའི་འཁོར་བས་བསྡུས་པའི་ཆོས་ཐམས་ཅད་སྡུག་བསྔལ་ཡིན་ཞེས་གསུངས་པ་ཡིན། སྤྱིར་འཁོར་བས་བསྡུས་པའི་ཆོས་ཐམས་ཅད་སྡུག་བསྔལ་ཡིན་པ་ཁས་ལེན་མཁན་ནི་ནང་པ་རྐྱང་པ་ཡིན། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པ་དུད་འགྲོས་ཀྱང་ཤེས། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་འགྱུར་བའི་སྡུག་བསྔལ་ཡིན་པ་ཕྱི་རོལ་པས་ཀྱང་ཤེས་ཤིང་། ཕྱི་རོལ་པ་ལའང་འགྱུར་བའི་སྡུག་བསྔལ་ལས་ཡིད་འབྱུང་བ་ཡོད། འཁོར་ལོ་དང་པོའི་མདོའི་ནང་སྡུག་བསྔལ་བརྒྱད་བཤད་སྐབས་མཐར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཐོག་ཏུ་བསྡོམས་བརྒྱབས་ཡོད། མདོར་ན་ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་སྡུག་བསྔལ་ཡིན་པ་ཁས་ལེན་མཁན་དང་། སྡུག་བསྔལ་ཡིན་པ་མཐོང་མཁན་ནི་ནང་པ་མ་གཏོགས་མེད། དེ་ལྟར་ལས་དང་ཉོན་མོངས་པའི་འབྲས་བུ་གྱུར་པའམ་ལས་དང་ཉོན་མོངས་པས་ཟིན་པའི་ཆོས་གང་འདྲ་ཡིན་རུང་འཁོར་བས་བསྡུས་པ་ཡིན་པས་སྡུག་བསྔལ་བ་ཡིན་པར་འདོད།
གསུམ་པ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་ནི་ཆོས་ཐམས་ཅད་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་དང་། ཕུང་པོ་ལས་དོན་གཞན་པའི་བདག་གིས་སྟོང་པ། གང་ལྟར་བདག་མེད་རགས་པ་ཙམ་ངེས་པར་དུ་ཁས་བླང་དགོས།
བཞི་པ་མྱ་ངན་ལས་འདས་པ་ཞི་བ་ཞེས་པ་ནི་ཉོན་སྒྲིབ་ས་བོན་དང་བཅས་པ་སྤངས་པའི་ཞི་བའི་གོ་འཕང་ནི་དགྲ་བཅོམ་པའི་གོ་འཕང་ལས་གཞན་མེད་པ་ཡིན། དེ་ལྟར་དེ་བཞི་པོ་ལ་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ཞེས་བརྗོད། སྤྱིར་ནང་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་དམ་བཅུ་དགུ་སོགས་སྡེ་པ་མང་པོར་ཕྱེ་ཡོད། དེ་ཡང་རྩ་བའི་སྡེ་པ་བཞིའི་ནང་ཚན་མང་བཀུར་སྡེ་པ་ལས་མཆེད་ནས་གནས་མ་བུ་པའི་སྡེ་པ་ཞེས་པ་ཞིག་ཡོད། གནས་མ་བུ་པའི་སྡེ་པས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་བླངས་པ་ཡིན། དེ་ཡང་དབུ་མ་འཇུག་པ་ལས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག།། ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད།།[4] ཅེས་པ་ལྟར་གནས་མ་བུ་པའི་སྡེ་པས་རྟག་པ་དང་མི་རྟག་པ་དང་། བདག་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དུ་འདོད། དེ་ནི་གང་ཟག་གི་བདག་ཡོད་པར་བསྟན་པའི་མདོའི་ཆེད་དུ་བྱ་བའི་གདུལ་བྱའི་གྲངས་ཤིག་ཡིན། འོ་ན་དེ་ནང་པའི་ཁོངས་སུ་གཏོགས་སམ་ཞེ་ན། འདི་ལ་རྩོད་པ་ཕྲན་བུ་ཡོད། སྔོན་གྱི་མཁས་པ་རྣམས་ཀྱིས་དཔྱད་ས་ཞིག་ཀྱང་ཡིན། རྗེ་བཙུན་རེད་མདའ་བས་གནས་མ་བུ་པའི་སྡེ་པ་གང་ཟག་རྫས་ཡོད་འདོད་མཁན་དེ་སྐྱབས་འགྲོའི་ཆ་ནས་ནང་པའི་གྲས་སུ་གཏོགས་པ་ལས། གྲུབ་མཐའི་ཆ་ནས་ནང་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་ནང་པའི་གྲུབ་མཐའ་སྨྲ་བ་མ་ཡིན། སྐྱབས་འགྲོ་ཡོད་པས་ནང་པ་ཡིན་ཞེས་གསུངས་ཡོད།[5] ཡང་མཁས་པ་གཞན་གྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཁས་ལེན་པའི་དོན་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་ཁས་མ་བླངས་ཀྱང་། རྟག་པ་དང་གཅིག་པུ་རང་དབང་ཅན་ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་ཁས་ལེན་པ་འདིས་བདག་མེད་ཁས་ལེན་པའི་གོ་ཆོད་པ་ཡིན་ཞེས་གསུང་མཁན་[6]ཡང་ཡོད། དེ་ལྟར་རྒྱུད་སྨིན་པ་དང་མ་སྨིན་པའི་ཆ་ནས་སྐྱབས་གསུམ་ཁས་ལེན་པ་དང་མི་ལེན་པའི་སྒོ་ནས་བྱེད་པ་དང་། གྲུབ་མཐའི་རྣམ་གཞག་གི་ཆ་ནས་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ལས་ཕྱི་རོལ་དུ་གྱུར་མིན་གྱི་ཐོག་ནས་ཕྱི་ནང་གི་དབྱེ་བ་ཕྱེ། སྤྱིར་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། དེ་ལ་རྗེས་འཇུག་མཁས་པ་རྣམས་ཀྱིས་དགོངས་འགྲེལ་བརྩམས་པ་གྲངས་ལས་འདས་པ་ཡོད་པ་དེ་དག་རིག་པའི་གནས་ཀྱི་ཆ་ནས་བསྡོམས་བརྒྱབ་ན་རིག་གནས་ལྔའི་ནང་དུ་འདུ། འདིའི་སྐོར་འོག་ཏུ་ཡོད་པར་བརྟེན། སྐབས་འདིར་བཤད་པ་མི་དགོས་པ་བྱ་རྒྱུ་ཡིན།
སྐབས་འདིར་སྦྱང་བྱའི་རིག་པ་དང་རིག་པའི་གནས་ལ་ཁྱད་པར་ཕྱེ་དགོས། རིག་པ་གང་ཞིག་ཚད་མའི་སྐྱེས་བུས་ཐོག་མར་བསྟན་པ་དང་། དེ་ལ་བརྟེན་ནས་ཚད་མའི་སྐྱེས་བུའི་དགོངས་པ་བཀྲལ་བའི་གཞུང་ལུགས་རིགས་པ་དང་ལུང་གིས་འགལ་འདུ་སྒྲུབ་མི་ཐུབ་པའམ་བཀག་མི་ཐུབ་པ་ཞིག་ལ་རིག་པའི་གནས་ཞེས་བརྗོད། དེས་ན་སྦྱང་བྱ་ཤེས་བྱའི་ངོ་བོ་ཡིན་པ་ལ་རིག་གནས་ཀྱི་ཁོངས་སུ་མི་གཏོགས་པ་མང་། རིག་པའི་གནས་ལ་དབྱེ་ན་ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན་རིག་པའི་གནས་ལྔ་ཡིན། ཉན་ཐོས་སྡེ་གཉིས་ལ་སོགས་པ་ཐེག་པ་ཐུན་མོང་བ་ལྟར་ན་རིག་པའི་གནས་བཅོ་བརྒྱད་དང་བཟོའི་གནས་དྲུག་ཅུ་སོགས་དབྱེ་བ་མང་པོ་ཕྱེ་བའི་སྐབས་ཀྱང་ཡོད། དེ་ལྟ་བུའི་རིག་པའི་གནས་སམ་རིག་པའི་རྣམ་གྲངས་གཞན་ཇི་ཙམ་ཡོད་ནའང་ཐམས་ཅད་རིག་པའི་གནས་ལྔའི་ནང་དུ་འདུས་པ་བོད་ཀྱི་སྔོན་བྱོན་མཁས་པ་ཕལ་ཆེ་བའི་བཞེད་ཚུལ་གཅིག་པ་ཡིན་པ་ལྟ་བུ་འདུག ལྷག་པར་དུ་རིག་པའི་གནས་ལྔའི་ནང་མ་འདུས་པའི་རིག་པའི་གནས་མེད་ཅེས་ས་སྐྱ་པཎྜྀཏས་ཐག་བཅད་ནས་གསུངས་ཡོད།[7] བོད་པས་རིག་པའི་གནས་བརྩི་སྐབས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པ་དང་། མཛོད་འགྲེལ་དང་འདུལ་བ་ལུང་[8]སོགས་ནང་རིག་པའི་གནས་བཅོ་བརྒྱད་དང་། བཟོ་ཡི་གནས་དྲུག་ཅུ། དེ་བཞིན་རྒྱ་ཆེར་རོལ་པ་དང་མངོན་པར་འབྱུང་བའི་མདོ་སོགས་མདོ་མང་པོའི་ནང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་[9]སོགས་གསུངས་ཡོད། སྐབས་འདིར་རིག་གནས་ཞེས་པ་རིག་པའི་གནས་ལྔ་ལ་གོ་ན་ཁྱབ་ཆེ།
གཙུག་ལག་སློབ་གཉེར་ཁང་ཞེས་པའི་གཙུག་ལག་གི་ཐ་སྙད་འདི་བོད་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་ཅིག་ཡིན། འདི་ལ་གོ་བ་ལེན་སྟངས་མང་བར་བརྟེན། ཚིག་གྲོགས་དང་སྐབས་དང་བསྟུན་ནས་གོ་བ་ལེན་དགོས་པ་ལས། གཙུག་ལག་ཅེས་པའི་དོན་འདི་འདྲ་ཡིན་ཞེས་ཟུར་དུ་འགྲེལ་པ་བརྒྱབ་པར་དཀའ། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་ནས་མདོ་དང་བསྟན་བཅོས་བོད་སྐད་དུ་བསྒྱུར་སྐབས་གཙུག་ལག་ཅེས་པའི་ཐ་སྙད་འདི་དང་པོ་བཀའ་སྡེ་སྣོད་གསུམ་ལ་སྦྱར་ནས་བསྒྱུར་ཅིང་། ལེགས་སྦྱར་དུ་བིཧཱར་ཞེས་པ་བོད་སྐད་དུ་གཙུག་ལག་ཁང་ཞེས་བརྗོད། གཙུག་ལག་ཅེས་པ་སྡེ་སྣོད་གསུམ་དང་། དེ་བཞུགས་པའི་གནས་ལ་གཙུག་ལག་ཁང་ཞེས་བསྒྱུར་ཡོད། བོད་དུ་བཀའ་དང་བསྟན་བཅོས་བསྒྱུར་དུས་བྱེ་བྲག་རྟོགས་བྱེད་ཆེན་པོ་སོགས་སྐད་གཉིས་ཤན་སྦྱར་བཟོ་སྐབས་ལེགས་སྦྱར་གྱི་སྐད་ནང་དུ་སྒྲ་བཤད་འཇུག་གི་བཤད་པ་ཡོད་པ་ཇི་བཞིན་སྒྲ་དོན་ཚང་བར་བོད་སྐད་ནང་བཟོས་ཡོད། འདི་དངོས་གནས་ཧ་ཅང་གི་ངོ་མཚར་ཆེན་པོ་རེད།
དཔེར་ན། བྷགབཏེ། ཏཐཱགཏཿ ཨརྷཏེ། སམྱཀྶཾབུདྡྷཿ བིདྱཱ་ཙརཎ་སམྤནྣཿ སུགཏཿ ལོཀབིཏྲ། ཨནུཏྟར་པུརུཥ་དམྱསཱར་ཐིཿ བཅོམ་ལྡན་འདས། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། ཞེས་སོགས་ཚིག་རེ་རེ་བཞིན་ལེགས་སྦྱར་སྐད་ཀྱི་གོ་དོན་ཇི་བཞིན་བོད་སྐད་ནང་ཚིག་གམ་ཐ་སྙད་ཐོག་ནས་བཤད་རྒྱུ་ཡོད་པ་བཟོས་ཡོད། འོན་ཀྱང་གཙུག་ལག་ཅེས་པ་འདི་ཕལ་ཆེར་བོད་ལ་ནང་ཆོས་མ་བསྒྱུར་གོང་ནས་ཡོད་པའི་ཚིག་ཅིག་ཡིན་ཚོད་འདུག གཙུག་ལག་ཅེས་པའི་ཚིག་དེའི་དོད་ལེགས་སྦྱར་ནང་བལྟས་ན༑ དཔེར་ན། བིཧཱར་ཞེས་པའི་ནང་གཙུག་དང་ལག་གི་ཚིག་དོན་སོ་སོ་མེད། སངས་རྒྱས་ཞལ་བཞུགས་དུས་སངས་རྒྱས་ཀྱིས་གསུངས་པའི་ལུང་གི་ཆོས་སྡེ་སྣོད་གསུམ་པོ་པུ་ཏིའི་རྣམ་པར་བཞུགས་ས་དེ་ལ་གཙུག་ལག་ཁང་ཞེས་ཞུ་གི་ཡོད། འདི་ལ་བྱུང་རབས་སྨྲ་བ་རྣམས་དང་མི་མཐུན་པ་ཕྲན་བུ་ཡོད། བྱུང་བ་རིག་པའི་མཁས་པ་མང་པོས་སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་ཀྱི་གསུང་རབ་ཡིག་ཐོག་ཏུ་འཁོད་པ་མེད་པ་དང་། དེ་ནི་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བྱུང་བ་ཡིན་ཞེས་བཤད་ཀྱི་ཡོད། གང་ལགས་ཤེ་ན། ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་རྒྱ་གར་ནང་གྲུབ་མཐའ་གཞན་དང་རིག་པའི་གཞུང་ལུགས་གཞན་ཡིག་ཐོག་ཏུ་འཁོད་པ་ཕལ་ཆེར་དཀོན་པོ་ཡིན་པ་འདྲ། འོན་ཀྱང་སངས་རྒྱས་ཞལ་བཞུགས་སྐབས་གསུང་རབ་ཡིག་ཐོག་ཏུ་འཁོད་པ་ཡོད་ཚུལ་འདུལ་བ་སོགས་གཞུང་མང་པོའི་ནང་གསལ་པོ་ཡོད་ལ། མདོ་དང་གཟུངས་མང་པོའི་ནང་རས་སམ། གྲོ་གའམ། ཤིང་ཤུན་ལ་བྲིས་ཏེ་གླེགས་བམ་དུ་འཆང་བའམ། འབྲིར་བཅུག་པའམ་གཞན་ལ་སྟོན་པ་ཞེས་པའི་ཚིག་དེ་ཡང་ཡང་ཐོན་གྱི་ཡོད།[10] གལ་ཏེ་སྐབས་དེར་མེད་ན་བྲིས་པའི་གཞི་དེའང་རས་ལ་བྲིས་པ། གྲོ་ག་ལ་བྲིས་པ། ཤིང་ཤུན་ལ་བྲིས་པ་ཞེས་གསུང་དགོས་དོན་མེད། དེ་བཞིན་བཙུན་མོ་སྔོ་བསངས་མ་སོགས་མེར་བསྲེག་ཐེབས་པའང་ཁང་པའི་འོག་ཏུ་སངས་རྒྱས་ཀྱི་གསུང་རབ་འབྲི་རྒྱུའི་གྲོ་ག་དང་ཤིང་ཤུན་མང་པོ་བཞག་པ་དེ་ལས་མེ་མཆེད་པ་ཡིན་ཞེས་གསལ་པོ་ཡོད།[11] དེས་ན་གཙུག་ལག་ཁང་ནང་སྡེ་སྣོད་གསུམ་གྱི་གླེགས་བམ་འཇོག་དགོས་པ་འདུལ་བའི་ལུང་ནང་གསལ་པོ་གསུངས་ཡོད། མདོར་ན་གཙུག་ལག་ཅེས་པ་སྡེ་སྣོད་གསུམ་དང་། ཁང་ཞེས་པ་དེ་བཞུགས་སའི་གནས་ལ་གོ་དགོས། དེ་ནས་མཱུལ་གནྡྷ་ཀུཊཱི་ཞེས་དྲི་གཙང་ཁང་དང་། དྲི་གཙང་ཁང་དབུས་མ་སོགས་སངས་རྒྱས་དངོས་སུ་བཞུགས་ས་དེ་ཡིན། དེ་ལྟར་གཙུག་ལག་ཁང་ཞེས་པའི་གཙུག་ལག་གི་ཐ་སྙད་དེ་སངས་རྒྱས་ཀྱི་གསུང་རབ་ལ་བསྒྱུར་ཡོད།
གཞན་ཡང་བཀའ་དང་བསྟན་བཅོས་གཉིས་ཀ་ལ་གཙུག་ལག་ཅེས་པའི་ཐ་སྙད་འཇུག་པའི་སྐབས་ཀྱང་ཡོད། མདོ་སྡེ་རྒྱན་ལས། གཙུག་ལག་བརྟན་པའི་ཆོས་དང་ནི།།[12] ཞེས་པའི་རྒྱ་དཔེར་ཨརྵབཅན་ཡོད། ཨརྵབཅན་ཞེས་པ་དྲང་སྲོང་ལས་བྱུང་བའམ་དྲང་སྲོང་གི་གསུང་ལ་གོ་དགོས། ཨརྵ་ཞེས་པ་དྲང་སྲོང་དང་། བཅན་ཞེས་པ་དེའི་ངག་ཡིན། ཡང་ཕྱིས་ཀྱི་བསྟན་བཅོས་ལྟ་བུར་མཚོན་ན། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་བརྩམས་པའི་སུམ་རྟགས་འགྲེལ་ཆེན་ནང་[13]གཙུག་ལག་གཉིས་ཞེས་པའི་ཚིག་ཅིག་ཐེངས་གཉིས་ཡོང་ཞིང་། དང་པོ་དེ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལ་གོ་དགོས། སྐབས་སྟོབས་དང་ཚིག་གྲོགས་ཀྱི་ཆ་ནས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལ་གཙུག་ལག་གཉིས་ཞེས་པའི་ཐ་སྙད་བེད་སྤྱོད་གནང་ཡོད། གཉིས་པ་དེ་ཆོས་དང་འཇིག་རྟེན་གཉིས་ལ་གོ་དགོས། དེ་ནི་རིག་པའི་གཞུང་ལུགས་ལ་གཙུག་ལག་ཅེས་གསུངས་པ་ཡིན། ཡང་དེ་ལས་ཚིག་གི་འཇུག་ཡུལ་བཟློག་ཏེ་ཕྱིན་ན། གཙུག་ལག་སྤོར་ཐང་གི་གཞུང་ཞེས་པའི་དཔེ་ཆའི་ནང་གཙུག་ལག་ཅེས་པ་རྒྱ་ནག་ནས་བསྒྱུར་བའི་ནག་རྩིས་ཀྱི་གཞུང་གཅིག་པུ་ལ་མ་གཏོགས་གཞན་ལ་གོ་རྒྱུ་མེད་པ་དེ་འདྲ་འདུག འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་གཙུག་ལག་ཅེས་པའི་ཐ་སྙད་འདི་རིག་པའི་གཞུང་ལུགས་ལ་གོ་བ་དང་། བཀའ་དང་བསྟན་བཅོས་ལ་གོ་བ། སངས་རྒྱས་ཀྱི་གསུང་ལ་གོ་བ། དྲང་སྲོང་གི་གསུང་ལ་གོ་བ་བཅས་སྐབས་སྣ་ཚོགས་ཡོད། འདིར་ནང་པའི་རིག་གནས་མཉམ་དུ་སྦྱར་བ་དང་ཚིག་གྲོགས་དང་བསྟུན་ན་གཙུག་ལག་ཅེས་པ་འདི་ནང་པའི་རིག་གནས་སྤྱི་ཡོངས་ལ་ཁྱབ་པའི་ཐ་སྙད་ཅིག་ཏུ་མངོན།
གཙུག་ལག་སློབ་གཉེར་ཁང་ཞེས་པའི་ཐ་སྙད་འདི་ཕལ་ཆེར་འདས་པའི་ལོ་དྲུག་ཅུའི་ནང་བྱུང་བའི་ཐ་སྙད་ཅིག་ཡིན། ཐ་སྙད་གསར་པ་མིན་ ཡང་། བེད་སྤྱོད་གཏོང་སྟངས་ཐ་དད་རེད། ཕྱི་ལོ་ ༡༩༥༩ སྔོན་དུ་བོད་སྐད་ནང་ཕལ་ཆེར་གཙུག་ལག་སློབ་གཉེར་ཁང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་མེད། བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་འབྱོར་རྗེས་ University ཞེས་པའི་ཚིག་འདི་བོད་སྐད་དུ་བསྒྱུར་དགོས་པར་བརྟེན་བྱུང་བ་ཞིག་ཡིན། དེ་ལ་རྒྱ་གར་གྱི་སྐད་དུ་བིཤྭབིདྱཱལཡ་ཞེས་བརྗོད། བིཤྭ་ཞེས་པ་བོད་སྐད་དུ་སྣ་ཚོགས་ལ་བསྒྱུར་ཡོད། དཔེར་ན་བིཤྭཀརྨཱ་ཞེས་པ་ལས་སྣ་ཚོགས་དང་། དེ་བཞིན་འཇིག་རྟེན་ལའང་བསྒྱུར་ཡོད། དཔེར་ན་བིཤྭནཱཐ་སྟེ་འཇིག་རྟེན་མགོན་པོ་ལྟ་བུ། བིཤྭ་ཞེས་པ་སྣ་ཚོགས་ལ་བསྒྱུར་ཏེ་བིཤྭབིདྱཱལཡ་ཞེས་པ་བོད་སྐད་དུ་ཐོག་མར་སྣ་ཚོགས་རིག་གནས་སློབ་གཉེར་ཁང་ཞེས་བསྒྱུར་ཡོད། ཕལ་ཆེར་ཐོག་མར་སྒྱུར་མཁན་དེ་ཐུབ་བསྟན་མཆོག་སྒྲུབ་དམ་པ་དེ་ཡིན་པ་ཡོད། སྦག་སར་གདན་ས་གསུམ་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་སྐབས་ཐ་སྙད་དེ་དགོས་གལ་ཆགས་པ་རེད། དེ་ནི་ཕྱི་ལོ་ ༡༩༦༠ རེ་གྲངས་ཤིག་ནང་ཡིན། དེ་རྗེས་སྣ་ཚོགས་རིག་གནས་ཞེས་པ་འདི་བདེ་པོ་མི་འདུག སྣ་ཚོགས་ཀྱི་ཚབ་ཏུ་གཙུག་ལག་ཅེས་པ་འདི་བཞག་ན་ཞེས་པའི་བསམ་ཚུལ་བྱུང་། གཙུག་ལག་ཅེས་པ་ནི་མིང་གཅིག་དོན་མང་ལ་འཇུག་པ་དང་། སྐབས་དོན་དང་འབྲེལ་ནས་གང་ལའང་སྦྱར་ཆོག་པའི་ཐ་སྙད་ཅིག་ཡིན་པར་བརྟེན། གཙུག་ལག་སློབ་གཉེར་ཁང་ཞེས་པ་འདི་ལེགས་སྦྱར་གྱི་སྐད་ཀྱི་བིཤྭབིདྱཱལཡ་མཚོན་བྱེད་ཀྱི་ཐ་སྙད་ཅིག་ལ་བེད་སྤྱོད་གཏོང་རྒྱུ་དེ་ལྟར་བྱུང་བ་རེད། མདོར་ན་སྐབས་འདིའི་གཙུག་ལག་ཅེས་པ་ནང་པའི་རིག་གནས་སྣ་ཚོགས་ཀྱི་རྒྱ་ཁྱོན་ནམ་སྤྱི་ཡོངས་ལ་གོ་དགོས།
སློབ་གཉེར་ཞེས་པའི་སློབ་པ་དང་གཉེར་བ་གཉིས་དོན་ཐ་དད་ཡིན། སྤྱིར་སློབ་ཅེས་པ་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཤིཀྵཱ་ཞེས་པའི་དོན་དུ་བསྒྱུར་ཡོད། ཤིཀྵཱ་ཞེས་པའི་ཐ་སྙད་འདི་དེང་རབས་ནུབ་ཕྱོགས་ཀྱི་སྐད་ནང་ Education ཞེས་པ་དེ་ཡིན། འོན་ཀྱང་ Education གྱི་ངེས་ཚིག་གི་བཤད་པ་དང་། ཤིཀྵཱ་ཡི་ངེས་ཚིག་གི་བཤད་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། སྐབས་འདིར་སློབ་ཅེས་པ་འཆད་པའི་དོན་དང་། དཔེར་ན་དགེ་རྒན་གྱིས་དགེ་ཕྲུག་ལ་སྟོན་པ་དེ་སློབ་པ་ཡིན། དགེ་ཕྲུག་རང་གིས་དོན་གཉེར་གྱི་ཐོག་ནས་སྦྱངས་པ་ནི་གཉེར་བ་ཡིན། སློབ་གཉེར་ཞེས་པའི་ཐ་སྙད་དེ་སྔོན་ནས་ཡོད་པ་ཞིག་ཡིན། འདིས་གང་མཚོན་གྱི་ཡོད་ཅེ་ན། ཐོས་པ་ཙམ་གྱིས་མི་ཆོག་པར་བསམ་སྒོམ་གྱིས་གོམས་པ་བྱེད་དགོས་པ་བསླབ་པའི་དོན་ཡིན། སློབ་པའི་ཚུལ་ལ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ཀ་དགོས་ཀྱི་ཡོད། གུས་སྦྱོར་གྱི་བརྩོན་འགྲུས་དེ་དོན་གཉེར་ལ་བརྟེན་ནས་ཡོང་དགོས། དོན་གཉེར་མེད་པར་གུས་སྦྱོར་གྱི་བརྩོན་འགྲུས་ཡོང་རྒྱུ་མེད། དོན་གཉེར་ནི་དགོས་པ་དང་ཕན་ཡོན་མཐོང་བའི་ཐོག་ནས་ཡོང་དགོས། དེ་ལ་བརྟེན་ནས་གུས་སྦྱོར་གྱི་བརྩོན་པ་དེ་ཡོང་། དེང་སང་ Education གྱི་འགྲོ་སྟངས་ལྟར་ན་དགེ་རྒན་གྱིས་དགེ་ཕྲུག་ལ་གནས་ཚུལ་ལན་བསྐྱལ་ཐུབ་ཙམ་ཡིན། དེ་ཙམ་ཞིག་བསླབ་པའམ་ཤིཀྵཱའི་ཁོངས་སུ་མི་གཏོགས་པའི་ཚུལ་གསལ་པོར་སྟོན་པའི་ཆེད་དུ་སློབ་གཉེར་ཞེས་པའི་ཚིག་གཉིས་པོ་མཉམ་དུ་བྱུང་བ་ཡིན། ཁང་ཞེས་པ་དེ་ཡི་ལྟེ་གནས་ལ་ཟེར། སློབ་གཉེར་ཁང་འདི་ལ་ཐོག་མར་མཚན་ཉིད་སློབ་གྲྭ་ཞེས་བརྗོད། དེ་རྗེས་མཐོ་སློབ་ཁང་དང་། ད་ལྟ་མཱནྱབིཤྭབིདྱཱལཡའི་གནས་བབ་འདི་ཐོབ་པར་བརྟེན་གཙུག་ལག་སློབ་གཉེར་ཁང་ཞེས་པའི་ཐ་སྙད་འདི་འཇུག་པ་ཡིན། སློབ་གཉེར་ཁང་ཞེས་པ་ད་ལྟ་མཚན་ཉིད་སློབ་གྲྭའི་སྒྲིག་འཛུགས་འདིའི་མིང་གི་རྣམ་གྲངས་ཤིག་ཆགས་པར་བརྟེན་དེའི་ངོ་བོ་གསལ་པོར་སྟོན་པ་ཡིན།
རིགས་ཀྱི་གླུའི་གོ་དོན་དང་དགོས་མཁོ།
དེའི་ངོ་བོ་མཚོན་པར་བྱེད་པའི་ངག་གི་རང་བཞིན་སྙན་འགྱུར་གྱི་ཉམས་དང་ལྡན་པའི་སྒོ་ནས་ལེན་རྒྱུའི་གླུ་ཞིག་ལ་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ཞེས་བརྗོད། སྤྱིར་བོད་སྐད་ཀྱི་རིགས་ཞེས་པའི་ཚིག་འདིའི་འཇུག་ཡུལ་མང་པོ་རེད། ལེགས་སྦྱར་གྱི་ཐ་སྙད་གཅིག་སྐབས་བསྟུན་བོད་སྐད་ནང་ཐ་སྙད་མི་འདྲ་བ་མང་པོར་བེད་སྤྱོད་གཏོང་བའི་སྐབས་ཀྱང་ཡོད། ཡང་ལེགས་སྦྱར་གྱི་ཐ་སྙད་མི་འདྲ་བ་མང་པོ་བོད་སྐད་ཀྱི་ཐ་སྙད་གཅིག་གི་ཐོག་ནས་སྐབས་སྟོབས་ཚིག་གྲོགས་དང་བསྟུན་ནས་གོ་བ་ལེན་དགོས་པའང་མང་པོ་ཡོད། རིགས་ཞེས་པ་འདི་ལེགས་སྦྱར་གྱི་སྐད་ཀྱི་ཐ་སྙད་མང་པོར་བེད་སྤྱོད་བཏང་ཡོད་ཀྱང་། གཙོ་ཆེ་བ་ནི་ཀུལ་དང་། གོཏྲ། ཇཱཏི། བརྞ་བཅས་བཞི་རེད། སྤྱི་ལ་ཁྱབ་པའི་རང་བཞིན་རྒྱུན་མཐུད་ནས་འགྲོ་མཁན་ཞིག་ལ་རིགས་ཞེས་པའི་ཐ་སྙད་འདི་འཇུག རིགས་དང་། བྱ་བ། ཡོན་ཏན། རྫས་ཞེས་པའི་རིགས་ཀྱི་དོན་ཡང་ཕལ་ཆེར་གཅིག་པ་ཡིན། དཔེར་ན་ཀུལ་ལྟ་བུར་མཚོན་ན། པཾཅ་ཀུལ་ལ་རིགས་ལྔ་དང་། དེ་བཞིན་ཀུལ་པཏི་ལ་རིགས་ཀྱི་བདག་པོ་ཞེས་པ་ལྟ་བུ། གོཏྲ་ལྟ་བུར་མཚོན་ན། ཤྲཱབཀ་གོཏྲ་དང་། པྲཏྱེཀ་བུདྡྷགོཏྲ། བོདྡྷིསཏྭ་གོཏྲ་བཅས་ལ་ཉན་ཐོས་ཀྱི་རིགས་དང་། རང་རྒྱལ་གྱི་རིགས། བྱང་ཆུབ་སེམས་དཔའི་རིགས་ཞེས་པ་ལྟ་བུ། ཇཱཏི་ལྟ་བུར་མཚོན་ན། སཇཱཏི་སྟེ་རིགས་མཐུན་དང་། བིཇཱཏི་སྟེ་རིགས་མི་མཐུན་ཞེས་པ་ལྟ་བུ། བརྞ་ལྟ་བུར་མཚོན་ན། ཅཏུརྦརྞ་ལ་རིགས་བཞི་ཞེས་པ་ལྟ་བུའོ།།
སྐབས་འདིར་རིགས་ཞེས་པའི་ཐ་སྙད་འདི་ཀུལ་ཞེས་པར་གོ་དགོས། ཁྱིམ་ཚང་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད་པའི་ཚོགས་པ་ཞིག་ལ་ཀུལ་ཞེས་བརྗོད། དེའི་དབང་གིས་རྒྱ་གར་དུ་སྔ་མོ་སློབ་གྲྭ་ལ་སློབ་གྲྭ་སོགས་ཀྱི་ཐ་སྙད་མ་སྦྱར་བར་གུརུཀུལ་ཞེས་བླ་མའི་ཁྱིམ་མམ་བླ་མའི་གནས་ཞེས་བརྗོད་པ་ཡིན། བླ་མའི་བཟའ་ཟླ་དང་བུ་ཕྲུག་རྐྱང་པ་ལ་གུརུཀུལ་ཞེས་མི་བརྗོད། བླ་སློབ་མང་པོ་ཡོད་པའི་སྡེ་ཚན་ཞིག་གམ་བླ་མ་གཅིག་གིས་སློབ་མ་མང་པོ་བསྐྱངས་པའི་སྡེ་ཚན་ཞིག་ལ་གུརུཀུལ་ཞེས་པའི་ཐ་སྙད་འདི་འཇུག སྐབས་འདིར་གུརུཀུལ་གྱི་གུརུ་ཞེས་པའི་ཐ་སྙད་མེད་ཀྱང་། ཀུལ་གྱི་ཐ་སྙད་དེ་བཏགས་ཡོད། གང་ལྟར་སློབ་གཉེར་ཁང་འདི་ཀུལ་ལམ་ཁྱིམ་ཚང་ལྟ་བུ་ཞིག་ཆགས་ཡོད། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་ཀྱི་གླུ་དབྱངས་ཤིག་ལ་ཀུལ་གཱིཏ་ཞེས་བརྗོད། གཱིཏ་ཞེས་པ་གླུ་དབྱངས་དང་བརྗོད་པ་ལའང་འཇུག གདངས་ཀྱི་ཆ་ནས་གླུ་རུ་ལེན་རྒྱུ་ཡིན་པས་གླུ་ཞེས་པའི་ཐ་སྙད་འདི་འཇུག གཱིཏ་ཞེས་པའི་ཐ་སྙད་འདི་དོན་བྱེ་བྲག་པ་ཞིག་ངེས་པར་སྟོན་པའམ་ཡང་དག་པར་བརྗོད་པར་བྱེད་པ་ཡིན་པས་བརྗོད་པ་ལའང་འཇུག དཔེར་ན། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་[14]ཞེས་པ་ལྟ་བུར་མཚོན་ན་སཾགཱིཏ་ཞེས་ཡང་དག་པར་བརྗོད་པ་ལ་བསྒྱུར་ཡོད། ཡང་དག་པའི་གླུ་ཞེས་བསྒྱུར་མེད། དེ་བཞིན་གཤེགས་པའི་གསུང་ལའང་བརྗོད་བྱའི་ཆ་ནས་སྡེ་སྣོད་གསུམ་དང་། རྗོད་བྱེད་ཀྱི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ། གསུང་རབ་ཡན་ལག་བཅུ་གཉིས་ནང་དབྱངས་ཀྱིས་བསྙད་པའི་སྡེ་ལྟ་བུ་ངེས་པར་དུ་གདངས་བཏང་ནས་འདོན་དགོས་པའི་རིགས་ཀྱང་ཡོད། ནང་པའི་དགེ་འདུན་གྱི་འདུས་སྡེའི་ནང་སངས་རྒྱས་ཀྱི་གསུང་དང་ཆོས་སྤྱོད་སོགས་སོ་སོའི་གདངས་མི་འདྲ་བའི་ཐོག་ནས་འདོན་པ་དེ་གསར་བཟོ་མིན་པར་སྟོན་པ་ཞལ་བཞུགས་པའི་སྐབས་ནས་ཡོད། དགྲ་བཅོམ་པ་སྙན་པ་བཟང་ལྡན་གྱིས་སངས་རྒྱས་ཀྱི་གསུང་གདངས་སྙན་པོས་འདོན་པའི་སྐབས་སུ་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེ་རྣམས་ཀྱང་མི་འགྲོ་བར་སྡོད་པའི་ཚུལ་འདུལ་བའི་ནང་གསལ།[15]
དེང་སང་ཨིན་སྐད་དུ་ Chanting ཞེས་པ་དེ་དབྱངས་ཀྱིས་བསྙད་པའི་སྡེ་དང་། པཱ་ལིའི་གཞུང་ལུགས་སུའང་དགེ་སློང་མ་དང་དགེ་སློང་གི་གནས་བརྟན་རྣམས་ཀྱིས་གླུ་རུ་བླངས་པ་དགེ་སློང་མའི་གཱིཏ་དང་། དགེ་སློང་གི་གཱིཏ་ཞེས་པ་ཡོང་གི་འདུག དེས་ན་གླུ་ཞེས་པ་འདི་གདངས་དང་མཉམ་དུ་འགྲོ་དགོས་པ་ཡིན། ངག་གི་བརྗོད་པ་ལ་སྙན་ངག་གི་རྒྱན་གྱིས་བཅིངས་པ་དང་མ་བཅིངས་པ་ཅི་རིགས་ཡོད། སྙན་ངག་གི་རྒྱན་གྱིས་བཅིངས་པ་དེ་ཉན་པ་པོས་གོ་བའི་སྐབས་སུ་ཉན་པ་པོའི་རྒྱུད་ལ་ཉམས་དང་འགྱུར་བ་སྐྱེ་ནུས། དེ་འདྲ་བའི་ཉན་པ་པོའི་རྒྱུད་ལ་ཉམས་དང་འགྱུར་བ་སྐྱེ་བ་ལ་ཚིག་རྐྱང་པ་མིན་པར། ཚིག་དེ་ཇི་ལྟར་ངག་ཏུ་བརྗོད་པའི་ངག་གི་འགྱུར་ཁུགས་དེའང་དེའི་མཉམ་དུ་ཆ་རྐྱེན་ཞིག་ཏུ་འགྱུར་བ་ཡིན། འོ་ན་རིགས་ཀྱི་གླུ་ཞེས་བརྗོད་དགོས་དོན་གང་ཡིན་ཞེ་ན། གཙུག་ལག་སློབ་ཁང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྟོན་པའི་གླུ་དབྱངས་ཤིག་ཡོད་ན། གླུ་དབྱངས་དེ་སློབ་ཁང་དེའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་དུས་གཅིག་ཏུ་མགྲིན་གཅིག་དབྱངས་གཅིག་གིས་ལེན་སྐབས་ཕན་ཚུན་བློའི་ཉམས་འགྱུར་ཁྱད་པར་བ་ཞིག་བསྐྲུན་རྒྱུ་དང་། དེ་ལ་བརྟེན་ནས་འདུན་པ་དང་། ཆོད་སེམས། ལྷག་བསམ་ལ་སོགས་པ་མང་པོ་བརྟན་པོར་བྱེད་ཐུབ་པ་དང་། ཡིད་ཀྱི་སྤོབས་པ་སྤེལ་ཐུབ་པ་ལ་སོགས་པའི་དགོས་པ་ཡོད།
སྤྱིར་རིགས་ཀྱི་གླུ་སོགས་ནུབ་ཕྱོགས་པའི་བསམ་ཚུལ་དང་ནུབ་ཕྱོགས་པའི་གཤིས་སྤྱོད་ལྟ་བུ་ཞིག་ང་ཚོས་ལད་ཟློས་བྱེད་པའང་ཡིན་སྲིད། ལད་ཟློས་ཡིན་ནའང་སྐྱོོན་ཆ་མེད། གནས་སྐབས་ཁྱད་པར་བ་དང་དགོས་པ་ཁྱད་པར་བའི་དོན་དུ་དམིགས་ཀྱིས་བཀར་བའི་དབྱངས་ཀྱིས་བསྙད་པར་བྱ་བའི་ཚིག་བརྗོད་རྒྱུ་དེ་ལ་རིགས་ཀྱི་གླུ་ཞེས་ཐ་སྙད་བྱེད་མིན་ལ་མ་ལྟོས་པར། ནང་པའི་རིག་གཞུང་དང་། ནང་པའི་ལེགས་བྱང་། རྒྱ་གར་གྱི་ལེགས་བྱང་གཉིས་ཀའི་ནང་སྔོན་ནས་ཡོད་པ་ཞིག་ཡིན། དེང་སང་ཕལ་མོ་ཆེ་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ཐོག་ནས་རྒྱལ་ཁབ་འཛིན་སྐྱོང་བྱེད་པའི་ཁུལ་ཡིན། མི་རིགས་རྒྱལ་ཁབ་ (Nation State) ཞེས་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་ལ་འཁེལ་གྱི་མེད། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་རྒྱལ་ཁབ་ཉིས་བརྒྱ་ལྷག་ཡོད་པ་དེའི་ནང་དངོས་གནས་མི་རིགས་རྒྱལ་ཁབ་ཀྱི་ངོ་བོ་ཆ་ཚང་ཡོད་པ་ཇི་ཙམ་ཡོད་ཅེ་ན། ཕལ་ཆེར་ཉུང་ཉུང་ཡིན། མང་ཆེ་བ་མི་རིགས་སྣ་ཚོགས་ཡོད་པའི་རྒྱལ་ཁབ་ཤ་སྟག་ཡིན། རྒྱ་གར་ལྟ་བུར་མཚོན་ན་ Multinational State ཞེས་བརྗོད་ཀྱི་ཡོད། དེ་བཞིན་རྒྱ་ནག་ལའང་ཁོ་རང་ཚོས་ Multinational State ཞེས་བརྗོད། གང་ལྟར་ State ཆགས་པའི་རྗེས་སུ་ Nation ཞེས་པའི་ཐ་སྙད་དེ་ཐོབ་ཀྱི་ཡོད། རྒྱལ་ཁབ་དེས་གཏོང་རྒྱུའི་ཐུན་མོང་མ་ཡིན་པའི་གླུ་ལ་ནུབ་ཕྱོགས་པའི་སྐད་དུ་ Anthem ཞེས་ཟེར། Anthem ཞེས་པ་འདི་རྒྱལ་གླུ་ལ་མ་གཏོགས་གཞན་ལ་བེད་སྤྱོད་གཏོང་གི་མེད། དེ་ལ་གཅིག་མ་གཏོགས་མེད། གལ་ཏེ་ Nation ཞེས་པ་མི་རིགས་ལ་བསྒྱུར་ན་ National Anthem ཞེས་པ་དེ་རིགས་ཀྱི་གླུ་ཡིན་རུང་། དེ་ལ་ཡོངས་གྲགས་རིགས་ཀྱི་གླུ་ཞེས་མ་བརྗོད་པར་རྒྱལ་ཁབ་ཀྱི་གླུ་ཡིན་པས་རྒྱལ་གླུ་ཞེས་བརྗོད། རྒྱལ་གླུ་དང་རྒྱལ་ཁབ་ཀྱི་གཞས་གཉིས་ལ་ཁྱད་པར་ཕྱེ་དགོས། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། རྒྱལ་གླུ་ (National Anthem) གཅིག་མ་གཏོགས་མེད། བནྡེ་མཱཏྲམ་ཞེས་པ་དེ་རྒྱལ་ཁབ་ཀྱི་གཞས་ (National Song) རེད། དེ་ལ་རྒྱལ་གླུའམ་རཱཥྚྲགཱན་ཞེས་མི་བརྗོད་ཀྱང། རྒྱལ་ཁབ་ཀྱི་གཞས་སམ་རཱཥྚྲགཱིཏ་ཞེས་ཐ་སྙད་གཞན་ཞིག་སྦྱར་གྱི་ཡོད། དེས་ན་སྒྲིག་འཛུགས་གཅིག་ལ་རིགས་ཀྱི་གླུ་ཞེས་པ་གཅིག་མ་གཏོགས་མེད། སོ་སོའི་ཐུན་མོང་མ་ཡིན་པའི་ལོངས་སྤྱད་བྱར་གྱུར་པའི་གླུ་གཞས་གཞན་དག་སྣ་ཚོགས་ཡོང་ཆོག དེ་ལྟར་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ཞེས་པའི་ཚིག་དོན་རགས་པ་ཙམ་དེ་འདྲ་ཞིག་ཡིན།
གཞུང་གི་དོན་དངོས།
གཞུང་གི་རྗོད་བྱེད་ཀྱི་སྒྲོམ་གཞི་འདི་དགུ་ཚིག་ཡོད་པའི་ཚིགས་བཅད་ཡིན། དེ་ལ་ཤློཀ་བརྒྱད་ཡོད། འདིའི་སྤྱི་ཡོངས་ཀྱི་སྒྲོམ་གཞི་ལྟ་བུ་ཞུ་ན༑ ཤློཀ་དང་པོས་གཙུག་ལག་སློབ་གཉེར་ཁང་འདིའི་ངོ་བོའམ་རང་བཞིན་བསྟན། ཤློཀ་གཉིས་པས་གང་དུ་ཆགས་པའི་གནས་ཡུལ་བསྟན། དེ་ནས་ཤློཀ་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱིས་སློབ་སྦྱོང་གང་བྱེད་པ་དང་། སློབ་སྦྱོང་བྱ་རྒྱུའི་སློབ་ཚན། སློབ་སྦྱོང་བྱེད་སྟངས་ (Method of teaching, Method of learning) བཅས་བསྟན། དེ་ནས་ཤློཀ་བདུན་པ་དང་བརྒྱད་པས་དམིགས་ཡུལ་དང་། སློབ་ཕྲུག་ཇི་འདྲ་བསྐྲུན་པ། འཐོན་མཁན་སློབ་ཕྲུག་གི་གནས་བབ་བཅས་བསྟན།
སྤྱིར་བརྗོད་བྱ་ཞིག་བསྟན་པའི་སྐབས་སུ་སྙན་ངག་གི་རྒྱན་དང་མ་འདྲེས་པར་བསྟན་པའི་ཚུལ་དང་། སྙན་ངག་གི་རྒྱན་དང་འདྲེས་ནས་བསྟན་པའི་ཚུལ་གཅིག་བཅས་ངག་གི་རང་བཞིན་དེ་ལ་ཐད་ཀར་བརྗོད་པ་དང་འཁྱོག་པོར་བརྗོད་པའམ་རྒྱན་གྱི་རྣམ་གཞག་གི་སྒོ་ནས་བརྗོད་པ་བཅས་རྣམ་གྲངས་མི་འདྲ་བ་གཉིས་ཡོད་པ་གསལ་པོ་རེད། ངག་གི་རང་བཞིན་གང་འདྲ་ཡིན་ནའང་དེས་བརྗོད་བྱ་སྟོན་པའི་སྐབས་སུ་ཚིག་རྒྱན་དང་རྩ་བ་ནས་མ་འདྲེས་པར་བརྗོད་བྱ་སྟོན་པ་ཕྲན་བུ་དཀོན་པོ་ཡིན། དཔེར་ན་མཛོད་རྩ་བ་དང། རྣམ་འགྲེལ་རྩ་བ། མངོན་རྟོགས་རྒྱན་ལྟ་བུ་མང་ཆེ་བས་བརྗོད་བྱའི་དོན་ཐད་ཀར་བསྟན་པ་མ་གཏོགས། ཚིག་རྒྱན་དང་ཧ་ལམ་འདྲེས་མེད་ཅེས་བཤད་ཆོག དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པའི་གཞུང་ལྟ་བུ་སྤྱིར་གྲུབ་མཐའི་རྣམ་གཞག་སྟོན་པའི་གཞུང་ཡིན་ཡང་། ངག་གི་རང་བཞིན་གྱི་ཐོག་ནས་ལུང་དུ་སྟོན་པ་དང་མངོན་པར་གསལ་བར་བྱེད་པའི་སྐབས་སུ་ཚིག་རྒྱན་དང་འདྲེས་ནས་མངོན་པར་གསལ་བར་བྱེད་པ་མང་པོ་ཡོད། ཚིག་རྒྱན་ལ་མཐའ་མེད། དེའི་ཕྱིར། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། དེ་ནི་ད་ལྟའང་རྣམ་རྟོག་སྟེ།། དེ་དག་མ་ལུས་སུས་འཆད་ནུས།།[16] ཞེས་སློབ་དཔོན་དཎྜིས་མེ་ལོང་མའི་མགོར་གསུངས་པ་བཞིན་རྣམ་པར་རྟོག་པའི་རྒྱུ་བ་ལ་མཐའ་མེད་པར་བརྟེན་ཚིག་རྒྱན་གྱི་རྣམ་གཞག་ཀྱང་མཐའ་མེད། འོན་ཀྱང་རྣམ་རྟོག་ས་བོན་ནི།། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན།།[17] ཞེས་པ་ལྟར། དཔེར་ན། དཎྜིས་བརྩམས་པའི་མེ་ལོང་མ་ལྟ་བུ་སྒྲ་ཡི་རྒྱན་དང་། དོན་གྱི་རྒྱན་སོགས་ལེའུ་གསུམ་དུ་བཤད་པའི་སྐབས་སུ་དོན་རྒྱན་སུམ་ཅུ་སོ་ལྔར་ཕྱེ་ཡོད། དོན་རྒྱན་སོ་ལྔ་པོ་རགས་ཙམ་བསྡོམས་བརྒྱབ་ན། རང་བཞིན་བརྗོད་པ་དང་འཁྱོག་པོར་བརྗོད་པ། ཡང་ན་རང་བཞིན་བརྗོད་པའམ་དཔེ་དང་སྦྱར་ནས་བརྗོད་པ་བཅས་རགས་པའི་དབྱེ་བ་གཉིས་སུ་ཕྱེ་ཐུབ། རང་བཞིན་བརྗོད་པ་མ་ཡིན་པའི་དཔེ་དང་བཅས་པ་བརྗོད་པ་དེ་ལ་དངོས་སུ་དཔེ་དོན་སྦྱར་ནས་བཤད་པའི་རིགས་དང་། དོན་དེ་དཔེའི་གཟུགས་སུ་བཀོད་ནས་བཤད་པའི་རིགས་བཅས་རགས་པ་ཙམ་ཕྱེ་ན་དབྱེ་བ་གཉིས་རེད། དཔེ་དང་དོན་གཉིས་ཐ་དད་དུ་བརྗོད་ནས་དེ་གཉིས་མཚུངས་པ་གསལ་བྱེད་ཀྱི་སྒྲས་མཚུངས་པར་བྱེད་པས་དཔེ་རྒྱན་དང་། མཚུངས་པ་གསལ་བྱེད་ཀྱི་སྒྲ་མེད་པ་དེ་ལ་རགས་པ་ཙམ་བཤད་ན་གཟུགས་ཅན་གྱི་རྒྱན་ཞེས་བརྗོད།
མཚུངས་པ་གསལ་བྱེད་ཀྱི་སྒྲ་མེད་པ་རྣམས་ཀྱིས་དཔེ་དོན་སྦྱར་ཚུལ་ནི་དོན་དེ་དཔེ་དེའི་གཟུགས་སུ་བཀོད་ནས་བསྟན་གྱི་ཡོད། གཟུགས་སུ་བཀོད་པ་ལ་རཱུཔཀ་ཞེས་བརྗོད། དེ་ནི་དཎྜིས་བཟོས་པའི་ཐ་སྙད་ཅིག་ཡིན། གང་ལྟར་དོན་དང་དཔེ་གཉིས་མཚུངས་ཆོས་མ་སྦྱར་བར་དོན་དེ་དཔེ་ཡིན་པ་ལྟ་བུར་བསྟན་པར་བརྟེན་དེའི་གཟུགས་སུ་བཀོད་ཅེས་བཤད། རིགས་ཀྱི་གླུ་འདིའི་ནང་ཚིགས་བཅད་མང་ཆེ་བ་དོན་དེ་དཔེའི་གཟུགས་སུ་བཀོད་ནས་ཡོད། འདི་རྣམས་ཚིག་རྒྱན་གྱི་རང་བཞིན་ཅན་གྱི་ཚིགས་བཅད་ཡིན་པར་བརྟེན་འདི་གཟིགས་པའི་སྐབས་སུ་དཔེ་གང་ཡིན་པ་དང་། དོན་གང་ཡིན་པ། དོན་དེ་ཇི་ལྟར་དཔེའི་གཟུགས་སུ་བཀོད་པའི་ཚུལ་མ་མཁྱེན་ན་ཚིག་དོན་ཇི་མ་ཇི་བཞིན་མཁྱེན་རྒྱུར་སྐུ་ངལ་ཡོང་རྒྱུར་བརྟེན་འདི་སྔོན་འགྲོའི་ཚུལ་དུ་ཞུས་པ་ཡིན།
སྙན་ངག་ལ་དུམ་བུའི་སྙན་ངག་དང་སྙན་ངག་ཆེན་པོ་ཞེས་གཉིས་ཡོད། ལེགས་སྦྱར་སྐད་དུ་ཁཎྜ་ཀཱབྱ་དང་མཧཱ་ཀཱབྱ་ཞེས་བརྗོད། དུམ་བུའི་སྙན་ངག་ནི་སརྒ་དང་ལེའུ་སོགས་མང་པོ་མེད་པའི་ཚིག་ཉུང་ཉུང་དང་། སྙན་ངག་ཆེན་པོ་ནི་བརྗོད་བྱའི་གནས་གཅིག་ཡིན་ནའང་དེ་ལ་ནང་གསེས་ཀྱི་ལེའུ་མང་པོ་ཡོད་པ་ཞིག་དགོས། གང་ལྟར་རྒྱན་གྱིས་བཅིངས་པའི་ཚིག་གཅིག་ཡིན་ཕྱིན་དེ་མགོ་འཛུགས་རྒྱུར་སྒྲིག་ལམ་ཞིག་ཡོད། མེ་ལོང་མར། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།། ངེས་པར་བསྟན་པའང་དེ་ཡི་སྒོ།།[18] ཞེས་པ་ལྟར་ཤིས་པར་བརྗོད་པ་དང་། མཆོད་བརྗོད་ཀྱིས་ཕྱག་འཚལ་བ། དངོས་པོ་ངེས་པར་བསྟན་པ་བཅས་གང་རུང་ཞིག་ངེས་པར་དུ་སྔོན་དུ་འགྲོ་དགོས། དངོས་པོ་ངེས་པར་བསྟན་པ་ཞེས་པ་ནི་འོག་ཏུ་ཡོང་རྒྱུའི་བརྗོད་བྱའི་བསྡོམས་ལྟ་བུ་ཞིག་སྟེ་མཚན་ཉིད་པའི་བཤད་སྟངས་ལྟར་ན་བསྟན་བཅོས་ཀྱི་ལུས་རྣམ་གཞག་ལྟ་བུ་དེ་ཡིན། དཔེར་ན་མངོན་རྟོགས་རྒྱན་ལྟ་བུར་མཚོན་ན། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།།[19] ཅེས་པ་དང་། རྒྱུད་བླ་མར། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །[20] ཅེས་པ་ལྟ་བུའི་དངོས་པོ་ངེས་པར་བསྟན་པའམ་ལུས་རྣམ་གཞག་བཅས་གང་རུང་མགོ་དེར་ཡོད་དགོས་པ་དེ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་ནས་བཤད་པའི་སྒྲིག་ལམ་ཡིན།
གཙུག་ལག་སློབ་གཉེར་ཁང་འདིའི་ངོ་བོའམ་རང་བཞིན་བསྟན་པ།
ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ། ཞེས་པ་འདི་ངོ་མཚར་བའི་ཚིག་དང་། ཧ་ལས་པའམ་ཧང་སངས་པའི་ཚིག།ཡང་ན་ཤིས་པར་བརྗོད་པ་སོགས་ཐམས་ཅད་ལ་གོ་ཆོག ཨེ་མ་ཞེས་པ་ལེགས་སྦྱར་དང་བོད་སྐད་གཉིས་ཀར་སྐད་ཀྱི་བྱེ་བྲག་གིས་དབྱེ་བ་མེད། དེ་ནི་སེམས་ཀྱི་རྣམ་འགྱུར་མཚོན་པའི་ངག་གི་གདངས་ཙམ་ཡིན། ཨ་ཧོ་ཞེས་པ་ལྟ་བུ་དང་། ཨོ་ཧོ་ཞེས་པ་ལྟ་བུ། དཔེར་ན་ལྷ་ཁྲོ་བོ་རྣམས་ཀྱི་བཞད་པ་བརྒྱད་བགྲངས་པའི་སྐབས་སུ། ཧ་ཧ། ཧི་ཧི། ཧེ་ཧེ། ཧོ་ཧོ།[21] ཞེས་པའི་ཚིག་ལ་དོན་གང་ཡང་མེད། དེ་ནི་མིང་ཚིག་ལ་མ་ལྟོས་པར་ཡིད་ཀྱི་རྣམ་རིག་ཁྱད་པར་བ་ཞིག་ངག་གི་གདངས་རྐྱང་པའི་ཐོག་ནས་གསལ་བར་བྱེད་པ་ཞིག་ཡིན། དེས་ན་ཨེ་མ་ཧོ་ཞེས་པ་འདི་ངོ་མཚར་བའི་ཚིག་ཡིན།
དེའི་རྗེས་སུ་ཚིགས་བཅད་དང་པོས་གཙུག་ལག་སློབ་ཁང་གི་ངོ་བོ་བསྟན་པ་ཡིན།
དགེ་ལེགས་ཀུན་འབྱུང་ཤེས་ཡོན་སྣང་བའི་མཛོད།།
བློ་གསལ་ཡིད་ཀྱི་འདབ་བརྒྱ་བཞད་པའི་གཉེན།།
འཆད་ཉན་ཉམས་ཞིབ་བྱ་བའི་རྟ་ལྗང་གིས།།
འདྲེན་མཁས་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༡ །།
ཨེ་མ་ཧོ་ཞེས་པ་གླུ་རུ་ལེན་རྒྱུར་བརྟེན། ཧིནྡཱིའི་ནང་ཏུཀ་བནྡཱི་ཞེས་པ་ལྟར་ཚིག་མཚུངས་པ་ཞིག་ཡང་ཡང་ལྡབ་སྐྱོར་བྱེད་པ་དེས་གླུའི་གདངས་ཀྱི་འགྱུར་ཁུག་ལ་ཕན་ཐོགས་ཡོང་གི་ཡོད། དགེ་ལེགས་ཀུན་འབྱུང་ཞེས་པས་ཤེས་ཡོན་གྱི་ཡོན་ཏན་དང་། ཤེས་ཡོན་དེ་དོན་གྱི་བརྗོད་བྱ། དཔེ་དེ་ཉི་མ་ཡིན། དགེ་ལེགས་ཀུན་འབྱུང་བའི་གཞིར་གྱུར་པའི་ཤེས་ཡོན་དེ་ཉི་མའི་གཟུགས་སུ་བཀོད། སྣང་བའི་མཛོད་ཅེས་པ་ཉི་མའི་མིང་གི་རྣམ་གྲངས་ཡིན། བློ་གསལ་ཞེས་པ་རིག་པ་ཡག་པོ་ཡོད་པའི་སློབ་ཕྲུག་རྣམས་ཡིན། སློབ་ཕྲུག་རྣམས་ཀྱི་བསམ་པ་འདི་པདྨའི་གཟུགས་སུ་བཀོད། ཉི་མ་ཤར་སྐབས་པདྨ་ཁ་འབྱེད་པར་བརྟེན་ཉི་མ་ལ་པདྨའི་གཉེན་ཞེས་བརྗོད། དེའི་རྒྱུ་མཚན་གྱིས་སློབ་ཕྲུག་གི་ཡིད་དེ་པདྨའི་གཟུགས་སུ་བཀོད། དེ་བཞད་པའི་གཉེན་ནི་སྣང་བའི་མཛོད་ཉི་མ་དེ་ཡིན། རིག་བྱེད་ཀྱི་གཏམ་རྒྱུད་ནང་ཉི་མ་འདྲེན་བྱེད་ཀྱི་ཤིང་རྟ་བདུན་ཡོད་པར་བཤད། དེའི་ཕྱིར་རྟ་བདུན་བདག་པོ་ཞེས་བརྗོད། ཉི་མ་ཤིང་རྟ་བདུན་གྱིས་དྲང་བའི་ཚུལ་རིག་བྱེད་ཀྱི་གཏམ་རྒྱུད་གཅིག་པུ་མིན་པར་ནང་པའི་གཞུང་ལུགས་ནང་དུའང་གསུངས་ཀྱང་། དགོངས་གཞི་དང་། དགོངས་པ༑ དགོས་པ། དངོས་ལ་གནོད་བྱེད་ཀྱི་ཐོག་ནས་སྒྲ་གཞན་དུ་དྲང་དགོས་པ་ལས་སྒྲ་ཇི་བཞིན་པར་ཁས་ལེན་མི་རུང་།
ང་འདིར་མ་ཡོང་བའི་ཉིན་ཤས་སྔོན་དུ་བཀའ་འདྲི་གནང་མཁན་ཞིག་གིས་གཟུངས་བསྡུས་ཀྱི་ལྷ་ཡི་བུ་ཉི་མའི་མདོ་དང་ཟླ་བའི་མདོའི་ནང་ཉི་ཟླ་བཟའ་འཛིན་ཡོང་སྟངས་དེ་ཉི་མ་དང་ཟླ་བ་སྒྲ་གཅན་གྱིས་བཟས་པ་ཡིན་ཚུལ་གསུངས་འདུག འདི་ནུབ་ཕྱོགས་པར་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ་ཞེས་བཀའ་འདྲི་གནང་བྱུང་། སྤྱིར་མངོན་པ་ནས་བཤད་པའི་གླིང་བཞི་རི་རབ་ཀྱི་རྣམ་གཞག་ཡིན་ནའང་རེད། དུས་འཁོར་ནས་བཤད་པའི་གླིང་བཞི་རི་རབ་ཀྱི་རྣམ་གཞག་ཡིན་ནའང་འདྲ། གང་ལྟར་ད་ལྟ་མཐོང་བའི་འཇིག་རྟེན་གྱི་ཆགས་ཚུལ་དང་མཐུན་གྱི་མེད། མངོན་པ་དང་དུས་འཁོར་ནས་བཤད་པ་ཕལ་མོ་ཆེ་འཇིག་རྟེན་གྱི་སྔོན་རབས་སམ་ཇགཏ་པུརཱཎ་ནས་བཤད་པ་དང་གཅིག་མཚུངས་ཡིན། སྔོན་རབས་བཅོ་བརྒྱད་ནང་བགྲང་རྒྱུའི་འཇིག་རྟེན་གྱི་སྔོན་རབས་ (ཇགཏ་པུརཱཎ་) ཞེས་པ་ཞིག་ཡོད། དེ་གཉིས་ཀྱི་ཚིག་ཀྱང་ཧ་ཅང་མཚུངས། དཔེར་ན་མཛོད་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།།[22] ཞེས་དང་། ཇགཏ་པུརཱཎ་ནང་། ཚངས་པས་འཇིག་རྟེན་སྣ་ཚོགས་བྱས།། ཞེས་གསུངས་ཡོད། དེ་ནི་ལས་དང་ཚངས་པ་གཉིས་བརྗེས་པ་ཙམ་ལས་གཞན་གཅིག་པ་ཡོད། དེ་རྗེས་གླིང་བཞི་རི་རབ་ཀྱི་ཆགས་ཚུལ་རྣམས་ཀྱང་མཚུངས། ད་ལྟ་ཚན་རིག་པས་མཐོང་བ་བཞིན་ཉི་མ་དང་ཟླ་བ་ཤིང་རྟས་དྲང་རྒྱུ་གང་ཡང་མེད། འོན་ཀྱང་རིག་བྱེད་ཀྱི་གཏམ་རྒྱུད་དང་རང་རེའི་མངོན་བརྗོད་ཀྱི་ནང་དུའང་སྙན་ངག་མཁན་རྣམས་ཀྱིས་དེ་རང་ལ་ཆ་བཞག་ནས་འགྲོ་བ་མ་གཏོགས་དེ་སྒྲ་ཇི་བཞིན་པར་ཁས་ལེན་དགོས་ཞེས་བརྗོད་པ་མིན། དེང་སང་ཁ་ཤས་ཀྱིས་མངོན་པ་ནས་བཤད་པའི་གླིང་བཞི་རི་རབ་ཀྱི་ཆགས་ཚུལ་དང་། དུས་འཁོར་ནས་བཤད་པའི་གླིང་བཞི་རི་རབ་ཀྱི་ཆགས་ཚུལ། དེང་རབས་ཀྱི་ཚན་རིག་པས་བཤད་སྟངས་ཀྱི་སའི་གོ་ལའི་ཆགས་ཚུལ་རྣམས་མི་འདྲ་བ་ཡོད་པར་བརྟེན། མང་པོ་ཞིག་གིས་ཧ་ལས་ལས་བྱེད་ཀྱི་ཡོད། དེ་རྣམས་གཅིག་བདེན་ན་གཅིག་རྫུན་དགོས་པ་ལྟ་བུ་བཤད་ཀྱི་འདུག དེ་ལ་ཧ་ལས་ལས་བྱེད་དགོས་དོན་གང་ཡང་མེད། དེ་བཞིན་གཤེགས་པའི་གསུང་རབ་ནང་འཇིག་རྟེན་གྱི་ཆགས་ཚུལ་མཐའ་ལས་འདས་པ་དང་། མདོ་སྡེ་ཕལ་པོ་ཆེ་ལ་སོགས་པའི་ནང་འཇིག་རྟེན་གྱི་རིགས་འདྲ་མིན་མང་པོ་གསུངས་ཡོད།
གང་ལྟར་བསྡོམས་བརྒྱབས་ནས་ཞུ་ན། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཐོར་བུ་དྲིས་ལན་ཞིག་ནང་འཇིག་རྟེན་གྱི་ཚད་མེད་པ་དང་། གླིང་བཞི་རི་རབ་ཀྱི་ཚད་ཀྱང་གཞག་རྒྱུ་མེད། དེ་ནི་སྐབས་དང་དུས་ཀྱི་སྤྱི་མཐུན་གྱི་ལས་སྣང་ལ་གང་གྲུབ་པ་དེའི་ཐོག་ནས་འགྲོ་དགོས་ཚུལ་གསལ་པོ་གསུངས་ཡོད།[23] གལ་ཏེ་དེ་ལྟ་བུའི་ཚད་ཡོད་ན། མངོན་པ་དང་དུས་འཁོར་གཉིས་པོའང་མི་འདྲ་བར་བརྟེན། མངོན་པ་བདེན་ན་དུས་འཁོར་རྫུན་དགོས་པ་དང་། དུས་འཁོར་བདེན་ན་མངོན་པ་རྫུན་དགོས། འོན་ཀྱང་གཅིག་རྫུན་པ་དང་གཅིག་བདེན་པ་ཡིན་ཞེས་བརྗོད་ཀྱི་མེད། གང་ལགས་ཤེ་ན། དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ལས་ཀྱི་སྣང་ངོར་གྲུབ་པའི་འཇིག་རྟེན་དང་། མངོན་པའི་ཆེད་དུ་བྱ་བའི་གདུལ་བྱའི་ལས་ཀྱི་སྣང་ངོར་གྲུབ་པའི་འཇིག་རྟེན་དང་། དེང་རབས་ཀྱི་མིའི་ལས་ཀྱི་སྣང་ངོར་གྲུབ་པའི་འཇིག་རྟེན་རྣམས་སོ་སོར་བདེན་པ་ཆགས་ཡོད། དེར་བརྟེན། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་།།[24] ཞེས་རླན་ཞིང་གཤེར་བ་ཕོར་པ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་གཅིག་ཅར་དུ་བལྟས་པའི་ཚེ། དེའི་གོ་སར་གསུམ་གའི་བློ་ཡི་སྣང་བ་དེ་ཚད་མ་ཡིན་པ་མ་གཏོགས། ལོག་ཤེས་དང་འཁྲུལ་ཤེས་ཡིན་ཚུལ་བཤད་ཀྱི་མེད། ད་ལྟའང་སྙན་ངག་གི་རྒྱན་སྦྱར་བའི་སྐབས་སུ་རིག་བྱེད་ཀྱི་གཏམ་རྒྱུད་ནས་བཤད་པ་མང་པོ་ཞིག་བེད་སྤྱོད་གཏོང་གི་ཡོད། འདི་ལ་སྐྱོན་གང་ཡང་མེད། དེས་ན་དགེ་རྒན་གྱིས་བཤད་པ་དང་། སློབ་ཕྲུག་གིས་ཉན་པ་དང་ཉམས་ཞིབ་བྱེད་པ་རྣམས་ཉི་མའི་ཤིང་རྟ་འདྲེན་མཁན་གྱི་རྟ་ལྗང་གི་གཟུགས་སུ་བཀོད། དེ་ལྟ་བུའི་རྟ་ལྗང་གི་སྲབ་ཐག་འཐེན་ནས་འདྲེན་པར་མཁས་པའི་གཙུག་ལག་སློབ་ཁང་ཆེན་པོ་འདི་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་བརྗོད་པ་ཡིན།
ཚིག་དང་པོ་དགེ་ལེགས་ཞེས་པ་འདི་ནང་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་ཅིག་ཡིན་ཞེས་སྨྲ་ནའང་ཆོག བདེ་ལེགས་ཞེས་པ་དང་། དགེ་ལེགས་ཞེས་པའི་ཚིག་གཉིས་པོ་གཞུང་གི་ནང་བེད་སྤྱོད་མང་པོ་བཏང་ཡོད། དགེ་བ་ཞེས་པ་རྒྱུ་དང་། ལེགས་པ་ཞེས་པ་འབྲས་བུ་ཡིན། རྒྱུ་དགེ་བ་བསགས་པ་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་བྱུང་བ༑ ཡང་ན་དགེ་ཞེས་པ་མངོན་མཐོ་དང་། ལེགས་ཞེས་པ་ངེས་ལེགས་ལ་སྦྱར་ནས་མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་འབྱུང་གནས་སམ་དེ་ཡི་རྒྱུར་གྱུར་པ་ཡིན། དགེ་ལེགས་ཞེས་པའི་དགེ་ནི་མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་རྒྱུ། ལེགས་ཞེས་པ་དེའི་འབྲས་བུ་མངོན་མཐོ་ངེས་ལེགས་གཉིས་ཏེ༑ དཔེར་ན་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ནང་སྐྱེས་བུའི་འདོད་དོན་བཞིའམ་སྐྱེས་བུའི་མངོན་འདོད་བཞི་ཞེས་བཤད་ཡོད། དེ་ལ་བོད་པས་ཕུན་སུམ་ཚོགས་པའི་སྡེ་བཞི་ཞེས་བརྗོད། འོ་ན་སྐྱེས་བུའི་མངོན་འདོད་བཞི་པོ་གང་ཡིན་ཞེ་ན། འདོད་པ་དང་ཐར་པ་གཉིས་པོ་སྐྱེས་བུའི་མངོན་འདོད་ཡིན་ལ། འདོད་པ་སྒྲུབ་པའམ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པའི་བདེ་བ་སྒྲུབ་པའི་ཆེད་དུ་ནོར་དགོས་པ་དང་། ཐར་པའི་བདེ་བར་ལོངས་སྤྱོད་པའི་ཆེད་དུ་ཆོས་དགོས་ཀྱི་ཡོད། ཆོས་དང་ནོར་གཉིས་པོ་འདོད་པ་དང་ཐར་པའི་རྒྱུ་ཡིན་པར་བརྟེན། རྒྱུ་གཉིས་དང་འབྲས་བུ་གཉིས་ཏེ་བཞི་ནི་སྐྱེས་བུའི་མངོན་འདོད་ཡིན།
སྐྱེས་བུའི་སྐད་དོད་པུརུཥ་ཞེས་པར་ངེས་ཚིག་གི་བཤད་པ་བྱེད་ན་ནུས་པའམ་དཔོག་པ་ལ་འཇུག སྐྱེས་བུའི་མངོན་འདོད་བཞི་པོ་སྒྲུབ་མི་ཐུབ་མཁན་དེ་མི་ཡིན་ཡང་དེ་ལ་སྐྱེས་བུའི་ཐ་སྙད་མི་འཇུག དཔལ་མཉམ་མེད་ཇོ་བོ་ཆེན་པོས་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་པ་གང་ཟག་གཅིག་གིས་སྟན་ཐོག་གཅིག་ལ་ཉམས་སུ་ལེན་པའི་རིམ་པར་བསྡུས་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་པ་དེ་བསྟན་པ་ཡིན། སྐྱེས་བུ་ཆུང་ངུ་ཞེས་པ་ཕྱི་མ་དོན་གཉེར་གྱི་བློ་ཡོད་པ་དང་། སྐྱེས་བུ་འབྲིང་ཞེས་པ་ཐར་པ་དོན་གཉེར་གྱི་བློ་ཡོད་པ། སྐྱེས་བུ་ཆེན་པོ་ཞེས་པ་བྱང་ཆུབ་དོན་གཉེར་གྱི་བློ་ཡོད་པ་ཞིག་ལ་བཤད་ཡོད། དེས་ན་ཕྱི་མ་དོན་གཉེར་གྱི་བློ་མེད་པར་ཚེ་འདིའི་བདེ་སྐྱིད་རྐྱང་པར་ཞེན་པའི་མི་དེ་ལ་སྐྱེས་བུའི་ཐ་སྙད་མི་འཇུག་པ་ཡིན། དེ་ནི་མི་ཡིན་ཡང་སྐྱེས་བུ་མིིན་ཞེས་བརྗོད་འོས། འདི་ནི་ནང་པ་སངས་རྒྱས་པའི་བཤད་ཚུལ་ཡིན།
ཡང་ཕྱོགས་གཞན་ནས་བཤད་ན། ཆོས་དང་། ནོར་དང་། འདོད་པ་དང་། ཐར་པ་སྟེ་སྐྱེས་བུའི་མངོན་འདོད་བཞི་ཞེས་པ་ནང་པ་དང་ཕྱི་པ་གཉིས་ཀྱི་ཐུན་མོང་བའི་བཤད་ཚུལ་ཞིག་ཡིན། ང་ཚོ་རྒྱ་གར་ལ་ཐོག་མར་འབྱོར་སྐབས་ནང་པའི་མཁས་པ་མང་པོས་སྐྱེས་བུའི་མངོན་འདོད་བཞི་ཞེས་པ་རིག་བྱེད་པའམ་ཕྱི་རོལ་པའི་བཤད་ཚུལ་ལས། ནང་པའི་གཞུང་ལུགས་ནང་བཤད་ཀྱི་མེད་ཚུལ་ཡོངས་གྲགས་གསུང་གི་འདུག སྐབས་དེར་ནང་པའི་གཞུང་ཆེན་པོ་མང་པོ་རྒྱ་གར་དུ་མེད་པར་བརྟེན་ཐུགས་ཁག་མེད། ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པའི་དབུ་དེར་སྐྱེས་བུའི་མངོན་འདོད་བཞི་པོ་གསལ་བའི་ཚིགས་བཅད་ཅིག་ཡོད།[25] དེར་ནོར་གྱི་ཚབ་ཏུ་དོན་ཞེས་བསྒྱུར་འདུག ལེགས་སྦྱར་གྱི་སྐད་དུ་ཨརྠ་ཞེས་པ་ནོར་དང་དོན་གཉིས་ཀར་གོ་བ་ཡིན།
མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་རྒྱུའམ། ཡང་ན་ཕྱི་མ་ལ་ཕན་པའི་དགེ་བའམ་ཐར་པའི་རྒྱུར་འགྱུར་བའི་བྱ་བ་གང་ནས་ཡོང་གི་ཡོད་ཅེ་ན། ཤེས་ཡོན་ནམ་བསླབ་པ་ལ་བརྟེན་ནས་ཡོང་དགོས། དེས་ན་ཤེས་ཡོན་འདི་སྣང་བའི་མཛོད་ཉི་མ་ལྟར་མུན་པ་སེལ་མཁན་གྱི་ནུས་པ་དེ་ཆགས་ཡོད། ཤེས་ཡོན་ཞེས་པའི་ཐ་སྙད་འདི་ཤེས་པ་རྐྱང་པ་ལ་མ་བཞག་པར། ཡོན་ཞེས་པའི་ཐ་སྙད་མཉམ་དུ་སྦྱར་དགོས་པ་དེ་གལ་ཆེན་པོ་ཡིན།
སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ལེགས་སྦྱར་སྐད་དུ་ཤིཀྵཱ་ལ་བོད་སྐད་དུ་བསླབ་པ་ཞེས་བསྒྱུར་ཡོད། འདི་ཧ་ཅང་གི་འགྱུར་ཡག་པོ་ཞིག་ཡིན། བོད་སྐད་ཀྱི་ཚིག་མང་པོ་ཞིག་ངག་ཏུ་བརྗོད་སྐབས་ཚིག་གཅོད་མཚམས་ཀྱི་ཆ་ནས་གོ་དོན་མི་འདྲ་བ་གཉིས་སུ་འགྲོ་བ་ཡོད། དེ་ནི་ཕལ་ཆེར་བོད་སྐད་རྐྱང་པ་ལ་མ་གཏོགས་སྐད་ཡིག་གཞན་ལ་ཨེ་ཡོད། དཔེར་ན་བོད་སྐད་དུ་བསླབ་པ་ཞེས་ཐད་ཀར་བརྗོད་ན་གོ་དོན་ཞིག་དང་། བསླབ་+པའ་ཞེས་བདག་སྒྲ་པ་དེ་ཞན་པའི་ཚུལ་དུ་བརྗོད་ན་གོ་རྒྱུ་གཞན་ཞིག་ཡོད། བསླབ་པ་ཞེས་བརྗོད་ན་དངོས་མིང་དུ་འགྱུར་བ་དང་། བསླབ་+པའ་ཞེས་བརྗོད་ན་དེ་ལྟ་བུའི་བསླབ་པ་དེ་གཞན་ལ་སྟོན་པར་བྱེད་པའི་བྱ་བ་ལ་གོ་བ་ཡིན། དེ་བཞིན་བཞོན་པ་ཞེས་རྟ་དང་། བཞོན་+པའ་ཞེས་པ་རྟར་བཞོན་པའི་བྱ་བ། གཞན་ཡང་བཟའ་བ་ཞེས་ཟས་དང་། བཟའ་+བའ་ཞེས་པ་ཟས་བཟའ་བའི་བྱ་བ་ལ་གོ་བ་སོགས་ཧ་ཅང་མང། མདོར་ན་བསླབ་པ་དང་བསླབ་+པའ་གཉིས་ཀ་ཤིཀྵཱ་ཡི་དོན་ལ་ཏག་ཏག་འགྲོ་བ་ཡིན།
འོན་ཀྱང་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་འབྱོར་མ་ཐག་རྒྱ་གར་གྱི་སྐད་དུ་ཤིཀྵཱ་ཞེས་པ་དང་། ཨིན་སྐད་དུ་ Education ཞེས་པ་དེ་ཤེས་རིག་ལ་བསྒྱུར་ཡོད། དཔེར་ན་ Department of Education ལ་ཤེས་རིག་ལས་ཁུངས་ཞེས་པ་ལྟ་བུ་ཡིན། ཤེས་རིག་ཅེས་པ་དེ་ཤིཀྵཱ་ལ་བསླབ་པ་ཞེས་པ་ལྟར་ཚིག་ཏག་ཏག་ཅིག་ཏུ་འགྲོ་གི་མེད། དེར་བརྟེན་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་སྐབས་བསླབ་པ་ཞེས་པའི་ཐ་སྙད་དེ་ཇི་ལྟར་ཉམས་ཚུལ་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་བཀོད་ཡོད། ད་ལྟ་ཤིཀྵཱ་དང་ Education གཉིས་ཀྱི་དོན་ལ་བསླབ་པ་དང་ཤེས་ཡོན་ཞེས་པའི་ཚིག་གཉིས་ཀ་བེད་སྤྱོད་གཏོང་མུས་ཡིན།
བསླབས་ནས་ཤེས་པར་བྱ་བའི་དངོས་པོ་ཞིག་ཤེས་ན། དེ་ལྟ་བུའི་ཤེས་པའི་བློ་དེ་ཡོན་ཏན་ཡིན་པའི་ངེས་པ་མེད། དེ་ལ་སྐྱོན་ཡིན་པའང་ཡོད་ལ་ཡོན་ཏན་ཡིན་པའང་ཡོད། དཔེར་ན་རྐུན་མ་ཞིག་ལ་རྐུ་ཚུལ་བསླབས་ཏེ་རྐུ་སྟངས་ཤེས་ན། དེ་ལྟ་བུའི་རྐུན་མ་རྐུ་སྟངས་ཤེས་པའི་བློ་དེ་སྐྱོན་མ་གཏོགས་ཡོན་ཏན་མིན། དེས་ན་བདག་ཉིད་ཆེན་པོ་གཱཾདྷཱིས་ད་ལྟའི་ཨིན་ཇིས་ལག་ལེན་བྱེད་བཞིན་པའི་ཤེས་ཡོན་གྱི་ལམ་སྲོལ་ (The Education System) དེས་མང་ཚོགས་ལ་ཡི་གེ་འབྲི་ཀློག་ཤེས་ཙམ་ལས་གཞན་གང་ཡང་སྤྲོད་ཀྱི་མི་འདུག་ཅེས་གསུངས་ཡོད། གཱཾདྷཱིས་བེད་སྤྱོད་གནང་བའི་ཚིག་ནི་ཨཀྵར་ཛྙཱན་ཞེས་པ་དེ་ཡིན། ཨཀྵར་ཞེས་པ་ཡིག་གཟུགས་གམ་ཡི་གེ་དང་། ཛྙཱན་ཞེས་པ་ཤེས་རྟོགས་ལ་བརྗོད། ཨཀྵརཛྙཱན་འདི་ཕྱོགས་གཉིས་ཀར་བེད་སྤྱོད་གཏོང་རྒྱུ་ཡོད་པར་བརྟེན། ཤིཀྵཱའམ་བསླབ་པའི་གྲས་སུ་མི་འགྲོ་ཞིང་། ཨཀྵརཛྙཱན་ལ་བརྟེན་ནས་བྱ་བ་ངན་པ་བྱེད་ཐུབ་ཀྱི་ཡོད་ལ། བྱ་བ་བཟང་པོའང་བྱེད་ཐུབ། བེད་སྤྱོད་གཏོང་མཁན་དེས་གང་དུའང་བེད་སྤྱོད་གཏོང་གཏོང་ཡིན། གྲི་ལྟ་བུར་དཔེར་མཚོན་ན། སྨན་པ་མཁས་པས་གྲི་དེས་ནད་པ་ལ་བཤགས་བཅོས་བྱས་ནས་སྲོག་བསྐྱབ་ཐུབ་པ་དང་། གཞན་ཞིག་གིས་དེ་བེད་སྤྱོད་བཏང་ནས་མི་གསོད་པའང་ཡོང་གི་ཡོད། དེས་ན་གྲི་དེ་རང་བཞིན་གྱི་ཆ་ནས་སྐྱོན་དང་ཡོན་ཏན་གང་ལའང་འཇོག་མི་ཐུབ་པ་བཞིན་ཨཀྵརཛྙཱན་ཡང་དེ་དང་མཚུངས་པ་ཡིན། འོ་ན་ཤིཀྵཱ་ཞེས་པ་ཇི་འདྲ་ཞིག་ལ་བརྗོད་དགོས་ཤེ་ན། གང་ལ་ཡོད་པའི་སྐྱེས་བུ་དེའི་རྒྱུད་དུལ་བར་བྱེད་པ་ཞིག་ལ་གོ་དགོས་ཞེས་གསུངས། འདི་ནི་ནང་པས་བཤད་སྟངས་དང་གཅིག་པ་ཡིན། གང་རྒྱུད་ལ་ལྡན་པའི་གང་ཟག་དེ་འཚེ་བ་མེད་པའི་རང་བཞིན་དང་། རྒྱུད་དུལ་བ། ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་མཁན་ཞིག་ཏུ་འགྱུར་ན། གཞི་ནས་དེ་ལ་ཤིཀྵཱ་ཞེས་བརྗོད། ཤེས་ཡོན་ཞེས་པ་ཤེས་པའི་དོན་དེ་བཟང་པོ་ལ་མ་གཏོགས་ངན་པར་བེད་སྤྱོད་གཏོང་རྒྱུ་མེད་པའམ། ཡང་ན་དགེ་བ་ལ་མ་གཏོགས་སྡིག་པར་བེད་སྤྱོད་གཏོང་རྒྱུ་མེད་པར་བརྟེན། ཡོན་ཞེས་པའི་ཐ་སྙད་དེ་སླེབས་པ་ཡིན།
རང་རེའི་སློབ་ཕྲུག་རྣམས་ཀྱིས་ཤེས་ཡོན་སྦྱང་བའི་དམིགས་ཡུལ་གང་ཡིན་ཞེ་ན། དགེ་བ་དང་ལེགས་པའམ་མངོན་མཐོ་དང་ངེས་ལེགས་ཀྱི་འདོད་དོན་སྒྲུབ་ཐུབ་པ། ཡང་ན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྒྲུབ་ཐུབ་པ་ཞིག་ཡོང་བར་ཤེས་བྱ་ཡོན་ཏན་ལ་སྦྱང་གི་ཡོད། ཤེས་བྱ་ཡོན་ཏན་ལ་སྦྱངས་པའི་ཡོན་ཏན་དེ་སྣང་བའི་མཛོད་དམ་ཉི་མའི་གཟུགས་སུ་བཀོད། དེ་ལྟ་བུའི་སྣང་བའི་མཛོད་དམ་ཉི་མ་དེ་ཤར་བ་ན། ཤེས་རབ་ཡག་པོ་ཡོད་པའི་བློ་གསལ་བའི་སློབ་ཕྲུག་རྣམས་ཀྱི་བསམ་བློ་དེ་མེ་ཏོག་པདྨའི་གཟུགས་སུ་བཀོད། ཉི་མ་ཤར་བ་ལ་བརྟེན་ནས་པདྨ་ཁ་འབྱེད་པ་ལྟར་ཤེས་ཡོན་གྱི་སྣང་བའི་མཛོད་ལ་བརྟེན་ནས་བློ་གྲོས་གསལ་བའི་སློབ་ཕྲུག་རྣམས་ཀྱི་ཡིད་ཀྱི་འདབ་མ་ཤེས་ཡོན་གྱི་ངོ་བོར་བཞད་པ་ཡིན། ཇིདྡུ་ཀྲིཥྞམཱུརྟིས་རྟག་པར་གསུང་རྒྱུ་ཞིག་ཡོད། ཁོང་གིས་རྒྱུན་ལྡན་བེད་སྤྱོད་གཏོང་རྒྱུ་དེ་ཨིན་སྐད་ཤ་སྟག་ཡིན། ཁོང་གིས་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་གང་ཡིན་ཞེ་ན༑ ནང་གི་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སད་པར་བྱ་རྒྱུ་དེ་ཡིན། ནང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སད་ན། མི་དེའི་བཟང་པོའི་ཡོན་ཏན་གྱི་འདབ་མ་ཁ་འབྱེད་རྒྱུ་ཡིན་པ་སྨོས་མ་དགོས་ཞེས་གསུང་གི་ཡོད། ཨིན་སྐད་དུ་ Awakening of inner intelligence which will atomatically bring the flowering in goodness[26] ཞེས་གསུང་ཡོད། བཟང་པོའི་སྤྱོད་པ་ཞེས་པ་ཟུར་དུ་བསླབ་རྒྱུ་མེད་ལ། བསླབ་ཀྱང་མི་ཐུབ། ནང་གི་རྣམ་འབྱེད་ཀྱི་ཤེས་རབ་དེ་སད་པ་ན་བཟང་པོའི་སྤྱོད་པ་དེ་རང་བྱུང་གིས་ཡོང་བ་ཡིན། རང་རེས་ཤེས་རབ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་བརྗོད། གང་ལྟར་འོས་པ་དང་མི་འོས་པ་དང་། བླང་བྱ་དང་འདོར་བྱ༑ ལེགས་ཉེས་བཅས་དབྱེ་བ་འབྱེད་ཤེས་པ་དང་འབྱེད་ཐུབ་མཁན་གྱི་བློ་ལ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་བརྗོད་པ་ཡིན། དེ་ལྟ་བུའི་བློ་གྲོས་ཤིག་གང་ཟག་གང་གི་རྒྱུད་ལ་ཡོད་ན་གང་ཟག་དེའི་བཟང་སྤྱོད་ཀྱི་འདབ་མ་ཕྱེ་ནས་མེ་ཏོག་བཞིན་ཤར་རྒྱུ་དེ་རང་བཞིན་གྱིས་གནས་ཚུལ་ཡིན་ཞེས་གསུང་གི་ཡོད།
དེ་ལྟ་བུའི་སྣང་བའི་མཛོད་དེ་ཇི་ལྟར་དྲང་བ་དང་ལེན་ཐུབ་བམ་ཞེ་ན༑ འཆད་ཉན་ཞེས་འཆད་པ་སྟེ་དགེ་རྒན་གྱིས་གསུང་བཤད་གནང་བ་དང་། ཉན་པ་སྟེ་དགེ་ཕྲུག་གིས་ཉན་པ་ལ་བརྟེན་ནས་ཡོང་བ་ཡིན། འཆད་ཉན་ཞེས་པའི་ཚིག་འདི་སྤྱིར་ནང་བསྟན་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ནང་དུ་འཆད་རྐྱང་པ་དང་ཉན་རྐྱང་པ་ཡོང་བ་ཧ་ཅང་གི་དཀོན་པོ་ཡིན། འཆད་རྩོད་རྩོམ་གསུམ་ཞེས་བཤད་སྐབས་འཆད་པ་གཅིག་པུ་སླེབས་པ་ལས། སློབ་སྦྱོང་བྱེད་པའི་དགོས་པ་བཤད་སྐབས་འཆད་ཉན་ཞེས་འཆད་པ་དང་ཉན་པ་གཉིས་མཉམ་དུ་ཡོང་གི་ཡོད། དེ་གཉིས་མཉམ་དུ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཉན་མཁན་གྱི་བློ་ལ་འཇུག་ཐུབ་པ་ཞིག་མ་བཤད་ན་བཤད་པ་དེ་ཕྱོགས་གཅིག་གི་ལམ་ (One Way Traffic) ལྟ་བུར་འགྱུར་བ་ཡིན། ཕྱོགས་གཅིག་ལ་རྒྱུག་པ་མ་གཏོགས་ཉན་མཁན་གྱིས་གོ་གི་ཡོད་མེད་ཧ་མི་གོ་བ་ཡིན།
གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་དང་། ནུས་པ་ལ་བལྟོས་ནས་དེ་དང་འཚམས་པ་བཤད་རྒྱུ་ནི་འཆད་པ་པོའི་མེད་དུ་མི་རུང་བའི་ཁྱད་ཆོས་ཤིག་ཡིན། དེར་བརྟེན་མདོ་སྡེ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་།།[27] ཞེས་གསུངས་པ་ལྟར་སོ་སོའི་སྐྱེ་བོས་ཆོས་བཤད་པ་དེ་ཕལ་ཆེ་བ་དོན་མེད་དང་། འཕགས་པས་ཆོས་གསུངས་པ་དེ་ཕལ་ཆེར་དོན་དང་ལྡན་པ། སངས་རྒྱས་ཀྱིས་ཆོས་གསུངས་པ་དེ་ཐམས་ཅད་དོན་དང་ལྡན་པ་ཡིན་པའི་དབྱེ་བ་ཕྱེས་ཡོད། དབྱེ་བ་དེ་ལྟར་ཕྱེ་བའི་རྒྱུ་མཚན་གང་ཡིན་ཞེ་ན། སངས་རྒྱས་ཁོ་ནས་གདུལ་བྱའི་ཁམས་དང་། བསམ་པ་དང། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་གསུངས་པར་བརྟེན་ཚིག་གཅིག་ཀྱང་གདུལ་བྱའི་དོན་དུ་མ་གྱུར་པ་མེད། དེར་བརྟེན་སངས་རྒྱས་ཀྱི་གསུང་ལ་ནམ་ཡང་གཅིག་གྱུར་ཡོང་གི་མེད། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ་ནས་བཟུང་སྟེ་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་པར་གསུངས་པའི་བར་རྣམ་གྲངས་མི་འདྲ་བ་ཧ་ཅང་མང་པོ་རེད། དེ་དག་ཀྱང་གོང་དུ་ཞུས་པ་བཞིན་གདུལ་བྱའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཡིན། དེས་ན་རྟོན་པ་བཞིའི་རྣམ་གཞག་ལ་བརྟེན་ནས་དྲང་བ་དང་ངེས་པའི་དོན་གཉིས་སུ་ཕྱེ་དགོས་པའང་དེ་ལྟར་ཡིན། དེ་ལྟར་བྱང་སེམས་འཕགས་པས་གདུལ་བྱའི་བསམ་པ་ཕལ་ཆེ་བ་མཁྱེན་ནས་གསུངས་པར་བརྟེན་ཕལ་ཆེར་དོན་དང་ལྡན་པ་དང་། སོ་སོ་སྐྱེ་བོས་ཆོས་བཤད་སྐབས་བྱ་རྡོ་ལམ་འཕྲད་ལྟར་ལམ་འགྲོ་རྒྱུག་ན་ཏག་ཏག་འགྲིག་པ་མ་གཏོགས། གཞན་བཤད་མཁན་ལ་གང་བཤད་རྒྱུ་ཡོད་པ་དེ་བཤད་པ་ལས། ཉན་མཁན་གྱི་བློའི་ནུས་པ་ལ་བལྟོས་ནས་བཤད་པའི་ནུས་པའམ་སྤོབས་པ་དེ་ཉུང་ཉུང་རེད།
དེ་བཞིན་ཉན་མཁན་གྱིས་ཀྱང་དོན་གཉེར་དང་བློ་རྩེ་གཅིག་པའི་སྒོ་ནས་ཉན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཉན་པ་པོ་ལའང་ཁྱད་ཆོས་མང་པོ་ཚང་དགོས། དཔེར་ན་བཞི་བརྒྱ་པར། གཟུར་གནས་བློ་ལྡན་དོན་གཉེར་བའི།།[28] ཞེས་བཤད་པ་ལྟར་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་། མཐུན་རྐྱེན་འདུ་ཤེས་དྲུག་བསྟེན་དགོས་པ་[29]སོགས་གསུངས་ཡོད། ཀྲིཥྞམཱུརྟིས་ཁྱོད་རང་ཉན་ཐུབ་ཀྱི་ཡོད་དམ་ (Can you listen?) ཞེས་ཡང་ཡང་འདྲི་གི་ཡོད། དེ་ནི་ཁྱེད་རང་རྣ་མཆོག་ཀྲོང་ཀྲོང་ཡིན་ནམ་ཞེས་དྲིས་པ་མིན། ཉན་པའི་སྐབས་སུ་རང་གི་བསམ་བློའི་ནང་ཕྱོགས་འཛིན་གྱི་བློ་ཞིག་དང་པོ་ནས་ཡོད་ན་འཆད་པ་པོས་གང་བཤད་ཀྱང་ཉན་པ་པོས་རང་གི་འདོད་པ་བཞིན་གོ་བའི་གནས་སྟངས་ཤིག་ཡོད་པ་དེ་འདྲ་མིན་པར། ཕྱོགས་འཛིན་གྱི་བློ་དེ་རྦད་དེ་འདོར་ནས་བསམ་པ་སྟོང་པ་བྱས་ནས་ཉན་ཐུབ་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་བ་ཡིན། འཆད་པ་དང་ཉན་པ་དངོས་སུ་བསྟན་པའི་ཞོར་དུ་བསམ་པ་དེ་རང་བཞིན་གྱིས་ཡོང་བ་ཡིན། ཉམས་ཞིབ་ཅེས་པ་དེས་བསམ་པ་གཙོ་བོར་བསྟན་པ་ཡིན། ཉམས་ཞིབ་ཅེས་པ་ད་ལྟའི་གནས་སྐབས་སུ་ཤོདྷ་དང་ Research ལ་བརྗོད། འཛིན་གྲྭའི་ནང་བསླབ་རྒྱུ་དེ་ Process of learning དང་། དེ་ནས་རང་གིས་བརྗོད་གཞི་ཞིག་གི་ཐོག་ཏུ་བསྐྱར་ཞིབ་བམ་ཞིབ་འཇུག་བྱེད་པ་དེ་ལ་ཉམས་ཞིབ་ཅེས་བརྗོད། དེང་སང་གི་བཤད་སྟངས་ལྟར་ན་ Study དང་ Teaching ཞེས་པ་འཆད་ཉན་དང་། Research ཞེས་པ་ཉམས་ཞིབ་ཡིན། དེ་ལྟ་བུའི་ལས་རིམ་དེ་ཉི་མ་འདྲེན་མཁན་རྟ་ལྗང་གི་གཟུགས་སུ་བཀོད། རྟ་ལྗང་ལྟ་བུ་འཆད་ཉན་དང་ཉམས་ཞིབ་ཀྱི་བྱ་བ་འདྲེན་པ་ལ་མཁས་པ་དེ་གང་ཡིན་ཞེ་ན། གཙུག་ལག་སློབ་ཁང་ཆེན་པོ་འདི་ཉིད་ཡིན་པས། དེ་གང་ལ་ལྡན་པའི་གཙུག་ལག་སློབ་ཁང་ཆེན་པོ་དེ་ཉིད་ཨེ་མ་ཧོ་སྟེ་ངོ་མཚར་བ་ཡིན་ཞེས་བརྗོད་པ་ཡིན།
ལྷག་པར་དུ་འདི་ནི་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཡིན་པས་བཤད་པའི་ཐབས་ལམ་དང་། ཉན་པའི་ཐབས་ལམ། ཉམས་ཞིབ་བྱེད་པའི་ཐབས་ལམ་རྣམས་ཀྱང་ནང་པའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་དང་ལྡན་པ་ཞིག་དགོས་ཀྱི་ཡོད། ནང་པའི་ཐུན་མོང་མ་ཡིན་པའི་བསླབ་ཚུལ་གྱི་ཁྱད་ཆོས་མི་འདྲ་བ་གང་ཡོད་ཅེ་ན། སྟོན་པས། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།།[30] ཞེས་སངས་རྒྱས་རང་ཉིད་ཀྱིས་འཆད་པའི་སྐབས་སུའང་དེ་ལྟར་གསུང་གི་ཡོད། དེ་ཚང་མ་ལ་སྦྱར་དགོས། དེས་ན་སློབ་ཕྲུག་རྣམས་ལ་གནས་ཚུལ་ཞིག་བཤད་པའི་རྗེས་སུ་འདི་རང་ལ་ཆ་གཞག་དགོས་ཞེས་བརྗོད་ཀྱི་མེད། དེ་སློབ་ཕྲུག་སོ་སོའི་བློས་བརྟག་དཔྱད་བྱེད་དགོས་པ་དང་། བརྟག་དཔྱད་བྱེད་སྟངས་ཀྱང་ཚད་མ་རིག་པ་དང་། རྟགས་རིགས་ཀྱི་རིགས་པའི་འགྲོས་ལ་བརྟེན་ནས་བྱེད་དགོས། གལ་ཏེ་བྱུང་ན། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།།[31] ཞེས་སོགས་གསུངས་པ་ལྟར་རིགས་པ་བཞི་ག་བེད་སྤྱོད་བཏང་ནས་བརྟག་དཔྱད་བྱེད་དགོས།
དགེ་རྒན་གྱིས་གང་བཤད་པ་དང་དེབ་ཀྱི་ནང་དུ་གང་ཡོད་པ་དེ་རང་ལ་ཆ་བཞག་ནས་འགྲོ་རྒྱུ་དེ་དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་ཡིན། ནང་པའི་སློབ་སྦྱོང་བྱེད་སྟངས་ནི་ཤེས་པར་བྱེད་དགོས་པ་ལས་ཆ་བཞག་ནས་འགྲོ་རྒྱུ་མེད། ཤེས་པ་དང་ཆ་བཞག་པ་གཉིས་རྦད་དེ་སོ་སོ་ཡིན། ཧིནྡཱིའི་ནང་ཇཱནནཱ་ཨཽར་མཱནནཱ་ཞེས་པའི་གསུང་སྲོལ་ཞིག་ཡོད། མཱནནཱ་ཞེས་པ་དགེ་རྒན་གྱིས་རེད་ཅེས་བཤད་ན་ཡིན་པ་དང་། དགེ་རྒན་གྱིས་མ་རེད་ཅེས་བཤད་ན་མིན་པར་བསམས་ནས་ཡིན་ཤག་བྱས་ནས་འགྲོ་རྒྱུ་དེ་ཡིན། ད་ལྟའི་སློབ་སྦྱོང་གི་གནས་སྟངས་ནི་ཆ་བཞག་ནས་འགྲོ་བ་ལས་ཤེས་པའམ་བློ་ལ་ཆུད་ནས་འགྲོ་བ་དཀོན། དེས་ན་རང་རེའི་ཉིན་གཅིག་གི་སློབ་དེབ་ནང་བསྐྱར་ཞིབ་བྱེད་ན། ཆ་བཞག་ནས་ཕྱིན་པ་ཧ་ཅང་མང་པོ་དང་། ཞིབ་འཇུག་བྱས་ནས་ངེས་པ་རྙེད་པ་ཧ་ཅང་ཉུང་ཉུང་ཡིན། དངོས་གནས་བྱས་ན་དེང་རབས་ཚན་རིག་གི་སློབ་ཚན་རྣམས་རྨོངས་དད་དང་ཆ་བཞག་ནས་འགྲོ་གི་མེད་ཚུལ་ཡིན་རུང་། དེ་ཚོའི་ནང་དུའང་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་ཆ་བཞག་ནས་འགྲོ་གི་ཡོད། སོ་སོས་ཞིབ་འཇུག་དང་ཚོད་བལྟ་ (Experiment) བྱས་ནས་ཤེས་པ་ཧ་ཅང་དཀོན་པོ་ཡིན། སྤྱིར་ཞིབ་འཇུག་ཁང་གི་ནང་དུ་གཅིག་བསྟན་གྱི་ཡོད་ཀྱང་། དེ་རྣམས་ཆོ་ག་ཕྱག་ལེན་ལྟ་བུ་ལས་མང་ཆེ་བ་ཆ་བཞག་ནས་འགྲོ་གིན་ཡོད། དེས་ན་ང་ཚོ་ནང་པའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་བྱེད་སྟངས་ནི་དང་པོ་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་གནས་ཚུལ་དེ་ཐོས་པ་དང་། དེ་ནས་ཐོས་པའི་དོན་ལ་བསམས་བྱུང་གི་ཤེས་རབ་ཀྱིས་བརྡར་ཤ་བཅད་དེ་ཡིན་མིན་རང་སྟོབས་ཀྱིས་ངེས་རྒྱུའི་ཐབས་ཤེས་བྱས་པ། དེའི་རྗེས་སུ་ནང་དོན་རིག་པ་ལྟ་བུ་ཡིན་ན་བསྒོམས་བྱུང་གི་ཤེས་རབ་ཡོང་དགོས། ནང་དོན་རིག་པ་མ་ཡིན་པའི་སྤྱིར་བཏང་གི་ཤེས་བྱའི་གནས་ཚུལ་ཞིག་ཡིན་ནའང། ཐོས་པ་དང་བསམ་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་པ་དགོས།
དེ་ལྟ་བུའི་སྐབས་སུ་དགེ་རྒན་དང་དགེ་ཕྲུག་གཉིས་ཀས་འཆད་ཉན་དེ་མཉམ་དུ་ཡོང་དགོས་པ་གང་ཡིན་ཞེ་ན། དགེ་ཕྲུག་དང་དགེ་རྒན་གཉིས་ཀས་དངོས་པོའི་དོན་གཅིག་ཡོངས་སུ་རྫོགས་པ་ཤེས་རྒྱུའི་འབད་བརྩོན་དེ་མཉམ་རུབ་ཀྱི་ཐོག་ནས་བྱེད་དགོས་ཀྱི་ཡོད། དགེ་རྒན་དེ་ལམ་གྱི་བཞི་མདོ་ཞིག་ཏུ་ལངས་ནས་ལམ་ཁ་འདྲི་མཁན་ཞིག་ལ་ཐག་རིང་ནས་ལམ་བསྟན་པ་དང་། དགེ་རྒན་དེས་ལམ་ཁ་འདྲི་མཁན་དེ་མཉམ་དུ་འཁྲིད་ནས་ལམ་བསྟན་པ་གཉིས་པོར་ཁྱད་པར་ཆེན་པོ་ཡོད། དེས་ན་ཡོངས་སུ་འཛིན་པའི་དགེ་རྒན་ཞིག་ཡིན་ན་འདི་ལྟ་བུ་དགོས། ནང་པའི་གཞུང་ལུགས་ནང་དགེ་བའི་བཤེས་གཉེན་ལ་བཤེས་གཉེན་ཙམ་དང་ཡོངས་འཛིན་ཞེས་ཚིག་གཉིས་གསུངས་ཡོད། དེང་སང་ཡོངས་འཛིན་ཞེས་པ་བླ་མའི་དགེ་རྒན་ལ་གོ་དགོས་པ་ལྟ་བུ་ཞིག་ཆགས་ཡོད། འོན་ཀྱང་སྤྱིར་བཏང་ཡོངས་འཛིན་ཞེས་པ། མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།།[32] ཞེས་པ་ལྟར་ཡོངས་འཛིན་ལ་ལས་ཀ་གསུམ་ཡོད། དེ་ནི་སེམས་མི་འགོང་བར་བྱེད་པ་དང་། ཤེས་བྱའི་གནས་སྟོན་པ། དེ་ལ་མི་མཐུན་པའི་ཕྱོགས་སེལ་བ་བཅས་ཡིན། ཨིན་སྐད་དུ་ Collective Learning ཞེས་པ་ལྟར་དགེ་རྒན་དང་དགེ་ཕྲུག་གཉིས་མཉམ་རུབ་བྱས་ནས་སྦྱང་རྒྱུ་དེ་ཡིན། གང་ལྟར་ཤེས་ཡོན་སྦྱང་བའི་ཐབས་ལམ་འཆད་ཉན་དང་ཉམས་ཞིབ་མཉམ་དུ་འགྲོ་དགོས་པ་དེ་ལྟར་ཡིན
གཙུག་ལག་སློབ་གཉེར་ཁང་གང་དུ་ཆགས་པའི་གནས་ཀྱི་ཁྱད་པར་བསྟན་པ།
དེ་ནས་ཤློཀ་གཉིས་པས་གང་དུ་ཆགས་པའི་གནས་ཀྱི་ཁྱད་པར་བསྟན་པ་ཡིན།
དགེ་བཅུ་ཀུན་ཚང་མང་ཡུལ་བསིལ་ལྡན་ལྗོངས།།
དབུས་འགྱུར་ས་ཡི་ཐིག་ལེའི་འདབ་ཆགས་པར།།
ལྕོག་ལམ་སྐྱེད་ཚལ་མཛེས་པའི་རྒྱན་མཆོག་ཏུ།།
བརྗིད་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༢ །།
ཞེས་དགེ་བཅུ་ཀུན་ཚང་ཞེས་པས་ཡུལ་གྱི་ཡོན་ཏན་དང་། མང་ཡུལ་ཞེས་པས་ཡུལ་གྱི་མིང་། བསིལ་ལྡན་ལྗོངས་ཞེས་པས་ཡུལ་དེའི་གནམ་གཤིས་ཀྱི་ཁྱད་པར་བསྟན་པ་ཡིན། ཡུལ་ལ་དགེ་བཅུ་ཀུན་ཚང་ཞེས་པའི་ཐ་སྙད་དེ་བོད་པའི་ངག་གི་རང་བཞིན་ནང་མང་པོ་ཡོང་གི་ཡོད། དེ་ལ་མཁས་པ་རྣམས་ཀྱིས་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད། ཡུལ་གྱི་ཡོན་ཏན་བརྗོད་པའི་སྐབས་སུ་དགེ་བཅུ་ཚང་བའི་ཡུལ་ཞེས་པ་དེ་རྣམ་ཐར་དང་བྱུང་རབས་སོགས་མང་པོའི་ནང་ཚིག་དེ་བེད་སྤྱོད་བཏང་ཡོད། སྟབས་བདེ་པོ་བཤད་ན། ལུང་པ་དེའི་ནང་ཡོད་པའི་མི་ཕལ་མོ་ཆེས་ལུས་ཀྱི་དགེ་བ་གསུམ་དང་། ངག་གི་དགེ་བ་བཞི། ཡིད་ཀྱི་དགེ་བ་གསུམ་སྟེ་ལྷ་ཆོས་དགེ་བ་བཅུ་ཉམས་ལེན་བྱེད་པར་བརྟེན་དགེ་བཅུ་ཚང་བའི་ཡུལ་ཞེས་བཤད་སྲོལ་འདུག། འོན་ཀྱང་འདིའི་དགེ་བཅུ་ཀུན་ཚང་ཞེས་པ་དེ་ཐོག་མར་ཆོས་ལ་སྦྱར་ནས་བཤད་རྒྱུ་ཞིག་ཡིན་བཟོ་མི་འདུག ཡུལ་ལ་སྦྱར་ནས་ཡུལ་གྱི་དགེ་བ་བཅུ་ཞེས་བཤད་སྲོལ་ཞིག་འདུག དེ་ཡང་ས་ཡི་དགེ་བ་གཉིས། རྡོ་ཡི་དགེ་བ་གཉིས། ཤིང་གི་དགེ་བ་གཉིས། འབྲོག་པའི་དགེ་བ་གཉིས། ཆུའི་དགེ་བ་གཉིས་བཅས་དགེ་བ་བཅུ་ཞེས་སྔོན་གྱི་མཁས་པའི་གསུང་[33]དུ་ཡོད།
སྲོལ་རྒྱུན་ལྟར་ན་ལུང་པ་དེ་ཕུན་སུམ་ཚོགས་པའམ་ལུང་པའི་ཡོན་ཏན་ཆ་ཚང་ལྡན་པ་ལ་ཁྱད་ཆོས་གང་ཚང་དགོས་ཤེ་ན། ཁང་པ་བརྒྱབ་རྒྱུའི་ཁང་ས་ཚད་ལྡན་ཡོད་པ་དང་། ཞིང་ཁ་བཏབ་རྒྱུའི་ཞིང་ས་ཚད་ལྡན་ཡོད་པ་སྟེ་ས་ཡི་དགེ་བ་གཉིས་ཡིན། རྒྱ་གར་གྱི་སྤྱི་ཚོགས་ནི་མང་ཆེ་བ་སོ་ནམ་ལ་བརྟེན་པ་ཡིན། སོ་ནམ་པའི་སྤྱི་ཚོགས་ཡིན་པར་བརྟེན་འགྲོ་བ་མིའི་དགོས་མཁོའི་ནང་རོཊཱི་ཀཔཌཱ་མཀཱན་ཞེས་སྡོད་སའི་ཁང་པ་དང་། བཟའ་རྒྱུའི་འབྲུ། གྱོན་རྒྱུའི་གོས་བཅས་དེ་གསུམ་གཞི་རིམ་གྱི་དགོས་མཁོ་མེད་དུ་མི་རུང་བ་ཡིན། དེས་ན་ཁང་པ་ལ་ཁང་ས་ཕུན་སུམ་ཚོགས་པ་མེད་ན་ཁང་པ་ཡག་པོ་མི་ཡོང་། སྔར་བོད་ལ་ཨར་ག་ཞེས་པ་ཞིག་ཡོད། ཕལ་ཆེར་ལ་དྭགས་སུའང་ཨར་གའི་ས་ཡོད་སྲིད། དེ་ནས་འབྲུ་ཡག་པོ་སྐྱེ་རྒྱུའི་ཞིང་ས་ཕུན་སུམ་ཚོགས་པ་དགོས། དེ་བཞིན་རྡོ་ཡི་ཡོན་ཏན་ལ་ཁང་པ་བརྩིག་རྒྱུའི་རྡོ་དང་། འབྲུ་ལ་སོགས་པ་རྩམ་པ་འཐག་རྒྱུའི་འཁོར་རྡོ། འདི་ལ་འཐག་རྡོ་ཡང་ཟེར། དེ་ལྟར་རྡོ་ཕུན་སུམ་ཚོགས་པ་ཡོད་པ། ཤིང་ལ་མཚོན་ན་ཁང་པའི་ཤིང་དང་རུང་ཁང་ནང་ལ་བུད་རྒྱུའི་བུད་ཤིང་གཉིས་ཕུན་སུམ་ཚོགས་པ་ཡོད་པ། ལྷ་སའམ་བོད་དབུས་དང་ལ་དྭགས་རྣམས་གཅིག་པ་ལྟ་བུ་ཡིན། བོད་དབུས་སུ་དགོན་པ་དང་མི་ཚང་ཁང་པ་ཡོད་མཁན་རྣམས་ལ་སོ་སོར་སྒེར་བདག་གི་ལྕང་གསེབ་རེ་ངེས་པར་དུ་ཡོད་དགོས། དེ་མིན་ཁང་པ་ཉམས་གསོ་བྱེད་རྒྱུར་ཤིང་རྙེད་ཁག་པོ་ཡོད། བུད་ཤིང་ཡང་དེ་དང་མཚུངས། གམ་འབྲོག་དང་རྒྱང་འབྲོག་ཅེས་པ་མི་ཚང་གི་འཁྲིས་སུ་ཕྱུགས་རྣམས་ལ་བཟའ་རྒྱུ་ཡག་པོ་ཡོད་པ། དེ་བཞིན་ཐག་རིང་པོར་འབྲོག་ལ་འགྲོ་རྒྱུའི་ཞིང་འབྲོག་གཉིས་ལྡན་ལྟ་བུའི་འབྲོག་ས་ཡག་པོ་ཡོད་པ། དེ་ནས་འཐུང་རྒྱུའི་ཆུ་ཡག་པོ་ཡོད་པ། ཞིང་ལ་དྲང་རྒྱུའི་ཡུར་ཆུ་ཡག་པོ་ཡོད་པ། མདོར་ན་ཁང་ས་དང་ཞིང་ས་ས་ཡི་དགེ་བ། ཁང་རྡོ་དང་འཐག་རྡོ་རྡོ་ཡི་དགེ་བ། ཁང་ཤིང་དང་བུད་ཤིང་ཤིང་གི་དགེ་བ། གམ་འབྲོག་དང་རྒྱང་འབྲོག་འབྲོག་གི་དགེ་བ། འཐུང་ཆུ་དང་ཡུར་ཆུ་ཆུའི་དགེ་བ་ཞེས་དེ་བཅུ་ཚང་བ་ལ་དགེ་བཅུ་ཀུན་ཚང་ཞེས་བརྗོད། དཔེ་འགའ་ཞིག་ཏུ་ཆུ་དང་རྩྭ་ཐང་ཆུ་རྩྭའི་དགེ་བ་ཞེས་གསུང་སྲོལ་ཡང་འདུག
མང་ཡུལ་ཞེས་པ་ལ་དྭགས་ཀྱི་ཡུལ་མིང་རྙིང་པ་ཞིག་ཡིན། བོད་བསིལ་བུར་ཐོར་རྗེས་མངའ་རིས་ཀྱི་ལྗོངས་དེ་ས་གནས་གསུམ་ལྟ་བུར་ཕྱེ་བའི་སྐབས་སུ་མང་ཡུལ་དེ་ལ་དྭགས་ཡིན། འདི་ལ་མང་ཡུལ་དང་། དམར་ཡུལ་དང། མར་ཡུལ་ལ་སོགས་པ་འཆད་ཚུལ་མི་འདྲ་བ་མང་པོ་ཡོད། བསིལ་ལྡན་ལྗོངས་ཞེས་པ་བསིལ་ལྡན་ལྗོངས་དང་ཁ་བ་ཅན་གྱི་ལྗོངས་ཞེས་པ་དོན་གཅིག་ཡིན། འདུལ་བ་ལུང་གཞིའི་ནང་དུ་ཁ་བ་ཅན་གྱི་ལྗོངས་དང་བསིལ་ལྡན་གྱི་ལྗོངས་ཞེས་མང་པོ་གསུངས་ཡོད། དོན་དུ་མཆིལ་ལྷམ་གྱི་སྐོར་དེ་ཡིན། ཐོག་མར་དགེ་སློང་གི་ལྷམ་དེ་ཅཔྤལ་ལྟ་བུ་ཞིག་རེད། དེ་ནས་ལྷམ་སྣ་བུབ་ཅན་དང་རྟིང་བུབ་ཅན། དེ་ནས་ལྷམ་སྒྲོ་གུ་ཅན་རིམ་གྱིས་གནང་ཡོད། ལྷམ་སྒྲོ་གུ་ཅན་དེ་བསིལ་ལྡན་གྱི་ཡུལ་ལམ་ཁ་བ་ཅན་གྱི་ཡུལ་ལ་གནང་བ་ཡིན།[34] དེར་ཉེ་བར་འཁོར་གྱིས་སངས་རྒྱས་ལ་ཁ་བ་ཅན་གྱི་ཡུལ་གང་དུ་བརྩི་བ་དང་དེའི་མཚམས་ཇི་ལྟར་གཞག་དགོས་ཞེས་བཀའ་འདྲི་ཞུས་སྐབས་དགུན་ཁར་སྣོད་ཀྱི་ནང་དུ་ཆུ་འཁྱག་ན། དེ་ཁ་བ་ཅན་གྱི་ལྗོངས་སམ་ཁ་བ་ཅན་གྱི་ཡུལ་དུ་བརྩི་དགོས་ཞེས་གསུངས་ཡོད།[35] ཕྱི་ལོགས་ལ་ཆུ་འཁྱག་པ་བརྒྱབས་པ་ལ་གསུང་གི་མེད།
དབུས་འགྱུར་ས་ཡི་ཐིག་ལེ་འདབ་ཆགས་པར།། ཞེས་དབུས་འགྱུར་ཞེས་པ་ནི། སྤྱིར་དབུས་འགྱུར་བརྩི་ཚུལ་ལ་ཆོས་ཚིགས་ཀྱིས་ཕྱེ་བའི་དབུས་འགྱུར་དང་། ས་ཚིགས་ཀྱིས་ཕྱེ་བའི་དབུས་འགྱུར་གཉིས་ཡོད། ཆོས་ཚིགས་ཀྱིས་ཕྱེ་བའི་དབུས་འགྱུར་ནི་འཁོར་རྣམ་བཞི་ཚང་བ་དེ་ལ་ཆོས་ཚིགས་ཀྱིས་ཕྱེ་བའི་དབུས་འགྱུར་ཞེས་བརྗོད། ས་ཚིགས་ཀྱིས་ཕྱེ་བའི་དབུས་འགྱུར་ཞེས་པ་ས་ཆ་ཆགས་སྟངས་སྟེ་དཔེར་ན་གླེ་ལྟ་བུ་ལ་དྭགས་ཀྱི་ས་ཚིགས་ཀྱིས་ཕྱེ་བའི་དབུས་ཕལ་ཆེར་ཆགས་ཀྱི་ཡོད། ལ་དྭགས་རང་གི་ས་བབ་ལ་གཞིགས་ན་ཐོག་མའི་རྒྱལ་ས་ཡིན་པར་བརྟེན་དཀྱིལ་ལ་ཡོད་དགོས། ཆོས་ཚིགས་ཀྱི་དབུས་ཞེས་པ་འཁོར་རྣམ་པ་བཞི་རྒྱུ་བའི་གནས་ལ་ཟེར། འཁོར་རྣམ་བཞི་ནི་དགེ་སློང་དང་དགེ་སློང་མ། དགེ་བསྙེན་དང་དགེ་བསྙེན་མ་བཅས་ཡིན། དགེ་སློང་མ་ནི་ད་ལྟའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ནང་མེད། འོན་ཀྱང་དེའི་ཚབ་ཏུ་དགེ་ཚུལ་མ་ཡོད་པ་དེས་ཁུངས་འཁྱོལ་བ་ཡིན། དེས་ན་འདི་ནི་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་ཆགས་ཡོད། ས་ཡི་ཐིག་ལེ་ཞེས་པ་ནི་ལུང་པ་སོ་སོའི་ས་ཁུལ་ཚང་མའི་ནང་ནས་གལ་ཆེ་བའམ་རྩ་བ་ཆེ་བ་དེ་ཡིན། ཐིག་ལེ་ཞེས་པ་འབུར་དུ་ཐོན་པ་དང་དམིགས་ཀྱིས་བཀར་ནས་གལ་ཆེན་པོར་བརྩི་ས་དེ་ཡིན། འདབ་ཆགས་པ་ཞེས་པ་དེའི་ཉེ་སར་ཡོད་པའི་ལྕོག་ལམ་ཞེས་པའི་ས་ཆ་དང་། ས་ཆ་དེ་སྐྱེད་ཚལ་མཛེས་པའི་རྒྱན་མཆོག་སྟེ་སྐྱེད་ཚལ་གྱི་གཟུགས་སུ་བཀོད། སྐྱེད་མོས་ཚལ་ཞེས་པ་ནི་དགའ་སྤྲོ་བྱེད་པའི་ཡུལ་མེ་ཏོག་དང་ཤིང་སྡོང་སོགས་ཡོད་པ་དེ་ལ་བརྗོད། དེ་ལྟ་བུའི་གཟུགས་སུ་བཀོད་པའི་སྐྱེད་མོའི་ཚལ་མཛེས་པར་བྱེད་པའི་རྒྱན་མཆོག་ཏུ་ཡོད་པའི་གཙུག་ལག་སློབ་ཁང་ཆེན་པོ་འདི་ཨེ་མ་ཧོ་ཞེས་ངོ་མཚར་བ་ཡིན་ཞེས་པའི་དོན་ཡིན། སྤྱིར་ལྕོག་ལམ་སར་འདི་ས་ཚིགས་ཀྱི་ཆ་ནས་གལ་ཆེན་པོ་ཡིན་པའི་བཤད་པ་མང་པོ་ཡོད་ཚོད་འདུག ངས་གོ་བ་ལྟར་ན་ས་ཆ་འདིའི་གནས་ཀྱི་ཁྱད་པར་ཕུན་སུམ་ཚོགས་པ་ཤམྦྷ་ལར་བགྲོད་པའི་ལམ་འཁེལ་བ་སོགས་དེ་འདྲ་གསུང་རྒྱུན་ཡོད་པ་འདྲ། དེེར་ཁུངས་ལྡན་གྱི་འགྲེལ་བརྗོད་ཡོད་ན་སྐབས་འདིར་སྦྱར་ནའང་འཐུས། དེ་ངས་ཞུ་མི་དགོས་པར་ཁྱེད་རང་ཚོས་ཕལ་ཆེར་མཁྱེན་མདོག་ཁ་པོ་རེད། དེ་རིང་དུས་ཚོད་རྗོགས་པར་བརྟེན་འདིར་གཞག་རྒྱུ་ཡིན། དེ་ནས་གནངས་དང་གཞེས་ཉིན་གཉིས་ལ་ཤློཀ་དྲུག་ལྷག་ཡོད། ཉིན་རེར་ཤློཀ་གསུམ་རེ་འགྲོ་དགོས་པ་འདུག
གཙུག་ལག་སློབ་གཉེར་ཁང་གི་བསླབ་གཞིའམ་སྦྱང་བྱ་རིག་པའི་གནས་ཀྱི་རྣམ་གཞག
འདི་མན་ཤློཀ་བཞིས་གཙུག་ལག་སློབ་གཉེར་ཁང་འདིའི་བསླབ་གཞི་དང་སློབ་ཚུལ་རྣམས་གཙོ་བོར་བསྟན། དེ་ཡང་།
ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀུན་ལ།།
རྣམ་དག་རིགས་ལམ་ཕྲ་མོས་ལེགས་དཔྱད་དེ།།
ཕྲ་ཞིབ་དོན་གྱི་གནད་ཀུན་གསལ་རྗེན་དུ།།
སྟོན་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༣ །།
ཞེས་ཁྱོན་ཡོངས་ཀྱི་རིག་པའི་གནས་གང་ལ་སྦྱང་ནའང་གོ་སྐབས་ཡོད་པ་མཚོན་ཆེད། ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀུན་ལ།། ཞེས་སྤྱི་ཡོངས་ཀྱི་བསླབ་གཞི་དེ་བཤད་པ་ཡིན། དེ་ལ་སློབ་ཚུལ་ཡང་སྤོམ་ཚོད་ཙམ་མིན་པར་རིགས་ལམ་ཕྲ་མོས་དཔྱད་ནས་དོན་གསལ་པོར་སློབ་སྟོན་བྱེད་མཁན་ཞིག་ཡིན་པར་བརྟེན། དེ་ལྟ་བུའི་གཙུག་ལག་སློབ་ཁང་དེ་ཨེ་མ་ཧོ་ཞེས་པ་ནི་ཤློཀ་འདིའི་སྤྱི་དོན་རགས་པ་ཙམ་ཡིན།
དེ་ཡང་རྒྱ་གར་གྱི་གནའ་སྲོལ་ནང་རིག་པའི་གནས་ལ་དབྱེ་ཚུལ་སྣ་ཚོགས་ཡོད། སྤྱིར་རྒྱ་གར་སྤྱི་ཡོངས་ཀྱི་རིག་པའི་གནས་ཀྱི་དབྱེ་བ་ཕྱེ་ཚུལ་དང་། ནང་པའི་རིག་གནས་ཀྱི་དབྱེ་བ་འབྱེད་ཚུལ་སོགས་སྣ་ཚོགས་ཡོད་པའི་ནང་ནས་རིག་པའི་གནས་ལྔར་ཕྱེ་བ་དེ་གྲགས་ཆེ། འོན་ཀྱང་འདི་ནི་སྤྱིར་ནང་པའི་ཐུན་མོང་མ་ཡིན་པའི་ཕྱེ་ཚུལ་དང་། ལྷག་པར་སྔགས་དང་ཕར་ཕྱིན་ཐེག་པའི་གཞུང་གི་བཤད་ཚུལ་ཞིག་ཡིན། དེར་བརྟེན་བོད་ཀྱི་མཁས་པ་མང་ཆེ་བས་ཕྱི་ནང་གི་རིག་པའི་གནས་བཤད་སྐབས་ཐོག་མར་རྒྱ་གར་གྱི་གནའ་སྲོལ་གཞིར་བཟུང་ནང་པ་སངས་རྒྱས་པའི་རིག་པའི་གནས་དང། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་རྟོག་གེ་སྡེ་ལྔའམ་རྩ་བའི་སྡེ་དྲུག་ལ་སོགས་པའི་བཤད་ཚུལ་ཡོད་པ་ལྟར། འདིར་ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཞེས་པའི་ལྔ་ཕྲག་ནི་རིག་པའི་གནས་ལྔ་ལ་གོ་དགོས། ཕྱི་ནང་རིག་པ་ཞེས་པ་ནི་ཕྱི་རོལ་པས་རིག་པའི་གནས་བཅུ་བཞི་དང་། རིག་པའི་གནས་བཅོ་བརྒྱད། བཟོ་ཡི་གནས་དགུ སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ནང་གསེེས་ཀྱི་དབྱེ་བ་ཕྱེ་ཚུལ་སྣ་ཚོགས་ཡོད་ཀྱང་། ནང་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གཞུང་ལྟར་ན་ཕྱི་ནང་གི་རིག་པའི་གནས་ཡོངས་སུ་རྫོགས་པ་རིག་པའི་གནས་ལྔའི་ནང་དུ་མ་འདུས་པ་མེད་ཅེས་གསུངས་ཡོད། ལྔ་ཞེས་པ་གྲངས་ལྔ་དང་། ཕྲག་ཅེས་པ་བོད་སྐད་ནང་གྲངས་གང་ཡང་རུང་བ་དེ་ཉིད་དུ་ངེས་པར་བྱེད་པ་དང་གཞན་དུ་མི་འགྱུར་བའི་ཕྱིར་ཕྲག་དང་ཐམ་པ་ཞེས་པའི་ཚིག་བེད་སྤྱོད་གཏོང་གི་ཡོད། དཔེར་ན་རྒྱ་གར་ཤར་ཕྱོགས་པ་དང་བངྒཱལ་གྱི་སྐད་ནང་ཨེཀ་ཋོ། དོ་ཋོ་ཞེས་ཋོ་ཞེས་པའི་ཚིག་དང་གཅིག་མཚུངས་རེད། དེ་ལྟ་བུའི་གྲངས་དེ་ཉིས་ལྡབ་ཡོད་ན་ཕྲུགས་ཞེས་བརྗོད། དཔེར་ན་ཉིན་ཞག་ཕྲུགས་གཅིག་ཅེས་བརྗོད་པའི་ཚེ་ཉིན་དང་མཚན་གཉིས་བསྡོམས་པ་ལ་ཟེར། གང་ལྟར་ལྔ་ཕྲག་ཅེས་པ་རིག་པའི་གནས་ལྔ་པོ་ལྔ་ཚན་གཅིག་ཏུ་ངེས་པར་བརྟེན་ལྔ་ཕྲག་ཅེས་འབོད།
འདིར་རིག་གནས་ལྔའི་རྣམ་གཞག་ནང་པའི་གཞུང་ནས་བྱུང་ཚུལ་བཤད་ན། མདོའི་ནང་ནས་དྲིན་ལན་བསབ་པའི་མདོ་[36]དང་། བསྟན་བཅོས་ནང་མདོ་སྡེ་རྒྱན་ཡིན། དེ་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།།[37] ཞེས་བྱུང་། དེའི་འགྲེལ་པ་སློབ་དཔོན་བློ་བརྟན་གྱིས་མཛད་པའི་ནང་རིག་གནས་ལྔའི་མིང་འདོགས་སྟངས་དང་། དྲིན་ལན་བསབ་པའི་མདོའི་ནང་མིང་འདོགས་སྟངས་གཉིས་ལ་ཁྱད་པར་མི་འདུག ཕལ་ཆེར་མདོ་དེ་ནས་དྲངས་པ་མིན་ནམ། དེ་གཉིས་སུ་ནང་རིག་པ་དང། རྒྱུ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པ་ཞེས་གསུངས་འདུག ནང་དོན་རིག་པ་ལ་ནང་རིག་པ་དང་། ཚད་མ་རིག་པ་ལ་རྒྱུ་རིག་པ། དེ་ནི་རྒྱུ་མཚན་ནམ་རྟགས་ཀྱི་རིག་པ་ཡིན་པས་དེ་ལྟར་བརྗོད། སྐད་ཡིག་དང་རྩོམ་ཡིག་གི་རིག་པ་ལ་སྒྲ་རིག་པ། ནད་གསོ་བའི་རིག་པའམ་སྨན་གྱི་རིག་པ་ལ་གསོ་བ་རིག་པ། བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པ་ལ་བཟོ་རིག་པ་ཞེས་ཕྱིས་སུ་ཡོངས་གྲགས་ལ་དེ་ལྟར་བརྗོད་ཀྱང་། གཞུང་གི་ནང་བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པ་ཞེས་ཡོང་དགོས་པའི་རྒྱུ་མཚན་ནི་དེའི་ནང་ལུས་ངག་ཡིད་གསུམ་གྱི་བཟོ་ཐམས་ཅད་འདུས་པའི་ཆེད་དུ་གསུངས་པ་ཡིན་ཚོད་འདུག
ཚད་མ་རིག་པ་ལ་རྒྱུ་རིག་པ་ཞེས་འབོད་དོན་ནི་རྒྱུའི་སྐད་དོད་ཧེཏུ་ཞེས་པའི་ཚིག་འདི་གཏན་ཚིགས་ལ་འཇུག་པར་མ་ཟད་རྒྱུ་ལའང་འཇུག་པས་ཡིན། དེ་ལྟར་དྲིན་ལན་གསབ་པའི་མདོ་དང་མདོ་སྡེ་རྒྱན་གྱི་རྒྱ་འགྲེལ་ལྟར་ན༑ མིང་འདོགས་ཚུལ་གོང་གསལ་ལྟར་དང་། གོ་རིམ་ནི་ནང་དོན། རྒྱུ། སྒྲ། གསོ་བ། བཟོ་ཡི་ལས་ཀྱི་གནས་ཀྱི་རིག་པ་ཞེས་འབྱུང་ཡང་། གཞུང་གཞན་དུ་ནང་དོན། བཟོ། གསོ་བ། སྒྲ་དང་། གཏན་ཚིགས་རིག་པ་ཞེས་ནང་དོན་རིག་པ་མགོར་བཞག་པ་སོགས་གོ་རིམ་སྒྲིག་སྟངས་སྣ་ཚོགས་ཡོད་ཀྱང་དོན་དུ་ཁྱད་པར་མེད། མདོར་ན་སྒྲ་རིག་པ་དང་། བརྡ་སྤྲོད་རིག་པ། སྐད་ཀྱི་རིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། གཏན་ཚིགས་རིག་པ་དང་། ཚད་མ་རིག་པ། རྟོག་གེའི་རིག་པ། རྒྱུའི་རིག་པ་རྣམས་མིང་གི་རྣམས་གྲངས་ཡིན། དེ་བཞིན་གསོ་བ་རིག་པ་དང་། སྨན་གྱི་རིག་པ། འཕྲོད་བསྟེན་གྱི་རིག་པ། ཚེའི་རིག་བྱེད་རྣམས་མིང་གི་རྣམ་གྲངས་ཡིན། ནང་དོན་རིག་པ་ལ་མིང་གི་རྣམ་གྲངས་སྣ་ཚོགས་མེད།
བོད་ཀྱི་གཞུང་ལུགས་ཕལ་ཆེ་བའི་ནང་གོང་དུ་ཞུས་པ་བཞིན་མདོ་སྡེ་རྒྱན་རྩ་འགྲེལ་དང་དྲིན་ལན་བསབ་པའི་མདོ་བཞིན་གཅིག་གྱུར་ལྟ་བུ་གསུངས་འདུག འོན་ཀྱང་ཀུན་མཁྱེན་ས་སྐྱ་པཎྜྀཏས་མཁས་འཇུག་[38]ཏུ། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་།། གསོ་བ་ཕྱི་ནང་རིག་ཅེས་གསུངས།། བརྡ་སྤྲོད་པ་སྒྲ་དང་། རྟོག་གེ་ཚད་མ་དང་། ཕྱི་རོལ་རིག་པ་བཟོ་དང་། ནང་རིག་པ་ལུང་གི་ཆོས་དང་། གསོ་བ་རིག་པ་སྨན་དཔྱད་དོ།། ཞེས་ཕྲན་བུ་མི་འདྲ་བ་གསུངས་ཡོད། དེ་ལྟར་གསུང་དགོས་པའི་དགོངས་གཞི་དང་རྒྱུ་མཚན་གང་ཡིན་འགྲེལ་པའི་ནང་མི་གསལ། དེ་བཞིན་དེ་ཡུལ་བརྡ་སྤྲོད་ཅེས་སྒྲ་རིག་པ་ལ་བརྡ་སྤྲོད་རིག་པ་ཞེས་གསུངས་ཡོད། རང་རེའི་མཁས་པ་སྔ་མ་རྣམས་ཀྱིས་བརྡ་སྤྲོད་རིག་པ་དང་སྒྲ་རིག་པ་གཉིས་ལས་སྒྲ་རིག་པ་ཁྱབ་ཆེ་བ་དང་། བརྡ་སྤྲོད་རིག་པ་དེ་ཁྱབ་ཆུང་བ་ལྟ་བུར་བརྩི་རུང་། ས་སྐྱ་པཎ་ཆེན་གྱིས་བརྡ་སྤྲོད་རིག་པ་དང་སྒྲ་རིག་པ་གཉིས་གཅིག་ཏུ་གསུངས། དེ་ནས་ཚད་མ་རིག་པ་ལ་རྟོག་གེའི་རིག་པ་ཞེས་གསུངས་འདུག དེ་ལ་ཁྱད་པར་མེད། ལེགས་སྦྱར་གྱི་སྐད་དུ་ཏརྐ་ཞེས་པ་རྒྱུ་མཚན་ནམ་རྟགས་ཀྱི་ཚུལ་ཞིག་ལ་བཤད། སྒྲ་འདི་བོད་སྐད་དུ་སྒྲ་དང་མཐུན་པར་བཟོས་ཡོད། སྤྱིར་རྣམ་རྟོག་གི་རྒྱུ་བ་མང་པོ་བྱས་པར་བརྟེན་རྟོག་གེའི་རིག་པ་ཞེས་བརྗོད། གསོ་བ་རིག་པ་ཞེས་པ་སྨན་གྱི་རིག་པ་ཡིན། དེ་ལ་ཚེའི་རིག་བྱེད་ཅེས་ཀྱང་བརྗོད་ཆོག འདིར་ས་སྐྱ་པཎ་ཆེན་གྱིས་བཟོ་རིག་པ་ལ་ཕྱིའི་རིག་པ་དང་། ནང་དོན་རིག་པ་ལ་ནང་གི་རིག་པ་ཞེས་ཕྲན་བུ་མི་འདྲ་བ་གསུངས་ཡོད། དེ་ལ་དགོས་པ་དང་རྒྱུ་མཚན་ཏན་ཏན་ཡོད་ཀྱི་རེད། སྤྱིར་ནང་དོན་རིག་པ་ནི་ས་ལམ་དང་འབྲེལ་བའི་རྣམ་གཞག་ཅིག་ཡིན། དེ་བཞིན་བཟོ་རིག་པའང་ས་ལམ་དང་འབྲེལ་བའི་རྣམ་གཞག་མང་པོ་ཕྱིའི་ཡུལ་དུ་མཚོན་བྱེད་ཅིག་ཡིན། དཔེར་ན་ནང་དོན་རིག་པ་དང་འབྲེལ་བའི་བཟོ་རིག་པ་གཙོ་བོ་ནི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་ཡི་དམ་གྱི་ལྷའི་དཀྱིལ་འཁོར་འདུ་འགོད་སོགས་ཡིན། ནང་དོན་རིག་པའི་རྣམ་འགྱུར་མང་པོ་མངོན་པར་གསལ་བར་བྱེད་པར་བརྟེན། བཟོ་རིག་པ་ལ་ཕྱིའི་རིག་པ་ཞེས་བཏགས་པ་མིན་ནམ། ཡོངས་གྲགས་སུ་སྒྲ་དང་། གཏན་ཚིགས། བཟོ། གསོ་བ་རིག་པ་བཅས་བཞི་ཕྱིའི་རིག་པ་དང། ནང་དོན་རིག་པ་ལ་ནང་གི་རིག་པ་ཞེས་དཔྱད་པ་མ་འཇུག་པའི་བཤད་སྟངས་དེ་འདྲ་ཞིག་ཡིན།
དེ་བཞིན་སྒྲ་དང་། གཏན་ཚིགས། བཟོ། གསོ་བ་བཅས་བཞི་ཐུན་མོང་བའི་རིག་གནས་དང་། ནང་དོན་རིག་པ་ཐུན་མོང་མ་ཡིན་པའི་རིག་གནས་སུ་དབྱེ་བའང་རགས་པ་ཙམ་དུ་མི་འགྲིག་པ་མེད། དེ་དག་བཞི་པོ་ནང་པ་དང་ཕྱི་རོལ་པ་གཉིས་ཀའི་སྦྱང་བྱ་ཐུན་མོང་བ་ཡིན་པར་བརྟེན། ཐུན་མོང་བའི་རིག་གནས་ཞེས་བཏགས། ནང་དོན་རིག་པ་ནི་འཁོར་འདས་དང་བཅིངས་གྲོལ་གྱི་རྣམ་གཞག་དང་འབྲེལ་བར་བརྟེན། ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཞེས་བརྗོད། ས་པཎ་གྱི་མཁས་འཇུག་གི་འགྲེལ་པའི་ནང་[39]ཕྱི་རོལ་རིག་པ་བཟོ་དང་ཞེས་བཟོའི་རིག་པ་རྐྱང་པ་ལ་ཕྱིའི་རིག་པ་ཞེས་དམིགས་བཀར་གྱིས་གསུངས་འདུག དེའི་རྒྱུ་མཚན་གང་ཡིན་ཞིབ་འཇུག་གནང་དགོས།
ལར་ནས་བཟོ་དང་། གསོ་བ། སྒྲ། གཏན་ཚིགས་རིག་པ་བཅས་བཞི་ཕྱི་ནང་ཐུན་མོང་བའི་རིག་གནས་དང། ནང་དོན་རིག་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་སུ་བརྩི་སྲོལ་ཡོངས་གྲགས་སུ་སྣང་ཡང་། དཔྱད་གཞི་མང་པོ་ད་དུང་ལྷག་ཡོད། གང་ལགས་ཤེ་ན། ས་སྐྱ་པཎ་ཆེན་གྱིས་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་རིག་པའི་གནས་ལྔའི་ནང་མ་འདུས་པ་མེད་ཅེས་གསུངས་པ་ལྟར་རིག་པའི་གནས་ཐམས་ཅད་རིག་པའི་གནས་ལྔའི་ནང་འདུས་པའི་དམ་བཅའ་འདི་བཟུང་ན། ཕྱི་རོལ་པའི་ནང་དོན་རིག་པའམ་ཕྱི་རོལ་པའི་ས་ལམ་གྱི་རྣམ་གཞག་སྟོན་པའི་རིག་གནས་རྣམས་ཀྱང་ནང་དོན་རིག་པའི་ཁོངས་སུ་གཞག་དགོས་པས་ནང་དོན་རིག་པའང་ཐུན་མོང་བའི་རིག་གནས་ཡིན་དགོས་པ་ལྟ་བུར་འགྱུར། ནང་པ་དང་ཕྱི་རོལ་པའི་ནང་དོན་རིག་པའི་གཞུང་ལུགས་ཐ་དད་ཡོད་པའི་རྒྱུ་མཚན་གྱིས་ཐུན་མོང་བའི་རིག་གནས་མིན་ཞེ་ན། གཏན་ཚིགས་རིག་པའམ་ཚད་མ་རིག་པའང་ཐུན་མོང་བའི་རིག་གནས་ནང་འཇོག་དཀའ། རིག་བྱེད་ཚད་མ་འདོད་མི་འདོད་དང། སྒྲ་ཚད་མ་འདོད་མི་འདོད། དེ་བཞིན་ཚུལ་གསུམ་དང་ཚུལ་དྲུག ཚད་མ་གཉིས་དང་ཚད་མ་གསུམ་ལ་སོགས་པའི་ཁྱད་པར་སྣ་ཚོགས་ཡོད་པར་བརྟེན། ནང་པ་དང་ཕྱི་རོལ་པ་གཉིས་ཀྱི་ཐུན་མོང་བའི་ཚད་མ་རིག་པའི་གཞུང་ཞིག་རྙེད་དཀའ་ཞིང་། ཕྱི་ནང་གི་ཚད་མ་རིག་པའི་གཞུང་ལུགས་ཐ་དད་ཡོད་པས་སོ།། དེ་མིན་སྒྲ་དང་གསོ་བ་རིག་པ་སོགས་ལ་ཕྱི་ནང་ཐུན་མོང་བའི་བསླབ་བྱའི་གཞུང་ལུགས་ཡོད་ལ། ཐུན་མོང་མ་ཡིན་པའང་ཡོད། སྒྲ་རིག་པ་ལ་མཚོན་ན། སྤྱིར་སྒྲ་ཀ་ལཱ་པ་ཞེས་པ་དེ་ཕྱི་ནང་ཐུན་མོང་བར་ཁས་ལེན་པའི་བརྡ་སྤྲོད་རིག་པའི་གཞུང་ཞིག་ཡིན། འོན་ཀྱང་ནང་པའི་བསྟན་བཅོས་དང་། ལྷག་པར་དུ་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་སངས་རྒྱས་ཀྱིས་གསུངས་པའི་མདོ་རྣམས་ལ་པཱཎིནིའི་ལམ་སྲོལ་དེ་སྦྱར་ན་ཏག་ཏག་མི་བསྡད་པ་མང་། དེར་བརྟེན་བར་སྐབས་ནུབ་ཕྱོགས་པའི་མཁས་པ་ཚོས་ནང་པའི་བརྡ་སྤྲོད་ཅེས་ཟུར་དུ་བཏོན་ནས་དེའི་མིང་ལ་རིགས་འདྲེས་ལེགས་སྦྱར་ (Sankaran Sanskrit) ཞེས་ནང་པའི་ཐུན་མོང་མ་ཡིན་པའི་ལེགས་སྦྱར་གྱི་སྐད་ལ་བེད་སྤྱོད་བཏང་ཡོད། དེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཞེས་དབྱེ་བ་ཕྱེ་བའི་ཚེ་མཚམས་གཟུང་ས་ལྟ་བུ་གང་ཡིན་ཕྲན་བུ་བཤད་ཁག་པོ་རེད། དེ་བཞིན་ཕྱིའི་རིག་པ་དང་ནང་གི་རིག་པའི་དབྱེ་བ་ཕྱེ་སྐབས་ནང་དོན་རིག་པ་རྐྱང་པ་ནང་གི་རིག་པར་བཞག་དགོས་སམ། ཡང་ན་རིག་གནས་ལྔ་གའམ་ཡོངས་སུ་རྫོགས་པ་ལ་ནང་རིག་པའི་ཆ་ཤས་ཡོད་པ་བཞག་དགོས་མིན་དཔྱད་གཞི་ཡིན།
ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀུན་ལ།། ཞེས་རིག་པའི་གནས་ཀུན་ཞེས་པ་མང་ཚིག་ཙམ་མིན་པར་ཡོངས་སུ་རྫོགས་པའམ་ཐམས་ཅད་འདུས་པ་དང་ལྷག་མ་མེད་པའི་དོན་ཡིན། མ་ལུས་པ་དང་། མཐའ་དག་པ༑ ཀུན་ཞེས་པའི་ཚིག་རྣམས་ཡོངས་སུ་རྫོགས་པར་གོ་དགོས། ཐེག་པ་ཐུན་མོང་བའི་བཤད་ཚུལ་ལྟར་ན། རིག་གནས་ཞེས་པ་འདུལ་བ་ལུང་དང་མཛོད་རང་འགྲེལ་སོགས་སུ་བཤད་པ་རྣམས་ཡིན། འདུལ་བ་ལུང་སོགས་སུ་རིག་པའི་གནས་ལྔའི་ཐ་སྙད་བེད་སྤྱོད་མ་བཏང་བར་རིག་པའི་གནས་བཅོ་བརྒྱད་ཀྱི་ཐ་སྙད་བེད་སྤྱོད་བཏང་ཡོད། བསནྟཏིལཀ་ཊཱིཀཱའམ་དཔྱིད་ཀྱི་ཐིག་ལེའི་འགྲེལ་པའི་ནང་། རིག་པའི་གནས་ལྔ་ཞེས་པ་ནང་པའི་བཤད་ཚུལ་དང། རིག་པའི་གནས་བཅུ་བཞི་ཞེས་པ་ཕྱི་རོལ་པའི་བཤད་ཚུལ་ཡིན་ཞེས་གསལ་པོ་གསུངས་ཡོད།[40] རིག་པའི་གནས་བཅུ་བཞི་ནི་རིག་བྱེད་བཞི་དང་། ཉེ་བའི་རིག་བྱེད་བརྒྱད། སྔོན་རབས་ཀྱི་བསྟན་བཅོས་རྣམས་གཅིག་ཏུ་བསྡོམས་པ་དང་། ཆོས་ཀྱི་བསྟན་བཅོས་བཅས་ཡིན། ཆོས་ཀྱི་བསྟན་བཅོས་ཞེས་པ་ནི་ནང་པའི་ཆོས་ཀྱི་བསྟན་བཅོས་མིན་པར་ཕྱི་རོལ་པའི་དྷརྨཤཱསྟྲ་ཞེས་པ་དེ་ཡིན། རིག་པའི་གནས་བཅུ་བཞི་པོ་དེ་ལྟར་བརྩི་ཚུལ་དང་། དེ་མིན་བརྩི་ཚུལ་སྣ་ཚོགས་ཡོད། ནང་པའི་བརྩི་ཚུལ་ལྟར་གོང་དུ་ཞུས་པ་བཞིན་འདུལ་བ་ལུང་ནས་བཤད་པའི་རིག་པའི་གནས་བཅོ་བརྒྱད་དང་། མཛོད་འགྲེལ་ནས་བཤད་པའི་རིག་པའི་གནས་བཅོ་བརྒྱད་གཉིས་སུའང་ཁ་ཤས་གཅིག་པ་དང་ཁ་ཅིག་མི་འདྲ་བ་འདུག དེ་ཚོ་ཞིབ་ཚགས་བཤད་དགོས་པ་མ་མཐོང་། གཟིགས་འདོད་ཡོད་ན་འདུལ་བ་ལུང་གཞི་དང། འདུལ་བའི་གླེང་འབུམ། མཛོད་རང་འགྲེལ་བཅས་ནས་མཁྱེན་ཐུབ། གཞན་ཡང་མཛོད་འགྲེལ་དང་འདུལ་བ་ལུང་གཞི་གཉིས་ཀ་དང་མི་མཐུན་པའི་རིག་པའི་གནས་བཅོ་བརྒྱད་ཀྱི་གྲངས་འདྲེན་གསར་པ་ཞིག་ཀློང་རྡོལ་བླ་མ་རིན་པོ་ཆེའི་མིང་གི་རྣམ་གྲངས་ནང་གསལ།[41] ཁོང་གིས་རྒྱ་གཞུང་གི་ཁུངས་གང་ནས་དྲངས་པའི་ཚུལ་གསུངས་མི་འདུག་ལ་རྙེད་སོན་ཡང་མ་བྱུང་། འོན་ཀྱང་ཀློང་རྡོལ་བླ་མ་རིན་པོ་ཆེ་མཁས་པ་ཚད་ལྡན་ཡིན་པས་རྒྱ་གཞུང་གི་ཁུངས་མེད་པར་བོད་གཞུང་རྐྱང་པ་ལ་བརྟེན་པའམ་རང་སྟོབས་ཀྱིས་མཛད་པ་དེ་འདྲ་མ་རེད་བསམ་གྱི་འདུག།འགྲོས་དེའང་རྒྱ་གཞུང་གི་འགྲོས་དང་མཚུངས་པ་ཞིག་འདུག
སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སྤྱིར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་[42]དང། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་[43]ཞེས་བརྩི་ཚུལ་གཉིས་ཡོད། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དེ་སྔགས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་ནང་གསལ། མདོར་ན་མཛོད་འགྲེལ་ནས་བཤད་པའི་རིག་གནས་བཅོ་བརྒྱད་དང། འདུལ་བ་ནས་ཤད་པའི་རིག་གནས་བཅོ་བརྒྱད། ཀློང་རྡོལ་བླ་མས་གསུངས་པའི་རིག་གནས་བཅོ་བརྒྱད་བཅས་གསུམ་ག་རིག་གནས་ལྔ་ཅི་རིགས་ནང་འདུ། མང་ཆེ་བ་བཟོ་རིག་པའི་ནང་འདུ་བའི་རིགས་སུ་འདུག
ང་ཚོ་བོད་པར་ཡོངས་གྲགས་སུ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པའི་གསུང་ཚུལ་ཞིག་ཡོད། དེ་ནི་ཕྱག་དཔེའི་ནང་དུ་ཡོད་ལ་ངག་རྒྱུན་དུའང་ཡོད། རིག་གནས་ཆེ་ཆུང་ལྔའི་རྣམ་གཞག་དེ་ཐོག་མར་གང་ནས་བྱུང་མིན་ཤེས་རྟོགས་མ་ཐུབ། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་[44]ནང། སྒྲའི་བསྟན་བཅོས་ཀྱི་ཞར་ལ་སྙན་ངག་གི་བསྟན་བཅོས་ལ། སྙན་དངགས་དང་། སྡེབ་སྦྱོར་དང་། མངོན་བརྗོད་དང། ཟློས་གར་བཅས་གྲངས་ཙམ་འདྲེན་པ་མ་གཏོགས་དེ་ལ་རིག་གནས་ཆུང་བ་ལྔའི་ཐ་སྙད་སྦྱར་མེད། རིག་གནས་ཆུང་བ་ལྔའི་ཐ་སྙད་དེ་གཞུང་གཞན་མང་པོའི་ནང་སྦྱར་ཡོད་ལ། ལྷག་པར་དུ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་[45] ནང་རིག་གནས་ཆུང་བ་ལྔ་གསལ་པོ་གསུངས་པ་མ་ཟད། མངོན་པར་བྱུང་བའི་རྒྱུད་ཀྱི་ཁུངས་ཤིག་ཀྱང་དྲངས་ཡོད། བསནྟཏིལཀ་འགྲེལ་པ་དང་མངོན་པར་བྱུང་བའི་རྒྱུད་གཉིས་སྔགས་ཀྱི་གཞུང་ཡིན་པ་གཅིག་པ་ཡིན། ལུང་དེ་མངོན་པར་བྱུང་བའི་རྒྱུད་ཅིག་གི་ནང་ཏན་ཏན་ཡོད་སྲིད། འོན་ཀྱང་ལུང་དེ་ཉམས་ཞིབ་པ་ཚོས་བཙལ་ནས་ད་བར་རྙེད་མི་འདུག།རྒྱུད་འབུམ་ནང་གཤིན་རྗེ་གཤེད་མངོན་པར་བྱུང་བའི་རྒྱུད། ཧེ་རུ་ཀ་མངོན་པར་བྱུང་བའི་རྒྱུད་སོགས་མངོན་པར་བྱུང་བའི་རྒྱུད་མང་པོ་ཡོད། ཀོང་སྤྲུལ་གྱིས་མ་གཟིགས་པར་དྲངས་ཡོད་ཀྱི་མ་རེད། སྤྱིར་བཏང་བོད་པའི་གཞུང་ལུགས་ནང་ལུང་དེའི་རྩ་བའི་ཁུངས་དེ་མ་གཟིགས་པར་གཞན་ནས་གཞན་དུ་དྲངས་པ་མང་པོ་རེད།
ཤེས་བྱ་མཛོད་ནང་མངོན་པར་བྱུང་བའི་རྒྱུད་ཀྱི་ལུང་དྲངས་ནས་སྙན་ངག་དང་། མངོན་བརྗོད་དང་། ཟློས་གར་དང་། སྡེབ་སྦྱོར་དང་། སྐར་རྩིས་རིག་པ་བཅས་ལ་རིག་གནས་ཆུང་བ་ལྔ་ཞེས་བགྲངས་ཡོད། སྤྱིར་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་བཞི་པོ་ངག་གི་རང་བཞིན་གྱི་རིག་གནས་སུ་གཏོགས་ཤིང་། སྐར་རྩིས་དེ་དངོས་གནས་བྱས་ན་བཟོའི་ནང་དུ་གཏོགས་དགོས། འོན་ཀྱང་འདིའི་ནང་ཡོང་བ་དེ་ཕྲན་བུ་མི་བདེ་བ་ཞིག་ཡོད། ཡང་སྐར་རྩིས་ཀྱི་ཚབ་ཏུ་སྒྲ་རིག་པ་བགྲངས་ནས་རིག་གནས་ཆུང་བ་ལྔ་བརྩི་ཚུལ་ཞིག་ཡོད་པ་དེའང་གྲགས་ཆེན་པོ་ཡིན། དེ་ལྟར་རིག་གནས་ཆུང་བ་ལྔ་ནི་སྒྲ་དང་། སྙན་ངག་དང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། ཟློས་གར་བཅས་ཡིན། དེ་ལ་མཁས་པ་གཞན་གྱིས་སྒྲ་རིག་པ་དེ་རིག་གནས་ཆེ་བའི་ཁོངས་སུ་བགྲངས་པར་བརྟེན། ཆེ་ཆུང་གཉིས་ཀའི་ནང་བགྲངས་པ་མི་རིགས། སྐར་རྩིས་བགྲངས་པ་དེ་ལེགས་ཞེས་གསུང་གི་ཡོད། དངོས་གནས་བྱས་ན་རིག་གནས་ཆེ་བའི་ཁོངས་གཏོགས་ཀྱི་སྒྲ་རིག་པ་ནི་ཤབྡ་བིདྱཱ་ཞེས་པ་དེ་ཡིན་ཞིང་། དེའི་ནང་རྩོམ་ཡིག་དང། བརྡ་སྤྲོད། སྐད་ཡིག་བཅས་ཚང་མ་འདུས་ཡོད། དེང་སང་གི་བཤད་ཚུལ་ལྟར་ན་བྱཱཀརཎ་དང་སཱཧིཏྱ་ (Language and Literature) གཉིས་ཀ་སྒྲ་རིག་པའི་ནང་དུ་ཚུད་ཡོད། སྒྲ་རིག་པ་ལ་ནང་གསེས་ཀྱི་དབྱེ་བའི་བརྡ་སྤྲོད་རིག་པའམ་རྟགས་ཀྱི་འཇུག་པའི་ཚུལ་ནི་དེའི་བྱེ་བྲག་ཡིན་པས་སྒྲ་སྟེ་བརྡ་སྤྲོད་རིག་པ་དང་། སྙན་ངག མངོན་བརྗོད། ཟློས་གར། སྡེབ་སྦྱོར་བཅས་རིག་གནས་ཆུང་བ་ལྔར་བགྲང་ན་སྒྲ་རིག་པའི་ནང་གསེེས་ཀྱི་དབྱེ་བར་འགྱུར། རིག་གནས་ཆེ་བ་གཞན་ལ་ནང་གསེས་ཀྱི་དབྱེ་བ་མི་ཕྱེ་ཡང་། སྒྲ་རིག་པ་ནི་རིག་གནས་ཆེ་བ་དང་ཁྱབ་ཆེ་བའི་རིག་གནས་ཤིག་ཡིན་པར་བརྟེན། དེ་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་ནས་སྒྲ་དང་། སྙན་ངག།མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་བགྲངས་ཤིང་། མཁས་པ་མང་པོའི་གསུང་ནང་དུའང་ཡོངས་གྲགས་སུ་རིག་གནས་ཆུང་བ་ལྔ་ཤེས་ན། དེ་དང་དེ་ལ་མི་རྨོངས་ཞེས་པའི་གསུང་ཚུལ་ཞིག་ཡོད། དེ་ཡང་། སྒྲ་ཤེས་དོན་ལ་མི་རྨོངས་ཞེས།། མཁས་པའི་གསུང་ལ་ཡོངས་སུ་གྲགས།།[46] ཞེས་གསུངས་པ་ལྟར་སྒྲ་ཤེས་ན་དོན་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གྲགས། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་པ་ནི་བརྡ་སྤྲོད་རིག་པའི་ནང་བྱིངས་ཀྱི་ཚིག་གཅིག་ལ་རྐྱེན་དང་རྣམ་དབྱེ་སོགས་སྦྱར་ནས་སྒྲ་སྒྲུབ་བྱེད་པའི་སྐབས་སུ་དོན་དེ་གསལ་པོ་ཤེས་པར་བརྟེན་དེ་ལྟར་བརྗོད། དེ་བཞིན་སྙན་ངག་ཤེས་ན་ཚིག་རྒྱན་བཟོ་ཚུལ་ལ་མི་རྨོངས་པ་དང་། མངོན་བརྗོད་ཤེས་ན་དོན་གཅིག་མིང་གི་རྣམ་གྲངས་རྣམས་ཤེས་པར་བརྟེན་མིང་ལ་མི་རྨོངས་པ། སྡེབ་སྦྱོར་ཤེས་ན་ཚིགས་བཅད་སྦྱོར་སྟངས་ལ་མི་རྨོངས་པ་བཅས་ཡིན། བོད་སྐད་དུ་སྡེབ་སྦྱོར་གྱི་བསྟན་བཅོས་ཟུར་དུ་མེད་ཀྱང་བོད་ཀྱི་སྐད་ལ་སྡེབ་སྦྱོར་མེད་པ་མིན།
སྡེབ་སྦྱོར་དེ་གང་གི་ཐོག་ཏུ་བཟོས་ཡོད་ཅེ་ན། ལེགས་སྦྱར་གྱི་སྐད་ལ་ཡི་གེ་ལྕི་ཡང་དང་རིང་ཐུང་སོགས་ཀྱི་ཁྱད་པར་ཡོད་པར་བརྟེན། ཚིགས་བཅད་བཟོ་སྐབས་དེ་དང་མཐུན་པར་བཞག་མ་ཐུབ་ན། ངག་ཏུ་བརྗོད་མི་བདེ་བ་དང། དོན་གོ་མི་བདེ་བ། ཚིག་བཅད་མི་ཐུབ་པ་བཅས་ཡོང་། དེར་བརྟེན་སྡེབ་སྦྱོར་ལ་མཉམ་པའི་བྲྀཏྟ་དང་མི་མཉམ་པའི་བྲྀཏྟ་སོགས་རྣམ་གྲངས་མང་། བོད་སྐད་དུ་ཡི་གེ་ལྕི་ཡང་དང་། ཡི་གེ་རིང་ཐུང་བཅས་ཀྱི་ཁྱད་པར་མེད། བོད་ཀྱི་ཡི་གེ་ལ་སྲོག་ཞུགས་མེད་ཅེས་བརྗོད་མཁན་ཉུང་ཉུང་རེད། ས་པཎ་སྲོག་ཡོད་པར་བཞེད་མཁན་གྲས་ཡིན། དེར་མཁས་པའི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད། མཁས་པ་ཁ་ཤས་ཀྱིས་བོད་ཡིག་ལ་སྲོག་ལྡན་སྲོག་མེད་ཀྱི་རྣམ་གཞག་ཁས་ལེན་གྱི་མེད། དེའི་རྒྱུ་མཚན་ནི་རྗེས་འཇུག་མ་ཞུགས་ན་ཡི་གེས་དོན་མི་སྟོན་ཞེས་པ་དེ་ཡིན། དེ་མིན་སྲོག་མ་ཞུགས་ན་ཡི་གེས་དོན་མི་སྟོན་ཞེས་པ་མེད། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་ནས་མིང་གང་ཡང་རུང་བའི་རྩོམ་གཞིར་གྱུར་པའི་སྒྲ་གདངས་དེ་ཡི་གེའི་མཚན་ཉིད་དུ་བཞག་པར་བརྟེན། ཡི་གེས་དོན་གང་ཡང་མི་སྟོན་པ་ཡིན། ལེགས་སྦྱར་གྱི་སྐད་ལྟ་བུ་ཡིན་ན། སྲོག་ཡོད་མེད་ཀྱི་དབང་གིས་དབྱངས་ཞུགས་པ་དེས་དབྱངས་དེ་སྲོག་ལ་ཞུགས་ཞེས་བརྗོད། དེའི་དབང་གིས་སྲོག་ལྡན་སྲོག་མེད་ཀྱི་ཁྱད་པར་ཡོང་། བོད་ཡིག་ལ་རྟགས་འཇུག་ནང་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་མ་ཞུགས་ན་དོན་སྟོན་མི་ཐུབ་ཅེས་གསལ་པོ་གསུངས་པར་བརྟེན། ལེགས་སྦྱར་གྱི་སྐད་དང་བོད་སྐད་ཀྱི་ཁྱད་པར་གཅིག་ནི་སྲོག་ཡོད་མེད་དང་། རྗེས་འཇུག་ཡོད་མེད་ཡིན། དཔེར་ན་རྗེས་འཇུག་མེད་པའི་ཀ་རྐྱང་དེ་ཀ་བའི་མིང་གི་ཆ་ཤས་ཆགས་ཀྱི་མེད་ལ། ཆ་རྐྱང་གིས་ཆ་ཡི་དོན་མི་སྟོན། ནམ་ཞིག་ཀ་དང་ཆ་ལ་འ་ཡི་རྗེས་འཇུག་ཞུགས་ན་གཞི་ནས་དོན་སྟོན་པ་ཡིན། རྗེས་འཇུག་འ་དེ་རྗེས་སུ་ཡི་གེ་ཚོགས་ཆུང་བའི་ཆེད་དུ་བསྡུས་པ་མ་གཏོགས་དོན་ལ་ཐོབ་ཀྱི་ཡོད།
བོད་སྐད་ལ་དེ་ལྟ་བུའི་སྡེབ་སྦྱོར་གྱི་རྣམ་གཞག་མེད་ཀྱང་། བོད་སྐད་རང་གི་ཐུན་མོང་མ་ཡིན་པའི་སྡེབ་སྦྱོར་གྱི་འགྲོ་སྟངས་ཤིག་ཡོད་པ་དེ་མ་ཤེས་ན་ཚིག་ལྷུག་གཅིག་ཚིག་བདུན་རེ་དང་དགུ་རེར་བཅད་ན་ཚིགས་བཅད་ཆགས་ཀྱི་མེད། དེ་སྔ་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ཉི་དབང་མགོན་པོས་(རབཱིནྡྲ་ནཱཐ་ཋཱཀུར)བརྩམས་པའི་སངས་རྒྱས་ལ་བསྟོད་པའི་གླུ་ཞེས་པ་ཞིག་ཡོད། ཁོང་གི་སྙན་ངག་དེ་བོད་སྐད་དུ་བསྒྱུར་སྐབས་ཐོག་མར་སྙན་ངག་དེའི་ནང་དོན་རྣམས་ཚིག་ལྷུག་ལ་བསྒྱུར། དེ་ནས་ཚིག་དགུ་རེར་བཅད་པའི་སྐབས་སུ་ཧ་ཅང་ཀློག་མི་བདེ་བ་དང་། ཚིགས་བཅད་ཀྱི་རྣམ་གཞག་དང་མི་མཐུན་པ་གསལ་པོ་ཆགས་ཡོང་གི་འདུག དེས་ན་བོད་སྐད་ནང་ཚིགས་བཅད་བཟོ་བའི་ཚེ་སྡེབ་སྦྱོར་གྱི་རིག་པ་ཞིག་ངེས་པར་དུ་དགོས། རང་རེེར་སྡེབ་སྦྱོར་གྱི་མཚན་ཉིད་སྟོན་པའི་གཞུང་དངོས་སུ་མེད་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ནང་རང་བཞིན་གྱིས་གནས་པ་གསལ་པོོ་རེད་འདུག དེས་ན་སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་ཞེས་བཤད།
སྤྱིར་བོད་ལ་ཟློས་གར་གྱི་མཚན་ཉིད་སྟོན་པའི་གཞུང་མེད་ཀྱང་། བོད་ཀྱི་ལྷ་མོའི་འཁྲབ་གཞུང་རྣམས་བྷརཏས་བརྩམས་པའི་ཟློས་གར་གྱི་མཚན་ཉིད་སྟོན་པའི་གཞུང་གཞི་ལ་བཞག་ནས་ཕལ་ཆེར་བརྩམས་པ་མིན་ནམ་སྙམ། བཞད་གད་མཁན་དང་། མདོ་འཛིན་པ། འདྲེན་པ། འདྲེན་མ་ལ་སོགས་པའི་འགྲོ་སྟངས་ཡོད་པ་ཟློས་གར་གྱི་གཞུང་ལ་བརྟེན་པ་ལྟ་བུ་ཡོད། གང་ལྟར་རིག་གནས་ཆུང་བ་ལྔ་ཞེས་པ་སྐར་རྩིས་ཀྱི་ཚབ་ཏུ་བརྡ་སྤྲོད་རིག་པ་དེ་བཞག་ནས་ལྔ་པོ་དེ་རིག་གནས་ཆེ་བའི་སྒྲ་རིག་པའི་ཡན་ལག་ཏུ་ངོས་འཛིན་བྱས་ན་སྟབས་བདེ་བ་ཡོད། ལེགས་སྦྱར་གྱི་གཞུང་ལྟར་ན་དེ་ཚོ་སྒྲ་རིག་པའི་ཡན་ལག་ཡིན་ཤག་རེད། བོད་ཀྱི་སྐད་ཡིག་ལའང་བརྡ་སྤྲོད་ཀྱི་གཞུང་ལུགས་ཡོད། འོན་ཀྱང་བོད་པའི་ཐུན་མོང་མ་ཡིན་པའི་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་མེད་ཀྱང་གཙོ་ཆེ་བ་དཎྜཱིའི་མེ་ལོང་མ་གཞིར་བཟུང་འགྲོ་གི་ཡོད། ས་པཎ་གྱིས་དབྱངས་ཅན་མགུལ་རྒྱན་ཁ་ཤས་དྲངས་ཡོད། སྤྱིར་ཚིག་རྒྱན་ལ་མཐའ་མེད་པ་དཎྜཱི་རང་ཉིད་ཀྱིས་ཀྱང་བཞེད།
ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པ་ནི་ཟློས་གར་གྱི་གཞུང་རྩོམ་སྐབས་སྐད་རིགས་སྣ་ཚོགས་ཤེས་དགོས། དཔེར་ན་ལེགས་སྦྱར་གྱི་སྐད་དང་། ཡུལ་མི་རང་བཞིན་པའི་སྐད། ཟུར་ཆག་གི་སྐད། འདྲེའི་སྐད་ལ་སོགས་པ་ཡིན། སོ་སོས་ཟློས་གར་འཁྲབ་རྒྱུའི་གཟུགས་བརྙན་གྱི་ངོ་བོ་ལ་ལྟོས་ནས་སྐད་དེ་འབྲི་དགོས་པར་བརྟེན། ཟློས་གར་དེ་སྐད་ཡིག་རིག་པའི་གཞུང་ལུགས་ནང་འཇོག་པའི་རྒྱུ་མཚན་གཅིག་དེ་ཡིན། ཕྱོགས་གཞན་ཞིག་ནས་ཟློས་གར་དེ་སྙན་ངག་གི་ཆ་ཤས་ཀྱང་ཡིན། དེ་ཡང་སྙན་ངག་ལ་མཉན་བྱའི་སྙན་ངག་དང་བལྟ་བྱའི་སྙན་ངག་བཅས་གཉིས་སུ་ཕྱེ། མཉན་བྱའི་སྙན་ངག་ནི་གཞུང་ངམ་སྙན་ངག་ཆེན་མོ་དེ་རྣམས་དང་། བལྟ་བྱའི་སྙན་ངག་ནི་ཟློས་གར་དེ་ཡིན། ཟློས་གར་ནང་བེད་སྤྱོད་གཏོང་རྒྱུའི་ཚིག་རྣམས་སྙན་ངག་གི་རྒྱན་ལ་བརྟེན་པ་དགོས། ལྷག་པར་དུ་གཏམ་བརྗོད་ཡིན་ནའང་ཚིག་རྒྱན་ཕུན་སུམ་ཚོགས་པ་སྙན་ངག་གི་སྐྱོན་དང་བྲལ་བ་དགོས། དེ་ལྟ་བུའི་ཟློས་གར་གྱི་མཚན་ཉིད་སྟོན་པའི་གཞུང་ལ་བརྟེན་ནས་གུང་ཐང་གི་གསུང་གི་ནང་དུ་ཟློས་གར་གྱི་བསྟན་བཅོས་མདོར་བསྡུས་ཤིག་ཡོད། ཟློས་གར་གྱི་བསྟན་བཅོས་དེའི་ནང་ཟློས་གར་འཁྲབ་མཁན་གྱི་མི་རིགས་མི་འདྲ་བ་བཞི་པོས་ཕན་ཚུན་སྐད་ཆ་བཤད་སྐབས་སོ་སོའི་སྐད་ནང་བཤད་པ་རེད། དེས་ན་ཟློས་གར་གྱི་བསྟན་བཅོས་རྩོམ་མཁན་ཡིན་ན་ཡུལ་སྐད་དང་སྤྱི་ཡོངས་ཀྱི་སྐད་མང་པོ་མ་ཤེས་ན་ཟློས་གར་གྱི་བསྟན་བཅོས་ཚད་ལྡན་རྩོམ་མི་ཐུབ། དེའི་ཕྱིར་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པའི་ཚུལ་དེ་ལྟར་ཡིན།
སྤྱིར་སྐར་རྩིས་རིག་པ་དེ་རིག་གནས་ཡིན་པ་མ་ཟད། ལྷག་པར་དུ་རྩིས་ཀྱི་ཆ་ཤས་ཤིག་ཡིན། རྩིས་ཀྱི་རིག་པ་འདི་སྐར་རྩིས་ལས་ཧ་ཅང་གི་རྒྱ་ཆེ་བ་ཡོད་དགོས། དེ་རྣམས་ལུས་ངག་གི་བཟོ་རིག་པའི་ཁོངས་སུ་གཏོགས་པ་མ་གཏོགས། རིག་གནས་ལྔ་ཕྱེ་བའི་སྐབས་སུ་ཟུར་དུ་ཕྱེ་མེད། སྐར་རྩིས་རིག་པ་དེ་རིག་གནས་ཆུང་བའི་གྲས་སུ་བགྲང་ཆོག་པ་དང་བགྲངས་པ་དེ་རྒྱུ་མཚན་ལྡན་པ་ཡིན་ན། རྟགས་རིགས་ལྟ་བུ་བགྲང་ནའང་མི་འགྲིག་པ་གང་ཡོད་དམ། གལ་ཏེ་རྟགས་རིགས་བགྲང་ན་མི་འགྲིག་སྟེ། དེ་ཚད་མ་རིག་པའི་ཁོངས་སུ་གཏོགས་པས་སོ་ཞེ་ན། དེ་ལྟར་ན་སྙན་ངག་བགྲང་ནའང་མི་འགྲིག་སྟེ༑ དེ་སྒྲ་རིག་པའི་ཁོངས་སུ་གཏོགས་པས་སོ།། གཞན་ཡང་སྐར་རྩིས་བགྲང་ནའང་མི་འགྲིག་པར་ཐལ། དེ་བཟོ་རིག་པའི་ཁོངས་སུ་གཏོགས་པའི་ཕྱིར་ཟེར་ན། དེ་ཡང་མི་བདེ་བ་ཞིག་ཡོང་གི་ཡོད། རང་རེའི་ནམ་རྒྱུན་རིག་གནས་ལྔའི་རྣམ་གཞག་དང་། ལྷག་པར་དུ་བཅུ་ཕྲག་རིག་པའི་གནས་ཞེས་དེང་སང་བོད་སྐད་དུ་ཡོངས་གྲགས་བེད་སྤྱོད་གཏོང་རྒྱུ་ཞིག་ཡིན། གང་ཟག་མཁས་པ་ཞིག་ལ་མཆོད་བརྗོད་ལྟ་བུ་བྱེད་དགོས་བྱུང་ན། བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པ་ཞེས་བརྗོད་པ་ལྟ་བུ་ཡིན། རིག་པའི་གནས་ལྔ་བརྩི་སྟངས་དེ་དྲིན་ལན་བསབ་པའི་མདོ་དང་། དཔྱིད་ཀྱི་ཐིག་ལེའི་འགྲེལ་པ། མདོ་སྡེ་རྒྱན་དང་མདོ་སྡེ་རྒྱན་གྱི་འགྲེལ་པའི་ནང་རྙེད་ཀྱི་ཡོད། རིག་གནས་བཅུ་ཞེས་པ་ཀོང་སྤྲུལ་གྱིས་དྲངས་པའི་མངོན་པར་འབྱུང་བའི་རྒྱུད་ཀྱི་ལུང་གཅིག་པུ་དེ་མ་གཏོགས་མེད། དེ་ནི་གོང་དུ་ཞུས་ཟིན།
དེ་ལྟར་ན་སྐབས་འདིར་ཕྱི་ནང་རིག་པའི་གནས་ཀུན་ཞེས་པ་ཕྱི་ནང་གི་རིག་པའི་གནས་ཡོངས་སུ་རྫོགས་པ་འདུས་པའི་རིག་པའི་གནས་ལྔ་པོ་དེར་གོ་དགོས། དེང་རབས་ཀྱི་སློབ་ཚན་ཚང་མའང་འདིའི་ནང་ཚུད་ཀྱི་ཡོད། འདིར་ད་ལྟ་ཡོད་མེད་ལ་མ་ལྟོས་པར་གང་ལྟར་སློབ་ཚན་གསར་པ་ཞིག་ངོ་སྤྲོད་བྱེད་པའམ་སློབ་ཚན་དུ་གཞག་ནའང་ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀྱི་ནང་མ་འདུས་པ་མེད་ཅེས། ས་པཎ་གྱི་གསུང་ལྟར་ཁས་ལེན་ན་འགྲིག ནུབ་ཕྱོགས་པའི་རིག་གནས་གསར་པ་རྣམས་ཕྱིའི་རིག་གནས་སམ་ཐུན་མོང་བའི་རིག་གནས་ནང་བརྩི་དགོས། སྤྱིར་ནུབ་ཕྱོགས་པས་དེ་སྔོན་སྒྱུ་རྩལ་དང་ཚན་རིག་བཅས་གཉིས་སུ་ཕྱེ། བར་སྐབས་ཚོང་དོན་རིག་པ་དེ་ཤུགས་ཆེན་པོ་ཆགས་པའི་སྐབས་སུ་སྒྱུ་རྩལ་དང། ཚན་རིག ཚོང་ལས་བཅས་གསུམ་དུ་ཕྱེ། འོན་ཀྱང་ཚན་རིག་འདི་གནོན་ཤུགས་ཆེ་བར་བརྟེན། སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་རིག་གནས་ཚན་རིག་མཚན་ཉིད་པ་མིན་པ་རྣམས་ལའང་ཚན་རིག་གི་མིང་བཏགས་ནས་བསླབ་རྒྱུའི་སྲོལ་ཞིག་དར་ཡོད། དཔེར་ན་སྤྱི་ཚོགས་ཚན་རིག་དང་། སྲིད་དོན་ཚན་རིག་ལྟ་བུ་རེད། དེ་ཡན་ཆད་རིག་པའི་གནས་ཀུན་ལ་ཞེས་པའི་འགྲེལ་བཤད་ཡིན། འདིས་གཙུག་ལག་སློབ་གཉེར་ཁང་འདིའི་སྦྱང་བྱར་གྱུར་པའི་རིག་པའི་གནས་ཡོངས་སུ་རྫོགས་པ་བསྟན་ནོ།།
རིག་པའི་གནས་རྣམས་ཇི་ལྟར་སློབ་པའི་ཚུལ་བསྟན་པ།
དེ་ལྟ་བུའི་བརྗོད་བྱའི་གནས་རྣམས་ཇིི་ལྟར་སློབ་སྦྱོང་བྱེད་ཀྱི་ཡོད་དམ་ཞེ་ན། རྣམ་དག་རིགས་ལམ་ཕྲ་མོས་ལེགས་དཔྱད་དེ།། ཞེས་རིགས་པ་ལ་རྣམ་དག་དང་ལྟར་སྣང་གཉིས་ཡོད་པ་ཡོངས་གྲགས་ཡིན། རྟགས་སུ་བཀོད་པ་གང་ཞིག་བསྒྲུབ་བྱའམ་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཇི་ལྟ་བ་བཞིན་སྒྲུབ་པར་མི་ནུས་པའི་རྟགས་ལྟ་བུར་སྣང་བ་མང་པོ་ཡོད། རྟགས་ལྟར་སྣང་ལ་བརྟེན་ནས་ཡང་དག་པའི་རྗེས་དཔག་ཚད་མ་སྐྱེ་བ་མེད་ཀྱང་། དེ་ལ་བརྟེན་ནས་ལོག་རྟོག་དང་ཐེ་ཚོམ་སྐྱེ་སྲིད། དེས་ན་རྣམ་དག་རིགས་ལམ་ཞེས་རིགས་ལམ་བེད་སྤྱོད་གཏོང་སྐབས་རྣམ་པར་དག་པ་དང་། རྣམ་པར་མ་དག་པ་གང་ཡིན་པ་དེའི་དབྱེ་བ་འབྱེད་དགོས་པ་གལ་ཆེན་པོ་ཡིན། དེང་རབས་ཀྱི་ཚན་རིག་པས་བརྟག་དཔྱད་ཁང་ནང་ཚོད་བལྟ་བྱེད་སྐབས་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་འགྲོ་སྟངས་ཤིག་གཏན་འཁེལ་ནས་ཡོད། དཔེར་ན་རྫས་སྦྱོར་རིག་པར་བརྟག་དཔྱད་བྱེད་སྐབས་རྫས་གང་དང་གང་བསྲེ་ན་འགྱུར་བ་གསར་པ་ཇི་ལྟར་ཡོང་བ་རྣམས་ལམ་ལུགས་དང་མཐུན་པ་མ་བྱས་ན། བརྡབ་ཆག་དང་། མེ་ཤོར་བ། ཅ་ལག་འཕྲོ་བརླག་འགྲོ་ཉེན་ཡོད་པ་ཞིག་རེད། དེ་བཞིན་དུ་རིགས་ལམ་བེད་སྤྱོད་གཏོང་མཁན་ཡིན་ནའང་རྣམ་པར་དག་པའི་སྒོ་ནས་འགྲོ་དགོས་པ་གལ་ཆེན་པོ་ཡིན།
དེར་བརྟེན་ནང་དོན་རིག་པའི་གཞུང་ལ་སློབ་གཉེར་བྱ་རྒྱུའི་ཐོག་མར་ཚད་མ་རིག་པར་བསླབ་དགོས། ཚད་མ་རིག་པ་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་གནས་ལ་བརྟག་དཔྱད་བྱེད་སྟངས་ཤེས་པ་ཡིན། མངོན་གྱུར་གྱི་རིགས་རྣམས་རིགས་ལམ་ལ་བརྟེན་མི་དགོས་ཤིང་། དཔེར་ན་མིག་གིས་མཐོང་རྒྱུ་ཡོད་པ་དང་། རྣ་བས་གོ་རྒྱུ་ཡོད་པ། ལག་པས་རེག་རྒྱུ་ཡོད་པ། སྣས་སྣོམ་རྒྱུ་ཡོད་པ། ལྕེས་མྱང་རྒྱུ་ཡོད་པ་སོགས་དབང་པོ་ལྔ་དང་ཡིད་ཀྱི་དབང་པོས་མངོན་སུམ་གྱི་སྤྱོད་ཡུལ་ཡིན། དེ་ཚོར་ཐད་ཀར་མྱོང་བའི་སྒོ་ནས་རྟོགས་ནུས། འོན་ཀྱང་བལྟས་ནས་མཐོང་བ་དང་དེ་ལ་བརྟེན་པའི་རྟོག་པ་གཉིས་ཀྱི་བར་དུ་རིགས་ལམ་དང་མི་འགལ་བའི་བརྡ་སྦྱོར་ཡག་པོ་ཞིག་མ་བྱུང་ན། མཐོང་ཡང་རྗེས་སུ་དེ་མཐོང་སོང་ཞེས་བརྗོད་མ་ཤེས་པར་བརྡ་དང་ཐ་སྙད་ལ་རྨོངས་པ་ཡོང་གི་ཡོད།
དེས་ན་རིགས་པ་རྣམ་པ་བཞི་ལས། འཐད་པ་སྒྲུབ་པའི་རིགས་པ་ནི་ཚུལ་གསུམ་གྱི་རྟགས་ཀྱི་རིགས་པ་ལ་ཟེར། དེ་ནིི་ཚད་མའི་གཞུང་ལུགས་ནས་བཤད་པ་ལྟར་ཕྱོགས་ཆོས་དང། རྗེས་ཁྱབ། ལྡོག་ཁྱབ་ལ་སོགས་པ་རིམ་གྱིས་གྲུབ་པའི་སྒོ་ནས་གནས་སྐབས་ཅུང་ཟད་ལྐོག་ཏུ་གྱུར་པ་དཔེར་ན་ཐག་རིང་པོའི་ལའི་མེ་ལྟ་བུ་དུ་བའི་རྟགས་ལ་བརྟེན་ནས་བསྒྲུབ་དགོས་པའི་རིགས་ཀྱང་ཡོད། བྱ་བ་བྱེད་པའི་རིགས་པ་ནི་དེང་སང་ཚན་རིག་པས་བེད་སྤྱོད་གཏོང་རྒྱུའི་རིགས་པ་དང་མཚུངས། རྒྱུ་འདི་ལྟ་བུར་རྐྱེན་འདི་འདྲ་ཞིག་ཕྲད་ན་འབྲས་བུ་འདི་འདྲ་ཞིག་འབྱུང་ཞིང་། དཔེར་ན་ས་བོན་ལ་ཆུ་ལུད་དྲོད་གཤེར་སོགས་འཛོམས་པའི་ཚེ་མྱུ་གུ་སྐྱེ་བ་ཡིན་ཞེས་པ་ལྟ་བུ་བརྒྱུད་རིམ་དེད་ནས་འགྲོ་རྒྱུ་དེ་ལ་བྱ་བ་བྱེད་པའི་རིགས་པ་ཟེར། ལྟོས་པའི་རིགས་པ་ནི་ཕན་ཚུན་ལྟོས་གྲུབ་ཅིག་ལ་ཟེར། དཔེར་ན་ཆེན་པོ་ཞེས་པ་དེ་ཆུང་ཆུང་ལ་ལྟོས་པ་དང་། དེ་ལས་ཆེ་བ་ལ་ལྟོས་ན་ཆུང་ཆུང་ཆགས་པ་ལྟ་བུ་ཡིན། དེས་ན་ཆུང་ཆུང་དང་ཆེན་པོ་རང་ངོས་ནས་གྲུབ་པ་མེད། དེ་ལྟར་ཕན་ཚུན་ལྟོས་པ་ལ་བརྟེན་ནས་སྦྱར་བ་ཡིན་སྟབས་དེ་ལ་ལྟོས་གྲུབ་གྱི་རིགས་པ་ཞེས་བརྗོད། ཆོས་ཉིད་ཀྱི་རིགས་པ་ནི་གནས་ཚུལ་ཁ་ཤས་ལ་རིགས་པས་འཇལ་དགོས་པ་མེད། དཔེར་ན་མེའི་རང་བཞིན་ཚ་ཞིང་སྲེག་པ་དེ་མེའི་ཆོས་ཉིད་མ་གཏོགས། དེ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད། དཔེར་ན་ཚན་རིག་པས་མེའི་རེག་བྱ་ཚ་བ་ཡོང་དགོས་པ་དེའི་ནང་ལ་རྫས་དེ་དང་དེ་ལྟ་བུ་ཞིག་ཡོད་པས་ཡིན་ཞེས་བཤད་ཀྱི་ཡོད། གང་ལྟར་བརླན་ཞིང་གཤེར་བ་ཆུའི་རང་བཞིན་དང་། སྲ་ཞིང་འཐས་པ་སའི་རང་བཞིན་གྱི་གནས་སྟངས་རེད། འདིར་ཆོས་ཉིད་ཅེས་པ་གནས་ལུགས་མཐར་ཐུག་ལ་མི་ཟེར་བར་རང་གི་ངོ་བོ་དེར་གོ་དགོས། འདི་ནི་རྟགས་ལ་སོགས་པའི་འཐད་སྒྲུབ་ཀྱི་རིགས་པ་ལ་ལྟོས་མི་དགོས་པར་རང་བཞིན་གྱིས་ཤེས་ཐུབ། འདིར་རིགས་པ་བཞིའི་སྐོར་དཔེ་མཚོན་ཙམ་ཞུས་པ་ཡིན། དེ་དག་གི་རྣམ་གཞག་རྒྱས་པ་ས་སྡེ་ལྔའི་ཉན་ཐོས་ཀྱི་སའི་[47]ནང་གཟིགས་ན་མཁྱེན་ཐུབ།
མདོར་ན། རྣམ་དག་རིག་ལམ་ཕྲ་མོས་ལེགས་དཔྱད་དེ།། ཞེས་རིགས་ལམ་དེའང་ལྟར་སྣང་དང་རགས་པ་མིན་པར། ཚུལ་གསུམ་གྱི་རྣམ་གཞག་ཡོངས་རྫོགས་ཚང་བའི་ཤིན་ཏུ་ཕྲ་བའི་རིགས་ལམ་རྣམ་པར་དག་པ་ཞིག་ལ་བརྟེན་དགོས། གང་ལྟར་གཙུག་ལག་སློབ་ཁང་འདིའི་སློབ་གཉེར་བ་རྣམས་གོང་དུ་ཞུས་པ་ལྟར་ཆ་བཞག་ནས་མི་འགྲོ་བར། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་་་་་་།། ཞེས་གསུངས་པ་ལྟར་སོ་སོས་བརྟག་དཔྱད་བྱས་ཏེ་རང་གི་གྲུབ་དོན་ལ་ངེས་པ་རྙེད་པའི་ཐོག་ནས་འགྲོ་གི་ཡོད་ཅེས་བསྟན་པ་ཡིན། དེ་ནས། ཕྲ་ཞིབ་དོན་གྱི་གནད་ཀུན་གསལ་རྗེན་དུ།། ཞེས་པའི་རགས་པ་མིན་པར་ཕྲ་བ་དང་། སྤོམ་ཚོད་ཙམ་མིན་པར་ཞིབ་ཚགས་པོ། དོན་གྱི་གནད་ཀུན་གསལ་རྗེན་དུ་ཞེས་གསལ་ཞེས་པ་སྒྲིབ་གཡོགས་མེད་པ་དང་། རྗེན་ཞེས་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ལྟ་བུ༑ དངོས་པོ་ཞིག་རང་གི་རང་བཞིན་ལ་བཟོ་བཅོས་མ་བཏང་བར། མ་བཙོས་པ་དང་མ་སྲེག་པ་དེ་ལ་རྗེན་པ་ཞེས་བརྗོད། འཇིག་རྟེན་ཕལ་སྐད་དུ་ཚལ་རྗེན་པ་ཞེས་པ་ཚལ་དེ་མ་རྔོད་པ་དང་མ་སྲེག་པར་རང་གཟུགས་ཇི་ཡོད་མཐོང་རྒྱུ་ཡོད་པ་ཞིག་ལ་ཟེར། མེར་བསྲེགས་པ་དང་། བརྔོས་པ། བཙོས་པ་སོགས་བྱས་ཚེ་འགྱུར་བ་ཡིན། དེས་ན་དོན་གྱི་གནད་རྣམས་གསལ་པོ་དང་རྗེན་པའི་ཚུལ་དུ་སློབ་ཕྲུག་རྣམས་ལ་སྟོན་པར་བྱེད་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ངོ་མཚར་བ་ཡིན་ཞེས་པའོ།།
སྤྱིར་གཟུགས་ལྟ་བུར་མཚོན་ན། རྡུལ་ཕྲ་རབ་ནས་བཟུང་སྟེ་རགས་པའི་རྡུལ་གྱི་བར་རྡུལ་མང་པོ་རུག་རུག་ཆགས་པའི་གཟུགས་ཤིག་ཡིན་ན༑ རགས་པའི་གཟུགས་དེ་མིག་གི་སྤྱོད་ཡུལ་དུ་གྱུར་པ་དང་། རགས་པའི་གཟུགས་ཀྱི་རེག་བྱ་དེ་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་དེ་མངོན་སུམ་ཡིན། འོན་ཀྱང་དེ་ལྟ་བུའི་རགས་པའི་གཟུགས་དེ་རྡུལ་ཕྲན་ཧ་ཅང་མང་པོ་ཚོགས་པ་ལ་བརྟེན་ནས་གྲུབ་པ་དང་། རྡུལ་ཕྲན་རྣམས་ཀྱང་ཕན་ཚུན་མ་རེག་པར་གནས་པའི་ཚུལ་མངོན་པ་དང་ནང་པའི་ཚན་རིག་ནས་བཤད་ཀྱི་ཡོད། དེ་ནི་དེང་རབས་ཚན་རིག་དང་མི་འགལ་བ་མ་ཟད། ཕལ་ཆེར་གཅིག་མཚུངས་ལྟ་བུ་འདུག རྡུལ་ཕྲན་ཕྲ་མོ་རྣམས་ཕན་ཚུན་མ་རེག་པར་གནས་པ་དང་། དེ་ཚོའི་བར་དུ་བར་སྟོང་ཡོད་པ། རྟག་ཏུ་འགུལ་བསྐྱོད་གཏོང་གི་ཡོད་པ་དེ་ཚོ་ཕྲ་ཞིང་ཞིབ་པའི་གནས་སྟངས་དེ་རེད། གཟུགས་མངོན་སུམ་དུ་མཐོང་བ་དེ་རགས་པའི་གནས་སྟངས་ཡིན། ནང་པའི་གཞུང་ནང་དུས་ཀྱི་ཐུང་བའི་མཐར་ཐུག་པའི་མཚན་ཉིད་འཇོག་སྐབས་རྡུལ་ཕྲན་གཅིག་ཨ་ལོག་རྒྱག་པའི་དུས་སུ་བཤད་ཡོད། དེ་བཞིན་རྡུལ་ཕྲན་ཆ་བཅས་ཆ་མེད་སྐོར་བཤད་སྐབས་དྲུག་གིས་ཅིག་ཅར་བསྐོར་བའི་དབུས་རྡུལ་ཕྲ་མོ་ཆོས་ཅན་ཞེས་པ་ལས། བདུན་གྱིས་ཅིག་ཅར་བསྐོར་བ་དང་། ལྔ་ཡིས་ཅིག་ཅར་བསྐོར་བ་ཞེས་གསུངས་མེད། དེང་སང་ཚན་རིག་ཕྲན་བུ་ཤེས་པ་དང་ཚན་རིག་པས་གཏམ་བཤད་བྱེད་སྐབས་དེ་རྣམས་དོན་ཡོད་པ་ཞིག་རེད་འདུག དེ་སྔ་ཁོ་བོས་དེ་ཚོ་ཤེས་ཀྱི་མེད། སྤྱིར་བཏང་གི་དཔེ་མཚོན་ཙམ་ཞིག་རེད་བསམ་གྱི་ཡོད།
སྔོན་བྱོན་མཁས་གྲུབ་གཤེགས་པའི་ལམ་གྱི་ཤུལ་འཛིན་པར་བསྟན་པ།
དེའི་རྗེས་སུ།
ཟབ་རྒྱས་ཆོས་ཚུལ་མཐའ་བྲལ་མཁའ་དབྱིངས་སུ།།
སྔོན་བྱོན་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས།།
ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི།།
སྔོན་མེད་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༤ །།
ཞེས་པ་འདིས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པའི་གནའ་རབས་ཀྱི་རིག་པའི་གཞུང་ལུགས་དང། གནའ་རབས་ཀྱི་ཤེས་ཡོན་གྱི་བརྒྱུད་པ་ལ་སློབ་སྦྱོང་བྱེད་པ་དང་། སློབ་ཁྲིད་བྱེེད་མཁན་སྔོན་མེད་པའི་གཙུག་ལག་སློབ་གཉེར་ཁང་འདི་ཨེ་མ་ཧོ་ཞེས་པའོ།། དེ་ལ་སྔོན་མེད་པའི་གཙུག་ལག་སློབ་གཉེར་ཁང་ཞེས་སྔོན་མེད་ཚུལ་ཇི་ལྟར་ཡིན་ཞེ་ན། རྒྱ་གར་ལྟ་བུར་མཚོན་ན་དེང་རབས་ཀྱི་སྒྲིག་འཛུགས་ཀྱི་གཟུགས་བརྙན་ནམ་སྒྲོམ་གཞིའི་ནང་དུ་སྲོལ་རྒྱུན་ནམ་གནའ་རབས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་ཚུལ་དང་མཐུན་པར་སྟོན་མཁན་གཙུག་ལག་སློབ་གཉེར་ཁང་འདི་ལྟ་བུ་གཞན་མེད། རྒྱ་གར་ནང་སྲོལ་རྒྱུན་གྱི་གཞུང་རྣམས་གཙུག་ལག་སློབ་གཉེར་ཁང་གི་སྒྲོམ་གཞིའི་ནང་སློབ་སྟོན་བྱེད་མཁན་མཚན་ཉིད་སློབ་གྲྭ་འདི་ཐོག་མ་ཡིན། མཚན་ཉིད་སློབ་གྲྭ་འདི་བཙུགས་སྐབས་སཱར་ནཱཐ་གཙུག་ལག་སློབ་གཉེར་ཁང་སྐབས་དེ་དུས་མེད། སྐབས་དེར་ནབ་ནཱལནྡཱ་པཱལིའི་སློབ་གཉེར་ཁང་ཡོད་ཀྱང་། དེའི་ནང་རང་རེའི་སློབ་གཉེར་ཁང་བཞིན་གནའ་རབས་ཀྱི་འཆད་ཉན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སློབ་སྦྱོང་བྱེད་ཚུལ་དེ་མེད། དེས་ན་སྔོན་མེད་པའི་མེད་ཚུལ་དེ་ལྟར་ཡིན།
ཟབ་རྒྱས་ཆོས་ཚུལ་ཞེས་པའི་སྐབས་འདིར་ཆོས་ནི་ཆོས་དང་འཇིག་རྟེན་གཉིས་ལས་ཆོས་རྐྱང་པར་གོ་མི་རུང་། ཆོས་ཀྱི་སློབ་གྲྭ་ཞིག་ཡིན་པ་ལའང་ཟེར་གྱི་མེད། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུའི་ཆོས་ལ་གཙོ་བོར་གོ་གི་ཡོད་ཀྱང་། སྤྱིར་ཟབ་པ་དང་རྒྱ་ཆེ་བ་ཞེས་པ་ཆོས་དང་འཇིག་རྟེན་ཐམས་ཅད་ལ་སྦྱར་ཆོག དེས་ན་ཟབ་རྒྱས་ཆོས་ཚུལ་ཞེས་པའི་ཆོས་ནི་སྐབས་འདིར་རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི།།[48] ཞེས་གསུངས་པ་ལྟར་ཤེས་བྱ་རང་ལ་གོ་ནའང་མི་འགྲིག་པ་མེད། ལེགས་སྦྱར་གྱི་སྐད་དུ་དྷརྨ་ཞེས་པའི་ཚིག་གི་ངོ་བོ་གང་ཡིན་ཞེ་ན། དྷཱརིཏ་ཞེས་མར་ལྷུང་མ་བཅུག་པར་འཛིན་པ་ལ་གོ དེ་ལ་བོད་པས་གོ་བདེ་བའི་ཆེད་དུ་རང་གི་ངོ་བོ་འཛིན་པ་ཞེས་དངོས་པོ་གང་ཞིག་རང་གི་ངོ་བོ་མ་ཉམས་པར་འཛིན་པའམ་སྐྱོང་བར་བྱེད་པ་དེ་ལ་ཆོས་ཞེས་བརྗོད། སྐབས་འདིར་དེ་ལ་གོ་ནའང་མི་འགྲིག་པ་མེད། ཡང་ཆོས་ཞེས་པའི་ཚིག་གི་འཇུག་ཡུལ་བཅུའི་ཐ་མ་ཆོས་ལུགས་སམ་དྷརྨནཱིཏི་དང་། ས་ལམ་གྱི་རྣམ་གཞག་ལ་གོ་ནའང་མི་འགྲིག་པ་མེད། དེས་ན་གོང་གི་ཚིག་གང་གི་ཐོག་ནས་འགྲེལ་པ་བརྒྱབ་ནའང་ཆོག གང་ལགས་ཤེ་ན། རང་རེའི་སློབ་ཚན་ནང་གཞུང་ལུགས་ཀྱི་ས་ལམ་གྱི་རྣམ་གཞག་ཟབ་རྒྱས་ཀྱི་ཆོས་ཀྱང་ཡོད་ལ། དེ་མ་ཡིན་པའི་ཐ་སྙད་ཀྱི་རྣམ་གཞག་གམ་ཆོས་ལ་མ་བརྟེན་པའི་གནས་ཚུལ་མང་པོ་ཞིག་ཀྱང་ཡོད། དེས་ན་དེ་གཉིས་གང་དུ་སྦྱར་ནའང་རུང་།
སྤྱིར་ཟབ་པ་ཞེས་པ་ནི་སྐྱེ་བོ་ཕལ་པ་བློའི་ནུས་པ་མ་སྨིན་པའམ་བློའི་ནུས་སྟོབས་ཆུང་བ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་མི་ཐུབ་པའམ་རྟོགས་པར་དཀའ་བ་ཞིག་ལ་ཟེར། རྒྱ་ཆེ་བ་ནི་རྣམ་གྲངས་མཐའ་ཡས་པ་ལ་བརྗོད། དཔེར་ན་ས་ཆ་ལྟ་བུར་མཚོན་ན། ཧ་ཅང་གི་རྒྱ་ཆེན་པོ་དཔག་ཚད་མང་པོ་ཡོད་པར་གོོ་དགོས། ཟབ་པ་དང་རྒྱ་ཆེ་བ་ཞེས་པ་མང་ཆེ་བ་བདེན་པ་གཉིས་ལ་བེད་སྤྱོད་གཏོང་གི་ཡོད། དོན་དམ་བདེན་པ་ནི་ཟབ་པའི་ཆོས་དང་། ཀུན་རྫོབ་བདེན་པ་ནི་རྒྱ་ཆེ་བའི་ཆོས་ཡིན། ཆོས་ཀྱི་གནས་ལུགས་དེ་འབད་བརྩོན་ཆེན་པོ་བྱེད་ན་མ་གཏོགས་རྟོགས་མི་ཐུབ་པས་ན་དོན་དམ་བདེན་པའི་རྣམ་གཞག་དེ་ཟབ་པ་ཡིན། འོན་ཀྱང་དེ་རྟོགས་སྐབས་རྣམ་གྲངས་མཐའ་ཡས་པ་གང་ཡང་མེད། བུམ་པ་ལྟ་བུར་དཔེར་མཚོན་ན། ཐལ་འགྱུར་བའི་ལུགས་ལ་བུམ་པ་རང་ངོས་ནས་མ་གྲུབ་པ་དེ་བུམ་པའི་དོན་དམ་བདེན་པའི་རྣམ་གཞག་གམ་གནས་ལུགས་མཐར་ཐུག་པ་དང་། བུམ་པ་རྟེན་འབྱུང་བཏགས་ཡོད་ཙམ་དུ་ཡོད་པ་དེ་བུམ་པའི་ཐ་སྙད་ཀྱི་གནས་སྟངས་ཡིན། དེ་ལྟ་བུ་དེ་རྟོགས་དཀའ་བར་བརྟེན་ཟབ་པ་ཡིན། བུམ་པའི་ཀུན་རྫོབ་ཀྱི་རྣམ་གཞག་ནི་བུམ་པ་ཆེན་པོ་དང་ཆུང་ཆུང་། གསེར་བུམ་དང་ཟངས་བུམ། ཤར་ཕྱོགས་ཀྱི་བུམ་པ་དང་ནུབ་ཕྱོགས་ཀྱི་བུམ་པ་སོགས་འཇིག་རྟེན་ནང་བུམ་པ་ཇི་ཙམ་ཡོད་པ་དེ་བུམ་པའི་ཀུན་རྫོབ་ཀྱི་རྣམ་གཞག་ཡིན། དེས་ན་འཇིག་རྟེན་ཁམས་ཀྱི་བུམ་པ་ཡོད་ཚད་ཤེས་ཀྱི་ཡོད་དམ་ཞེ་ན། བུམ་པ་རྣམས་འདྲ་པོ་ཡིན་ཞེས་བརྗོད་རྒྱུ་མ་གཏོགས་བུམ་པ་ཡོད་ཚད་ཤེས་ཐུབ་པར་དཀའ། དེའི་ཕྱིར་དེ་ལ་རྒྱ་ཆེ་བ་ཞེས་ཟེར། ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་དཔེ་ནམ་མཁའི་གཟུགས་སུ་བཀོད་པ་ཡིན། ནམ་མཁའ་ནི་ཐོགས་རེག་དང་བྲལ་བ་དང་། མཐའ་དང་ཚད་བཟུང་མི་ནུས་པ་ཡིན་པས་ཟབ་པའི་དཔེ་དང་། ནམ་མཁར་ཕྱོགས་དང་མཐའ་གཟུང་རྒྱུ་མེད་ལ། ནམ་མཁར་རྫོགས་རྒྱུའང་མེད། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར།།[49] ཞེས་གསུངས་པ་ལྟར་ནམ་མཁའ་ལ་མཐར་ཐུག་རྒྱུ་གང་ཡང་མེད། ཇི་ཙམ་རྒྱང་རིང་པོར་བཙལ་ནའང་ནམ་མཁའ་འདིར་རྫོགས་ཞེས་བརྗོད་མི་ཐུབ་པར་བརྟེན་མཐའ་དང་བྲལ་བ་ཡིན། དེ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ལའང་འདི་མཐའ་ཡིན་ཞེས་མཚམས་གཟུང་ས་མེད་པས་ན་ནམ་མཁའ་དང་མཚུངས། འདིར་མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་དཔེ་རྒྱན་དངོས་སུ་མེད་པར་ནམ་མཁའི་གཟུགས་སུ་བཀོད་པ་ཡིན། དེ་ལྟ་བུའི་ནམ་མཁའ་ལ་ནམ་འཕང་གཅོད་པ་དང་དེར་ཕེབས་པའི་ཉམས་མྱོང་ཡོད་པ་སུ་ཡིན་ཞེ་ན། སྔོན་དུ་བྱོན་ཟིན་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ཡིན་ཞེས་པའོ།།
དེ་ཡང་མཁས་པ་ཞེས་པ་ནི། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།།[50] ཞེས་གསུངས་པ་ལྟར་ཤེས་བྱའི་གནས་ལ་ཕུ་ཐག་ཆོད་པའི་སློབ་སྦྱོང་ཚད་ལྡན་གནང་མཁན་ཞིག་ལ་བརྗོད། དེ་ཡང་གོང་དུ་ཞུས་པ་ལྟར་རང་གིས་ཤེས་པ་ཞིག་ལ་མཁས་པ་ཞེས་བརྗོད་རྒྱུ་ལས་ཆ་བཞག་ནས་འགྲོ་མཁན་ཞིག་ལ་མི་བརྗོད། སྤྱིར་རང་གིས་མི་ཤེས་པ་དེ་རང་གིས་ཤེས་རྒྱུ་ཁག་པོ་ཡོད། ཁྱེད་རང་ཚོས་སུཀ་རཱཏའི་སྒྲུང་དེ་ཕལ་ཆེར་གསན་ཡོད་རྒྱུ་རེད། དེང་སང་ཡོངས་གྲགས་ལྟ་བུ་ཡིན། ཧིནྡཱིའི་ནང་སུཀ་རཱཏ་དང་ཨིན་སྐད་དུ་ Socrates ཞེས་འབོད། ཁོང་ནི་སྔོན་ཨེཐེནས་ (Athens) ཡུལ་གྱི་མཁས་པ་ཆེན་པོ་ཞིག་ཡིན། དེར་ལྷ་ཕབ་མཁན་ཞིག་གིས་ཁོང་ལ་ལུང་པ་འདིའི་མཁས་པ་ཆེ་ཤོས་རེད་ཅེས་ལུང་བསྟན་བརྒྱབས་པ་རེད། དེ་ལ་ཁོང་ཧ་ལས་ཏེ་ང་ལས་མཁས་པ་ཆེ་བ་འདི་དང་འདི་ཡོད། ལྷས་རྫུན་གསུངས་པ་ནི་ཅང་ཨེ་ཡིན། དེ་འདྲ་ཞིག་གི་ངང་ནས་རང་ལས་མཁས་པ་ཆེ་བར་བརྩི་ས་རྣམས་ཀྱི་སྐུ་མདུན་དུ་བཅར་ནས་བཀའ་འདྲི་དགོངས་སྐོར་རྣམས་ཞུས་པ་རེད། མཐར་ཁོང་གི་དགོངས་པར་ལྷ་ཕབ་མཁན་གྱིས་གསུངས་པ་དེ་རྫུན་མིན་པ་རྭ་འཕྲོད་བྱུང་། གང་ལགས་ཤེ་ན། ཁོང་ཚོས་སོ་སོས་མ་མཁྱེན་པ་དེ་རང་གིས་མཁྱེན་གྱི་མེད་པ་དང་། འོན་ཀྱང་ངས་སོ་སོས་མ་ཤེས་པ་དེ་ངས་ཤེས་ཀྱི་ཡོད་པར་བརྟེན། ང་གཞན་ལས་མཁས་པ་ཡིན་པ་དེ་ཤེས་རྟོགས་ཐུབ་པ་བྱུང་། ཁོང་གི་ཚིག་གྲགས་ཆེན་པོ་དེ་ནི་ངས་གསལ་པོ་ཞིག་གང་ཤེས་ཀྱི་ཡོད་ཅེ་ན། ངས་གང་ཡང་ཤེས་ཀྱི་མེད། (I know one thing is that I know nothing) ཅེས་པ་དེ་ཡིན། དེ་ནི་དེང་སང་ཚང་མས་ལུང་དྲང་རྒྱུ་ཞིག་ཆགས་ཡོད།
དེས་ན་ཆ་བཞག་ནས་འགྲོ་རྒྱུ་མིན་པར་རང་གི་རིགས་པས་དཔྱད་ནས་དཔྱད་དོན་རྙེད་པ་ཞིག་ལ་ཤེས་པ་དང་། དེ་ལ་མཁས་པ་ཟེར། གྲུབ་ཅེས་པ་ནི། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།།[51] ཞེས་གསུངས་པ་ལྟར་ཐོས་པའི་དོན་ཉམས་སུ་བླངས་ཏེ་སེམས་རྒྱུད་དུལ་བ་དེའི་དབང་གིས་རྒྱུད་བཟང་པོ་ཡོད་པ་ཞིག་ལ་མཁས་གྲུབ་ཅེས་བརྗོད། དེ་རྣམས་ངང་པའི་རྒྱལ་པོའི་གཟུགས་སུ་བཀོད། སྙན་ངག་གི་གཞུང་ནང་དཔེ་རུ་བྱའི་རིགས་ངང་པ་དེ་མང་པོ་ཡོང་གི་ཡོད། དངོས་གནས་བྱས་ན་ངང་པ་དང། ངུར་པ་དང་། བཞད་ལ་སོགས་པ་ནང་གསེས་ཀྱི་རིགས་མི་འདྲ་བ་ཁ་ཤས་ཡོད་འདུག ཡིན་ནའང་རང་རེའི་སྤྱི་ལ་ངང་པ་ཞེས་བཤད་ཀྱི་ཡོད། དེ་ནི་ཁྱུ་ཚོགས་སུ་གནས་པ་དང་། ས་ཐག་རིང་པོར་གནས་སྤོས་བྱེད་མཁན་ཞིག་ཡིན། དཔེར་ན་དབྱར་ཁ་ས་གནས་གྲང་བ་དང་དགུན་ཁ་ས་གནས་དྲོ་བར་འགྲོ་ཞིང་། དེང་སང་ཨིན་སྐད་དུ་ Migrating Birds ཞེས་བརྗོད། དེ་ཚོ་ས་གནས་གཅིག་ནས་གཅིག་ཏུ་འཕུར་བའི་སྐབས་སུ་འཕུར་སྟངས་དེ་ཨིན་ཇིའི་ཡི་གེ་ Y ལྟར་བང་བསྒྲིགས་ནས་འཕུར་མཁན་ཞིག་ཡིན། དེའི་མགོ་ཁྲིད་ནི་ལམ་རྒྱུས་ཡོད་པའི་ངང་པའི་རྒྱལ་པོ་ཞིག་གིས་བྱེད་ཀྱི་ཡོད། དབུ་མ་འཇུག་པར། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས།། མདུན་དུ་བདར་ནས་དགེ་བའི་རླུང་གིས་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།།[52] ཞེས་སློབ་དཔོན་ཟླ་བ་གྲགས་པས་ངང་པ་དཔེ་རུ་བཀོད་པ་ཡིན། དེ་ནས། སྔོན་བྱོན་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས།། ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི།། ཞེས་སྤྱིར་བཏང་བྱ་འཕུར་བའི་ལམ་གྱི་ཤུལ་མེད་ཅེས་ཡོངས་གྲགས་ཀྱི་བཤད་ཚུལ་ཞིག་ཡོད། ཡིན་ནའང་བྱ་འཕུར་བའི་ལམ་གྱི་ཤུལ་ཡོད་པར་འདོད་མཁན་ཡང་ཡོད། ངང་པ་ཁ་ཤས་ཁྱུ་ནས་ཐོར་ཏེ་འཕུར་མ་ཐུབ་པར་ལུས་པ་དང་། ཡང་རྙི་ལས་ཐར་བ་སོགས་བྱུང་སྐབས་ཉིན་གྲངས་མང་པོ་ཕྱིན་ཡང་ཁྱུ་ཚོགས་དེ་ཟིན་ཐུབ་ཀྱི་ཡོད།
གོང་དུ། མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།། ཞེས་གསུངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ལ་སློབ་པའི་སྐབས་སུ་རང་ལ་ལམ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ངང་པའི་རྒྱལ་པོ་ལྟ་བུ་དེ་རྣམས་གཤེགས་པའི་ཤུལ་ལྟར་ཕྱིན་ན་ལམ་མ་ནོར་བ་དང་ལམ་གྱི་ས་ཆོད་ཆེ་བ་ཡོང་གི་ཡོད་ཅེས་གསུངས། དེའི་ཕྱིར་གཙུག་ལག་སློབ་གཉེར་ཁང་འདིའི་ནང་སློབ་གཉེར་བྱེད་མཁན་གྱི་སློབ་ཕྲུག་རྣམས་ཀྱིས་ཀྱང་རང་གི་རྣམ་དཔྱོད་བེད་སྤྱོད་གཏང་དགོས་པ་བཤད་མི་དགོས། རིགས་པ་ཡོད་ན་བརྗོད་པར་གྱིས།། རྒྱལ་བའི་བཀའ་ལའང་བརྟག་ཅེས་སྩལ།།[53] ཞེས་གསུངས་པ་ལྟར་སངས་རྒྱས་རང་གིས་ཀྱང་རྨོངས་དད་མ་བྱེད་ཅེས་གསུངས་ཡོད། ཡིན་ནའང་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་པ་དང་ཡང་འགལ་བ་གང་ཡང་མེད། རང་གིས་སྔོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་ལ་སྡིག་པ་མིག་བཙུམས་གྱིས་རྨོངས་དད་བྱེད་ཀྱི་མེད་ཀྱང་། དེས་སོ་སོའི་རྣམ་དཔྱོད་འཕེལ་བའི་གྲོགས་བྱེད་པ་ཡིན་ལ། གཞན་ཡང་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེས། རྒྱལ་གསུང་འཇུག་སྒོ་མཐའ་བྲལ་ལྷས་རྩེན་མར།། ཡབ་རྗེ་མཁའ་ལྡིང་དབང་པོ་གཤེགས་ཤུལ་དུ།། བྱིའུ་ཆུང་འདབ་གཤོག་བསྐྱོད་པའི་ངལ་བསྟེན་པ།། ཨེ་མ་སྐལ་བ་བཟང་སྙམ་སྤྲོ་བས་དྲངས།།[54] ཞེས་གསུངས་པ་ལྟར་ཁོང་རྣམས་ཇི་ལྟར་གཤེགས་པའི་ཤུལ་ལམ་ཐོག་རང་ཅག་ཕྱིན་ན་ལམ་མ་ནོར་བ་ཡིན། འོན་ཀྱང་རང་གི་རྣམ་དཔྱོད་ཀྱིས་དབྱེ་བ་ཕྱེ་དགོས། ལར་ནས་ཤིང་རྟའི་སྲོལ་འབྱེད་ཀྱིས་བཟོས་པའི་གཞུང་ལམ་བཟང་པོ་ཡོད་པ་དེའི་ཐོག་རྒྱུག་ན་སྟབས་བདེ། དཔེར་ན་སྣུམ་འཁོར་གཏོང་མཁན་ཡིན་ནའང་སྣུམ་འཁོར་གཏོང་བའི་བྱ་བ་ཆ་ཚང་སོ་སོས་བྱེད་དགོས་ཀྱང་། གཞུང་ལམ་ཆེན་པོ་ཡོད་ན་སྣུམ་འཁོར་གཏོང་རྒྱུར་སྟབས་བདེ་བའི་ཁྱད་ཆེ། དེས་ན་སྲོལ་རྒྱུན་གྱི་རྗེས་སུ་ཞུགས་ནས་དེ་ལ་ཞུ་དག་གཏོང་གིན་འགྲོ་བ་དེ་སྲོལ་རྒྱུན་གྱི་སློབ་གཉེར་བྱེད་སྟངས་ཡིན། སྲོལ་རྒྱུན་དེ་དགོས་པ་མེད་པར་བརྩི་བ་དང་། དེ་བཞག་ནས་སོ་སོས་ལམ་བཙལ་ནས་འགྲོ་རྒྱུ་དེ་དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་ཡིན། དེ་ཡང་ཤེས་ནས་འགྲོ་ན་འགྲིག་གི་ཡོད་ཀྱང་། མང་ཆེ་བ་ཆ་བཞག་ནས་འགྲོ་རུ་བཅུག གནས་ཚུལ་ཙམ་ངོ་སྤྲོད་བྱེད་པའམ་ལན་བསྐྱལ་བ་མ་གཏོགས། དེ་ལ་རིགས་པ་བཞིས་བརྟག་དཔྱད་བྱས་ནས་ངེས་པ་རྙེད་མི་དགོས་པའི་དེང་རབས་ཀྱི་འགྲོ་སྟངས་དེས་དེ་ཙམ་ཕན་ཐོགས་མེད།
དེ་ནས། ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི།། ཞེས་སྔོན་གྱི་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་རྣམས་གཞུང་ལམ་ཇི་ལྟ་བུ་ནས་གཤེགས་པ་ལ་རྨོངས་དད་ཙམ་མིན་པར། རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ནས་དེ་ཡི་རྗེས་སུ་འཇུག་ནས་ཤུལ་འཛིན་ཐུབ་པ་དང་། ཤུལ་འཛིན་པར་བྱེད་མཁན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞེས་པའོ།། ནང་པའི་རིག་གནས་ཀྱི་གཙོ་བོར་གྱུར་པ་ནི་ནང་དོན་རིག་པ་དེ་ཡིན། སློབ་གཉེར་ཁང་གི་མཚན་ལའང་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཞེས་པ་ཡིན།
ནང་པའི་རིག་གནས་ཞེས་པའི་རིག་གནས་དེའི་ནང་ནང་པའི་རིག་གནས་ཡོངས་རྫོགས་ཚུད་ཡོད། ནང་པའི་རིག་གནས་ཡོངས་སུ་རྫོགས་པ་དེའི་ནང་དུ་ནང་དོན་རིག་པའང་ཚུད་ཡོད། ནང་དོན་རིག་པའི་རིག་གནས་ལ་ཟབ་རྒྱས་ཞེས་པའི་ཚིག་དེ་སྦྱར་བའི་ཚེ། གཙོ་ཆེ་བ་ཐེག་པ་ཆེན་པོའི་ཆོས་ཚུལ་སྟོན་པའི་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱི་ནང་ནས་རབ་དང་མཆོག་ཏུ་གྱུར་པ་འཁོར་ལོ་བར་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་དེ་ཡིན། ཤེར་ཕྱིན་གྱི་མདོའི་བརྗོད་བྱ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་ཟབ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི་རྒྱ་ཆེ་བ་ཡིན། དེ་ཡི་ཟླས་དྲངས་པའི་རྒྱ་ཆེ་བ་ཞེས་པ་ནི་ཀུན་རྫོབ་པའི་ཆོས་ཙམ་མིན་པར། ས་ལམ་གྱི་རྣམ་གཞག་ཚོགས་ལམ་ནས་མི་སློབ་ལམ་གྱི་བར་ས་ལམ་ཇི་ལྟར་བགྲོད་པ་དང་། ས་དང་ལམ་སོ་སོའི་ངོ་སྐལ་གྱི་སྤང་བྱ་ཇི་ལྟར་སྤོང་ཚུལ། དེ་སྤོང་བྱེད་ཀྱི་གཉེན་པོ་ཇི་ལྟར་བསྟེན་ཚུལ་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡིན། ཟབ་མོའི་ལམ་གྱི་རིམ་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པ་དང་། མིང་རྐྱང་བཏགས་ཡོད་ཙམ་དུ་ཡོད་པ་དེ་ཡིན། དེ་གཉིས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱིས་སྲོལ་ཕྱེ་བ་ལ་བརྟེན་ནས་ད་ལྟ་རང་རེས་རྟོགས་ཐུབ་ཀྱི་ཡོད། དེས་ན་སློབ་ཚན་གཙོ་ཆེ་བ་དེ་ཡིན། དེའི་ཞར་ལ་ཐ་སྙད་ཀྱི་ཆོས་གང་ལ་སྦྱར་ནའང་རྟོགས་དཀའ་བའི་ཆ་ཟབ་པའི་གནད་ཅིག་དང་། མཐའ་ལས་འདས་པའི་ཆ་རྒྱ་ཆེ་བའི་གནད་ཅིག་ཤེས་བྱ་ཚང་མ་ལ་ཡོད། དེ་དག་ལ་ཚད་ལྡན་གྱི་སྔོན་བྱོན་གྱི་སྐྱེས་བུ་རྣམས་ཀྱི་རྗེས་སུ་འཇུག་ན་ལམ་མ་ནོར་བ་ཡོང། དེ་མིན་ཚད་ལྡན་མ་ཡིན་པ་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུར་གང་བྱུང་གི་རྗེས་སུ་འཇུག་ན་ལམ་ནོར་ཉེན་ཡོད། དེས་ན་སྔོན་དུ་བྱོན་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ངང་པའི་རྒྱལ་པོའི་གཟུགས་སུ་བཀོད་ནས་དེ་རྣམས་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི་སྔོན་མེད་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཨེ་མ་ཧོ་སྟེ་ངོ་མཚར་ཞེས་པའོ།།
སྲོལ་རྒྱུན་གྱི་གཞུང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཚུལ།
འཕགས་ཡུལ་ཐེག་གསུམ་གྲུབ་མཐའ་རྣམ་བཞིའི་དོན།།
བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ།།
དར་བའི་ལེགས་བཤད་བྱེ་བ་འབུམ་གྱི་བཅུད།།
འཛིན་སྐྱོང་སྤེལ་བའི་སློབ་ཁང་ཨེ་མ་ཧོ།། ༥ །།
ཞེས་པའི་ཟབ་རྒྱས་ཆོས་ཚུལ་ཞེས་པ་ནི་སྤྱི་ཡོངས་ཀྱི་རྣམ་གཞག་དེ་ཡིན། སློབ་གྲྭ་འདིའི་ནང་བསླབ་རྒྱུའི་ནང་དོན་རིག་པའི་སློབ་ཚན་གཙོ་བོ་ནི་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ཐེག་པའི་ཆ་ནས་ཐེག་པ་གསུམ་དང་། གྲུབ་མཐའི་ཆ་ནས་གྲུབ་མཐའ་རྣམ་པ་བཞི་རེད། བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ།། ཞེས་བོད་གངས་ཅན་གྱི་ལྗོངས་སུ་སྲོལ་རྒྱུན་མི་འདྲ་བ་ཧ་ཅང་མང་པོ་དར་ཡོད། དེ་ལྟ་བུའི་ལེགས་པར་བཤད་པ་བྱེ་བ་འབུམ་ཞེས་བྱེ་བ་འབུམ་ནི་གྲངས་ངེས་ཅན་གྱི་དོན་མིན་པར་མང་ཚིག་ཡིན། དཔེར་ན་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཞེས་པ་གྲངས་ངེས་ཅན་གྱི་དོན་ཡིན་ཞིང་། སྐབས་འགར་བརྒྱ་དང་འབུམ་ཞེས་པ་མང་ཚིག་ལ་སྦྱར་བའང་ཡོད། དཔེར་ན། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།།[55] ཞེས་པའི་བརྒྱ་དེ་མང་ཚིག་ཡིན་པ་ལས་གྲངས་ངེས་ཅན་མིན། ལེགས་བཤད་བྱེ་བ་འབུམ་སྟེ་ལེགས་བཤད་ཧ་ཅང་མང་པོའི་བཅུད་ནི་བོད་ཀྱི་སྐད་ཡིག་ཏུ་ཡོད་པའི་བསྟན་བཅོས་དང་གཞུང་ལུགས་རྣམས་ཡིན་ཞིང་། དེ་གཉིས་ཀྱི་འབོར་དང་སྤུས་ཚད་བཞིན་འཇིག་རྟེན་གྱི་ཁྱོན་འདིའི་སྐད་ཡིག་གཞན་ལ་མེད། དེས་ན་གྲངས་ཀའི་ཆ་ནས་འབོར་ཆེ་ཤོས་ཡིན་ལ། སྒྱུར་རྩོམ་གྱི་ཆ་ནས་ཀྱང་སྤུས་དག་ཤོས་ཡིན། དེར་བརྟེན་ལེགས་བཤད་བྱེ་བ་འབུམ་ཞེས་པའི་ཚིག་འདི་སྦྱར་ན་མི་འགྲིག་པ་གང་ཡང་མེད། དེ་ལྟ་བུའི་ལེགས་བཤད་དེ་རང་གི་རྒྱུད་ལ་ངེས་པ་བྱས་ནས་འཛིན་པ་དང་། དེ་མ་ཉམས་པ་བྱས་ནས་སྐྱོང་བ། དེ་གཞན་ལ་སྤེལ་བ་བཅས་དེ་ལྟ་བུ་བྱེད་མཁན་གྱི་སློབ་ཁང་ཆེན་པོ་ཨེ་མ་ཧོ་ཞེས་པ་ནི་ཚིག་དོན་རགས་པ་ཙམ་ཡིན།
འཕགས་ཡུལ་ཞེས་པ་རྒྱ་གར་གྱི་ཡུལ་གྱི་མིང་ཡིན། འབྲས་བུ་ཐོབ་པའི་འཕགས་པའམ་འཕགས་པའི་ལམ་ཐོབ་པའི་གང་ཟག་ཧ་ཅང་མང་པོ་བྱུང་བའི་ཡུལ་ཡིན་པར་བརྟེན། འཕགས་པའི་ཡུལ་ཞེས་བརྗོད་པ་འདི་ནང་པ་རྣམས་ཀྱིས་སྔོན་མ་ནས་སྲོལ་རྒྱུན་ལ་ཡོད་པའི་གོ་བ་ལེན་སྟངས་ཤིག་ཡིན། སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ལ་ལེའུ་གསུམ་དུ་ཕྱེ་བའི་འབྲས་བུའི་ལེའུའི་སྐབས་དང་། སངས་རྒྱས་གང་ཉིད་ཞལ་བཞུགས་པའི་ཚེ་ཆོས་ཀྱི་རྣམ་གྲངས་རེ་གསུངས་པའི་སྐབས་སུ་གདུལ་བྱ་སྟོང་ཕྲག་མང་པོ་རྒྱུན་དུ་ཞུགས་པ་དང་། ཕྱིར་འོང། ཕྱིར་མི་འོང་། དགྲ་བཅོམ་པ། བྱང་ཆུབ་སེམས་དཔའི་ས་ལ་ཞུགས་པ་ཧ་ཅང་མང་པོ་ཡོང་གི་ཡོད། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུའང་སྟོན་པའི་གཏད་རབས་བདུན་གྱི་ནང་ནས་འཕགས་པ་ཉེར་སྦས་ལྟ་བུར་མཚོན་ན། རང་གི་སློབ་མ་འབྲས་བུ་ཐོབ་པ་སྟེ་འབྲས་བུ་བཞི་པོ་རྒྱུན་ཞུགས་དང་། ཕྱིར་འོང། ཕྱིར་མི་འོང། དགྲ་བཅོམ་པ་འཐོབ་མཁན་བྱུང་བ་ན་ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་དང་རྒྱར་ཁྲུ་བཅུ་གཉིས་དཔང་དུ་ཁྲུ་དྲུག་ཡོད་པ་ཞིག་གི་ནང་དུ་སོ་ཤིང་སོར་བཞི་པ་རེ་འཕངས་ནས་སྐུ་ཚེ་དེའི་རིང་ལ་སོ་ཤིང་གིས་ཕུག་པ་ཁེངས་པ་བཅས་འབྲས་བུ་ཐོབ་པ་ཧ་ཅང་མང་པོ་བྱུང་ཡོད། སོ་ཤིང་ནི་སོ་འཁྲུད་བྱེད་ཀྱི་ཤིང་ལ་ཟེར་ཞིང་། དེང་སང་བེད་སྤྱོད་གཏོང་མཁན་མང་པོ་མེད། རྒྱ་གར་དུ་སོ་ཤིང་དེ་གལ་ཆེན་པོར་བརྩིས་ནས་དགེ་སློང་རྣམས་ཀྱི་རྒྱུན་སྤྱོད་ནང་སོ་ཤིང་ངེས་པར་དུ་འདོར་དགོས་པ་དང་སོ་ཤིང་གི་ཚད་དང་རྒྱུ་ལ་སོགས་པའང་འདུལ་བ་ནས་གསུངས་ཡོད། དེས་ན་འཕགས་པ་མང་པོ་བྱུང་བའི་ཡུལ་ཞིག་ཡིན་པས་ན་འཕགས་པའི་ཡུལ་ལམ་ཨཱརྱབརྟ་ཞེས་བརྗོད། འོན་ཀྱང་དེང་སང་གི་བྱུང་རབས་སྨྲ་བ་རྣམས་ཀྱིས་ཨཱརྱའམ་འཕགས་པ་ཞེས་པ་དེ་མིའི་རིགས་རྒྱུད་བྱེ་བྲག་པ་ཞིག་ལ་ངོས་འཛིན་གྱིས་དེ་གནས་པའི་ཡུལ་ཡིན་པས་འཕགས་པའི་ཡུལ་དང་། དེ་ཡང་ཨཱརྱཡན་ཞེས་པའི་རིགས་རྒྱུད་ཅིག་ས་ཡི་བེ་རི་ཡ་ (Siberia) ནས་ཡོང་སྟེ་ཆགས་ཚུལ་སོགས་བཤད།
དེ་བྱུང་ལ་བོད་པའི་ཕལ་སྐད་ནང་ལོ་རྒྱུས་དང་རྒྱལ་རབས་ཞེས་ཟེར། ཚིག་ངོ་མ་ནི་དེ་ལྟ་བུའི་བྱུང་བ་ཞེས་པ་དེ་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ནང་རྟོགས་པ་བརྗོད་པ་དང། སྐྱེས་པའི་རབས་དང། ཨིཏིཧཱས་སྟེ་དེ་ལྟ་བུའི་བྱུང་བ་རྣམས་དབྱེ་བ་ཕྱེ་ཡོད། རྟོགས་པ་བརྗོད་པ་ཡིན་ན་ཨིཏིཧཱས་ཡིན་པའི་ངེས་པ་མེད། ཨིཏིཧཱས་ནི་ཨིན་སྐད་དུ་ History ཞེས་པའི་འགྲོ་སྟངས་ལྟར་གང་ཟག་ཕལ་པའི་སྣང་ངོ་ལ་ཇི་མ་ཇི་བཞིན་བྱུང་བ་ཞིག་ལ་ཟེར། དཔེར་ན་སངས་རྒྱས་སྐུ་བལྟམས་པ་དང། མངོན་པར་རྫོགས་པར་སངས་རྒྱས་པ། མྱ་ངན་ལས་འདས་པ་རྣམས་དེ་ལྟ་བུའི་བྱུང་བ་ཡིན། སྐུ་བལྟམས་པའི་སྐབས་སུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཡོང་བ་དང་། གོམ་པ་བདུན་བོར་ནས་ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་པ་རྣམས་རྟོགས་པ་བརྗོད་པ་ཡིན། རྟོགས་པ་བརྗོད་པ་རྣམས་འཇིག་རྟེན་ཕལ་པའི་སྣང་ངོ་ལ་བྱུང་རབས་དང་མཐུན་པར་བཤད་དུ་མེད། ཨིཏིཧཱས་ནང་དེ་ལྟ་བུའི་བྱུང་བའི་དོན་ཡོངས་རྫོགས་ཚང་ཡོད། གང་ལྟར་ང་ཚོས་འཕགས་པའི་ཡུལ་ཞེས་པ་འཕགས་པ་མང་པོ་བྱུང་བའི་གནས་ཤིག་ཡིན་པར་བཤད་ཀྱི་ཡོད། ལྷག་པར་དུ་རྒྱ་གར་གྱི་ཡུལ་གྱི་གོམས་པའི་གཤིས་ལུགས་ནང་གང་ཟག་ཁྱད་པར་དུ་འཕགས་པ་ལ་འཕགས་པ་ཞེས་བརྗོད་སྲོལ་ཡོད། སྟོན་པ་འཇིག་རྟེན་དུ་བྱོན་པའི་སྐབས་ལྟ་བུར་མཚོན་ན། ཆུང་མ་རྣམས་ཀྱིས་རང་གི་ཁྱིམ་ཐབ་ཁྱོ་ག་ལ་འབོད་སྒྲ་སྦྱར་བའི་ཚེ་ཨཱརྱ་ཞེས་བརྗོད་པ་དང་། དེ་བཞིན་བཞིན་བཟང་དང་། བདག་པོ་ཞེས་ཀྱང་འབོད། བཞིན་བཟང་ཞེས་པ་དེ་ཙམ་བེད་སྤྱོད་ཆེན་པོ་མེད། གང་ལྟར་ཨཱརྱ་ཞེས་པ་ནི་མཆོད་པར་བརྗོད་པ་དང་ཞེ་སའི་ཁྱད་པར་གྱི་ཚིག་ཅིག་ཡིན།
འཕགས་ཡུལ་ཐེག་གསུམ་གྲུབ་མཐའ་རྣམ་བཞིའི་དོན།། ཞེས་འཕགས་པའི་ཡུལ་དུ་ནང་པའི་རིག་གནས་དར་བའི་སྐབས་སུ་ཐེག་པའི་དབང་དུ་བྱས་ན་ཐེག་པ་གསུམ་དང། གྲུབ་མཐའི་དབང་དུ་བྱས་ན་གྲུབ་མཐའ་བཞི་དར། འཕགས་ཡུལ་དུ་དར་བའི་ནང་པའི་རིག་གནས་བསྡོམས་ན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གི་ཐོག་ནས་ཐེག་པ་གསུམ་ཡིན། དེ་ཡང་ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། ཐེག་པ་ཆེན་པོའམ་བྱང་ཆུབ་སེམས་དཔའི་ཐེག་པ་བཅས་ཡིན། སྤྱིར་ཐེག་པ་ཆེན་པོ་དང་ཐེག་པ་དམན་པ་ཞེས་པའི་ཐ་སྙད་དེ་སངས་རྒྱས་ཀྱི་གསུང་རབ་ནང་དུ་ཡོད་ལ། ལྷག་པར་དུ་འགྲེལ་བྱེད་ཀྱི་མཁས་པ་རྣམས་ཀྱི་བསྟན་བཅོས་རྣམས་སུའང་གསལ། འོན་ཀྱང་ད་ལྟ་ཐེག་པ་སོ་སོའི་བར་ལ་ལོག་རྟོག་མི་ཡོང་བའི་ཆེད་དུ་ཐེག་པ་ཆེ་ཆུང་གི་རྣམ་གཞག་བཤད་པ་ལས། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བརྗོད་ན་ལེགས། ཉན་ཐོས་དང་རང་རྒྱལ་ཞེས་པ་ལམ་དང་འབྲས་བུ་གཉིས་བསྡོམས་ནས་བཤད། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སངས་རྒྱས་ཀྱི་ཐེག་པ་ཞེས་བརྗོད་ནའང་མི་འགྲིག་པ་མེད། དེ་ཡང་ཐེག་པ་ཞེས་པ་བཞོན་པ་ལ་གོ་ཞིང་། གང་ལ་བརྟེན་ནས་བགྲོད་པར་བྱེད་པའི་བཞོན་པ་ལ་ཐེག་པ་ཞེས་བརྗོད། དེའི་སྐད་དོད་ཡཱན་ཡིན། ཡཱན་ཞེས་པ་ནི་དེང་སང་གྲུ་ལ་གོ དཔེར་ན་གནམ་གྲུ་ལ་བཱཡུ་ཡཱན་དང་། གྲུ་གཟིངས་ལ་ཇལ་ཡཱན་ཞེས་པ་ལྟ་བུ། ཉན་ཐོས་ཀྱི་ཐེག་པ་ནི་ཐར་པ་དོན་དུ་གཉེར་བ་དང་། ཉོན་སྒྲིབ་སྤངས་པའི་སྤངས་པ་ཐོབ་པ་ན་ཉན་ཐོས་དགྲ་བཅོམ་པར་འགྱུར། ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་དགྲ་བཅོམ་པ་གཉིས་ཀྱི་འཐོབ་བྱའི་བྱང་ཆུབ་ལ་ཁྱད་པར་དེ་ཙམ་མེད། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱི་ཁྱད་པར་ནི། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས།། རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི།། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི།། འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ།།[56] ཞེས་གསུངས་པ་ལྟར་དགྲ་བཅོམ་པའི་གོ་འཕང་འཐོབ་རྒྱུའི་སྲིད་པ་ཐ་མའི་སྐབས་སུ་སངས་རྒྱས་བྱུང་བ་མེད་པའམ་སངས་རྒྱས་ཀྱི་བསྟན་པ་མེད་པའི་ས་ཕྱོགས་སུ་སྐྱེས་ནས་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་སྣོད་ཀྱི་འཇིག་རྟེན་གྱི་འགྱུར་བ་དང་ཕྱིའི་རྐྱེན་ལ་བརྟེན་ནས་མི་རྟག་སོགས་རང་བཞིན་གྱིས་སམ་སྔོན་གྱི་བག་ཆགས་ལ་བརྟེན་ནས་དྲན་པར་བྱས་ཏེ། རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་བསྒོམས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་མཁན་དེ་ལ་རང་སངས་རྒྱས་ཞེས་བརྗོད། གང་ལྟར་སྲིད་པ་ཐ་མའི་ཚེ་དགེ་བའི་བཤེས་གཉེན་གཞན་ལ་མ་བརྟེན་པར་དགྲ་བཅོམ་པའི་གོ་འཕང་འཐོབ་མཁན་དེ་ལ་རང་རྒྱལ་ཞེས་བརྗོད། གཞན་ཡང་རང་རྒྱལ་གྱིས་བསོད་ནམས་ཀྱི་ཚོགས་ཉན་ཐོས་ལས་ཅུང་ཟད་མང་བ་གསོག་གི་ཡོད་ལ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་ས་ཕྱོགས་སུ་རང་རྒྱལ་གྱི་གོ་འཕང་ཐོབ་ནས་རྫུ་འཕྲུལ་སོགས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱའི་དོན་མཛད་པ་ལས། ངག་གི་རྣམ་པ་རིག་བྱེད་ཀྱི་སྒོ་ནས་ཆོས་མི་བསྟན། དེ་གང་ལགས་ཤེ་ན། ངག་གི་རྣམ་པ་རིག་བྱེད་ཀྱི་སྒོ་ནས་ཆོས་སྟོན་ན་བསྟན་པ་མེད་པའི་ས་ཕྱོགས་སུ་སྐྱེས་པར་བརྟེན་གོ་བརྡ་འཕྲོད་རྒྱུ་མེད།
བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་པ་གཞན་དོན་དུ་རྫོགས་བྱང་ལ་དམིགས་ནས་འཐོབ་བྱའི་གཙོ་བོ་གཞན་དོན་ཡིན་ཞིང་། བྱང་ཆུབ་སེམས་དཔའི་མཐར་ཐུག་པའི་དམིགས་ཡུལ་དེ་གཞན་དོན་ཡིན་རུང་། གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་གོ་འཕང་མེད་ན་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་སྒྲུབ་མི་ཐུབ། དེས་ན་འབད་མེད་ལྷུན་གྲུབ་ཀྱི་འཕྲིན་ལས་སྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེའི་ཕྱིར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།[57] ཞེས་གསུངས་པ་ལས། སེམས་བསྐྱེད་པ་ནི་སངས་རྒྱས་ཕྱིར།། ཞེས་གསུངས་མེད། དེ་ལྟར་སངས་རྒྱས་ཀྱི་ཐེག་པ་ཞེས་མ་གསུངས་པར་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་མང་དུ་གསུངས་པའི་རྒྱུ་མཚན་དེ་ལྟར་ཡིན། མདོར་ན་བྱང་ཆུབ་སེམས་དཔའི་བསྒྲུབ་བྱའི་གཙོ་བོ་གཞན་དོན་དང་། གཞན་དོན་སྒྲུབ་པའི་ཆ་རྐྱེན་དུ་བྱང་ཆུབ་དོན་དུ་གཉེར་བའི་ཐེག་པ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བརྗོད།
རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ནང་པའི་རིག་གནས་དེ་ལ་གྲུབ་མཐའི་དབང་དུ་བྱེད་ན་གྲུབ་མཐའ་བཞི་ཡོད། དེ་ནི་བྱེ་བྲག་སྨྲ་བ་དང། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་སྤྱི་ཡོངས་ཀྱི་ཆ་ནས་དེ་ལྟར་ཡིན། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ལ་ཐུན་མོང་དུ་དོན་སྨྲ་སྡེ་གཉིས་སམ་ཕྱི་དོན་ཡོད་པར་སྨྲ་བའི་སྡེ་གཉིས་ཞེས་བརྗོད། སྐབས་འགར་ཉན་ཐོས་སྡེ་གཉིས་ཞེས་ཀྱང་སྨྲ། སྤྱིར་ཐེག་དམན་ལ་སློབ་དཔོན་དང་གནས་ཡུལ་སོགས་ཀྱིས་སྡེ་པ་བཅོ་བརྒྱད་སོགས་སུ་དབྱེ་ཚུལ་ཡོད་ཀྱང་། བྱེ་མདོ་གཉིས་ལ་ཉན་ཐོས་སྡེ་གཉིས་སུ་འབོད་པ་ནི་གོང་གསལ་སྡེ་པའི་ཐ་སྙད་ལྟར་མ་ཡིན་པར་གྲུབ་མཐའི་ཆ་ནས་བཏགས་པ་ཡིན། འོན་ཀྱང་བྱེ་མདོ་གང་རུང་གི་གྲུབ་མཐའ་སྨྲ་བ་ཡིན་ན་ཐེག་དམན་པ་ཡིན་དགོས་པ་དང་། ཐེག་དམན་པ་ཡིན་ན་གྲུབ་མཐའི་ཆ་ནས་བྱེ་མདོ་གང་རུང་ཡིན་དགོས་པའི་ངེས་པ་མེད། དེ་བཞིན་དུ་དབུ་སེམས་གང་རུང་གི་གྲུབ་མཐའ་སྨྲ་བ་ཡིན་ན་ཐེག་ཆེན་པ་ཡིན་དགོས་པ་དང་། ཐེག་ཆེན་པ་ཡིན་ན་གྲུབ་མཐའི་ཆ་ནས་དབུ་སེམས་གང་རུང་ཡིན་དགོས་པའི་ངེས་པ་མེད། འོ་ན་བྱེ་མདོ་གཉིས་ལ་ཉན་ཐོས་སྡེ་གཉིས་སམ་ཐེག་དམན་པའི་གྲུབ་མཐའ་དང་། དབུ་སེམས་གཉིས་ལ་ཐེག་ཆེན་པའི་གྲུབ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། གྲུབ་མཐའ་སོ་སོའི་རྩ་བའི་ཁུངས་ཐེག་དམན་གྱི་མདོོ་དང་། ཐེག་ཆེན་གྱི་མདོ་ལ་བརྟེན་པའི་དབང་གིས་ཡིན་པར་མངོན། རང་རྒྱུད་པ་མན་གྱིས་ཐེག་པ་གོང་འོག་ལ་ལྟ་བའི་ཁྱད་པར་བཞེད་ཀྱང་། ཐལ་འགྱུར་བས་ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་བཞེད་པས་ལྟ་བའི་ཁྱད་པར་མི་བཞེད་དོ།།
གྲུབ་མཐའ་རྣམ་པ་བཞི་པོ་བྱུང་བའི་རིམ་པ་ལ་མཚོན་ན། འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱའམ་འཁོར་ལོ་དང་པོ་ལ་ཐོས་བསམ་བྱེད་མཁན་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཡིན། བྱེ་མདོ་གཉིས་ཀྱི་རང་གི་བཤད་བྱ་རྩ་བའི་མདོའམ་ཁུངས་བཅོལ་སའི་མདོ་ནི་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ཡིན། དབུ་མ་པ་རྣམས་ཀྱིས་ཁུངས་བཅོལ་ས་ནི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན། དེ་ནི་ཐེག་པ་ཆེན་པོའི་མདོ་ཡིན་པར་བརྟེན། ཉན་ཐོས་སྡེ་པས་བཀའ་མ་ཡིན་པར་འདོད་པའི་སྐབས་ཀྱང་མང་པོ་བྱུང་རུང་། དེ་ནི་གནས་ཚུལ་ཐ་དད་ཡིན། འཁོར་ལོ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་མདོ་ལ་བརྟེན་པའམ་དེའི་རྗེས་སུ་འབྲངས་ནས་སེམས་ཙམ་པའི་ལྟ་གྲུབ་བྱུང་བ་ཡིན། དེ་ཚོ་ཞིབ་ཚགས་ཞུ་བར་དུས་ཚོད་མི་འདུག་པས་ཞུ་མི་དགོས་པ་བྱ་རྒྱུ་ཡིན། མདོར་བསྡུ་ན་བྱེ་བྲག་བཤད་མཚོ་ཆེན་པོ་ཞེས་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་པར་བརྟེན་བྱེ་བྲག་སྨྲ་བ་བརྗོད། དེ་བཞིན་མངོན་པའི་གཞུང་ལུགས་བདུན་དེ་བཀའ་དང་བསྟན་བཅོས་སུ་འདོད་ཚུལ་མི་མཐུན་པ་དེའི་ཐོག་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱི་ཁྱད་པར་བྱུང་ལུགས་བཤད། ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་པ་དམན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་ཆོག འདི་ལ་ས་ཆའི་དབང་དུ་བྱས་ནས་ཁ་ཆེ་བྱེ་བྲག་སྨྲ་བ་དང་། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་བཅས་གསུམ་བྱུང་། ཁ་ཆེ་བྱེ་བྲག་སྨྲ་བ་ཞེས་པ་སློབ་དཔོན་དབྱིག་གཉེན་ཡབ་སྲས་ཀྱིས་མཚོན་པའི་བྱེ་བྲག་སྨྲ་བའི་བསྟན་བཅོས་མང་པོའི་འབྱུང་ཁུངས་ཡིན། མངོན་པ་མཛོད་ཀྱང་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་གཙོ་བོར་བྱས་ནས་མཛད་པ་ཡིན་ཞེས་གསུངས།
གཉིས་པ་མདོ་སྡེ་པ་ནི་མངོན་པའི་གཞུང་བདུན་པོའམ་མངོན་པ་སྡེ་བདུན་མདོ་ཡིན་པར་ཁས་བླངས་པ་དང་། མདོ་དེའི་རྗེས་སུ་འབྲངས་པས་ན་མདོ་སྡེ་པ་ཞེས་བརྗོད། མདོ་སྡེ་པ་ལ་ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པས་ན་དཔེ་སྟོན་པའང་ཟེར། དེ་ལ་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ཡོད། མངོན་པ་སྡེ་བདུན་གྱི་རྗེས་སུ་འབྲངས་པ་ལ་ལུང་གི་རྗེས་འབྲང་དང། ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲངས་པ་ལ་རིགས་པའི་རྗེས་འབྲང་ཞེས་སྨྲ། བོད་ཀྱི་བཀའ་བསྟན་ནང་བྱེ་བྲག་སྨྲ་བའི་འདོད་པ་རྒྱས་པོ་ཡོད་ཀྱང་། མདོ་སྡེ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྐོར་གསལ་པོ་དེ་ཙམ་མེད། གཞུང་སོ་སོའི་ནང་གང་གསུངས་པ་རྣམས་བསྡུ་ན་མ་གཏོགས་རང་རྐྱ་བའི་གཞུང་ཞིག་མེད། དེར་བརྟེན་སློབ་དཔོན་རཱམ་ཤཾཀར་ཏྲིཔཱཋཱི་དམ་པ་དེས་འབད་བརྩོན་ཆེན་པོས་རྒྱ་གཞུང་ནང་མདོ་སྡེ་པའི་ཁུངས་གང་རྙེད་པ་རྣམས་བསྡུ་རུབ་མཛད་ཡོད།
གསུམ་པ་སེམས་ཙམ་པ་ནི་སྤྱིར་འཁོར་ལོ་མཐའ་མ་དང་། དེའི་ནང་ནས་མདོ་སྡེ་དགོངས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་རྗེས་སུ་འབྲངས་པ་ཡིན། མདོ་སྡེ་དགོངས་འབྲེལ་ལ་ལེའུ་བཅུ་ཡོད། དེ་ཚང་མ་སེམས་ཙམ་པའི་གཞུང་ཡིན་པར་ཁས་ལེན་མི་ཐུབ། ལེའུ་བཅུ་པོ་དེའི་ནང་ནས་དོན་དམ་ཡང་དག་འཕགས་ཀྱི་ལེའུ་གཞིར་བཟུང་ཕྱི་དོན་ཁས་མི་ལེན་པ་དང་། གཞན་དབང་བདེན་གྲུབ་ཏུ་འདོད་པ། རང་རིག་ཁས་ལེན་པ་ཞིག་ལ་སེམས་ཙམ་པ་ཞེས་བརྗོད། ཕྱི་དོན་ཁས་མི་ལེན་པ་ནི་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཁས་ལེན་པ་ཡིན། དེང་རབས་ཀྱི་དངོས་ཁམས་རིག་པའི་ཚན་རིག་པའི་ནང་ནས་དངོས་ཁམས་ཚད་རྡུལ་སྨྲ་བ་ (Quantum Physics) ཞེས་པ་སེམས་ཙམ་པ་དང་ཧ་ཅང་འདྲ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར།། སྔོ་དང་དེ་བློ་གཞན་མ་ཡིན།།[58] ཞེས་པའི་སྒྲུབ་བྱེད་བཀོད་པ་ལྟར་དེང་སང་ Quantum Physics སྨྲ་བ་རྣམས་ཀྱིས་བཤད་ཀྱི་ཡོད། དེས་ན་༸གོང་ས་མཆོག་གིས་ Quantum Physics དེ་སྤྱིར་ནང་པ་དང་། ལྷག་པར་དུ་སེམས་ཙམ་པའི་ལྟ་གྲུབ་དང་ཉེ་བ་ཡོད་ཅེས་གསུངས་པའི་རྒྱུ་མཚན་དེ་ཡིན། དེ་ལྟར་མུ་མཐུད་ནས་ཕྱིན་ན་མ་འོངས་པར་ཐལ་འགྱུར་བའི་ལྟ་བ་དང་མཚུངས་པར་བསླེབ་ཐུབ་པའི་རེ་བ་ཡོད།
བཞི་པ་དབུ་མ་པ་ནི་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་མེད་པ་དང་། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ཁས་ལེན་པ་དེ་ལ་དབུ་མ་པ་ཞེས་བརྗོད། དེ་ནི་འཁོར་ལོ་བར་པའི་རྗེས་སུ་འབྲངས་པ་ཡིན། གྲུབ་མཐའ་བཞིའི་གནས་སྟངས་རགས་པ་ཙམ་དེ་ལྟར་ཡིན། སྤྱིར་གྲུབ་མཐའ་ཞེས་པ་ནི༑ འགྲེལ་བཤད་ཚིག་གསལ་[59]དུ་གསུངས་པ་ལྟར། རིགས་པ་དང་ལུང་གིས་གཏན་ལ་ཕབ་པའི་རང་གི་འདོད་པ་གྲུབ་པ་དང་། དེ་ལས་ཕར་འགྲོ་ས་མེད་པ་ལ་བརྗོད། གྲུབ་ཅེས་པ་ནི་དངོས་པོའི་གནས་ལུགས་ལ་དཔྱད་པའི་ཚེ་རིགས་པ་དང་ལུང་ལ་བརྟེན་ནས་དཔྱད་དོན་རྙེད་པ་དང་། དེ་ལྟ་བུའི་གྲུབ་དོན་དེར་ད་དུང་དཔྱད་ནས་གཞན་དུ་འགྲོ་ས་མེད་པས་ན་གྲུབ་པའི་མཐའ་སྟེ་སིདྡྷཱནྟ་ཞེས་སྨྲ། དེ་ཡང་རྒྱུད་ལས། སངས་རྒྱས་པ་ལ་བཞི་པ་དང།། ལྔ་པ་ཐུབ་པའི་དགོངས་པ་མིན།།[60] ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པ་ལ་ཐེག་པའི་ཆ་ནས་ཐེག་པ་བཞི་པ་དང་། གྲུབ་མཐའི་ཆ་ནས་གྲུབ་མཐའ་ལྔ་པ་མེད་ཅེས་སངས་རྒྱས་པའི་གྲུབ་མཐའ་ཡོངས་རྫོགས་གྲུབ་མཐའ་བཞིའི་ནང་འདུས་པར་གསུངས། འོན་ཀྱང་གྲུབ་མཐའ་སོ་སོར་ནང་གསེས་དབྱེ་བ་མང་། སེམས་ཙམ་པ་ལྟ་བུར་མཚོན་ན། ལུང་གི་རྗེས་འབྲང་དང་རིགས་པའི་རྗེས་འབྲང་གཉིས་དང། རྣམ་བདེན་པ་དང་རྣམ་རྫུན་པ་གཉིས། དེ་བཞིན་དབུ་མ་པ་ལ་མཚོན་ན་རང་རྒྱུད་པ་དང་ཐལ་འགྱུར་བ་བཅས་དབྱེ་བ་མང་། དེ་ལྟ་བུའི་གྲུབ་མཐའ་རྣམ་པ་བཞི་བོད་དུ་དར་ཁྱབ་བྱུང་སྐབས། བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ།། དར་བའི་་་་་་།། ཞེས་པ་ལྟར་བོད་དུ་སྤྱིར་ཐེག་པའི་དབང་དུ་བྱས་ན་ཐེག་ཆེན་པ་ཤ་སྟག་ལས། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ཉམས་སུ་ལེན་མཁན་ཡིན་ཞེས་ཟེར་མཁན་བྱུང་མེད། དེ་ཡང་གང་ཟག་བྱེ་བྲག་པ་རེ་ཟུང་བྱུང་ཡོད་ན་མ་གཏོགས། དེ་ལྟ་བུའི་བརྒྱུད་པ་དང་རིག་པའི་གཞུང་ལུགས་གཉིས་ཀའི་ཐོག་ནས་གཅིག་ཀྱང་བྱུང་མེད། གྲུབ་མཐའི་དབང་དུ་བྱས་ན་ཚང་མས་དབུ་མ་པ་དང་། དེའི་ནང་ནས་ཐལ་འགྱུར་བའམ་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་ཞེས་གསུངས།
དེ་ནས་སྐབས་འདིར་བྷོཊ་ཞེས་པ་བོད་ལ་གོ་དགོས། བོད་ལའང་སྤྱིར་ཆབ་སྲིད་ཀྱི་དབང་དུ་བྱས་པའི་བོད་ཅིག་དང་། སྐད་ཡིག་གི་དབང་དུ་བྱས་པའི་བོད་ཅིག་བཅས་གཉིས་ཡོད། ཆབ་སྲིད་ཀྱི་དབང་དུ་བྱས་པའི་བོད་ནི་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་བོད་དེར་གོ་དགོས། སྐད་ཡིག་གི་དབང་དུ་བྱས་པའི་བོད་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལས་གྲུབ་པའི་སྐད་ཡིག་དེ་རང་གི་ཕ་སྐད་ཀྱི་ངོ་བོར་བེད་སྤྱོད་བྱེད་མཁན་གྱི་མི་རིགས་ལ་གོ དེས་ན་ད་ལྟ་བོད་སྐད་དུ་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་མཚོན་པའི་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་རང་སྐད་ཀྱི་ངོ་བོར་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། དེ་དག་ནི་ཆབ་སྲིད་ཀྱི་དབང་དུ་བྱས་པའི་བོད་མིན་ཡང་། ཕ་སྐད་ཀྱི་དབང་དུ་བྱས་པའི་བོད་དུ་གྱུར་པས་རིག་པའི་གཞུང་ལུགས་དེ་རྣམས་ཉམས་སུ་ལེན་པ་དང་སྦྱོང་བ་སོགས་བྱེད་རྒྱུའི་ནུས་པ་དང་ཐོབ་ཐང་ཡོད་པ་ཡིན། སྤྱིར་བྷོཊ་ཞེས་པ་འདི་ལེགས་སྦྱར་གྱི་ཚིག་ཡིན། ལེགས་སྦྱར་གྱི་སྐད་དུ་བོད་ཀྱི་མིང་ལ་བྷོཊ་ཞེས་བརྗོད། འདི་ལ་མཁས་པ་རྣམས་ཀྱི་གསུང་ཚུལ་སྣ་ཚོགས་ཡོད། བོད་ཅེས་པ་འདི་ལེགས་སྦྱར་ནང་ཚུར་ལེན་པའི་སྐབས་སུ་ཟུར་ཆག་ནས་བྷོཊ་ཆགས་པ་ལས། ངོ་མ་ནི་བོད་ཞེས་པའི་ཚིག་རང་ཡིན་ཞེས་པ་དང་། ཡང་གསུང་ཚུལ་གཞན་ལ་བྷོཊ་ཞེས་པ་འདི་བོད་ཀྱི་མིང་ངོ་མ་དེ་ཡིན། འོན་ཀྱང་བོད་པས་བྷོཊ་ཞེས་པའི་སྒྲ་གདངས་ཆ་ཚང་བརྗོད་མ་ཐུབ་པར་བོད་དུ་ཆགས་ཚུལ་གསུང་། བོད་པས་བྷོཊ་ཅེས་བརྗོད་མི་ཐུབ། གང་ལགས་ཤེ་ན༑ བོད་ཀྱི་དབྱངས་གསལ་ནང་བྷ་དང་ཊ་མེད་པར་བརྟེན་བ་དང་ད་བེད་སྤྱོད་བཏང་བ་ལས་གཞན་མེད། དེ་ལྟར་བྷོཊ་ཟུར་ཆག་ནས་བོད་ཡིན་ནམ། ཡང་ན་བོད་ཟུར་ཆག་ནས་བྷོཊ་ཆགས་པ་གང་ཡིན་བཤད་དཀའ།
སཏྱཱརྠ་པྲཱཀཤ་ཞེས་པའི་དེབ་ནང་ཏྲིབིཥྚཔ་ཟུར་ཆག་ནས་ Tibet ཆགས་ཚུལ་གསུངས་འདུག ལེགས་སྦྱར་སྐད་དུ་ཏྲིབིཥྚཔ་ཞེས་པ་སུམ་ཅུ་རྩ་གསུམ་ལ་ཟེར། ཁོང་གི་གསུང་འདི་ཇི་ཙམ་ཚད་མ་ཡིན་ནམ། སྤྱིར་བཏང་དཡཱནནྡ་སརསྭཏཱི་ནི་ཧ་ཅང་གི་མཁས་པ་ཆེན་པོ་དང་གྲུབ་པ་ཐོབ་པ་ཞིག་ཡིན། དེར་ཁུངས་ཤིག་ནི་ཡོད་རྒྱུ་རེད། དེང་རབས་ཀྱི་མཁས་པ་ཁ་ཅིག་གིས་སོག་པོས་བོད་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་བོད་ཅེས་བརྗོད་པར་བརྟེན། ཚིག་དེ་ཨིན་སྐད་ནང་ Tibet ཞེས་པར་འགྱུར་བ་ཡིན་ཞེས་བཤད། གང་ལྟར་སྐབས་འདིར་བྷོཊ་ཞེས་པ་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་སྐད་ཡིག་དེ་རང་གི་ཕ་སྐད་དམ་མ་སྐད་ཀྱི་ཚུལ་དུ་བེད་སྤྱོད་བྱེད་མཁན་དེར་གོ་དགོས། དེ་ལྟར་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་དོན་བོད་ཀྱི་སྐད་ཡིག་ནང་སླེབས་པ་ན་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ་དབྱེ་བ་ཕྱིན་ཡོད་ཅེས་པའི་དོན་ཡིན། སྲོལ་རྒྱུན་ཞེས་པ་འདི་བརྒྱུད་པར་གོ་ནའང་འགྲིག དཔེར་ན་དེང་སང་ཁུངས་དག་པོས་བརྗོད་ན་བོད་བརྒྱུད་ནང་བསྟན་ཞེས་བརྗོད། བོད་ཀྱི་སྐད་ཡིག་ནང་བརྒྱུད་རིམ་ཡོད་པའི་ནང་བསྟན་ནམ་ནང་པའི་རིག་གནས་ལ་བོད་བརྒྱུད་ནང་བསྟན་ཞེས་བརྗོད། བོད་བརྒྱུད་ནང་བསྟན་གྱི་བརྒྱུད་པ་འཛིན་མཁན་ལ་ངེས་པར་དུ་ཆབ་སྲིད་ཀྱི་དབང་དུ་བྱས་པའི་བོད་པ་ཞིག་ཡིན་མི་དགོས། སྐད་ཡིག་གི་ཆ་ནས་བོད་པ་མིན་ཡང་བོད་ཀྱི་སྐད་ཡིག་ཤེས་མཁན་ཞིག་ཡིན་ན་འགྲིག དེ་མིན་བོད་ཀྱི་ནང་ཆོས་ཞེས་ནུབ་ཕྱོགས་པས་བཏགས་པའི་ཐ་སྙད་དེ་ཡང་དག་པ་མིན། ཁོང་ཚོས་བོད་ཀྱི་ནང་ཆོས་ (Tibetan Buddhism) དང་། རྒྱ་ནག་གི་ནང་ཆོས་ (Chinese Buddhism) ཉི་ཧོང་གི་ནང་ཆོས་ (Japanese Buddhism) སོགས་ཐ་སྙད་སྣ་ཚོགས་བཏགས་ཡོད། སངས་རྒྱས་ཀྱི་ཆོས་དང་ནང་པའི་རིག་གནས་གཉིས་ལ་ཡུལ་གྱིས་དབྱེ་བ་ཕྱེ་རྒྱུ་གང་ཡང་མེད། གལ་ཏེ་ཡུལ་གྱིས་དབྱེ་བ་ཕྱེ་དགོས་ན་སངས་རྒྱས་རྒྱ་གར་དུ་བྱོན་པ་དང་། རྒྱ་གར་གྱི་སྐད་ནང་ཆོས་གསུངས་པར་བརྟེན་རྒྱ་གར་གྱི་ནང་ཆོས་ཞེས་བརྗོད་ཆོག བོད་བརྒྱུད་ནང་བསྟན་ནང་སངས་རྒྱས་ཀྱི་གསུང་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བ་དང་། རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པ་དང་འགྲེལ་པ་འགྲེལ་བཤད་བཅས་བརྩམས་པ་རྣམས་བོད་སྐད་དུ་བསྒྱུར་བ་ལས། བོད་པས་རྟོག་བཟོ་དང་གསར་བཟོ་བྱས་པ་ཏིལ་འབྲུ་ཙམ་ཡང་མེད། རྒྱ་གར་ནཱལནྡཱའི་སྲོལ་རྒྱུན་ཚང་ལ་མ་ནོར་བ་ཇི་མ་ཇི་བཞིན་བསྒྱུར་བ་དང་། ཉན་པ། བཤད་པ། ཉམས་སུ་བླངས་ཡོད། དེར་བརྟེན་དེ་ལ་བོད་པའི་ནང་ཆོས་ཞེས་བརྗོད་མི་རུང་། ཡིན་ནའང་དེ་རྒྱ་གར་ནས་བོད་དུ་ཕྱིན་པ་དང་། བོད་པས་བརྒྱུད་པ་བར་མ་ཆད་པ་ད་ལྟ་བར་དུ་ཉར་བ་དེ་ད་ལྟ་ཚུར་ལོག་པ་ཡིན་པས་བོད་བརྒྱུད་ནང་བསྟན་ཞེས་བརྗོད་འོས། དེས་ན་བོད་བརྒྱུད་ཅེས་པ་དེ་སྲོལ་རྒྱུན་དང་གཅིག་པ་ཡིན།
སྤྱིར་སྲོལ་རྒྱུན་ཞེས་པའི་ཚིག་གཉིས་སོ་སོར་དོན་གོ་རྒྱུ་ཡོད། སྲོལ་དང་རྒྱུན་གཉིས་མཉམ་དུ་བསྡོམས་པའི་མིང་ཚིག་ལ་དེང་སང་ཨིན་སྐད་དུ་ Tradition ཞེས་པའི་དོན་དུ་བེད་སྤྱོད་གཏོང་གི་ཡོད། ལེགས་སྦྱར་རམ་རྒྱ་གར་སྐད་དུ་པརམྤརཱ་ཞེས་བརྗོད། རྒྱུན་རིང་པོའི་བར་དུ་གཤིས་ཀ་ལ་སྦྱར་བའི་ལུགས་སྲོལ་རྣམས་སྲོལ་རྒྱུན་ཡིན་པའི་ཁྱབ་པ་དང་ངེས་པ་མེད། འདི་གསལ་པོ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། འདི་གསལ་པོ་མ་ཆགས་ན་རྒྱུན་རིང་པོར་གོམས་གཤིས་སུ་ཡོད་པའི་ནང་འདོར་དགོས་པ་དང་བླང་དགོས་པ། དེ་བཞིན་ཆོས་དང་མཐུན་པ་དང་མི་མཐུན་པ་གང་ཡོད་དབྱེ་བ་ཕྱེ་མི་ཐུབ། དེང་སང་སྲོལ་རྒྱུན་ (Tradition) དང་དེང་རབས་ (Modern) གཉིས་ཀྱི་བར་ལ་འགལ་ཟླ་དང་འཐབ་རྩོད་ཆེན་པོ་ཞིག་ཡོད། རྒྱ་གར་སྐད་དུ་སྲོལ་རྒྱུན་ལ་པརམྤརཱ་དང་། དེང་རབས་ལ་ཨཱདྷུནིཀ་ཞེས་བརྗོད། དེ་བཞིན་ཨིན་སྐད་ཀྱི་ Culture ཞེས་པའི་ཚིག་འདིའང་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་དེའི་གོ་དོན་ཤར་ནུབ་གཉིས་ལ་མི་འདྲ་བ་རེད། ནུབ་ཕྱོགས་པས་ Culture ཞེས་པའི་ཚིག་འདི་མང་ཆེ་བ་གོམས་གཤིས་བཟང་པོ་ལ་གོ་ཡང་། ཁོང་ཚོའི་རྒྱུན་སྤྱོད་ཀྱི་སྐད་ཆའི་ནང་དམག་གི་ལེགས་བྱང་ (Culture of war) དང་། འཚེ་བའི་ལེགས་བྱང་ (Cultural of violence) ཞེས་དམག་འཁྲུག་དང་འཚེ་བའང་ Culture ནང་བརྩི། ང་ཚོས་དེ་ཚོ་ Unculture ལ་བརྩི། རྒྱ་གར་སྐད་དུ་ Culture ལ་སཾསྐྲྀཏི་ཞེས་བརྗོད། ཐོག་མར་པྲཀྲྀཏི་དང་། དེ་ནས་སཾསྐྲྀཏི། མཐའ་མར་བིཀྲྀཏི་བཅས་རིམ་བཞིན་རང་བཞིན་གྱིས་འདུ་བྱེད་ཀྱི་འགྲོ་སྟངས་ལྟ་བུར་བརྩི། དེས་ན་སཾསྐྲྀཏིའི་ནང་ལེགས་པ་མ་གཏོགས་ཉེས་པའི་ཆ་མེད། སཾསྐྲྀཏི་ཞེས་པའི་ཚིག་འདི་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་ལེགས་པར་བྱང་བ་སྟེ་ལེགས་བྱང་ཞེས་བསྒྱུར་འདུག ལེགས་བྱང་ཞེས་པ་འདི་ Culture དང་སཾསྐྲྀཏིའི་དོན་དུ་བེད་སྤྱོད་གཏོང་རྒྱུ་དེ་ཁ་ཤས་ཀྱིས་གསར་པ་བཟོས་པ་ལྟ་བུ་ཞིག་ལ་དགོངས་ཀྱི་འདུག འདི་གསར་པ་བཟོས་པ་མིན། སློབ་དཔོན་འཕགས་པ་ལྷའི་གཞུང་སྔོན་མ་ནས་བོད་སྐད་དུ་བསྒྱུར་བ་ཞིག་གི་ནང་དུ་གསལ་འདུག དེས་ན་སྔོན་མ་ཡོད་པ་དེ་ང་ཚོས་བེད་སྤྱོད་གཏོང་གི་ཡོད། ཨཱཅཱརྱ་ནརེནྡྲ་དེབ་ཀྱིས་འགྲེལ་པ་རྒྱག་སྟངས་དེ་སྙིང་རྗེ་པོ་མཐོང་གི་ཡོད། ཁོང་གིས་སཾསྐྲྀཏི་ཅཱིཏྟ་བྷཱུམི་ཀཱི་ཀྲྀཥི་ཧཻ་ཞེས་ལེགས་བྱང་ནི་བསམ་བློའི་ཞིང་སའི་སོ་ནམ་ཡིན་ཞེས་གསུངས། ནུབ་ཕྱོགས་པའི་སྐད་ལའང་སོ་ནམ་ཞེས་པ་དེ་ཡོད། དེ་ཡང་ Agriculture ལས་ Culture ཞེས་པ་དེ་བྱུང་ཞིང་། ས་བོན་བཏབ་པ་དང་ལུད་བླུགས་ནས་ Cultivate བྱེད་དགོས་ཀྱི་ཡོད།
སྐབས་འདིར་སྲོལ་རྒྱུན་ལ་ཁྱད་ཆོས་གསུམ་ཚང་དགོས་པ་དེ་ཤེས་དགོས། དེ་ལྟ་བུའི་ཁྱད་ཆོས་གསུམ་གྱི་རྣམ་གཞག་གསལ་པོ་བཟོ་མཁན་ནི་ཀུམཱར་སྭཱམཱི་ཡིན། ཁོང་ཤྲཱིལངྐཱའི་མཁས་པ་ཞིག་རེད་ལ། འཕགས་པ་གནས་བརྟན་པའི་རྗེས་འཇུག་གི་ནང་པ་ཞིག་ཡིན། ད་ལྟ་བཞུགས་མེད། ཁོང་གིས་བསྟན་བཅོས་མང་པོ་བརྩམས་ཡོད། ཐོག་མར་ས་འོག་ནས་ཐོན་པའི་དངོས་རྫས་རྙིང་པ་བདག་སྤྲོད་བྱེད་མཁན་གྱི་ Archaeologist ཡིན། རྗེས་སུ་གྲུབ་མཐའ་སྨྲ་བར་གྱུར་ནས་གྲུབ་མཐའི་རྣམ་གཞག་མང་པོ་བརྩམས་ཡོད། ཁོང་གིས་སྲོལ་རྒྱུན་ (Tradition) ཡིན་ན་ཚད་མའི་སྐྱེས་བུ་ནས་བྱུང་བ་ (Originated from authentic source) དང། བརྒྱུད་པ་བར་མ་ཆད་པ་ (Coming down with unbroken lineage) ཡོད་པ། རིགས་པས་དཔྱད་པར་བཟོད་པ་ (Verifiable by rational and logic) བཅས་ཁྱད་ཆོས་གསུམ་ཚང་དགོས་ཞེས་གསུངས་ཡོད། རིག་པས་དཔྱད་པར་བཟོད་པ་ཞེས་པ་ལ་ཨིན་སྐད་དུ་ Verifiable by logic དང་ Verifiable by common sense ཞེས་པ་གཉིས་སྐབས་སོ་སོར་བེད་སྤྱོད་གཏོང་གི་ཡོད། Originated from a authentic source ཞེས་པར་ནུབ་ཕྱོགས་པ་འཇིག་རྟེན་བྱེད་པ་པོ་འདོད་མཁན་རྣམས་ཀྱིས་ Originated from divine source ཞེས་བཤད། རང་རེས་ Divine source ཞེས་མི་བརྗོད། དེ་གསུམ་ཚང་ན་སྲོལ་རྒྱུན་ཞེས་པའི་ཐ་སྙད་ཐོབ། རྒྱ་གར་གྱི་སྐད་དུའང་དེ་རང་ཡོད། པརམ་ཞེས་པ་འདི་འབྱུང་ཁུངས་ཚད་མ་ཡིན་པ། ཡང་དག་པ་ཡིན་པ། མཐོ་ཤོས་ཡིན་པ་དང་། པརཱ་ཞེས་པ་རྒྱུན་མ་ཆད་པར་ཡོང་བའི་དོན་ཡིན།
འོ་ན་བོད་ལ་རྣམ་གྲངས་སྣ་ཚོགས་སུ་དར་ཚུལ་ཇི་ལྟར་ཡིན་ཞེ་ན༑ ཁྱབ་ཆེ་བ་ལྟར་བྱེད་ན་ཆོས་བརྒྱུད་ཆེན་པོ་བཞི་དེ་ཡིན། རྙིང་མ་པ་དང་། བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ་ཞེས་ད་ལྟ་ཁྱབ་ཆེ་ཤོས་ཀྱི་སྲོལ་རྒྱུན་བཞི་པོ་དེ་ཡིན། བྷོ་ཊའི་སྲོལ་རྒྱུན་དེ་ལ་སྤྱི་ཡོངས་ཀྱི་སྡོམ་བརྒྱབ་ན། རྙིང་འགྱུར་དང་གསར་འགྱུར་གཉིས་སམ་རྙིང་མ་དང་གསར་མ་གཉིས་སུ་དབྱེ་ཆོག བསྟན་པ་སྔ་དར་གྱི་སྐབས་སུ་བྱུང་ཟིན་པ་དེ་རྙིང་འགྱུར་དང་། གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་བྱུང་བའམ་དམིགས་ཀྱིས་བཀར་ནས་ལོ་ཆེན་རིན་ཆེན་བཟང་པོས་བོད་དུ་བསྒྱུར་བའི་མདོ་རྒྱུད་ཡོངས་རྫོགས་རྒྱ་དཔེ་དང་བསྡུར་ནས་བསྐྱར་ཞིབ་གནང་བའི་རྗེས་ཀྱི་འགྱུར་རྣམས་གསར་འགྱུར་ཡིན། དེ་མིན་སློབ་དཔོན་དྲན་པ་ཡེ་ཤེས་གྲགས་པའམ་སྨྲྀཏིཛྙཱན་ཀཱིརྟིའི་སྔོན་གྱི་འགྱུར་རྣམས་རྙིང་འགྱུར་དང། དེའི་རྗེས་ཀྱི་འགྱུར་རྣམས་གསར་འགྱུར་ཡིན། ལོ་ཆེན་རིན་ཆེན་བཟང་པོ་དང་སྨྲྀཏིཛྙཱན་ཀཱིརྟི་གཉིས་སྐུ་དུས་གཅིག་པ་ཡིན། དེ་ལ་རྙིང་མའི་ནང་རྙིང་མ་ཡོངས་གྲགས་ཤིག་དང་བཀའ་གདམས་པ་ཞེས་པ་གཉིས་དང་། གསར་མའི་ནང་བཀའ་བརྒྱུད་དང་། ས་སྐྱ། དགེ་ལུགས་ཞེས་གོ་རིམ་བསྒྲིག་ནའང་མ་འགྲིགས་པ་མེད། རྙིང་མའི་ཆོས་ཀྱི་འབྱུང་ཁུངས་གཙོ་བོ་ནི་མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་སཾབྷབ། སློབ་དཔོན་ཀམལ་ཤཱིལ་སོགས་སྐབས་དེ་དུས་ཀྱི་རྒྱ་གར་གྱི་པཎ་གྲུབ་རྣམས་ལས་ཐད་ཀར་བྱུང་བ་ཞིག་རེད། བཀའ་གདམས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏཱི་ཤ་ནས་བརྒྱུད་པ་ཞིག་ཡིན། བཀའ་བརྒྱུད་པ་ནི་མར་པ་ལོ་ཙཱ་བ་རྒྱ་གར་ལ་ཐེངས་མང་ཕེབས་ནས་པཎ་ཆེན་ན་རོ་པ་དང་མཻཏྲཱི་པ་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་ནས་ཐད་ཀར་ཕྱག་རྒྱ་ཆེན་པོའི་ཆོས་ཞུས་ནས་དར་བ་ཞིག་རེད། ས་སྐྱ་པ་ནི་འཁོན་དཀོན་མཆོག་རྒྱལ་པོས་རྒྱ་གར་གྱི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་ཆེན་བིརཱུཔ་དང་གཡཱདྷར་གཉིས་ཀྱི་སྐུ་མདུན་ནས་ལམ་འབྲས་ཀྱི་ཆོས་ཐད་ཀར་ཞུས་ནས་དར་བ་ཞིག་ཡིན། དེ་རྣམས་རྒྱ་གར་ནས་ཐད་ཀར་བརྒྱུད་པ་ཡིན། རི་བོ་དགེ་ལུགས་པ་ནི་རྒྱ་གར་ནས་ཐད་ཀར་བརྒྱུད་ཚུལ་མེད་རུང་། རྗེ་རིན་པོ་ཆེ་རྒྱ་གར་དུ་ཕེབས་རྒྱུ་ཐུགས་ཐག་བཅད་ནས་ཕེབས་རྩིས་གནང་སྐབས་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་དྭོགས་པ་མ་ཆོད་པ་རྣམས་རིམ་པས་དོགས་པ་ཆོད་རྒྱུ་དང་། རྒྱ་གར་དུ་ཕེབས་ན་དེར་འགྲོ་དོན་ཆེན་པོ་བྱུང་ཡང་བོད་ལ་གྱོང་ཆེན་པོ་ཡོང་ངེས་ཞེས་བཤོལ་བཏབ་པར་བརྟེན། ཕེབས་མ་ཐུབ།
ཆོས་ལུགས་ཀྱི་མཚན་འདོགས་སྟངས་ལ། རྙིང་མ་པ་ཞེས་པ་འགྱུར་གྱི་དུས་ལ་བརྟེན་ནས་རྗེས་སུ་བཏགས་པ་དང། ས་སྐྱ་པ་དང་། སྟག་ལུང་པ། འབྲི་གུང་པ། འབྲུག་པ་དང་། དགེ་ལྡན་པ་རྣམས་ཐོག་མར་ཆོས་དར་སའི་ས་གནས་ཀྱི་མིང་གི་ཐོག་ནས་བཏགས་པ། ཀརྨ་བཀའ་བརྒྱུད་དང། བུ་ལུགས། བོ་དོང་བ། ཇོ་ནང་པ་རྣམས་སོ་སོའི་སློབ་དཔོན་གྱི་མཚན་ནས་བཏགས་པ། བཀའ་གདམས་པ་དང་། རྫོགས་ཆེན་པ། ཕྱག་ཆེན་པ། ཞི་བྱེད་པ་རྣམས་གདམས་ངག་གི་གཙོ་བོ་གང་ཡིན་པ་དེའི་ཆ་ནས་བཏགས་པ་སོགས་མིང་འདོགས་སྣ་ཚོགས་ཡོད་ཀྱང། དོན་དུ་ཐེག་པའི་ཆ་ནས་ཐེག་པ་ཆེན་པོ་བ་དང། གྲུབ་མཐའི་ཆ་ནས་དབུ་མ་ཐལ་འགྱུར་བ་གཅིག་གྱུར་མ་གཏོགས་དེ་ལ་ནང་གསེས་ཀྱི་དབྱེ་བ་གང་ཡང་མེད། འོན་ཀྱང་ཆོས་བརྒྱུད་སོ་སོའི་ཐུན་མོང་མ་ཡིན་པའི་རྩལ་འདོན་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པར་བརྟེན་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ་ཞེས་བརྗོད། དེ་ལྟ་བུ་རྣམ་གྲངས་སྣ་ཚོགས་སུ་དར་བའི་ཉེར་ལེན་ལ་བརྟེན་ནས་ཆོས་བརྒྱུད་སོ་སོའི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་དང། གདམས་ངག མན་ངག བོགས་འདོན་སོགས་མཐའ་ལས་འདས། གཞི་རྩའི་ལྟ་གྲུབ་གཅིག་གྱུར་ཡིན་ནའང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཧ་ཅང་མང་པོ་ཡོད། དེ་ལྟ་བུའི་ལེགས་བཤད་ཀྱི་བཅུད་དེ་ས་གནས་གཅིག་དང་། སློབ་ཁང་གཅིག ཁང་མིག་གཅིག་ཏུ་ཚང་མ་མཉམ་དུ་སློབ་སྦྱོང་བྱེད་པ་མ་ཟད། འཛིན་སྐྱོང་སྤེལ་གསུམ་ཡང་བྱེད་ཀྱི་ཡོད། འཛིན་ཞེས་པ་ནི་རང་གི་རྒྱུད་ལ་སྐྱེད་པར་བྱེད་པ་ཡིན། དཔེར་ན་སྡེ་སྣོད་གསུམ་འཛིན་གྱི་ལྔ་པ་ཞེས་པ་ལྟ་བུ། སྲོལ་རྒྱུན་སོ་སོའི་ནང་དུ་ཡོད་པའི་ཆོས་དེ་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་རང་རྒྱུད་ལ་བཟུང་ཐུབ་པ་བྱུང་ན་འཛིན་པ་ཡིན། དེ་ལྟ་བུའི་ཐོས་བྱུང་གི་ཤེས་རབ་དེ་བསམས་བྱུང་གི་ཤེས་རབ་ཀྱི་ངོ་བོར་འགྱུར་ན་སྐྱོང་བ་ཡིན། འཛིན་པ་དེ་རྒྱུན་བསྐྱངས་ནས་ཡར་རྒྱས་གཏོང་མ་ཐུབ་ན་བརླག་འགྲོ་བ་ཡིན། དེས་ན་འཛིན་ཞེས་པ་ཐོས་བྱུང་གི་ཤེས་རབ་དང་། སྐྱོང་ཞེས་པ་བསམས་བྱུང་གི་ཤེས་རབ་ལ་སྦྱར་ནའང་རུང་། གལ་ཏེ་ཐོས་བསམ་གྱི་ཤེས་རབ་ལ་མ་སྦྱར་ན། འཛིན་ཞེས་པ་རང་གིས་སློབ་སྦྱོང་བྱེད་པ་དང་། སྐྱོང་ཞེས་པ་རང་གིས་ཉམས་ལེན་བྱེད་པ། སྤེལ་ཞེས་པ་གཞན་ལ་བཤད་པ་བཅས་ལ་སྦྱར་ནའང་རུང་། དེ་ལྟ་བུ་བྱེད་མཁན་གྱི་གཙུག་ལག་སློབ་གཉེར་ཁང་དེ་ངོ་མཚར་བ་ཡིན་ཞེས་པའོ།།
གཙུག་ལག་སློབ་ཁང་འདིར་ནང་པའི་གཞུང་ཆེན་པོའི་སློབ་ཁྲིད་གཙོ་བོར་བྱེད་དགོས་པ།
དེ་ལྟར་རིགས་ཀྱི་གླུའི་ཤློཀ་གསུམ་པ་དང། བཞི་པ། ལྔ་པ་གསུམ་སོང་ཟིན། དེ་གསུམ་གྱིས་གཙུག་ལག་སློབ་གཉེར་ཁང་འདིའི་དམིགས་བསལ་གྱི་བསླབ་གཞི་དང། སློབ་ཚན། ཇི་ལྟར་སློབ་པའི་ཚུལ་རྣམས་བཤད་པར་བརྟེན་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷག་པར་དུ་གཙུག་ལག་སློབ་གཉེར་ཁང་འདིའི་མཚན་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཡིན་པར་བརྟེན་འདིའི་བསླབ་གཞི་གཙོ་བོ་ནང་པའི་རིག་གནས་ཡིན་དགོས། སྤྱིར་དེང་སང་རྒྱ་གར་གྱི་ཁྲིམས་གཞི་ལ་འགྱུར་བ་མང་པོ་ཕྱིན་ཡོད། ད་ལྟའི་གནས་སྟངས་ང་ལ་རྒྱུས་མེད། འོན་ཀྱང་ཕྱི་ལོ་ ༢༠༠༠ སྔོན་དུ་ང་གཙུག་ལག་སློབ་གཉེར་ཁང་གི་སྒྲོམ་གཞིའི་ནང་ལས་ཀ་བྱེད་སྐབས་གཙུག་ལག་སློབ་གཉེར་ཁང་ཁག་གི་སྒྲིག་འཛུགས་ཀྱི་ཁྲིམས་གཞིའི་ནང་མཱནྱ་བིཤྭབིདྱཱལཡ་ (Deemed University) རྣམས་ཀྱིས་རིག་སྡེ་མང་པོ་མེད་པར་རིག་སྡེ་གཅིག་ལ་དམིགས་བསལ་གྱིས་སློབ་སྦྱོང་དང་ཉམས་ཞིབ་བྱེད་དགོས་ཚུལ་བཤད་ཀྱི་ཡོད། དེས་ན་ Deemed University སོ་སོའི་སློབ་ཚན་དམིགས་བསལ་བ་དེ་གསལ་པོ་སྟོན་དགོས་ཀྱི་ཡོད། གཙུག་ལག་སློབ་ཁང་འདི་ལ་མཚོན་ན། ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཡིན་པས་ནང་པའི་རིག་གནས་དེ་བསླབ་གཞི་གཙོ་བོ་དང། སློབ་ཚན་གཞན་རྣམས་ནང་པའི་རིག་གནས་ཀྱི་ཡན་ལག་གམ་དེའི་མཐུན་རྐྱེན་དུ་འགྲོ་བ་དགོས། ནང་པའི་རིག་གནས་ནི་གོང་དུ་ཞུས་པ་ལྟར་རིག་གནས་ལྔ་པོ་དེ་ཡིན། རིག་པའི་གནས་ལྔ་ཞེས་པ་ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དབྱེ་བ་ཕྱེ་ཚུལ་དང་། དེ་ཡང་ཐེག་པ་ཆེན་པོའི་གཞུང་ལུགས་ནས་རིག་གནས་ཀྱི་དབྱེ་བ་ཕྱེ་ཚུལ་ཞིག་ཡིན། སྤྱིར་རིག་པའི་གནས་ཐམས་ཅད་ནང་པས་བཤད་པའི་རིག་པའི་གནས་ལྔའི་ནང་དུ་འདུས་མིན་སྐོར་མཁས་པའི་བཞེད་ཚུལ་མི་འདྲ། འཇམ་མགོན་ས་པཎ་གྱིས་མཚོན་པའི་བོད་ཀྱི་སྔོན་གྱི་མཁས་པ་མང་པོས། འཇིག་རྟེན་གྱི་ཤེས་བྱའི་གནས་ཡོངས་སུ་རྫོགས་པ་རིག་གནས་ལྔའི་ནང་འདུས་པར་གསུངས་ཡོད། དེར་བརྟེན་རིག་གནས་ལྔའི་རྣམ་གཞག་གསལ་པོ་མཁྱེན་དགོས་པ་གལ་ཆེན་པོ་ཡིན། ལྷག་པར་དུ་ཤེས་བྱའི་གནས་ཡོངས་སུ་རྫོགས་པ་རིག་པའི་གནས་ལྔའི་ནང་འདུས་པར་བཞེད་པའི་ཕྱོགས་བཟུང་ན། བཞེད་ཚུལ་དེ་ཡང་གསལ་པོ་མཁྱེན་དགོས། དེ་བཞིན་དེང་རབས་ཀྱི་སློབ་ཚན་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་རིག་གནས་ལྔའི་ནང་དུ་འདུ་ཚུལ་ཡང་མཁྱེན་དགོས།
ཁ་སང་དུས་ཚོད་ཀྱི་དབང་གིས་རིག་གནས་ལྔའི་གྲངས་འདྲེན་ཙམ་ལས། དེའི་བྱུང་ཚུལ་དང་། སོ་སོའི་བརྗོད་དོན་སོགས་ཞུ་རྒྱུའི་གོ་སྐབས་བྱུང་མེད། དེ་ཚོ་རྒྱས་པར་གཟིགས་འདོད་ཡོད་ན། སི་ཏུ་པཎ་ཆེན་གྱིས་མཛད་པའི་སྡེ་དགེའི་བཀའ་བསྟན་གྱི་དཀར་ཆག་[61]དང་། ལྷ་ས་ཞོལ་བཀའ་འགྱུར་དཀར་ཆག དེ་བཞིན་ཐམས་ཅད་མཁྱེན་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་[62]སོགས་སུ་གསལ། ཕྱིས་སུ་ཝཱ་རཱ་ཎ་སཱིའི་དགེ་བཤེས་རྒྱལ་མཚན་རྣམ་གྲོལ་གྱིས་བརྩམས་པའི་རིག་གནས་ལྔའི་ངོ་སྤྲོད་ཀྱི་དེབ་ཅིག་ཀྱང་ཡོད། གང་ལྟར། ལྔ་ཕྲག་ཕྱི་ནང་རིག་པའི་གནས་ཀུན་ལ།། ཞེས་རིག་གནས་ལྔའི་རྣམ་གཞག་བཤད་པའི་སྐབས་སུ་རིག་གནས་ཐམས་ཅད་དེའི་ནང་འདུས་མིན་ལ་མ་ལྟོས་པར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཕྱི་དང་ནང་གི་རིག་གནས་ཞེས་དབྱེ་ཚུལ་སྣ་ཚོགས་ཤིག་ཡོད་པར་བརྟེན་ཕྱི་ནང་ཞེས་པའི་ཚིག་འདི་སྨོས་པ་ཡིན། དེ་ནས། རྣམ་དག་རིགས་ལམ་ཕྲ་མོས་་་་་་།། ཞེས་པ་སྦྱོང་ཚུལ་གྱི་སྐོར་དེ་ཡིན། དེའི་རྗེས་སུ། སྔོན་བྱོན་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས།། ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་འཛིན་པའི།། ཞེས་པ་ནི་དེར་གཤེགས་པའི་ལམ་གྱི་ཤུལ་འཛིན་ཚུལ་དེ་སྟོན་པ་ཡིན། དེ་ཡང་སྔོན་བྱོན་མཁས་གྲུབ་ངང་པའི་རྒྱལ་པོ་རྣམས་ཇི་ལྟར་གཤེགས་པའི་ལམ་གྱི་ཤུལ་དེ་ཇི་ལྟར་འཛིན་དགོས་ཞེ་ན། ཁོང་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་ལ་སློབ་གཉེར་བྱས་ནས་ཤུལ་འཛིན་དགོས་པ་ལས། མཚན་སྨོས་པ་ཙམ་དང་དད་པ་ཡོད་པ་ཙམ་གྱིས་ཤུལ་འཛིན་པར་མི་འགྱུར།
གཙོ་ཆེ་ཤོས་ནི་རྒྱལ་བའི་ལུང་གིས་ཟིན་པའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཤིང་རྟའི་སྲོལ་འབྱེད་དང་ཤིང་རྟའི་སྲོལ་འཛིན་ནམ། ཡང་ན་རྩ་བ་དང་འགྲེལ་པ་མཛད་པ་པོ་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཐོས་བསམ་གནང་བ་ནི་ཤུལ་འཛིན་པ་ཡིན། རྒྱན་དྲུག་མཆོག་གཉིས་ཞེས་པ་རྒྱ་གར་དུ་གྲགས་པ་ཞིག་མིན་པ་དང་། བོད་པས་རྒྱ་གར་གྱི་པཎ་ཆེན་རྣམས་ལ་དམིགས་ཀྱིས་བཀར་ནས་གལ་གནད་བཏོན་པ་ཞིག་ཡིན་ཚོད། དེ་བཞིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ནཱལནྡཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་མཛད་དེ་ནཱལནྡཱའི་པཎ་གྲུབ་བཅུ་བདུན་ཟུར་བཏོན་མཛད་ཡོད། ད་ལྟ་རང་རེས་གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་གྱུར་པའི་སློབ་གཉེར་གནང་རྒྱུའི་གཞུང་ཆེན་མོ་རྣམས་ཀྱི་རྩོམ་པ་པོ་ནི་ནཱལནྡཱའི་པཎ་གྲུབ་བཅུ་བདུན་པོ་དེ་རྣམས་ཡིན། འོན་ཀྱང་དུས་ཕྱིས་སུ་ཁ་ཤས་ཀྱིས་རྒྱ་གར་ནང་ཏཀྵཤིལཱ་དང་། བིཀྲམཤཱིལ། ཨོདནྟཔུརཱི། རྡོ་རྗེ་གདན་སོགས་སློབ་སྦྱོང་གི་བསྟི་གནས་ཆེ་བ་མང་དུ་ཡོད་ཀྱང་། ནཱལནྡཱ་ཞེས་ཟུར་དུ་བཏོན་དགོས་པ་དང་། པཎ་གྲུབ་དེ་དག་ཐམས་ཅད་ནཱལནྡཱའི་ཆོས་བརྒྱུད་འཛིན་མཁན་དུ་ཇི་ལྟར་འགྱུར་ཞེས་དགོངས་མཁན་ཡོད་སྲིད། ནཱལནྡཱ་ནི་དེ་དག་ལས་གཙོ་ཆེ་བ་དང་། ལྷག་པར་དུ་རྒྱ་གར་གྱི་མཁས་གྲུབ་དེ་དག་དངོས་བརྒྱུད་གང་རུང་ནས་ནཱལནྡཱ་དང་འབྲེལ་བ་ཡོད་པ་ཞིག་ཡིན།
མཉམ་མེད་ཇོ་བོ་རྗེ་ལྟ་བུར་མཚོན་ན། མཛད་པ་འཕྲིན་ལས་གཙོ་བོ་བསྐྱང་ས་ནི་བིཀྲམཤཱིལ་ཡིན། འོན་ཀྱང་ཇོ་བོ་རྗེ་ཐོག་མར་རབ་བྱུང་དང་གསན་བསམ་གནང་ས་ནཱལནྡཱ་རེད། རྒྱ་གར་ནས་བོད་དུ་ཕེབས་ཁར་ཡང་ནཱལནྡཱར་ཕེབས་ནས་མཆོད་འབུལ་སྨོན་ལམ་སོགས་གནང་ཡོད། གཞན་ཡང་ནང་པའི་གཞུང་ཆེན་སློབ་གཉེར་གནང་སའི་གདན་ས་རྙིང་ཤོས་དེ་ནཱལནྡཱ་ཡིན། ནཱལནྡཱའི་དགེ་འདུན་གྱི་སྡེ་དང་ནཱལནྡཱ་མཧཱབིཧཱར་རམ་ནཱལནྡཱའི་གཙུག་ལག་ཁང་ཆེན་པོ་སྟོན་པ་ཞལ་བཞུགས་སྐབས་ནས་ཚུགས་ཟིན། ནཱལནྡཱ་ནི་ཤཱ་རིའི་བུའི་འཁྲུངས་ཡུལ་ཡིན། དེ་སྔ་རྒྱལ་པོའི་ཁབ་ཀྱི་མཁས་པ་རྣམས་རྒྱལ་པོའི་སྐུ་མདུན་དུ་རྩོད་པ་བརྩད་ནས་རྒྱལ་མཁན་དེར་གྲོང་གསེབ་དང་ས་ཆ་གསོལ་རས་གནང་རྒྱུའི་སྲོལ་ཞིག་ཡོད་འདུག ནཱལནྡཱ་ཡང་རྩོད་པ་རྒྱལ་མཁན་གྱི་པཎྜིཏ་རྣམས་ལ་གསོལ་རས་གནང་རྒྱུའི་ས་ཆ་དེ་ཡིན། རྗེས་སུ་རྩོད་པ་རྩོད་མཁན་མང་དུ་འགྲོ་སྐབས་ཚང་མ་ལ་གསོལ་རས་གནང་ཐབས་མ་གྱུར་ནས་རྩོད་པ་རྒྱལ་མཁན་ལ་བདག་པོ་སྔ་མ་དེ་ནས་ཚུར་བླངས་ནས་སྤྲོད་རྒྱུའི་རྒྱལ་པོའི་ཁབ་ཀྱིས་ཁྲིམས་ཤིག་གཏན་འབེབས་བྱས། གང་ལྟར་ནཱལནྡཱ་རྩོད་པ་རྒྱལ་མཁན་ལ་གསོལ་རས་སྤྲོད་རྒྱུའི་གནས་ཤིག་ཡིན་པར་བརྟེན་མཁས་པའི་བཞུགས་ཡུལ་ཞིག་ཆགས་ཡོད། ཤཱ་རིའི་བུ་མཆོག་ཟུང་གི་ནང་དུ་ལུང་བསྟན་པའི་རྗེས་སུ་རང་གི་འཁྲུངས་ཡུལ་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་གནང་ཡུལ་ཞིག་ཏུ་གྱུར། དེ་ལྟར་རང་རེའི་རྒྱ་གར་གྱི་ནང་པའི་སྲོལ་རྒྱུན་ལ་ནཱལནྡཱའི་སྲོལ་རྒྱུན་ཞེས་མཚན་ཐོགས་པ་བྱུང་ཡོད། དཔེར་ན་དགེ་ལུགས་པ་ལྟ་བུར་མཚོན་ན། སེ་འབྲས་དགའ་གསུམ་གྱིས་མཚོན་པའི་རི་བོ་དགེ་ལྡན་པའི་གདན་ས་མང་པོ་ཡོད། གདན་ས་ཁ་ཤས་དགའ་ལྡན་གྱི་དགོན་པ་ཕྱག་མ་བཏབ་གོང་ནས་ཡོད། འོན་ཀྱང་དགེ་ལྡན་པའི་རིང་ལུགས་ཞེས་བརྗོད་པ་མ་གཏོགས་འབྲས་སྤུངས་རིང་ལུགས་དང་། སེ་རའི་རིང་ལུགས་ཞེས་བརྗོད་ཀྱི་མེད། དེས་ན་གཙོ་ཆེ་བ་གཅིག་གི་མིང་བཟུང་ན་དེས་མ་འཐུས་པ་མེད། དེ་ལྟར་པཎ་གྲུབ་བཅུ་བདུན་གྱིས་མཚོན་པའི་རྒྱ་གར་གྱི་མཁས་པ་ཁག་དང་། བོད་ཀྱི་མཁས་པ་གྲངས་ལས་འདས་པ་ཞིག་བྱུང་ཡོད། གཙོ་ཆེ་བ་ནི་གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔའི་གསོལ་འདེབས་[63]ནང་གསལ་བ་ལྟར་ཆོས་བརྒྱུད་སོ་སོའི་འབུར་དུ་ཐོན་པའི་མཁས་པ་དེ་རྣམས་ཀྱིས་བརྩམས་པའི་གཞུང་ལ་ཐོས་བསམ་དང་། དེ་རྣམས་ཀྱིས་གནང་བའི་གདམས་ངག་ལ་ཉམས་ལེན་བྱས་ནས་ཤུལ་འཛིན་ཚུལ་དེ་ལྟར་ཡིན། དེ་མིན་མཚན་བགྲངས་པ་ཙམ་གྱིས་འགྲིག་གི་མེད།
དེ་ཡི་རྗེས་སུ། འཕགས་ཡུལ་ཐེག་གསུམ་གྲུབ་མཐའ་རྣམ་བཞིའི་དོན།། བྷོ་ཊའི་སྲོལ་རྒྱུན་རྣམ་གྲངས་སྣ་ཚོགས་སུ།། ཞེས་གྲུབ་མཐའ་རྣམ་བཞི་དང་ཐེག་པ་གསུམ་གྱི་དོན་ཡོངས་སུ་རྫོགས་པའི་སྲོལ་རྒྱུན་བོད་ཀྱི་ནང་དུ་དར་བ་བཞིན་ནང་པའི་རྒྱལ་ཁམས་གཞན་དུ་བྱུང་མེད། གོང་དུ་ཞུས་པ་ལྟར་བོད་ཀྱི་ཆོས་བརྒྱུད་ཚང་མ་གྲུབ་མཐའི་དབང་དུ་བྱས་ན་དབུ་མ་པ་དང། ཐེག་པའི་དབང་དུ་བྱས་ན་ཐེག་ཆེན་པ་ཡིན། འོན་ཀྱང་དེས་གྲུབ་མཐའ་གཞན་དང་ཐེག་པ་གཞན་གྱི་རྣམ་གཞག་བོད་ལ་མ་དར་བའི་ཚུལ་བཤད་ཀྱི་མེད། བོད་དུ་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ཡོངས་སུ་རྫོགས་པ་དར་ཡོད། དཔེར་ན་མངོན་རྟོགས་རྒྱན་ལྟ་བུར་མཚོན་ན་དངོས་པོ་བརྒྱད་དང་དོན་བདུན་བཅུའི་ནང་ཐེག་པ་གསུམ་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཚང་ཡོད་པ་ལས། ཐེག་ཆེན་རྐྱང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བཤད་པ་མིན། དེ་དང་མཚུངས་པར་འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་པའི་སྐབས་དང། ཐེག་པ་ཆེན་པོའི་གཞུང་དང་དབུ་མ་པའི་གཞུང་ཐོས་བསམ་བྱེད་པའི་སྐབས་སུ་གྲུབ་མཐའ་རྣམ་བཞིའི་གཞུང་ཡོངས་སུ་རྫོགས་པ་ཐོས་བསམ་བྱེད་དགོས་པ་ཡིན། དེ་ཙམ་དུ་མ་ཟད་ཕྱི་རོལ་པའི་གྲུབ་མཐའ་ཡང་དར་ཡོད། ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག་ཁ་ཤས་དེང་སང་ཕྱི་རོལ་པ་ཁོ་རང་ཚོར་ཆ་རྒྱུས་མེད་པ་བོད་སྐད་དུ་བཞུགས་པའི་གཞུང་ལུགས་ནས་ཕར་བློ་སྐྱེད་ལེན་དགོས་པ་མང་པོ་ཡོད། དུས་རབས་བརྒྱད་པ་དང་དགུ་པའི་གོང་དུ་བྱུང་བའི་ཕྱི་རོལ་པའི་གྲུབ་མཐའ་ཡོངས་རྫོགས་ཚད་ཆེན་ནམ་དེ་ཁོ་ན་ཉིད་བསྡུས་པའི་རྩ་འགྲེལ་[64]ནང་ཕྱོགས་སྔའི་ཚུལ་དུ་གསལ་པོ་གསུངས་ཡོད། དེ་ཡི་སྔོན་དུ་བྱུང་བའི་ཕྱི་རོལ་པའི་འདོད་པ་རྣམས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བའི་[65]ནང་ཞིབ་ཕྲ་བཀོད་ཡོད། དེ་རྣམས་བོད་པའི་སྲོལ་རྒྱུན་གྱིས་འཛིན་སྐྱོང་བྱེད་ཀྱི་ཡོད་ལ་སློབ་སྦྱོང་ཡང་བྱེད་ཀྱི་ཡོད། དཔེར་ན་མཉམ་མེད་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་སུ་འཆད་ཉན་མང་ཆེ་བ་རྟོག་གེ་འབར་བ་གནང་ཡོད། དེ་ནི་ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུའི་རྣམ་གཞག་དང་ཕྱི་ནང་གི་གྲུབ་མཐའ་ཡོངས་སུ་རྫོགས་པ་ཤེས་པའི་ཆེད་དུ་ཡིན། དེ་བཞིན་སློབ་དཔོན་ཞི་བ་འཚོ་ནི་ཚད་ཆེན་གྱི་རྩོམ་པ་པོ་ཡིན། ཁོང་བོད་དུ་བཞུགས་པའི་སྐབས་སུ་ཚད་མ་རིག་པའི་རྣམ་གཞག་ལ་བརྟེན་ནས་གཞུང་ཆེན་པོ་ལ་འཇུག་དགོས་ཚུལ་ལམ་སྟོན་གནང་ཡོད། དེ་ལྟར་རིགས་ལམ་ཕྲ་མོར་འབྱེད་པའི་རྣམ་དཔྱོད་གལ་ཆེ་ཤོས་སུ་བརྩི་རྒྱུ་དེ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་།
ད་ལྟའི་གནས་སྐབས་སུ་གནས་བརྟན་སྡེ་པའི་རྒྱལ་ཁམས་རྣམས་ལ་བལྟས་ན། མངོན་པའི་སློབ་སྦྱོང་ཡག་པོ་ཡོད་ལ། འདུལ་བའི་ཉམས་ལེན་ཡང་ཡག་པོ་ཡོད། དེ་མིན་ཉན་ཐོས་སྡེ་གཉིས་སམ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གཞི་བདེན་པ་གཉིས་ཀྱི་རྣམ་གཞག་དང་། ལམ་གྱི་བགྲོད་ཚུལ། འབྲས་བུ་བརྙེས་ཚུལ་སོགས་ཞིབ་ཕྲ་མེད། བིཤུདྡྷིམཱརྒའམ་རྣམ་པར་དག་པའི་ལམ་དང་མངོན་པའི་མདོ་སོགས་སུ་མངོན་པའི་རྣམ་གཞག་རྒྱས་པོ་ཡོད་པར་བརྟེན་སློབ་སྦྱོང་ཡག་པོ་ཡོད། ལྷག་པར་དུ་མཡན་མར་ནང་ང་ཚོ་ཐོག་མར་རྒྱ་གར་དུ་འབྱོར་བའི་སྐབས་སུ་མངོན་པའི་སློབ་སྦྱོང་ཧ་ཅང་ཞིབ་ཚགས་པོ་དང་གཏིང་ཟབ་པོ་འདུག སློབ་སྦྱོང་བྱེད་སྟངས་ཀྱང་བོད་པས་བསྡུས་གྲྭ་སློབ་ཁྲིད་བྱེད་པ་ལྟར་དགེ་རྒན་དགེ་ཕྲུག་བར་ལ་ཁ་སློབ་བྱས་ནས་བློ་ལ་འཛིན་དུ་འཇུག་གི་ཡོད། དེང་སང་གང་འདྲ་ཡོད་མེད་མི་ཤེས། ཆོས་མངོན་པའི་ནང་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་གྲངས་འདྲེན་དང་དབྱེ་བ་རྣམས་ཧ་ཅང་གསལ་པོ་ཡོད། མཡན་མར་དང་ས་ཡམ་གཉིས་ཀའི་ནང་འདུལ་བའི་གཞུང་དེ་ཙམ་མང་པོ་མི་འདུག།བོད་སྐད་དུ་བཞུགས་པའི་འདུལ་བའི་ལུང་ལས་པཱ་ལིའི་ནང་བཞུགས་པ་ཕྲན་བུའི་ཉུང་བ་ཡོད། དེ་བཞིན་ལུང་ཙམ་མ་གཏོགས་འགྲེལ་པ་རྒྱ་ཆེན་པོ་མེད། གང་ལྟར་དུས་རབས་བཅུ་བཞི་པའི་གོང་དུ་རྒྱ་གར་ནང་དར་བའི་ཐེག་པ་གསུམ་དང་གྲུབ་མཐའ་རྣམ་པ་བཞིའི་འདོད་ཚུལ་ཡོངས་སུ་རྫོགས་པ་ཕྲ་ཞིང་ཞིབ་པ་ཆ་ཚང་གཞུང་ལུགས་དང་། བཤད་རྒྱུན། རྩོད་པའི་ཆ་བཅས་གང་ནས་ཡིན་ནའང་བོད་གངས་ཅན་གྱི་ལྗོངས་མ་གཏོགས་མེད། ཡུལ་ཁམས་གཞན་དུ་དེ་འདྲ་བྱུང་མེད་པ་ལྟ་བུ་ཡིན། དེས་ན་ལེགས་བཤད་བྱེ་བ་འབུམ་གྱི་བཅུད་འཛིན་སྐྱོང་སྤེལ་བའི་སློབ་ཁང་ཆེན་པོ་ཨེ་མ་ཧོ་ཞེས་པའོ།། སྤྱིར་བོད་ཀྱི་སྔོན་བྱོན་གྱི་མཁས་པ་ཚང་མ་ལྟ་བ་དབུ་མ་པ་དང་ཐེག་པ་ཐེག་ཆེན་པ་ཡིན་ནའང། ཐེག་པ་གཞན་དང་གྲུབ་མཐའ་གཞན་གྱི་སློབ་སྦྱོང་མེད་པ་མིན། ལྷག་པར་དུ་སེམས་ཙམ་པའི་གཞུང་ལྟ་བུར་མཚོན་ན་རྒྱ་གར་ལས་ཀྱང་བོད་དུ་དར་ཁྱབ་ཆེ་བ་བྱུང་ཡོད་ཚོད། དཔེར་ན་ཡིད་དང་ཀུན་གཞིའི་རྣམ་གཞག་སོགས་བོད་ནང་ཟུར་དུ་དར་ཁྱབ་ཆེན་པོ་བྱུང་བ་ལྟར་ཕལ་ཆེར་རྒྱ་གར་ནང་བྱུང་ཡོད་མེད་གཟིགས་དགོས། དེ་ཡན་ཆད་ཀྱིས་ནང་དོན་རིག་པའི་སྐོར་མདོར་ཙམ་ཞུས་པ་ཡིན།
ནང་དོན་རིག་པའི་ཡན་ལག་ཏུ་བརྡ་སྤྲོད་སོགས་གནའ་དེང་གི་རིག་གནས་ལ་སློབ་ཚུལ།
དེའི་རྗེས་ཀྱི་ཚིགས་བཅད་དྲུག་པ་ནི།
གཞན་ཡང་བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་དང་།།
དེང་རབས་སྒྱུ་རྩལ་ཚན་རིག་འཕྲུལ་ལས་སོགས།།
གནའ་དེང་ཤེས་བྱའི་གནས་ཀུན་དུས་གཅིག་ཏུ།།
སྦྱང་ཡུལ་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༦ །།
ཞེས་པས་གོང་དུ་རིག་པའི་གནས་ལྔ་དང། སངས་རྒྱས་ཀྱི་གསུང་རབ་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ། ཐེག་པ་གསུམ་དང་གྲུབ་མཐའ་རྣམ་པ་བཞིའི་དོན། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་སྲོལ་རྒྱུན་རྣམས་བཤད་པའི་རྗེས་སུ་དེང་རབས་ཀྱི་སློབ་ཚན་སྐོར་བསྟན། གཞན་ཡང་ཞེས་སྨོས་པ་ནི་གོང་དུ་སྨོས་པའི་ནང་དོན་རིག་པའི་སློབ་ཚན་དེ་གཙོ་བོ་ཡིན་པ་བཤད་མི་དགོས་པ་དང་། འདིས་ཞར་བྱུང་གི་རྣམ་གཞག་རྣམས་བསྟན་པ་ཡིན། ཞར་བྱུང་གང་ཡིན་ཞེ་ན། སློབ་ཚན་དེ་རྣམས་ཀྱི་དོན་དུ་དམིགས་ཀྱིས་བཀར་བའི་དམིགས་ཡུལ་མེད་ནའང། གོང་དུ་སྨོས་པའི་སློབ་ཚན་གཙོ་བོ་སྦྱང་རྒྱུར་མཐུན་རྐྱེན་དང་། རྒྱབ་སྐྱོར། དེ་ལ་ཕན་ཐོགས་བྱ་རྒྱུའི་ཆེད་དུ་སློབ་ཚན་གཞན་དག་མང་པོ་ཤེས་དགོས། དེ་མིན་གཙུག་ལག་སློབ་གཉེར་ཁང་འདིར་འཛུལ་ཞུགས་བྱེད་མཁན་གྱི་སློབ་གཉེར་བ་ལ་མཚོན་ན། འདིའི་ནང་ཡོད་པའི་སྐད་ཡིག་དང་སྒྱུ་རྩལ་སོགས་ལ་གཙོ་བོར་སློབ་སྦྱོང་བྱ་རྒྱུའི་ཆེད་དུ་འཛུལ་གྱི་མེད། གལ་ཏེ་དེ་རྣམས་ལ་གཙོ་བོར་སློབ་སྦྱོང་བྱ་རྒྱུ་ཡིན་ན། འཛུལ་སའི་སློབ་ཁང་དེ་ནོར་གྲབས་བྱེད་ཀྱི་ཡོད། གཙོ་བོ་རིག་པའི་གནས་ལྔས་བསྡུས་པའི་ནང་པའི་རིག་པའི་གནས་ལ་སློབ་སྦྱོད་བྱེད་རྒྱུ་ཡིན་པ་སྨོས་མེད་ཐོག དེའི་སློབ་སྦྱོང་ཆ་ཚང་བ་དང་ཡོངས་སུ་རྫོགས་པ་ཡོང་བ་ལ་བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་དང་། དེང་རབས་ཀྱི་སྒྱུ་རྩལ་སོགས་ཡན་ལག་མང་པོ་ཞིག་ལ་སློབ་སྦྱོང་བྱེད་དགོས། དེང་རབས་ཞེས་པ་ནི་ཨཱདྷུནིཀ་དང་། ཨིན་སྐད་དུ་ Modern ཞེས་པ་དེ་ཡིན། འདིའི་མཚམས་གཟུང་རྒྱུ་ཁག་པོ་ཡིན། སྤྱིར་ Modernity ཞེས་པ་དེ་རྒྱུན་རིང་པོ་ཞིག་ཕྱིན་མེད། མང་ན་ལོ་ཉིས་བརྒྱ་ལྔ་བཅུའི་སྔོན་དུ་བྱུང་བ་ཞིག་ཡིན། འོན་ཀྱང་འགྱུར་བ་འགྲོ་བའི་མགྱོགས་ཚད་ཧ་ཅང་མྱུར་བར་བརྟེན། དེང་རབས་ (Modern) ནས་ཆེས་དེང་རབས་ (Ultra Modern) དང་། དེ་ནས་དེང་རབས་གོང་མ་ (Post Modern) བཅས་ད་ལྟ་རང་རེས་དེང་རབས་གོང་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Post Modern Civilization) ནང་ཡོད་བསམ་གྱི་ཡོད་ལ། དེང་རབས་གོང་མའི་ནང་དུ་སླེབས་པའི་ཁུལ་ཡིན། འདི་བདེན་པ་ཡིན་མིན་མི་ཤེས། སྒྱུ་རྩལ་ནི་ Arts དང་། ཚན་རིག་ནི་ Science འཕྲུལ་ལས་ནི་ Technology རེད། འདིའི་ནང་སྒྱུ་རྩལ་དང་། ཚན་རིག འཕྲུལ་ལས་གསུམ་དམིགས་ཀྱིས་བཀར་ནས་བསྟན་ཡོད། བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་ཞེས་པ་ནི་སྐད་ཡིག་གི་རིམ་པ་རྣམས་ཡིན།
སྤྱིར་རིག་པའི་གནས་ལྔར་ཕྱེ་བའི་སྐབས་སུ་སྐད་ཡིག་རིག་པ་ནི་སྒྲ་རིག་པའི་ནང་བཞག་པའི་རང་རྐང་ཐུབ་པའི་རིག་གནས་ཤིག་ཡིན། གང་ཡིན་ཞེ་ན། འཇིག་རྟེན་འདིའི་ནང་རིག་གནས་ཡར་རྒྱས་འགྲོ་རྒྱུའི་ཆ་རྐྱེན་མེད་དུ་མི་རུང་བ་ནི་སྐད་ཡིག་དེ་ཡིན། སྐད་ཡིག་གི་རིག་གནས་དེ་མེད་ན་རིག་གནས་གཞན་རྣམས་ཡར་རྒྱས་འགྲོ་རྒྱུ་ཧ་ལམ་མེད། དེས་ན་རིག་པའི་གནས་མང་པོ་འཇིག་རྟེན་གྱི་ནང་དུ་མགོ་ཚུགས་པ་དང་དར་ཞིང་རྒྱས་པ་ནི་སྐད་ཡིག་གི་རིག་གནས་ལ་བརྟེན་ནས་བྱུང། སྟོན་པ་པོ་རྣམས་ཀྱིས་དོན་ཇི་ལྟ་བ་བཞིན་དུ་གཟིགས་པའི་རིག་པའི་གནས་དེ་དག་ངག་གི་རང་བཞིན་ལ་བརྟེན་ནས་གཞན་ལ་སྟོན་པ་ཡིན། ངག་གི་རང་བཞིན་ཞེས་པ་བོད་སྐད་ཀྱི་རྒྱུན་སྤྱོད་ནང་མེད། དེ་ནི་བཱངྨཡ་ཞེས་པའམ་བསྟན་བཅོས་ཀྱི་ཚོགས་ཡིན། ལེགས་སྦྱར་དང་ཧིནྡཱིའི་སྐད་དུ་བཱངྨཡ་ཞེས་ད་ལྟའང་བེད་སྤྱོད་གཏོང་མུས་ཡིན། བོད་སྐད་ཀྱི་རྒྱུན་སྤྱོད་ནང་མེད་པར་བརྟེན་ངག་གི་རང་བཞིན་ཞེས་པ་བསྟན་བཅོས་ཀྱི་ཚོགས་ལ་ལམ་སེང་གོ་ཁག་པོ་ཡོད། མེ་ལོང་མར། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།། རང་ཉིད་ཉམས་པ་མེད་ལ་ལྟོས།།[66] ཞེས་སྔོན་འདས་ཟིན་པའི་རྒྱལ་པོ་དང་མཁས་པ་རྣམས་ཀྱི་མཚན་སྙན་གྲགས་ཀྱི་གཟུགས་དེ་བཱངྨཡ་སྟེ་ངག་གི་རང་བཞིན་ནམ་རྩོམ་རིག་གི་མེ་ལོང་ནང་འཕོས་པར་བརྟེན། དེ་ཚོ་འདས་ནས་རྒྱུན་རིང་སོང་ནའང་། སྙན་གྲགས་ད་ལྟའང་ཉམས་པ་མེད་པར་གནས་པ་ནི་ངག་གི་རང་བཞིན་གྱི་མེ་ལོང་ལ་བརྟེན་ནས་བྱུང་། དེ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་བཀའ་སྩལ་བའི་སྡེ་སྣོད་གསུམ་པོ་དེ་ངག་གི་རང་བཞིན་ནང་མེད་ན་ད་ལྟ་ང་ཚོའི་བར་དུ་སླེབས་ཐབས་མེད། ངག་གི་རང་བཞིན་ནང་གནས་པར་བརྟེན། ཡི་གེའི་གཟུགས་སུ་བཀོད་ནས་གླེགས་བམ་བྱུང། ངག་གི་རང་བཞིན་གཅིག་ནས་གཅིག་ཏུ་བརྒྱུད་ནས་གནས་པ་གླེགས་བམ་སྟེ་ཡིག་ཐོག་ཏུ་བཀོད་པ་དེ་ཧ་ཅང་གི་ཕན་ཐོགས་བྱུང་ཡོད། དེ་ལྟར་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་གསུངས་པའི་གསུང་རྣམས་ད་ལྟ་རྙེད་ཐུབ་པ་དང། དེ་བཞིན་དུ་ལོ་རེ་ནས་ལོ་རེར་གསར་གཏོད་དང་ཡར་རྒྱས་ཕྱིན་པའི་རིག་པའི་གཞུང་ལུགས་རྣམས་ངག་གི་རང་བཞིན་ནང་འཕོས་ཏེ་ཉམས་པ་མེད་པར་ཡོང་བས་ན་སྐད་ཡིག་རིག་པའམ་བརྡ་སྤྲོད་ཀྱི་རིག་པ་དེ་རིག་གནས་ཀྱི་ནང་ནས་གལ་ཆེ་བ་ཞིག་ཆགས་ཡོད། རང་ཅག་མི་རྣམས་དུད་འགྲོ་ལས་ཁྱད་པར་འབྱེད་པའི་འབྱེད་ཆོས་གཉིས་ཡོད། འབྱེད་ཆོས་དང་པོ་ནི་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡིན། བླང་བྱ་དང་འདོར་བྱ་གང་ཡིན་པ་དང། དེའི་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་བསམ་བློ་གཏོང་ཐུབ་པའི་རྣམ་འབྱེད་ཀྱི་ཤེས་རབ་ནི་ལྷ་དང་མི་ལ་སོགས་པ་བདེ་འགྲོའི་རྟེན་ལ་མ་གཏོགས་དུད་འགྲོ་ལ་མེད། འབྱེད་ཆོས་གཉིས་པ་ནི་བརྡ་སྤྲོད་ཀྱི་ངག་དེ་ཡིན། དུད་འགྲོ་ལ་རང་བཞིན་གྱིས་ཕན་ཚུན་གོ་བརྡ་འཕྲོད་རྒྱུའི་སྒྲ་ཞིག་ཡོད་ཀྱང་བརྡ་སྤྲོད་ཀྱི་ངག་མེད། བོད་སྐད་ནང་བྷཱཥཱ་དང་བོལཱི་གཉིས་དབྱེ་བ་ཕྱེ་བའི་ཐ་སྙད་གསལ་པོ་དང་གཏིང་ཚུགས་པ་ཞིག་རྒྱུན་སྤྱོད་ནང་མེད། བྷཱཥཱ་ཞེས་པ་ནི་སྐད་ཡིག་དང་། བོལཱི་ཞེས་པ་ནི་ཡུལ་སྐད་དམ་ཕལ་སྐད་དེ་ཡིན། ཡི་གེའི་ནང་ཇི་ལྟར་བྲིས་པ་བཞིན་མ་བརྗོད་ནའང། དེ་ལས་ཕྲན་བུ་ཟུར་ཆག་ནས་བརྗོད་པ་དེ་ལ་བཱོལཱི་ཞེས་ཟེར།
ལར་ནས་རྒྱ་གར་གྱི་བསྟན་བཅོས་ལ་གྲགས་པའི་སྐད་བཞི་ཡོད། དེ་དག་རང་བཞིན་གྱིས་སྐད་ཐ་དད་པ་བཞིའི་དོན་མིན། སྐད་ཡིག་ཚང་མའི་ནང་ལེགས་སྦྱར་གྱི་སྐད་དང་། རང་བཞིན་པའི་སྐད། ཟུར་ཆག་གི་སྐད། ཤ་ཟའི་སྐད་བཅས་བཞི་རེ་ཡོད། སྐད་ཡིག་ཚང་མའི་ནང་མེད་ནའང་ཡོང་ཆོག་པ་ཡིན། ལེགས་སྦྱར་གྱི་སྐད་ནི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པར་བེད་སྤྱོད་གཏོང་རྒྱུ་དེ་ཡིན། ལེགས་པར་སྦྱར་རྒྱུ་ཞེས་པ་ནི་རྟགས་ཀྱི་འཇུག་ཚུལ་དང་། ཕོ་མོའི་དབྱེ་བ། དུས་གསུམ་གྱི་དབྱེ་བ། བདག་གཞན་གྱི་དབྱེ་བ། ཕྲད་དང་རྣམ་དབྱེ། རྐྱེན་ལ་སོགས་པ་གཞུང་ནས་གསུངས་པ་ལྟར་སྦྱར་ཡོད་པ་དེ་ལ་ལེགས་པར་སྦྱར་བའི་སྐད་ཅེས་བརྗོད། དེ་རྒྱུན་དུ་བེད་སྤྱོད་གཏོང་བའི་ཚེ་ཤབྡཱནུཤཱསན་སྟེ་ཚིག་གི་སྒྲིག་འཛུགས་དང་བྱཱཀརཎ་སྟེ་ལུང་དུ་སྟོན་པའི་སྒྲིག་ལམ་ལྟར་ཡོང་ཐུབ་ཀྱི་མེད། སྤྱིར་བོད་ཀྱི་ལུང་དུ་སྟོན་པ་ལ་མཚོན་ན༑ རྟགས་མཚུངས་དང་བརྗོད་བདེ་འདྲེན་པའི་ཚུལ་གཉིས་ཡོད། མཁས་པ་ཁ་ཅིག་གིས་བརྗོད་བདེ་འདྲེན་པ་དེ་མ་དག་པར་བརྩི་མི་དགོས་གསུང་མཁན་ཡོད། བརྗོད་བདེ་འདྲེན་པའི་རྣམ་གཞག་དེ་ཐམས་ཅད་ལ་སྦྱར་མི་རུང་ཡང་རྟགས་མཚུངས་འདྲེན་ཚུལ་དང་དོ་མཉམ་པ་ལྟ་བུར་བརྩི་རུང་། དེ་ལྟར་བརྗོད་བདེ་བ་གཙོ་བོར་བྱས་པར་བརྟེན་རིམ་པས་ཉམས་པའི་སྐབས་སུ་ཁ་ནས་བཤད་པ་དེ་ཡི་གེར་ཇི་མ་ཇི་བཞིན་འབྲི་མི་ཐུབ་པའམ་འབྲི་མི་དགོས་པ་ཆགས་འགྲོ་བ་དེ་ལ་ཡུལ་མི་རང་བཞིན་པའི་སྐད་ཅེས་ཟེར། དེ་ནས་གྲོང་གསེབ་ཆུང་ཆུང་དང་མཐའ་འཁོབ་ཏུ་སླེབས་པའི་ཚེ་རིམ་པས་ཡུལ་མི་རང་བཞིན་པའི་སྐད་དེ་ཡང་ཟུར་ཆག་ནས་འགྲོ་བ་ཡིན།
དེང་སང་གོ་ལ་གཅིག་གྱུར་གྱི་གནས་སྐབས་སུ་ངག་སྐད་ཧ་ཅང་མང་པོ་བརླག་འགྲོ་གི་ཡོད། དེ་མིན་སྔ་མོའི་གྲོང་གསེབ་རྣམས་ལ་བལྟས་ན་འགྲུལ་བཞུད་ཀྱི་བརྒྱུད་ལམ་བདེ་པོ་མེད་པ་དང་འབྲེལ་ལམ་དེ་ཙམ་མེད་པའི་དུས་སུ་རྒྱང་གྲགས་རེ་གཉིས་སམ་དཔག་ཚད་རེ་གཉིས་འདས་པའི་སྐབས་སུ་སྤྱིར་སྐད་ཡིག་གཅིག་ཡིན་ནའང་ངག་སྐད་དམ་ཡུལ་སྐད་ཅུང་ཟད་མི་འདྲ་བ་ཆགས་འགྲོ་བ་དེ་ཟུར་ཆག་ཡིན། ལྷ་ས་ལྟ་བུར་མཚོན་ན་ལྷ་སའི་བར་སྐོར་ནང་ཡོད་པའི་མི་རྣམས་ཀྱིས་དབུས་སྐད་གཙང་མ་རྒྱག་སྟངས་དང། དེ་ནས་ཞོལ་དང་ར་མ་སྒང་སོགས་སུ་སླེབས་སྐབས་གྲོང་གསེབ་ཀྱི་སྐད་ཕྲན་བུ་མི་འདྲ་བ་ཆགས་འགྲོ་གི་ཡོད། དེ་ལྟ་བུ་ནི་ཟུར་ཆག་གི་སྐད་ཡིན། གོང་གི་ཟུར་ཆག་གི་སྐད་དེ་ཧ་ཅང་གི་མཐའ་ལ་ལྷུང་བའི་སྐབས་སུ་པིཤཱཙིའི་སྐད་དུ་གྱུར། པིཤཱཙིའི་སྐད་ཅེས་མིང་བཏགས་པ་ཙམ་ལས་མི་སྐད་མིན་ཞེས་གསུང་གི་མེད། དཔེར་ན་བོད་ཀྱི་ལུང་པ་མཐའ་འཁོབ་རྒྱལ་རོང་ལྟ་བུར་བོད་ཡིག་འབྲི་གི་ཡོད་ཀྱང་། ངག་སྐད་དེ་རྦད་དེ་མི་འདྲ་བ་ཡོད། དེ་ལ་ནམ་རྒྱུན་ལོག་སྐད་ཅེས་བརྗོད། དཔེར་ན་མགོ་ལོག་དང་རྒྱལ་རོང་གི་ལོག་སྐད་ཟེར་བ་ལྟ་བུ། པིཤཱཙིའི་སྐད་དམ་འདྲེའི་སྐད་ཅེས་ཟེར་བ་ནི་སྐད་དེ་ལ་དམའ་འབེབས་བྱས་པ་མིན། ཟུར་ཆག་པའི་མཐར་ཐུག་པ་ཞིག་ལ་ཐ་སྙད་དེ་འདྲ་བཏགས་པ་ཡིན།
དེས་ན་ Language and Local Dialect ཞེས་གཉིས་ཡོད་པ་ལས། Language ཞེས་པ་ནི་ལུང་དུ་སྟོན་པ་དང་མཐུན་པའི་སྐད་དང། ངག་སྐད་ནི་ Local Dialect དང་བོལཱི་ཞེས་པ་སྟེ་ས་གནས་སོ་སོའི་སྐད་དེ་ཡིན། སྐད་དེ་ཡིག་ཐོག་ཏུ་འབྲི་བ་ན་སྐད་ཀྱི་རྣམ་གཞག་གཅིག་གི་ནང་འགྲོ་དགོས། དཔེར་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་སྐད་ཡིག་དེ་ལ་བོད་སྐད་དམ་བྷོ་ཊཱིའི་སྐད་ཡིག་ཅེས་བརྗོད། སྐད་འདི་ཕ་སྐད་ཀྱི་ཚུལ་དུ་བེད་སྤྱོད་གཏོང་མཁན་ནི་པཱཀིསྟཱན་གྱི་མཐའ་ནས་བཟུང་སྟེ་མ་ཡན་མར་ (Myanmar) གྱི་ས་མཚམས་བར་གྱི་ཧིམཱལཡའི་རི་རྒྱུད་ལ་ཁྱབ་ཡོད། དེ་བཞིན་རྒྱ་ནག་ནང་བོད་ཀྱི་ས་མཚམས་དང་འབྲེལ་བའི་ཡུལ་ལུང་མང་པོར་སྐད་ཡིག་འདི་བེད་སྤྱོད་གཏོང་གི་ཡོད། གཞན་ཡང་རིག་གནས་དང་ཆོས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཆེད་དུ་བེད་སྤྱོད་གཏོང་མཁན་ནི་སོག་པོ་དང་། དེ་བཞིན་ཨུ་རུ་སུའི་ནང་ཡོད་པའི་ཀལ་མིག་དང་། བུརིཡཏ། ཐུ་བ་སྟེ་སོག་རིགས་མངའ་སྡེ་གསུམ། རྒྱ་ནག་ནང་ཡོད་པའི་མན་ཇུའི་མི་རིགས་རྣམས་ཡིན། ཁོང་ཚོས་བོད་སྐད་དུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་ལ་སློབ་སྦྱོད་བྱེད་ཀྱི་ཡོད། སྤྱིར་ལྕང་སྐྱ་རོལ་པའི་རྡོ་རྗེ་རིན་པོ་ཆེ་བཞུགས་པའི་སྐབས་སུ་བཀའ་བསྟན་རྣམས་སོག་སྐད་དང་མན་ཇུའི་སྐད་དུ་བསྒྱུར་ཡོད་ཀྱང་འགྲོ་དོན་ཆེན་པོ་དེ་ཙམ་བྱུང་མེད། ཁོང་ཚོ་གཞུང་ཆེན་མོར་སློབ་གཉེར་བྱེད་མཁན་ཚང་མ་ཐོག་མ་ནས་བོད་སྐད་ཐོག་ནས་སློབ་སྦྱོང་བྱེད་མཁན་ཤ་སྟག་ཡིན། དེ་ལྟ་བུའི་སོག་པོ་དང། རཤིཡ། མན་ཇུའི་མཁས་པ་རྣམས་ཀྱིས་བསྟན་བཅོས་ཀྱང་བོད་སྐད་དུ་བརྩམས་ཡོད།
དེ་ནས། གཞན་ཡང་བརྡ་སྤྲོད་སྐད་ཀྱི་རྣམ་གྲངས་དང་།། ཞེས་འདིར་ཧིནྡཱི་སོགས་སྐད་ཀྱི་རྣམ་གྲངས་མི་འདྲ་བ་སྣ་ཚོགས་ཤིག་བསླབ་ཀྱི་ཡོད། བདག་ཉིད་ཆེན་པོ་གཱཾདྷཱིའི་གསུང་རྣམས་གཏིང་ཟབ་ཡོད་ནའང་གོ་བདེ་པོ་ཡོད། ཧིནྡསྭཱརཱཇ་སྟེ་རྒྱ་གར་རང་དབང་ཞེས་པའི་ཕྱག་དེབ་ལ་མཚོན་ན༑ བལྟས་པའི་སྐབས་སུ་ཡི་གེ་ཡག་པོ་མི་ཤེས་པ་ཚོས་ཀྱང་གོ་བ་ལྟ་བུ་ཞིག་ཡོད། གཱཾདྷཱིའི་རང་རྣམ་ནང་ “ང་ཆུང་དུས་སློབ་གྲྭར་སློབ་སྦྱོང་བྱེད་པའི་སྐབས་སུ་ལེགས་སྦྱར་རམ་སཾསྐྲྀཏའི་སྐད་སྦྱང་རྒྱུ་དེ་དཀའ་ལས་ཁག་པོ་ཡོད། སཾསྐྲྀཏའི་དགེ་རྒན་དེ་ཅུང་ཚ་པོ་དང་དགེ་ཕྲུག་རྣམས་ལ་ཧ་ཅང་དོ་དམ་པོ་བྱེད་ཀྱི་ཡོད། ཕཱར་སཱི་སློབ་མཁན་གྱི་དགེ་རྒན་དེ་གུ་ཡངས་པོ་དང་རང་སྦྱོང་ཆ་ཚང་མ་བྱས་ནའང་འགྲིག་མཁན་ཞིག་ཡོད། དེས་ན་ཕཱར་སཱི་ལས་སླ་པོ་མཐོང་ནས་ཉིན་གཅིག་ཕཱར་སཱིའི་འཛིན་གྲྭའི་ནང་བསྐྱོད། སང་ཉིན་དེར་སཾསྐྲྀཏའི་དགེ་རྒན་གྱིས་ཟུར་དུ་འབོད་པར་བརྟེན། ཕཱར་སཱིའི་འཛིན་གྲྭར་ཕྱིན་པའི་རྒྱུ་མཚན་རྣམས་ཞུས་པ་ཡིན། དེ་ནས་དགེ་རྒན་དེས་དཀའ་ངལ་སེལ་ཐབས་ཀྱི་ལམ་སྟོན་དང་སྦྲགས་ལེགས་སྦྱར་གྱི་འཛིན་གྲྭའི་ནང་དུ་བསྡད་དགོས་པ་དང་། ལྷག་པར་དུ་རྒྱ་གར་གྱི་མི་རིགས་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་མ་ཤེས་ན་རང་གི་གནའ་བོའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཤེས་ཐུབ་རྒྱུ་ཁག་པོ་ཡིན་ཚུལ་སོགས་གསུངས་པའི་ཉེར་ལེན་ལ་བརྟེན། སང་ཉིན་དེ་ནས་སླར་ཡང་ལེགས་སྦྱར་གྱི་སློབ་ཚན་དུ་ལོག་པ་ཡིན། རྗེས་སུ་བསམ་བློ་གཏོང་སྐབས་དེ་དངོས་གནས་ཡག་པོ་བྱུང་འདུག ད་ལྟ་ངས་རྒྱ་གར་གྱི་གནའ་བོའི་གཞུང་ལུགས་རྣམས་ལ་ཕྲན་བུ་བསྙབས་ཐུབ་པ་དེ་སྐབས་དེར་ལེགས་སྦྱར་གྱི་སྐད་ཀྱི་རྒྱབ་ལྗོངས་ཕྲན་བུ་ཡོད་པ་དེའི་བཀའ་དྲིན་ལ་བརྟེན་ནས་བྱུང་འདུག དེས་ན་འབྱུང་འགྱུར་ལོ་གཞོན་པ་རྣམས་ཀྱིས་སྐད་ཡིག་མང་པོ་བསླབ་དགོས་པ་དང་། ལྷག་པར་དུ་ལེགས་སྦྱར་གྱི་སྐད་ངེས་པར་དུ་བསླབ་དགོས་པ་ནི་གལ་ཆེན་པོ་ཡིན་” ཞེས་གསུངས་ཡོད།
ཁོང་གི་བུནཡཱདཱི་ཏཱལཱིམ་སྟེ་གཞི་རིམ་གྱི་ཤེས་ཡོན་ནང་གསལ་བ་ལྟར་བདག་ཉིད་ཆེན་པོ་གཱཾདྷཱི་ནི་དུས་དང་རྣམ་པ་ཀུན་ཏུ་ལས་དོན་ཇི་འདྲ་ཞིག་ཡིན་རུང་ཁ་ཡོད་ལག་ཡོད་དང་སྟབས་བདེ་པོ་བཟོ་གནང་མཁན་ཞིག་ཡིན། ཁོང་གིས་ལེགས་སྦྱར་གྱི་སྐད་དང་། ཧིནྡཱི། གུཇརཱཏཱི་སོགས་རྒྱ་གར་གྱི་སྐད་ཡིག་མང་ཆེ་བ་རྩ་བའི་སྒྲོམ་གཞི་ལེགས་སྦྱར་ནས་བྱུང་བར་བརྟེན། དེ་རྣམས་སྐད་ཡིག་གཅིག་གི་ངོ་བོར་བསླབ་ན་མི་འགྲིག་པ་གང་ཡང་མེད། དེ་བཞིན་དུ་ཕཱར་སཱི་དང་། ཨུརྡཱུ་སོགས་ཀྱང་ཕཱར་སཱི་རྩ་བ་བྱས་ནས་བྱུང་བར་བརྟེན། སྐད་ཡིག་སྡེ་ཚན་གཅིག་གི་ངོ་བོར་བསླབ་ན་ལེགས་པོ་ཡོད་ཚུལ་གསུངས་ཡོད། གང་ལྟར་ཁོང་གིས་སློབ་ཚན་མང་པོ་བསླབ་རྒྱུའི་བརྒྱུད་ལམ་དེ་ཨིན་སྐད་ལ་བརྟེན་མི་དགོས་པ་ཞིག་མ་བྱུང་གི་བར་དུ་རྒྱ་གར་གྱི་ཤེས་ཡོན་གནས་ཚད་ཡང་དག་པ་ཞིག་ཡོང་མི་ཐུབ་ཅེས་གསུངས་ཡོད། འོན་ཀྱང་དེར་ཉན་མཁན་སུའང་མེད། དེང་སང་ཡང་སློབ་སྦྱོང་གི་བརྒྱུད་ལམ་ཨིན་སྐད་ལ་བྱེད་མཁན་གྱི་སློབ་གྲྭ་རྣམས་གནས་ཚད་མཐོ་བ་ལྟ་བུར་བརྩི་གི་ཡོད། ལོག་རྟོག་དེ་བཟློག་རྒྱུ་ཧ་ཅང་ཁག་པོ་ཡིན།
ཁྱེད་རང་ཚོས་མཁྱེན་གསལ་ལ་མེ་ཀོ་ལེ་ (Macaulay) ཞེས་པའི་ཨིན་ཇིའི་མཁས་པ་ཞིག་ཡོད། ཁོང་གིས་ ༡༨༣༥ ཕྱི་ཟླ་ ༢ ཚེས་ ༢ ཉིན་ཨིན་ཇིའི་གྲོས་ཚོགས་ནང་གསུང་བཤད་[67]ཅིག་གནང་ཡོད། ཁོང་རྒྱ་གར་དུ་ལོ་གཉིས་ཙམ་རིང་ས་གནས་ཚང་མར་ཕྱིན་ནས་ཨིན་ཡུལ་དུ་ལོག་རྗེས་གསུང་བཤད་དེ་གནང་ཡོད། ཁྱེད་རང་ཚོས་དེ་ངེས་པར་དུ་གཟིགས་དགོས། དེང་སང་དྲྭ་རྒྱའི་དུས་ཚོད་ཡིན་པར་བརྟེན་དྲྭ་རྒྱའི་ནང་རྙེད་རྒྱུ་ཡོད། ཁོང་གིས་གང་ལྟར་ང་ཚོས་རྒྱ་གར་ལ་དབང་བསྒྱུར་བྱ་རྒྱུ་དེ་རྒྱུན་གནས་དགོས་ན། ད་ལྟའི་རྒྱ་གར་གྱི་ཤེས་ཡོན་གྱི་ལམ་སྲོལ་དེ་རྩ་མེད་བཏང་ནས་ཨིན་ཇིའི་སྐད་ཡིག་གི་ཐོག་ནས་བསླབ་རྒྱུའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་བཙུགས་ཐུབ་པ་བྱེད་དགོས། དེ་མིན་ཨིན་ཇིས་རྒྱ་གར་ལ་རྒྱུན་རིང་དབང་བསྒྱུར་བྱེད་མི་ཐུབ། དེ་བཙུགས་པ་ཡིན་ན་རིང་པོར་མི་ཐོགས་པར་ཁོ་རང་ཚོའི་གང་ཡིན་པ་དེ་ཅུང་སྐྱོ་པོ་དང་ཞན་པའི་སྣང་བ་དང། ཨིན་ཇིའི་གང་ཡིན་པ་དེ་ཡག་པའི་སྣང་བ་ཞིག་ཡོང་། གང་ལྟར་རྒྱ་གར་བ་རྣམས་ཀྱི་བསམ་བློའི་ནང་བདག་ཉིད་ལ་བརྙས་པའམ་རྗེས་ལུས་ཐེབས་པའི་བསམ་ཚུལ་ཞིག་སྐྱེ་ཐུབ་པར་བྱེད་དགོས། དེའི་ཐོག་ངེས་པར་དུ་ཤུགས་བསྐྱོན་དགོས་ཀྱི་འདུག་ཅེས་གསལ་པོ་བཤད་ཡོད། བདག་ཉིད་ལ་བརྙས་པའི་ལེ་ལོ་ཞེས་པ་ནི་ལེ་ལོའི་ནང་ནས་སྡུག་ཤོས་དེ་ཡིན། དེ་རྗེས་ཁོང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཟོ་མཁན་གྱི་ནང་དུ་བསྐོས་པ་རེད། སྐབས་དེར་ཕར་ཚུར་གྲོས་བསྡུར་བྱས་པའི་ཡིག་ཆ་རྣམས་རྙེད་རྒྱུ་ཡོད། དེ་ལྟར་ཨིན་ཇིའི་ཤེས་ཡོན་གྱི་ལམ་ལུགས་དེ་རྒྱ་གར་དུ་བསླེབས་ནས་ལོ་བརྒྱའམ་མི་རབས་གསུམ་བཞི་ཙམ་ནང་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་ཆ་ཚང་རྩ་མེད་བཏང་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༣༤།༡༩༣༥ གང་རུང་ཞིག་ཏུ་བདག་ཉིད་ཆེན་པོ་གཱཾདྷཱིའི་གསུང་བཤད་ཅིག་གི་ནང་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་ལམ་ལུགས་དེ་རྩ་མེད་བཏང་བའི་གནས་ཚུལ་རྣམས་གསུངས་ཡོད།
ད་ལྟའི་གནས་སྐབས་སུ་མཻ་སཱུར་ (Mysore) དུ་རྒྱ་གར་གྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་སློབ་གཉེར་ཁང་ (Central Institute of Indian Languages) ཞིག་ཡོད། ལོ་ཤས་ཀྱི་སྔོན་དུ་སློབ་གཉེར་ཁང་དེས་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་རྒྱ་གར་གྱི་སྐད་ཡིག་ཏུ་མ་ཚུད་པའི་བོལཱིའམ་ཡུལ་སྐད་ཁྱོན་བསྡོམས་དྲུག་སྟོང་བརྒལ་བ་ཞིག་ཡོད་པ་དེའི་ནང་ནས་ཕྱི་ལོ་ ༡༩༦༢ ནས་ ༡༩༨༢ བར་དུ་ཡུལ་སྐད་སུམ་བརྒྱ་དྲུག་ཅུ་ལྷག་ཅིག་རྩ་མེད་དུ་ཕྱིན་ཚུལ་བྲིས་འདུག དེ་ཡི་རྗེས་སུ་ད་བར་ད་དུང་མང་པོ་ཞིག་རྩ་མེད་དུ་སོང་ཟིན། ཁྱེད་རང་ཚོའི་མི་རབས་ནང་རྒྱ་གར་གྱི་ད་ལྟའི་ཡུལ་སྐད་མི་འདྲ་བ་མང་པོ་ཡོད་པ་རྣམས་ལས་མང་པོ་ཞིག་རྩ་མེད་འགྲོ་ཉེན་ཡོད།
སྐད་ཡིག་རང་གི་སློབ་སྦྱོང་བྱེད་སྟངས་དེ་གང་ཡིན་ཞེ་ན། སྐད་ཡིག་དེའི་ལུང་དུ་སྟོན་པའི་རྣམ་གཞག་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། གཞན་ཡང་སྤྱིར་སྐད་ཡིག་གི་ལྟ་གྲུབ་ཀྱི་རྣམ་གཞག་ (The Philosophy of Language) ཅིག་ཡོད། དེ་བཞིན་སྐད་ཡིག་སོ་སོའི་ལྟ་གྲུབ་ཀྱི་རྣམ་གཞག་ཀྱང་མི་འདྲ་བ་ཡོད། དེས་ན་ནང་པའི་སྐད་ཡིག་གི་ལྟ་གྲུབ་དང། བོད་བརྒྱུད་ནང་བསྟན་གྱི་སྐད་ཡིག་གི་ལྟ་གྲུབ་ཀྱི་རྣམ་གཞག་དེ་མ་འོངས་པར་ཚན་རིག་དང་མཐུན་ཤོས་ཆགས་ཀྱི་རེད་བསམ་གྱི་འདུག འདིར་དེའི་སྐོར་བཤད་རྒྱུའི་གོ་སྐབས་མེད་ཀྱང་། གང་ལྟར་ཁྱོད་རང་ཚོས་དགོངས་པ་བཞེས་རྒྱུའི་ཆེད་དུ་མདོར་ཙམ་ཞུ་ན། ནང་པའི་གཞུང་ལས་སྒྲ་དང་རྟོག་པ་གཉིས་ཡུལ་ལ་འཇུག་ཚུལ་དེ་དངོས་དབང་གིས་མ་ཡིན་པར་གཞན་སེལ་གྱི་སྒོ་ནས་སམ། དེ་མ་ཡིན་བཀག་པའི་སྒོ་ནས་ཡིན་པ་གསུངས་ཡོད། དེ་ནི་དེང་རབས་ཀྱི་ཚན་རིག་དང་མཐུན་ཤོས་དང། མ་འོངས་པར་དེང་རབས་ཚན་རིག་གི་སྐད་ཡིག་གི་རྣམ་གཞག་དང་མཉམ་དུ་ཏག་ཏག་འགྲོ་ཐུབ། རྡོག་རྡོག་ཞུ་ན། གཞན་སེལ་གྱི་རྣམ་གཞག་དང་སྒྲ་རྟོག་དོན་ནམ་ཡུལ་ལ་རང་དབང་གིས་མི་འཇུག་པའི་རྣམ་གཞག་དེ་དེང་རབས་ཀྱི་ཚན་རིག་པས་མཐོང་གི་ཡོད།
ལྷག་པར་དུ་བོད་དམ་བྷོཊིའི་སྐད་ཡིག་ལྟ་བུར་མཚོན་ན། ལེགས་སྦྱར་ལ་དབྱངས་གསལ་ལྔ་བཅུ་ཐམ་པ་ཡོད་པ་དང་། བོད་སྐད་ལ་སུམ་ཅུ་སོ་བཞི་ལས་མེད་པར་བརྟེན། དབྱངས་གསལ་གྲངས་ཀྱི་ཆ་ནས་ལེགས་སྦྱར་ལས་ཉུང་བ་ཡོད། འོན་ཀྱང་བོད་ཀྱི་སྐད་ཡིག་གི་ཕྱུག་ཚད་ལ་མཚོན་ན། ལེགས་སྦྱར་གྱི་སྐད་ཀྱིས་ཇི་ཙམ་དོན་སྟོན་ནུས་པ་དེ་ཆ་ཚང་བོད་སྐད་ཀྱིས་ཀྱང་སྟོན་ཐུབ་ཀྱི་ཡོད། རྩོམ་ཡིག་ལ་མཚོན་ན། ལེགས་སྦྱར་གྱི་སྐད་ཀྱི་རྒྱན་གྱི་རྣམ་གྲངས་དང་། ཉམས་བརྒྱད་དམ་དགུ་བཅས་ཉམས་ཀྱི་རྣམ་གྲངས་ཇི་ལྟ་བ་བཞིན་དུ་བོད་སྐད་དུའང་སྟོན་ཐུབ་ཀྱི་ཡོད། བོད་སྐད་དུ་དགག་སྒྲུབ་སྟོན་པའི་ཚིག་ཇི་ཙམ་མང་བ་དེ་ཙམ་ཕལ་ཆེར་སྐད་ཡིག་གཞན་གང་ལའང་མེད། དཔེར་ན་བོད་སྐད་དུ་ཡིན་མིན་དང་། ཡོད་མེད། རེད་མ་རེད། འདུག་མི་འདུག་བཅས་བཞི་ཡོད། དེས་ན་དེ་ལྟ་བུའི་སྒྲའི་རྣམ་འགྱུར་རམ་དོན་མངོན་པར་གསལ་བར་བྱེད་པའི་ལུང་དུ་སྟོན་པའི་ཡན་ལག་རྣམས་ཧ་ཅང་ཕྱུག་པོ་ཡོད། དེ་ནས་སྒྱུ་རྩལ་ནང་ Arts སློབ་ཚན་ཚང་མ་དང་། ཚན་རིག་ནང་དེང་སང་ཚན་རིག་དངོས་ (Pure science) དང། གོང་དུ་ཞུས་པ་བཞིན་སློབ་ཚན་ཚང་མ་ལ་ཚན་རིག་ཅེས་སྦྱར་རྒྱུའི་རིགས་གཅིག་ཡོད། དེ་ནས་འཕྲུལ་ལས་ནི་ Technology དང་། སོགས་ཁོངས་ནང་དེ་ལས་གཞན་པའི་སློབ་ཚན་གང་ཡོད་པ་དེ་འཇུག་རྒྱུ་ཡིན། གནའ་ཞེས་པ་ནི་གནའ་བོའི་ཤེས་བྱ་དང་། དེང་ཞེས་པ་ནི་དེང་རབས་ཀྱི་ཤེས་བྱ་རེད། དེ་ལྟ་བུའི་གནའ་དུས་དང་དེང་དུས་ཀྱི་ཤེས་བྱའི་གནས་ཐམས་ཅད་སློབ་ཁང་གཅིག་གི་ནང་སློབ་དུས་གཅིག་གི་ཐོག་ནས་སྦྱང་ཆོག་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་ངོ་མཚར་བ་ཡིན་ཞེས་པའོ།། དེ་ཡན་སློབ་ཚན་གྱི་སྐོར་བཤད།
གཙུག་ལག་སློབ་གཉེར་ཁང་འདིས་སློབ་ཐོན་པ་ཇི་ལྟར་བསྐྲུན་པའི་ཚུལ།
དེ་ནས་ཤློཀ་ཐ་མ་གཉིས་ཀྱིས་སློབ་གཉེར་ཁང་འདིས་སློབ་ཕྲུག་གང་འདྲ་ཞིག་བསྐྲུན་པ་དང་། ཇི་ལྟ་བུ་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་བཞག་ཡོད་པ་དེའི་སྐོར་བསྟན་པ་ཡིན།
གཞན་ཕན་ལྷག་བསམ་དཔུང་པ་བརྟན་པོ་ཡིས།།
མཁས་མཛངས་ཡ་རབས་སྤྱོད་བཟང་རྒྱལ་མཚན་ཆེ།།
སྒྲེང་ལ་ཞུམ་མེད་འདྲེན་པ་འཛད་མེད་དུ།།
སྐྲུན་པའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༧ །།
ཞེས་གཞན་ཕན་ཞེས་པ་ནི་རང་ལས་གཞན་གཙོ་ཆེ་བ་དང་། སྒེར་ལས་སྤྱི་གཙོ་ཆེ་བར་བྱ་རྒྱུ་དེ་ཡིན། སྤྱིར་སྲོལ་རྒྱུན་ལྟར་ན་འགྲོ་བ་མི་ནི་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་ཡིན་པར་བརྟེན། གཞན་ལ་མ་ཕན་ན་རང་ལ་གནོད་པ་ཞིག་ཆགས་ཀྱི་ཡོད། དངོས་གནས་གཞན་དོན་གཙོ་བོར་བཟུང་བའི་གཞན་ཕན་གྱི་རྣམ་གཞག་ཅིག་བྱུང་ན་བཤད་མི་དགོས་ལ། རང་དོན་དུའང་གཞན་ཕན་གྱི་བྱ་བ་མ་སྒྲུབ་ན། རང་གཞན་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་ཚུལ་དུ་གནས་པར་བརྟེན་རང་ཉིད་ལའང་ཁེ་ཕན་མི་ཡོང་། དེའི་ཕྱིར་གཞན་ཕན་གྱི་བསམ་བློ་དེ་ངེས་པར་དུ་ཡོད་དགོས།
གང་ལྟར་སློབ་གཉེར་ཁང་འདི་ནས་ཐོན་པའི་སློབ་ཐོན་ནམ་སློབ་མ་དེའི་བསམ་སྤྱོད་དམ་བསམ་བློ་གཏོང་སྟངས་དེ་གང་འདྲ་ཞིག་ཡོང་དགོས་ཞེ་ན༑ རང་ལས་གཞན་གཙོ་ཆེ་བར་བྱེད་མཁན་ཞིག་དང་། གཞན་གྱི་ཁེ་ཕན་གྱི་དོན་དུ་རང་གི་ཁེ་ཕན་བློས་བཏང་དགོས་བྱུང་ནའང་གཏོང་ཐུབ་མཁན། རང་དོན་ཡིད་བྱེད་ཀྱི་བསམ་བློ་རྩ་བ་ནས་མེད་པ་མ་བྱུང་ནའང་རང་དོན་ཡིད་བྱེད་ཀྱི་བསམ་བློ་ཉུང་བ། གང་ལྟར་རང་དོན་ཡིད་བྱེད་ཀྱི་བསམ་བློའི་ནང་ལའང་རང་དོན་དེ་གཞན་ཕན་ལས་བྱུང་བ་མ་གཏོགས་གཞན་ལ་གནོད་པ་ལས་རང་དོན་མི་གྲུབ་པ་དངོས་ཡོད་གནས་སྟངས་ཡིན་པ་ཤེས་མཁན་ཞིག་ཡོང་དགོས། ལྷག་བསམ་ཞེས་པ་ནི་རྒྱུན་ལྡན་གྱི་ཀུན་སློང་ལས་ལྷག་པ་ཞིག་ལ་བརྗོད། ལྷག་པའི་བསམ་པ་ནི་མན་ངག་རྒྱུ་འབྲས་བདུན་གྱི་ནང་ནས་དྲུག་པ་དེ་ཡིན། དེས་གང་བཤད་ཀྱི་ཡོད་ཅེ་ན། གཞན་ལ་ཕན་པ་བྱུང་ན་བསམ་པའི་མོས་པ་ཙམ་དང་རེ་བ་ཙམ་ཡོང་རྒྱུ་ལས་སླ་པོ་ཡིན། དཔེར་ན་གང་ཟག་གང་ཡང་རུང་བའི་རྒྱུད་ལ་སྙིང་རྗེ་མཚན་ཉིད་པ་མེད་ནའང་སྙིང་རྗེ་རྗེས་མཐུན་པ་དང་བྱམས་བརྩེ་རྗེས་མཐུན་པ་ཡོད་ན། དེའི་རྒྱུད་ལ་གཞན་ལ་ཕན་པའི་མངོན་འདོད་ཡོད་ལ། གཞན་ལ་གནོད་པ་མ་འབྱུང་ན་སྙམ་པའི་རེ་བ་དང་མངོན་འདོད་ཀྱང་ཡོད། འོན་ཀྱང་ལྷག་བསམ་མ་སྐྱེས་བར་དུ་གཞན་ལ་ཕན་པའི་བྱ་བ་དེ་ངས་སྒྲུབ་ཀྱི་ཡིན་བསམ་པའི་རང་གི་སྟེང་དུ་ཁུར་དུ་ལེན་པའི་བསམ་པ་དེ་མེད། ཁུར་དུ་ལེན་པའི་བསམ་པ་དེ་སྐྱེས་པ་ན་དེ་ལྟ་བུའི་ཁུར་དུ་ལེན་བསམ་པ་དེ་ལ་ལྷག་བསམ་ཞེས་ཟེར། སྙིང་རྗེས་སྡུག་བསྔལ་དང་བྲལ་འདོད་དང་། བྱམས་པས་བདེ་བ་དང་ཕྲད་པར་འདོད་ཀྱི་ཡོད། སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ལྡན་པར་བདག་གིས་བྱའོ་སྙམ་པའམ་ངས་བྱེད་ཀྱི་ཡིན་ཞེས་གཞན་ཕན་གྱི་བྱ་བ་རང་གི་ཁུར་དུ་ལེན་པའི་བསམ་པའམ་བློ་དེ་ལྷག་བསམ་ཡིན། དེ་ལྟ་བུའི་ལྷག་བསམ་དེ་ཤེད་ཤུགས་ཆེ་ཞིང་ཤིན་ཏུ་བརྟན་པའི་ལག་པའི་དཔུང་པའི་གཟུགས་སུ་བཀོད། མཁས་ཞེས་པ་ནི་སྦྱངས་པའི་ཡོན་ཏན་དང། མཛངས་ཞེས་པ་ནི་རང་བཞིན་གྱི་རྣམ་དཔྱོད་ལ་བརྗོད།
སྤྱིར་སྦྱངས་པའི་ཡོན་ཏན་ཆེན་པོ་ཡོད་ཀྱང་རང་བྱུང་གི་རྣམ་དཔྱོད་ཡག་པོ་མེད་ན། དངོས་སུ་བྱ་བ་ལ་ཞུགས་པའི་སྐབས་སུ་ལྐུག་རྟགས་སྟོན་མཁན་ཡོང་སྲིད། རང་གི་སྦྱང་བྱའི་གཞུང་ལ་མཁས་ནའང་། ཆོས་དང་འཇིག་རྟེན་གྱི་བྱ་བར་དངོས་སུ་ཞུགས་པའི་སྐབས་སུ་བླང་དོར་གྱི་སྤུ་རིས་འབྱེད་པ་དང། ལྷག་པར་དུ་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་དང་། ཕྱིའི་ཁོར་ཡུག་དང་མཐུན་རྐྱེན་དེ་རྣམས་ལ་ལྟོས་ནས་གང་བྱེད་དགོས་པ་དང་། གང་བྱེད་མི་དགོས་པ་ཤེས་པ་དེ་མི་ཡོང་། མདོར་ན་མཁས་ཞེས་པ་ནི་ཐོས་བསམ་ལ་བརྟེན་ནས་ཤེས་བྱའི་གནས་གང་ཡང་རུང་བ་ཞིག་ལ་བྱང་ཆུབ་པ་དང་། མཛངས་ཞེས་པ་ནི་རང་བཞིན་གྱིས་སྤྱང་པོ་ཡོད་པ་ལ་བརྗོད། དེ་གཉིས་བྱུང་ན་དེའི་ཀུན་སྤྱོད་དེའང་ཡ་རབས་སྤྱོད་བཟང་ལས་ངན་པ་མི་ཡོང་། གོང་དུ་ཞུས་པ་བཞིན་ཀྲྀཥྞམཱུརྟིས། ནང་གི་ཤེས་རབ་སད་ན་སྤྱོད་པ་བཟང་པོ་རང་བཞིན་གྱིས་ཡོང་བ་ཡིན། (Awakening of inner intelligence will bring the flowering in goodness)[68] ཞེས་གསུངས་པ་ལྟར་ཡིན། Flowering in goodness ཇི་ལྟར་ཡོང་ཞེ་ན། ནང་གི་ཤེས་རབ་སད་པ་ལ་བརྟེན་ནས་ཡོང་། དེས་ན་མཁས་མཛངས་ལ་བརྟེན་ནས་བྱུང་བའི་ཡ་རབས་ཀྱི་སྤྱོད་པ་བཟང་པོ་དེ་རྒྱལ་མཚན་གྱི་གཟུགས་སུ་བཀོད། དེ་ལྟ་བུའི་རྒྱལ་མཚན་དེ་ལྷག་བསམ་གྱི་དཔུང་པ་བརྟན་པོས་སྒྲེང་བ་ལ་ཞུམ་པ་མེད་པ། ཞུམ་པ་མེད་པ་ཞེས་པ་ནི་འཇིགས་པ་མེད་པ་དང་ཐེ་ཚོམ་མེད་པ་ཡིན། ཞུམ་པ་མེད་པའི་བློ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། ཞུམ་པ་མེད་པའི་བློ་དང་། སྤོབས་པའི་བློ། ང་རྒྱལ་གྱི་བློ་རྣམས་ཐ་དད་ཡིན། ང་རྒྱལ་ཞེས་པ་ནི་ཉོན་མོངས་ཀྱི་ཆ་ཤས་ཤིག་སྟེ་གཞན་ལས་རང་ལྷག་པར་འཛིན་པ་དང་རང་ཉིད་མཆོག་འཛིན་གྱི་བློ་ཞིག་ལ་བརྗོད། ཞུམ་པ་མེད་པ་ནི་ངས་བྱེད་ཐུབ་བསམ་པའི་སྤོབས་པ་ཡིན། སྐབས་འདིའི་འདྲེན་པ་ཞེས་པ་མགོ་ཁྲིད་ལ་གོ་དགོས།
སློབ་གཉེར་ཁང་འདི་ནས་ཐོན་པའི་སློབ་ཕྲུག་རྣམས་མི་མང་ངམ་སྤྱི་ཚོགས་ཀྱི་བསམ་བློའི་མགོ་ཁྲིད་བྱེད་ནུས་པ་ཞིག་དགོས། བསམ་བློའི་མགོ་ཁྲིད་ཅེས་པ་འདི་གལ་ཆེན་པོ་ཡིན། སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ཏུ་འགྲོ་དང་མ་འགྲོ་དེ་སྤྱི་ཚོགས་དེའི་ནང་སྡོད་མཁན་གྱི་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་ལ་རག་ལས་པ་ཡིན། བསམ་བློའི་འཁྱེར་སོ་ལ་ཨིན་སྐད་དུ་ Mindset དང་། ཧིན་སྐད་དུ་ཅིཏྟབྲྀཏྟི་ཞེས་བརྗོད། དེས་ན་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་དེ་ཡང་དག་པ་ཞིག་ཡོད་ན། སྤྱི་ཚོགས་ཀྱི་གནས་ཚུལ་ཡང་ཡང་དག་པར་འགྲོ་བ་ཡིན། བསམ་བློའི་གནས་ཚད་དེ་ཇི་ཙམ་དམའ་རུ་ཕྱིན་པ་དེའི་ཚོད་ཀྱིས་སྤྱི་ཚོགས་ཀྱི་བདེ་དོན་ཡང་ཉམས་པ་ཡིན། སྤྱི་ཚོགས་ཟིང་ཆ་ཆེན་པོ་ཡོང་བའི་གནས་སྟངས་ནི་སྤྱི་ཚོགས་དེའི་བསམ་བློའི་གནས་ཚད་ཡག་པོ་མེད་པའི་དབང་གིས་ཡིན། དེར་བརྟེན་སྤྱི་ཚོགས་ཀྱི་བསམ་བློའི་མགོ་ཁྲིད་བྱེད་ཐུབ་པ་ཞིག་དགོས། འཛད་པ་མེད་པ་ནི་རྫོགས་རྒྱུ་མེད་པ་སྟེ་འདི་ནས་སློབ་གྲྭ་བ་ལོ་ལྟར་ཐོན་པ་རྣམས་རང་གི་གནས་ཡུལ་དང་། རང་གི་ཁྱབ་ཁོངས་མང་ཚོགས་སམ་སྤྱི་ཚོགས་ཀྱི་བསམ་བློ་ཡང་དག་པའི་ཕྱོགས་སུ་འཁྲིད་མཁན་གྱི་མགོ་ཁྲིད་རྫོགས་རྒྱུ་མེད་པ་ཞིག་བསྐྲུན་གྱི་ཡོད་ལ༑ བསྐྲུན་ཡང་དགོས། དེ་ལྟ་བུ་སྐྲུན་མཁན་གྱི་གཙུག་ལག་སློབ་གཉེར་ཁང་དེ་ཨེ་མ་ཧོ་ཞེས་པའོ།།
ཀུན་ཁྱབ་འགན་ཁུར་སྒྲུབ་པའི་སེམས་བསྐྱེད་པ་དང་།འགན་ཁུར་ཇི་ལྟར་སྒྲུབ་པའི་ཚུལ།
དེ་ནས་ཤོ་ལོ་ཀ་ཐ་མ་ནི།
རིས་བྲལ་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་།།
རིགས་ཀྱི་སྲི་ཞུ་སྒྲུབ་པའི་བྱ་བ་གཉིས།།
འགལ་མེད་ལྷན་ཅིག་སྤྱོད་པའི་ལུགས་བཟང་མཆོག།།
སྤེལ་བའི་གཙུག་ལག་ཁང་ཆེན་ཨེ་མ་ཧོ།། ༨ །།
ཨེ་མ་ཧོ། ཨེ་མ་ཧོ། འདིར། རིས་བྲལ་འཇིག་རྟེན་ཀུན་ཁྱབ་འགན་ཁུར་དང་།། ཞེས་འཇིག་རྟེན་ཀུན་ལ་འཁྲི་བའི་ལས་འགན་ (Universal Responsibility) འདི་ཇི་ལྟ་བ་བཞིན་དུ་སྒྲུབ་ཐུབ་མཁན་ཞིག་ལ་འགྲོ་བ་མིའི་བསམ་བློ་དང་སྤྱོད་པའི་ལེགས་པའི་མཐར་ཐུག་པ་ཞིག་ཏུ་བརྩི་དགོས། རང་དོན་རྐྱང་པ་སྒྲུབ་མཁན་ཞིག་ལ་འགྲོ་བ་མིའི་ཐ་སྙད་ཐོབ་དཀའ། ས་སྐྱ་ལེགས་བཤད་ནང་རྐང་པ་གཉིས་ཀྱི་ཐོག་ནས་འགྲོ་མཁན་གྱི་དུད་འགྲོ་དང་། རྭ་མེད་པའི་གླང་ཞེས་པའི་ཐ་སྙད་མང་པོ་ཡོང་།
དེས་ན་འགྲོ་བ་མི་དེ་འགྲོ་བ་མིའི་རང་བཞིན་མཚོན་ཐུབ་པ་ཇི་འདྲ་དགོས་ཤེ་ན། ཐོབ་ཐང་དང་ལས་འགན་གཉིས་ཀྱི་ནང་ནས་ལས་འགན་གཙོ་ཆེ་བར་བྱེད་མཁན་དང་། ལས་འགན་དེ་ཡང་རང་ཅག་ནང་པའི་བཤད་སྟངས་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུའམ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགན་འཁུར་ཐུབ་མཁན། དེང་རབས་ཀྱི་བཤད་སྟངས་ལྟར་ན་འཇིག་རྟེན་ཡོངས་རྫོགས་ཀྱི་ཆེད་དུ་ཕན་བདེ་སྒྲུབ་པའི་བྱ་བ་ལ་ལྷག་བསམ་ཡོད་པ་དང་། དེ་ལྟ་བུའི་འགན་ཁུར་དེ་རང་གིས་ཧ་གོ་མཁན་ཞིག་དགོས།
འོན་ཀྱང་འགན་ཁུར་དེ་དངོས་སུ་ཇི་ལྟར་སྒྲུབ་དགོས་ཞེ་ན། འཇིག་རྟེན་ཡོངས་རྫོགས་ལ་རང་རེས་བསྙབ་ཐུབ་རྒྱུ་མེད། ༸སྐྱབས་མགོན་རིན་པོ་ཆེས་གསུངས་པ་ལྟར་རང་རེའི་རྒྱུད་ལ་འཇིག་རྟེན་གཞན་དང་གཞན་དུ་ཡོད་པའི་སྲོག་ཆགས་ལ་དམིགས་པའི་སྙིང་རྗེ་དང་ཕན་སེམས་ཡོད་ནའང་བྱ་རྒྱུ་གང་ཡང་མེད། སའི་གོ་ལ་འདིའི་སྟེང་དུ་ཡོད་པའི་སྐྱེ་འགྲོ་རྣམས་ལ་དམིགས་པའི་སྙིང་རྗེ་དང། བྱམས་བརྩེ། ལྷག་བསམ་ཡོད་ཀྱང་། སྡུག་བསྔལ་ཡོད་ས་ཚང་མར་བསྙབ་མི་ཐུབ། བསྙབ་ཐུབ་ས་དེ་གང་ཡིན་ཞེ་ན། སོ་སོ་གནས་སའི་ཡུལ་ནང་ཡོད་པ་དེ་ཡིན། དེས་ན་སྐབས་འདིར་རིགས་ཀྱི་སྲི་ཞུ་སྒྲུབ་ཅེས་པའི་རིགས་ནི་གོང་དུ་ཞུས་པ་ལྟར་ཀུལ་ལམ་ནང་མི་དེར་སོ་སོས་ཇི་ཙམ་བསྙབ་ས་དེར་ཕན་བདེ་སྒྲུབ་རྒྱུ་དེ་ཡིན། བདག་ཉིད་ཆེན་པོ་གཱཾདྷཱིའི་གསུང་རྩོམ་མང་པོ་ཡོད་པའི་ནང་ནས་གལ་ཆེ་བ་ཁ་ཤས་ངས་གྲངས་ཀ་རྒྱག་པའི་སྐབས་སུ་དང་པོ་ཧིནྡསྭཱརཱཇ་སྟེ་རྒྱ་གར་རང་དབང་དང་། དེའི་རྗེས་སུ་མེརེ་སཔནོཾ་ཀཱ་བྷཱརཏའམ་ངའི་རྨི་ལམ་གྱི་རྒྱ་གར་ཞེས་པ་དེ་བརྩི་གི་ཡོད། དེའི་མགོ་དེར་ངའི་ལས་འགན་ནི་འགྲོ་བ་མི་རིགས་སྤྱི་ཡོངས་སམ་སེམས་ཅན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་ལས་དམིགས་ཀྱིས་བཀར་ནས་རྒྱ་གར་རྐྱང་པའི་ལས་ཀ་བྱེད་དགོས་དོན་མེད། དེས་ན་ངས་རྒྱ་གར་མང་ཚོགས་ཀྱི་དོན་དུ་ལས་ཀ་བྱེད་དགོས་དོན་གང་ཡིན་ཞེ་ན། ངས་འཇིག་རྟེན་སྤྱི་ཡོངས་ལ་སྲི་ཞུ་སྒྲུབ་རྒྱུའི་བྱ་བ་དེ་རྒྱ་གར་གྱི་མི་རིགས་བརྒྱུད་ནས་བྱེད་ན་མ་གཏོགས་འཇིག་རྟེན་སྤྱི་ཡོངས་ལ་བསྙབ་མི་ཐུབ་ཅེས་གསུངས་ཡོད། དེས་ན་བསམ་བློ་དེ་འཇིག་རྟེན་སྤྱི་ཡོངས་ཀྱི་ཞབས་འདེགས་ཞུ་རྒྱུའི་ལྷག་བསམ་ཞིག་ཡོད་ནའང། དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་བརྒྱུད་ལམ་དེ་རང་གི་འཁྲིས་ལ་ཡོད་པའི་སྐྱེ་འགྲོ་དེ་རྣམས་བརྒྱུད་ནས་བྱ་དགོས་པ་ལས་འཇིག་རྟེན་སྤྱི་ཡོངས་ལ་བསྙབ་ཐབས་མེད།
མདོར་ན་ལྷག་བསམ་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དེ་ཡིན་ལ༑ བྱ་བ་དངོས་སུ་སྒྲུབ་པའི་སྐབས་སུ་རང་ཉིད་གང་དུ་གནས་པའི་ཡུལ་ལམ་མང་ཚོགས་དང། རང་ཉིད་ཀྱིས་གང་དུ་བསྙབ་ཐུབ་པའི་བྱ་བ་གཉིས་པོ་འགལ་འདུར་བལྟ་རྒྱུ་མེད། ང་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན། འཁྲིས་ལ་ཡོད་མཁན་དེའི་བྱ་བ་བྱེད་ཀྱི་མིན་ཞེས་བརྗོད་མི་ཤེས། འཁྲིས་ལ་ཡོད་པ་དེའི་སྲི་ཞུ་སྒྲུབ་པ་དེའང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་འོག་ནས་བྱེད་པ་གཉིས་ལ་འགལ་བ་མེད། དེ་ལྟ་བུའི་ལྷན་ཅིག་ཏུ་སྤྱོད་པའི་ལུགས་བཟང་པོ་སྤེལ་མཁན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེ་ཨེ་མོ་ཧོ་ཞེས་པའོ།། མཐའ་མའི་ཤློཀ་གཉིས་ལས་དང་པོས་ལྷག་བསམ་གྱི་དཔུང་པ་བརྟན་པོས་ཡ་རབས་བཟང་སྤྱོད་ཀྱི་རྒྱལ་མཚན་སྒྲེང་མཁན་གྱི་མགོ་ཁྲིད་མང་པོ་བཏོན་ཐུབ་པ་དང། གཉིས་པས་དུས་ནམ་ཡང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་སྒྲུབ་པའི་བསམ་བློ་མ་དོར་བའི་ཐོག་ནས་སོ་སོས་བྱེད་ཐུབ་པའི་གནས་སྐབས་ཀྱི་བྱ་བ་ཐད་ཀར་སྒྲུབ་དགོས་པ་བསྟན་པ་ཡིན།
གང་ལྟར་རིགས་ཀྱི་བྱ་བ་ཞེས་པ་གལ་ཆེན་པོ་ཡིན། སློབ་གྲྭ་འདིའི་རིགས་སུ་གཏོགས་པ་ཡིན་ཕྱིན་སློབ་གྲྭ་འདིའི་རིགས་ལ་མཚན་ཤས་འགྲོ་རྒྱུའི་བྱ་བ་མི་བྱེད་པ་གལ་ཆེན་པོ་ཡིན། སྤྱོད་འཇུག་ནང་། དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དི་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་བདག་གྱུར་ཏོ།།[69] ཞེས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་དགའ་ཚོར་སྒོམ་གྱི་ཡོད། ད་ནི་བདག་གིས་ཅི་ནས་ཀྱང།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།།[70] ཞེས་བྱང་ཆུབ་སེམས་དཔའི་རིགས་ལ་སྐྱོན་འཛུགས་རྒྱུ་དང་མཚན་ཤས་སུ་འགྲོ་རྒྱུའི་བྱ་བ་བྱེད་ཀྱི་མིན་གསུངས་པ་ལྟར་སློབ་གྲྭ་འདི་ནས་ཐོན་པའི་གང་ཟག་དང་རིགས་ཀྱི་གླུ་གཏོང་མཁན་ཞིག་ཡིན་ན་དུས་རྒྱུན་དུ་བསམ་བློའི་ནང་རིགས་གང་དུ་སྐྱེས་པའི་རིགས་དེའི་ལས་འགན་དང་མཐུན་པ་ལས་རིགས་བཟང་པོ་འདི་ལ་མཚན་ཤས་མི་འགྲོ་བའི་དམ་བཅའ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། འདིའི་ཐ་མའི་ཨེ་མ་ཧོ་ཞེས་ལན་གསུམ་སྨོས་པ་ནི་ངག་གི་གདངས་དང་མཐུན་པར་བརྗོད་པའི་ཆེད་དུ་ཡིན། དེ་ནས་གཤམ་གྱི་བརྩམ་བྱང་དེ་ལ་བཤད་པ་བྱེད་དགོས་དོན་མེད་ལ། ཀློག་པ་ཙམ་གྱིས་ཤེས་ཐུབ་པ་ཡིན། བརྩམ་བྱང་ནི།
ཅེས་པ་འདིའང་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་གླུ་ཞིག་འབྲི་དགོས་ཞེས་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དཀོན་མཆོག་དབང་འདུས་ཀྱིས་སྔ་ལོ་ནས་ལྷ་རེག་རྟེན་བཅས་ཡང་ཡང་བསྐུལ་མ་གནང་ཡང་། རྣམ་གཡེང་དང་བར་ཆད་སྣ་ཚོགས་ཀྱིས་རིང་འགྱངས་སོང་བར་འགྱོད་སེམས་དང་བཅས། ཤཱཀྱའི་བཙུན་གཟུགས་དགེ་སློང་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ཉིན་དྭང་བས་སྨོན་པ་དགེ་བར་གྱུར་ཅིག ། །།ཅེས་པའོ།།
ཡ་རབས་སྤྱོད་བཟང་དང་གཞན་ཕན་ལྷག་བསམ་ཅན་དགོས་པར་གདམས་པའི་སྒོ་ནས་མཇུག་བསྡུ་བ།
གང་ལྟར་མཐའ་ལས་འདས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ནི་རིགས་གཅིག་ཏུ་གཏོགས་པ་དང། འདྲ་མཉམ་ཡིན་པ། བཏང་སྙོམས་ཚད་མེད་ཀྱི་ཡུལ་ཡིན། དེ་ལ་བརྟེན་ནས་སྙིང་རྗེ་དང་བྱམས་པ་ཚད་མེད་ཀྱི་ཡུལ་དུ་གྱུར་པ་ཡིན་པའང་བཤད་མི་དགོས། འོན་ཀྱང་གང་ཟག་སོ་སོའི་སྒོ་གསུམ་གྱི་རང་བཞིན་གྱི་ས་མཚམས་དེའི་ཐོག་ནས་གང་དང་ཐད་ཀར་འབྲེལ་བ་བྱེད་ཐུབ་པ་དང། གང་ལ་བསྙབ་ཐུབ་པ་དེ་རང་གི་ཐད་ཀའི་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན།
དེའི་བརྒྱུད་ནས་སེམས་ཅན་སྤྱི་ཡོངས་ཀྱི་བྱ་བ་སྒྲུབ་རྒྱུའི་བསམ་བློ་ཇི་ལྟར་བསྐྲུན་ཐུབ་བམ་ཞེ་ན། གོང་དུ་བཤད་པའི་སྤྱིར་རིག་པའི་གནས་མཐའ་དག་དང་། ལྷག་པར་དུ་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་པ་ལས་ཡོང་དགོས། སློབ་གཉེར་ཞེས་པའི་སློབ་པ་ནི་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་ཡིན་པ་གོང་དུ་བདག་ཉིད་ཆེན་པོ་གཱཾདྷཱིའི་གསུང་དྲངས་པ་ལྟར་རེད། གཱཾདྷཱིའི་གསུང་དྲང་དགོས་དོན་ནི་གཱཾདྷཱིས་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་གསུངས་པ་མིན་པར་སྤྱིར་རང་བཞིན་གྱིས་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དང་མཐུན་པར་གསུངས་པ་ཡིན།
དེས་ན་སློབ་སྦྱོང་ཞེས་པ་ནང་པའི་ལྟ་སྟངས་ལྟར་ན་སྡེ་ཚན་གསུམ་དུ་ཕྱེ་བ་ཡིན། དེ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་དང་། སེམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ་བཅས་ཡིན། སློབ་སྦྱོང་ཞེས་པ་སྡེ་ཚན་དེ་གསུམ་ནང་དུ་བསྡུ་ཚུལ་དེ་ཧ་ཅང་གི་ཁྱབ་ཆེན་པོ་ཞིག་ཡིན། བྱ་བ་གང་འདྲ་ཞིག་བྱེད་ནའང་གང་ཟག་དེས་བྱ་བ་དེ་ལ་འཇུག་པའི་སྐབས་སུ་ངེས་ཅན་གྱི་སྒྲིག་ལམ་ཞིག་འཁྱེར་དགོས། དཔེར་ན་ཇ་ཕོར་པ་གང་བཟོ་རྒྱུའི་བྱ་བ་ལྟ་བུ་ཞིག་ཡིན་ནའང་ཇ་བཟོ་བའི་སྐབས་སུ་ཆུ་ཇི་ཙམ་དགོས་པ་དང་། ཇ་ཇི་ལྟར་བཏབ་དགོས་པ། ཇི་ཙམ་བསྐོལ་དགོས་པ་སོགས་དགོས་མཁོའི་སྒྲིག་ལམ་ཞིག་ཡོད། དེ་རྣམས་ཀྱི་ནང་ནས་གཅིག་དང་འགལ་ན་ཇ་ཡག་པོ་ཞིག་བཟོ་མི་ཐུབ། དེ་བཞིན་དུ་ཇ་བསྐོལ་བའི་སྐབས་སུ་བྱ་བ་དེ་ལ་སེམས་གཏད་དགོས། བསམ་བློ་གཞན་ཞིག་ཏུ་གཡེངས་ནས་བྱ་བ་གཞན་ཞིག་བྱེད་ན་ལས་ཀ་དེ་འཕྲོ་བརླག་འགྲོ་ཉེན་ཡོད། དེ་གཉིས་ཀའི་དོན་དུ་བྱ་བ་དེ་ཡོངས་སུ་རྫོགས་པའམ་མགོ་ནས་མཇུག་བར་ཆ་ཚང་ཤེས་པའི་ཤེས་རབ་ཅིག་དགོས། དེ་ལྟར་སྒྲིག་ལམ་དང་། སེམས་རྩེ་གཅིག་པ། ཤེས་རབ་བཅས་གསུམ་པོ་ནི་ཉིན་རེའི་བྱ་བ་ཆུང་ངུ་ཞིག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་བར་གྱི་བྱ་བ་ཡོངས་སུ་རྫོགས་པ་ལ་མཉམ་དུ་འགྲོ་དགོས། དེ་ལ་ཚད་མཐོ་དམན་དང་རྒྱ་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས་དོན་གྱི་གནས་སྟངས་དེ་རང་ཡིན།
མདོར་ན་ནང་པའི་རིག་གནས་ལ་སློབ་སྦྱོང་བྱས་པའི་མཐའ་མ་དེ་ལ་གཞན་ཕན་གྱི་ལྷག་བསམ་ཡོད་པ་ཞིག་དགོས། གཞན་ཕན་གྱི་ལྷག་བསམ་དེས་ཡ་རབས་སྤྱོད་བཟང་གི་བྱ་བ་མ་ཉམས་པར་བྱེད་ཐུབ་པ་ཡིན། དེའི་སྒོ་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་དེ་རང་གི་རིགས་ཀྱི་ནང་ལ་གནས་བཞིན་དུ་རང་གི་རིགས་དང་མཐུན་པ་དེ་རྣམས་བརྒྱུད་ནས་བྱེད་ཐུབ་མཁན་གྱི་གང་ཟག་བཟང་པོ་བསྐྲུན་རྒྱུ་དེ་གཙུག་ལག་སློབ་ཁང་འདིའི་ལས་སུ་བྱ་བའམ་དམིགས་ཡུལ་ཡིན།
ད་ལན་ཉིན་གསུམ་གྱི་རིང་རང་ཅག་གི་འབེལ་གཏམ་གྱི་རིམ་པ་དེ་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་གི་རྗེས་དྲན་གྱི་ཆེད་དུ་ཡིན། དེར་བརྟེན་ཐ་མ་དེར་ངས་བསྐྱར་དུ་༸བ་ཀུ་ལ་རིན་པོ་ཆེ་སྐུ་གོང་མའི་བཀའ་དྲིན་རྗེས་སུ་དྲན་པའི་གུས་འདུད་དང་ཆབས་ཅིག་གཏམ་བཤད་འདིར་མཚམས་འཇོག་བྱེད་རྒྱུ་ཡིན། དེ་ནས་དུས་ཚོད་ལྷག་མ་གང་ཡོད་དྲི་བ་དྲིས་ལན་ཐོག་གཏང་རྒྱུ་ཡིན། ཐུགས་རྗེ་ཆེ།། །།
དྲི་བ་དྲིས་ལན།
དྲི་བ། མཐོ་སློབ་འདི་བཙུགས་ནས་ད་བར་ལོ་དྲུག་ཅུ་ཙམ་འགྲོ་གི་ཡོད། དེ་རིང་ཐོག་མར་རིགས་ཀྱི་གླུ་བརྩམས་གནང་ནས་འགྲེལ་བཤད་གནང་བ་དེ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཞེས་ཞུ་བ་དང་ཆབས་ཅིག བཀའ་འདྲི་ཞིག་ཞུ་འདོད་བྱུང་། ཝཱ་ཎ་བོད་ཀྱི་མཐོ་སློབ་ཁང་དང་ལ་དྭགས་མཚན་ཉིད་སློབ་གྲྭ་གཉིས་ཀྱི་དམིགས་ཡུལ་དང་། དགོས་པ་དང། མ་འོངས་པའི་གྲུབ་འབྲས་རྣམས་གཅིག་མཚུངས་ལྟ་བུ་ཡིན་ལ། ལ་དྭགས་མཚན་ཉིད་སློབ་གྲྭ་དབུ་བརྙེས་ནས་ལོ་དྲུག་ཅུ་འགྲོ་བ་དང་། ཝཱ་ཎ་བོད་ཀྱི་མཐོ་སློབ་ཚུགས་ནས་ལོ་ལྔ་བཅུ་འཁོར་ཙམ་ཡིན། དེ་གཉིས་ལ་གྲུབ་འབྲས་ཀྱི་ཆ་ནས་ཁྱད་པར་གང་ཡོད་མེད་དང་། མཐོ་སློབ་འདི་གཉིས་ལས་གང་ཡར་རྒྱས་སྔོན་དུ་འགྲོ་གི་ཡོད་པ་དང་། སུ་རྗེས་ལུས་ཤོར་གྱི་ཡོད་པ་དེའི་ཐོག་ལ་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མཐོ་སློབ་འདི་གཉིས་ཀྱི་རིགས་ཀྱི་གླུ་གཉིས་ཀྱི་ནང་དུ་བསིལ་ལྗོངས་ཞེས་གསུངས་པ་དེ་ཙམ་མ་གཏོགས་གཅིག་པ་བཟོ་འདྲ་ཞིག་གསུངས་འདུག་པས་དེ་གཉིས་གཅིག་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན། དྲི་བ་འདིའི་ལན་ཡོངས་སུ་རྫོགས་པ་ཞིག་ངས་ཞུ་རྒྱུ་ཁག་པོ་རེད། གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གནས་བབ་མཚུངས་བསྡུར་བྱ་རྒྱུ་དེ་གཅིག་བྱེད་ན་དགོས་པའང་མེད་ལ། ཕྱོགས་གཞན་ཞིག་ནས་མཚུངས་བསྡུར་ཞེས་པ་ནུབ་ཕྱོགས་པའི་ལྟ་སྟངས་ཤིག་ཡིན། འདི་གཉིས་ཀའི་ཕུགས་ཀྱི་དམིགས་ཡུལ་དང་དགོས་པ་གཅིག་པ་ཡིན་པ་བཤད་མི་དགོས། འོན་ཀྱང་འཕྲལ་རྐྱེན་དང་གནས་སྐབས་ཀྱི་བྱུང་རྐྱེན་ཕྲན་བུ་མི་འདྲ་བ་རེད། ངས་ཐོག་མར་ཞུས་པ་ལྟར་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༥།༡༩༥༦ སྐབས་བོད་དུ་ཕེབས་པའི་སྐབས་སུ་བོད་ཀྱི་གནས་བབ་ཡོངས་སུ་རྫོགས་པ་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཤུགས་འོག་བོད་ཀྱི་གནས་སྟངས་དེ་གཟིགས་པར་བརྟེན། བོད་ནང་སངས་རྒྱས་ཀྱི་བསྟན་པ་རྒྱུན་རིང་གནས་མི་ཐུབ་པ་མངོན་གསལ་དོད་པོས་མཁྱེན་རྟོགས་བྱུང་། གནས་སྟངས་དེ་སྐབས་དེའི་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧརཱུ་ལ་ཞུས་པ་རེད། བོད་དུ་བསྟན་པ་ཉམས་ཆག་བྱུང་བའི་སྐབས་སུ་བོད་བརྒྱུད་ནང་བསྟན་དེ་རྒྱ་གར་གྱི་ནང་ལ་འཛིན་ཐུབ་པ་དང། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི་རིགས་ལམ་གྱི་སྒོ་ནས་གཞུང་ཆེན་པོར་སློབ་གཉེར་བྱ་རྒྱུ་དེ་ཡིན། དེ་ལ་སྐབས་དེ་དུས་ཡོངས་གྲགས་སུ་མཚན་ཉིད་བལྟ་ཞེས་པ་དང་། མཚན་ཉིད་རྩོད་ཅེས་པ། མཚན་ཉིད་པ་ཞེས་བརྗོད་ཀྱི་ཡོད། དོན་དུ་གཞུང་ཆེན་པོའི་སློབ་གཉེར་ལ་ཟེར། གཞུང་ཆེན་པོའི་སློབ་གཉེར་དེའང་ཚད་མ་རིག་པའི་རྣམ་གཞག་ལ་བརྟེན་ནས་སློབ་གཉེར་བྱེད་པས་ན་སློབ་གཉེར་བྱེད་མཁན་རྣམས་ལ་མཚན་ཉིད་པ་ཞེས་བརྗོད། དེ་ལྟར་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕེབས་འཕྲལ་མ་འོངས་པར་བོད་དུ་བསྟན་པ་ཉམས་ཆག་ཕྱིན་པའི་སྐབས་སུ་རྒྱ་གར་ནང་འཛིན་སྐྱོང་ཐུབ་རྒྱུའི་ཆེད་དུ་མཚན་ལའང་ལ་དྭགས་མཚན་ཉིད་སློབ་གྲྭ་ཞེས་བཏགས་ནས་སློབ་གཉེར་ཁང་འདི་བཙུགས་ཡོད། དེ་ནི་ལོ་དྲུག་ཅུའི་སྔོན་གྱི་གནས་ཚུལ་ཡིན། ང་ཚོ་རྒྱ་གར་དུ་སླེབས་པའི་སྐབས་སུ་འདིའི་འཆར་གཞི་མགོ་འཛུགས་གནང་ཟིན་འདུག དེ་དང་ཆབས་ཅིག་ཏུ་སྒང་ཏོག་ཏུ་ Namgyal Research Institute ཞེས་པ་བཙུགས་ཡོད། དེ་ལ་སློབ་གཉེར་ཁང་མ་བྱུང་ཡང་། བོད་ཀྱི་གཞུང་ལུགས་ཀྱི་ཕྱག་དཔེ་རྣམས་རུག་རུག་བདག་ཉར་བྱ་རྒྱུར་གཙོ་བོ་དཔེ་མཛོད་ཁང་ཞིག་ཡོད། རྗེས་སུ་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་ད་ལྟ་ Sikkim Research Institute of Tibetology ཞེས་བརྗོད་པ་དེ་ཡིན། ད་དུང་སློབ་སྦྱོང་གི་བསྟི་གནས་དང་སྒྲིག་འཛུགས་དེ་འདྲ་བཙུག་རྒྱུའི་དགོངས་པ་མང་པོ་བཞེས་འདུག Himalayan University of Buddhist Studies ཞེས་པ་ལྟ་བུའི་འཆར་གཞི་བཏིང་ཡང་། རྗེས་སུ་ལག་ལེན་དུ་འཁེལ་མེད། དེའི་གྲ་སྒྲིག་ཚོགས་ཆུང་ཞིག་ང་རྒྱ་གར་དུ་ཐོག་མར་སླེབས་པའི་སྐབས་སུ་འདུག ཚོགས་འདུ་ཡང་ཐེངས་ཁ་ཤས་ཚོགས་འདུག
ཝཱ་རཱ་ཎ་སཱིའི་མཐོ་སློབ་ཐོག་མར་བྱུང་རྐྱེན་ནི་སྦག་སར་ཡོད་པའི་གཞུང་ཆེན་མོར་སློབ་གཉེར་གནང་མཁན་གྱི་དགེ་འདུན་པ་རྣམས་གཙུག་ལག་སློབ་ཁང་གི་ངོ་བོར་བསྒྱུར་རྒྱུའི་ལས་རིམ་ཞིག་གི་འོག་ནས་བཙུགས་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཙམ་རྒྱ་གར་དུ་འབྱོར་བ་དང་། ཁོང་ཚོ་ལམ་ཁ་གཉིས་ནས་འབྱོར་ཡོད། མོན་ཡུལ་བརྒྱུད་ནས་ཡོང་མཁན་དང་། འབྲུག་ཡུལ་བརྒྱུད་ནས་ཡོང་མཁན་གཉིས་ཡིན། མོན་ཡུལ་བརྒྱུད་ནས་ཡོང་མཁན་གྱི་སྐྱབས་བཅོལ་བ་རྣམས་ཏེཛ་པུར་གྱི་ཉེ་འགྲམ་མི་ས་མ་རི་ (Missamari) ཞེས་པའི་ས་ཁུལ་དེར་འཕྲལ་སེལ་གྱི་སྐྱབས་བཅོལ་བའི་སྡོད་སྒར་ཧ་ཅང་ཆེན་པོ་ཞིག་གསར་རྒྱག་གནང་ནས་ཧ་ལམ་མི་ཁྲི་ལྔ་ལྷག་ཙམ་དེར་བསྡད་པ་རེད། འབྲུག་ཡུལ་བརྒྱུད་ནས་ཡོང་མཁན་ཕལ་ཆེར་མི་ཁྲི་གསུམ་ཙམ་འབྲུག་དང་རྒྱ་གར་གྱི་ས་མཚམས་སུ་སྦག་ས་ཌུ་བར་ (Buxa Duar) ཞེས་པའི་ས་ཁུལ་དུ་སྔོན་མ་ཨིན་ཇིས་བཟུང་བའི་སྐབས་སུ་བཙོན་ཁང་རྙིང་པ་ཞིག་ཡོད། དེར་ཁང་པ་དང་ས་ཆ་ཡོད་པར་བརྟེན་སྐྱབས་བཅོལ་བ་ཁག་ཅིག་དེར་བཞག་པ་རེད། དེ་ནས་རིམ་པས་ལམ་བཟོ་དང་། གཞིས་ཆགས་སུ་གཏོང་མགོ་ཚུགས་ཡོད། སྐབས་དེར་༸གོང་ས་མཆོག་གིས་སྲིད་བློན་ནེཧརཱུ་ལ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་བ་ན་གཞོན་རྣམས་མུ་མཐུད་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཤིག་དགོས་ཀྱི་འདུག་ཅེས་བཀའ་གནང་བར་བརྟེན། སྦག་སའི་ཁང་པ་དེ་རྣམས་བེད་སྤྱོད་བཏང་ནས་དང་པོ་སློབ་གཉེར་བ་ལྔ་བརྒྱ་ཙམ་དང་། དེ་ནས་ཆིག་སྟོང་ཙམ། ཐ་མ་དེར་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ཙམ་སྦག་སར་བཞུགས་ནས་སློབ་གཉེར་མུ་མཐུད་ནས་གནང་རྒྱུ་དང་། དེ་ལ་རྒྱ་གར་གཞུང་གིས་མཐུན་རྐྱེན་སྦྱར་རྒྱུའི་འཆར་གཞི་ཞིག་བཏིང་ཡོད། སྦག་ས་ནས་སྐྱབས་བཅོལ་བ་གཞན་རྣམས་སོང་ཟིན་པའི་རྗེས་སུ་ས་གནས་གཞན་དུ་ཡོད་པའི་དགེ་འདུན་པ་སློབ་གཉེར་བ་རྣམས་ཀྱང་སྦག་སར་ཟླ་བསྒྲིལ་བཏང་སྟེ་དེར་སློབ་གཉེར་བྱས་ནས་ལོ་འགའ་ཤས་བཞུགས་ཡོད། སྤྱིར་གདན་སའི་སློབ་གཉེར་བྱེད་སྟངས་དེ་མཚམས་ཚིགས་ཡོད་པའི་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲོམ་གཞིའི་ནང་ལ་བཅུག་ན་མ་གཏོགས་རྒྱ་གར་གཞུང་གིས་མུ་མཐུད་ནས་མཐུན་རྐྱེན་སྦྱར་མི་ཐུབ་ཚུལ་གསུངས་དུས། སྦག་སར་ཡོད་པའི་སློབ་གཉེར་སྡེ་ཚན་དེ་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་རྒྱུའི་ལས་གཞི་ཞིག་མགོ་བཙུགས་པ་རེད། ལས་གཞི་དེའི་འོག་ཏུ་སྦག་སའི་ནང་འཛིན་གྲྭ་ཚོགས་རྒྱུའི་དུས་ཚོད་གཏན་འབེབས་དང་། དགེ་རྒན་རྣམས་སྐོར་བ་བརྒྱབས་ནས་འཛིན་གྲྭར་ཕེབས་རྒྱུ། དུས་ཚོད་རེའུ་མིག་བཟོ་བ་སོགས་ལས་གཞི་མང་པོ་གནང་ཡོད། དེར་བསྒྱུར་བཅོས་དེ་ཙམ་གཏང་མ་ཐུབ་པར་བརྟེན། དེ་རྣམས་མཐོ་རིམ་སློབ་གྲྭ་གཅིག་གི་ནང་གནས་སྤོས་བྱ་རྒྱུའི་ཆེད་དུ་སྐབས་དེ་དུས་ཀྱི་མཚན་ལ་བཱརཱཎཱེཡ་སཾསྐྲྀཏ་བིཤྭབིདྱཱལཡའམ་ཝཱརཱཎསཱིལེགས་སྦྱར་གཙུག་ལག་སློབ་གཉེང་ཁང་དང་། དེང་སང་སཾཔཱུརྞཱནནྡ་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་ཞེས་པ་དེའི་སྡེ་ཚན་གཅིག་གི་ནང་སློབ་དཔོན་ཇགནྣཱཐ་ཨུཔཱདྷྱཱཡའི་དབུ་ཁྲིད་འོག་བོད་ཀྱི་མཐོ་རིམ་སློབ་གྲྭ་བཙུགས་ཏེ་ལོ་དང་པོ་དང་གཉིས་པའི་སློབ་ཕྲུག་ཡོངས་སུ་རྫོགས་པ་སྦག་ས་ནས་བླངས་པ་ཤ་སྟག་རེད། སྐབས་དེར་སྦག་སར་ཡོད་པའི་སློབ་གཉེར་བ་ཡོངས་རྫོགས་ཝཱ་རཱ་ཎ་སཱིའི་མཐོ་སློབ་ཏུ་བཅུག་ནས་གཙུག་ལག་སློབ་གཉེར་ཁང་གི་རྣམ་པ་ལ་བསྒྱུར་རྒྱུའི་འཆར་གཞི་བཏིང་ཡོད། ལོ་གཉིས་རིང་སློབ་ཕྲུག་དེ་ལྟར་བླངས་པའི་རྗེས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བྱེད་ན་ཕལ་ཆེར་རང་རེའི་ཕུགས་ཀྱི་དམིགས་ཡུལ་དང་མཐུན་པ་ཞིག་ཡོང་མི་ཐུབ་པ་དང་། གཞན་ཡང་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་སྦག་སའི་སློབ་གཉེར་བ་ཆིག་སྟོང་ལྔ་བརྒྱ་ཡོངས་རྫོགས་ཝཱརཱཎསཱིར་བླངས་ནས་མཐོ་རིམ་སློབ་གྲྭའི་རྣམ་པར་བསྒྱུར་ཐུབ་པ་ཡོང་རྒྱུ་མེད་པ་གསལ་པོ་མཐོང་བ་ན། སྦག་སའི་སློབ་གཉེར་བ་རྣམས་གཞིས་ཆགས་ཁག་ཏུ་གཏང་ན་བརྟན་པར་གཟིགས་ནས་གདན་ས་རྣམས་གཞིས་ཆགས་ཁག་ཏུ་བགོ་བཤའ་བརྒྱབས་པ་རེད། མོན་གོར་དུ་འབྲས་སྤུངས་དང་དགའ་ལྡན། བེལ་ཀོབ་ཏུ་སེ་ར་དང་བཀྲ་ཤིས་ལྷུན་པོ་སོགས་གཞིས་ཆགས་ཁག་ཏུ་བགོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་དང་གདན་ས་བསྐྱར་གསོ་བྱ་རྒྱུའི་ལས་གཞི་གཉིས་མཉམ་དུ་གནང་ཡོད། དེ་ནས་ཝཱ་རཱ་ཎ་སཱིའི་མཐོ་སློབ་ནང་སྦག་ས་ནས་ཡོང་མ་དགོས་པར། ས་གནས་གང་ནས་ཡོང་ནའང་ཐད་ཀར་འཛུལ་ཞུགས་བྱ་རྒྱུ་བྱས་ཡོད།
ལ་དྭགས་མཚན་ཉིད་སློབ་གྲྭའི་རྩ་བའི་དམིགས་ཡུལ་གང་དང་གང་ཡོད་པ་དེ་ངས་གསལ་པོ་ཤེས་ཀྱི་མེད། གང་ལྟར་༸སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་དགོངས་གཞི་དེ་གང་ཡིན་ཞེ་ན། བོད་དུ་བསྟན་པ་ཉམས་པའི་སྐབས་སུ་བོད་ཀྱི་གདན་ས་ཆེན་པོ་ཁག་ཏུ་སློབ་གཉེར་གནང་སྲོལ་ལྟ་བུ་ཞིག་འདིར་གནང་ཐུབ་རྒྱུའི་དགོངས་པ་ཧ་ཅང་རྒྱ་ཆེན་པོ་བཞེས་ནས་བཙུགས་ཡོད། སཱརནཱཐ་གཙུག་ལག་སློབ་གཉེར་ཁང་བཙུག་སྐབས་དང་པོ་ནས་ནེཧརཱུའི་དགོངས་པར་ཡོད་པའི་རྩ་བའི་དམིགས་ཡུལ་བཞི་གཏན་འབེབས་གནང་ཡོད། དང་པོ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། གཉིས་པ་ནི་ཧི་མཱ་ལའི་རི་རྒྱུད་ཀྱི་མི་རིགས་ལ་དྭགས་དང་ཁུ་ནུ། གར་ཞྭ་དང་སྤི་ཏི། འབྲས་ལྗོངས་སོགས་ཀྱི་ནང་པའི་སློབ་ཕྲུག་རྣམས་མཐོ་རིམ་སློབ་སྦྱོང་ཆེད་དུ་བོད་ཀྱི་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་ཆོས་བརྒྱུད་སོ་སོའི་གདན་ས་ཁག་ཏུ་འགྲོ་གི་ཡོད། དེ་རྣམས་ད་ལྟ་བོད་ལ་འགྲོ་ས་མེད་པར་བརྟེན། ཁོང་ཚོར་ཐབས་ལམ་གསར་པ་ཞིག་གུན་གསབ་ཀྱི་ཚུལ་དུ་གྲ་སྒྲིག་ (Alternative Arrangement) ཞུ་རྒྱུ་དེ་ཡིན། གསུམ་པ་ནི་ལེགས་སྦྱར་གྱི་སྐད་ལ་སོགས་པ་རྒྱ་གར་གྱི་སྐད་རིགས་ཁག་ཏུ་ཡོད་པའི་སྔོན་གྱི་བསྟན་བཅོས་ད་ལྟ་བརླགས་ཟིན་པ་རྣམས་བོད་ཀྱི་སྐད་ཡིག་ནས་བསྐྱར་གསོ་ (Restoration) བྱ་རྒྱུ་དེ་ཡིན། བཞི་པ་ནི་བོད་ཀྱི་དགོན་སྡེ་ཁག་གི་སློབ་གཉེར་བྱེད་སྟངས་ཀྱི་ལམ་སྲོལ་དེ་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲོམ་གཞིའི་ནང་ལ་བླུག་རྒྱུ་དེ་ཡིན། ད་ལྟ་ཕྱིར་བལྟས་སློག་པའི་སྐབས་སུ་དམིགས་ཡུལ་དང་པོ་གསུམ་ཕལ་ཆེར་བསྒྲུབས་ཡོད། དམིགས་ཡུལ་བཞི་པ་དེ་ཆ་ཚང་བ་ཞིག་བསྒྲུབས་མེད། དེ་ཡང་སཱར་ནཱཐ་སློབ་གཉེར་ཁང་དེང་རབས་ཀྱི་སྒྲོམ་གཞིའི་ནང་ཆ་ཚང་བ་ཡོད། འོན་ཀྱང་དེའི་ནང་གདན་སའི་སློབ་གཉེར་བྱེད་རྒྱུའི་སྒྲོམ་གཞི་ཆ་ཚང་ཡོད་དམ་ཞེ་ན། ཕྱོགས་མཐུན་ཙམ་མ་གཏོགས་ཆ་ཚང་བ་ཞིག་ཡོང་གི་མེད། གདན་ས་སོ་སོའི་གནའ་བོའི་སློབ་གཉེར་བྱེད་རྒྱུའི་ལམ་སྲོལ་ཇི་མ་ཇི་བཞིན་ད་ལྟའང་དེ་མུར་གནས་ཡོད།
གཙུག་ལག་སློབ་ཁང་འདི་གཉིས་ཀྱི་ཁྱད་པར་གལ་ཏེ་དམིགས་ཡུལ་ནང་དུ་ཡོད་ན་དེ་ནས་གཟིགས་དགོས་པ་ཡིན། དེ་མིན་སློབ་སྦྱོང་ཐོན་ནས་བསྟན་པ་དང་། སྤྱི་ཚོགས། དེ་བཞིན་དུ་རིག་གཞུང་གི་ཞབས་འདེགས་ཞུ་མཁན་གྱི་མཁས་པ་དང་ཉམས་ཞིབ་པ་མང་པོ་གཉིས་ཀའི་ནང་ནས་ཐོན་ཡོད། མཚུངས་བསྡུར་བྱ་རྒྱུ་དང་ཡར་རྒྱས་ཀྱི་མགྱོགས་ཚད་བལྟ་རྒྱུ་རྣམས་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན། དེ་ལ་ངས་གང་ཡང་ཞུ་ཤེས་ཀྱི་མི་འདུག་ལ་ཞུ་དགོས་པའང་མེད། གང་ལྟར་རྒྱ་གར་ནང་ད་ལྟའི་གནས་སྐབས་སུ་མིང་ལ་མཚོན་ན་ཝཱརཱཎསཱིའི་མཐོ་སློབ་ལ་ནང་པའི་མིང་མེད་པར་བོད་ཀྱི་སློབ་སྦྱོང་ངམ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཞེས་བརྗོད་ཀྱི་ཡོད། འདིར་ཡང་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ཞེས་བཏགས་ཡོད། འདི་གཉིས་ཀའི་སློབ་ཚན་གྱི་རྣམ་གྲངས་གང་དང་གང་ཡོད་པ་དང་། སློབ་སྦྱོང་གི་ཐབས་ལམ་གྱི་རྣམ་གྲངས་རྣམས་བསྡུར་ན་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ཙམ་གཅིག་པ་ཡིན་གྱི་རེད།
རིགས་ཀྱི་གླུ་གཉིས་པོ་དེའི་བརྗོད་དོན་གང་ཙམ་མི་འདྲ་བ་ཡོད། འོན་ཀྱང་སློབ་གྲྭ་གཉིས་ཀའི་ནང་དུ་ནང་པའི་རིག་གནས་སམ་བོད་ཀྱི་རིག་གནས་སློབ་པ་ཡིན། བོད་ཀྱི་རིག་གནས་ཀྱི་ནང་ལ་ནང་པའི་རིག་གནས་ལས་ཕྱི་རོལ་དུ་གྱུར་པའི་རིག་གནས་ཧ་ཅང་དཀོན་པོ་ཡིན། དཔེར་ན་གཡུང་དྲུང་བོན་ལྟ་བུར་མཚོན་ན། སངས་རྒྱས་ཀྱི་ཆོས་བོད་དུ་མ་དར་གོང་ནས་ཡོད་པའི་བོད་ཀྱི་གནའ་བོའི་རིག་གནས་ཤིག་ཡིན། འོན་ཀྱང་ད་ལྟ་དུས་རབས་བདུན་པའི་སྔོན་གྱི་བོན་གྱི་རིག་གཞུང་ཇི་མ་ཇི་བཞིན་ཡོད་དམ་ཞེ་ན་མེད། ད་ལྟ་ཡོད་པ་རྣམས་ཆོས་ལ་བོན་འདྲེས་པ་དང་། བོན་ལ་ཆོས་འདྲེས་པ་ལྟ་བུ་རེད། དེ་ལྟར་ཕན་ཚུན་འདྲེས་ནས་བོན་པོའི་རིག་གཞུང་གི་ནང་དུ་ཆོས་ཀྱི་ཐ་སྙད་ཀྱི་ཚབ་ཏུ་བོན་ཞེས་བཏགས་པ་ཙམ་ལས་མགོ་སྐྱབས་འགྲོ་ནས་བཟུང་སྟེ་མཇུག་ཟུང་འཇུག་གི་བར་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མང་པོ་གཅིག་པ་ཆགས་ཡོད། ཆོས་ལ་བོན་ཞེས་པའི་ཐ་སྙད་སྦྱར་བ་ཙམ་ལས་གང་ལ་སྐྱབས་སུ་འགྲོ་ཡུལ་གྱི་བོན་དེ་གང་ཡིན་ཞེ་ན། ལུང་དང་རྟོགས་པའི་བོན་གྱི་རྣམ་གཞག་ལས་མི་འདྲ་བ་ཞིག་གསུང་རྒྱུ་མི་འདུག དེས་ན་བོད་པའི་རིག་གནས་ཡིན་པ་གང་ཞིག་ལ་ཐ་སྙད་ཀྱི་ཆ་ནས་ཆོས་མ་ཡིན་བོན་ཡིན། ནང་པ་མ་ཡིན་བོན་པོ་ཡིན་ཞེས་བཤད་པ་ཙམ་ཞིག་མ་གཏོགས་དངོས་སུ་ཞིབ་འཇུག་བྱས་ནས་བལྟས་པའི་སྐབས་སུ་བོན་གྱི་ཐུན་མོང་མ་ཡིན་པའི་བཞེད་པ་དཀོན་པོ་ཆགས་ཡོད། ལྷག་པར་དུ་རྫོགས་ཆེན་དང་། ཕྱག་ཆེན། བོན་གྱི་ཉམས་ལེན་རྣམས་ཞིབ་ཚགས་པོས་བསྡུར་ན་དབྱེ་བ་ཕྱེ་རྒྱུ་ཁག་པོ་ཡོད། དེས་ན་ཐ་སྙད་བཏགས་ཚུལ་ལ་བོད་ཀྱི་རིག་གནས་དང་། ནང་པའི་རིག་གནས་ཞེས་ཐ་སྙད་སོ་སོ་ནས་བཏགས་ཡོད་ཀྱང་མང་ཆེ་བ་གཅིག་གྱུར་ཆགས་ཡོད། དེས་ན་རིགས་ཀྱི་གླུའི་ནང་དུ་འདྲ་པོ་ཡོད་པ་དེ་མཐའ་མ་བཀག་པ་ཡིན། ཡོང་མ་ཆོག་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག།
དྲི་བ། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས་ངའི་དྲི་བ་ནི་རིགས་ཀྱི་གླུ་ཞེས་པ་ངས་བལྟ་བའི་ཚེ་ལ་དྭགས་ཀྱི་སློབ་གྲྭ་ཚང་མར་མི་འདུག དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་ལ་ཡོང་དགོས་པ་དེ་སློབ་གྲྭ་གནས་ཚད་མཐོ་བ་ཡིན་ཙང་འདི་ཡོང་དགོས་པ་ཡིན་ནམ། སྤྱིར་གཙུག་ལག་སློབ་གཉེར་ཁང་རྣམས་ལ་རིགས་ཀྱི་གླུ་ཞིག་ཡོད་དགོས་པ་རྒྱ་གར་གཞུང་གི་ཁྲིམས་སྲོལ་ཞིག་ཡོད་པས་ཡིན་ནམ། ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན། རིགས་ཀྱི་གླུ་དེ་གཙུག་ལག་སློབ་གཉེར་ཁང་ཚང་མར་ཡོད། ལྷག་པར་དུ་གཙུག་ལག་སློབ་གཉེར་ཁང་རྣམས་ཀྱི་དུས་སྟོན་ནམ་མཛད་སྒོ་ཆེ་ཤོས་ནི་བསླབ་པ་མཐར་སོན་པའི་དགའ་སྟོན་དེ་ཡིན། ཨིན་སྐད་དུ་ Convocation ཞེས་བརྗོད། སྐབས་དེར་རྒྱལ་ཁབ་ཀྱི་རྒྱལ་གླུའི་མཇུག་གམ་ཡང་ན་སྔོན་དུ་སོ་སོའི་རིགས་ཀྱི་གླུ་དེ་གཏོང་གི་ཡོད། རིགས་ཀྱི་གླུ་ཡོད་མཁན་གྱི་གཞི་རིམ་སློབ་གྲྭ་དེ་འདྲ་ཡོད་སྲིད། ངས་མཐོང་མ་མྱོང་། གཙུག་ལག་སློབ་གཉེར་ཁང་ཚང་མ་ལ་སོ་སོའི་རིགས་ཀྱི་གླུ་རེ་ཡོད། ཁྲིམས་ཀྱི་ཐོག་ནས་རིགས་ཀྱི་གླུ་མེད་ན་མི་ཆོག་ཅེས་སྒྲིག་གཞི་དང་ཁྲིམས་གང་ཡང་མེད། འོན་ཀྱང་དེ་ཡུལ་གྱི་གོམས་པའི་གཤིས་ལུགས་ལྟ་བུ་ཡིན། གཙུག་ལག་སློབ་གཉེར་ཁང་ཞིག་ཡིན་ཕྱིན་རིགས་ཀྱི་གླུ་ཞིག་ཡོད་དགོས། ཝཱརཱཎསཱི་མཐོ་སློབ་ལ་གཙུག་ལག་སློབ་གཉེར་ཁང་གི་གནས་ཚད་གསར་དུ་ཐོབ་པ་དང་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་རིགས་ཀྱི་གླུ་དེ་གསར་དུ་ཞུས་ཡོད། དེའི་སྔོན་དུ་རིགས་ཀྱི་གླུ་མེད། ངས་རྒྱུས་ཡོད་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་རིགས་ཀྱི་གླུ་མེད་པ་ཞིག་མཐོང་མ་མྱོང་། གཅིག་བྱས་ན་ཡོད་སྲིད། གང་ལྟར་རིགས་ཀྱི་གླུ་ཞིག་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་དང་། མཛེས་པའི་རྒྱན་ལྟ་བུ་ཞིག་ཡིན། དེ་ལ་བརྟེན་ནས་སློབ་ཕྲུག་རྣམས་ལ་སྤོབས་པ་དང་ཡིད་འགུལ་སྐྱེ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། རིན་པོ་ཆེའི་ཞལ་དངོས་སུ་མཇལ་གསུང་དངོས་སུ་ཐོས་པར་ཧ་ཅང་གི་དགའ་པོ་བྱུང་། གོ་སྐབས་སྐྲུན་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་ལ་དྲི་བ་ཞིག་ཞུ་རྒྱུ་ཡོད། རིན་པོ་ཆེས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བཀའ་སློབ་མང་པོ་ཞིག་གི་ནང་ལ། གཟུར་གནས་བློ་ལྡན་དོན་གཉེར་བའི།། ཞེས་པའི་ཚིག་དེ་ལ་དུས་རྒྱུན་དུ་འགྲེལ་བཤད་གནང་གི་འདུག འོན་ཀྱང་གཟུ་བོར་གནས་པ་ཞེས་པའམ་མི་དྲང་པོ་ཞིག་ཆགས་རྒྱུ་དེ་གནས་ཚད་མཐོན་པོ་ཞིག་གི་ཐོག་ནས་ཆགས་པ་མ་གཏོགས་གློ་བུར་དུ་གཟུ་བོར་གནས་པ་ཆགས་རྒྱུ་ཧ་ཅང་ཁག་པོ་རེད། དེས་ན་སློབ་གཉེར་བ་ཞེས་པའི་ཐ་སྙད་དེ་ད་ལྟའི་གནས་སྟངས་དང་ཤེས་ཡོན་སྲིད་བྱུས་ལྟར་ན་སྔོན་འགྲོའི་འཛིན་གྲྭ་ནས་སློབ་སྦྱོང་མ་ཐོན་གྱི་བར་དུ་འཇུག་གི་འདུག དེར་བརྟེན་གཟུ་བོར་གནས་པའི་བློ་དེ་ག་དུས་སྐྱེ་རྒྱུ་མགོ་འཛུགས་དགོས་སམ། གཞན་ཡང་གཟུ་བོར་གནས་པའི་བློ་དེ་སློབ་མ་ཞིག་གི་རྒྱུད་ལ་སྐྱེད་པར་བྱེད་པ་ལ་དགེ་རྒན་གྱི་ངོས་ནས་ཐབས་ལམ་གང་བསྟེན་དགོས་སམ་ཞེས་པ་དེ་དྲི་བ་གཅིག་ཡིན། གཉིས་པ་རིན་པོ་ཆེས་ཆ་བཞག་པ་དང་ཤེས་པ་གཉིས་ཀྱི་ཁྱད་པར་དེ་བཀའ་སློབ་ནང་ལ་མང་པོ་ཞིག་ཕེབས་སོང་། ཕྲུ་གུ་ཆུང་ཆུང་འཛིན་གྲྭར་སློབ་པའི་སྐབས་སུ་དགེ་རྒན་གྱིས་བཤད་པ་དེར་ཆ་བཞག་ནས་མ་འགྲོ་ན་ཁོ་རང་གིས་ཤེས་པར་བྱེད་ཅེས་པའི་ཐ་སྙད་དེ་འཇུག་ཁག་པོ་ཞིག་མཐོང་གི་འདུག ཆ་བཞག་པ་དང་ཤེས་པ་གཉིས་ཀྱི་ས་མཚམས་དེ་དེང་རབས་ཀྱི་ཤེས་ཡོན་སྲིད་བྱུས་དང་། གནའ་རབས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་སྟེང་ནས་ལྟ་སྟངས་གང་འདྲ་ཡོད་དམ། རིན་པོ་ཆེས་སློབ་གཉེར་གནང་ཡོད་ལ་སློབ་མ་ཡང་བསྐྱངས་ཡོད། དེ་བཞིན་དུ་ད་ལྟ་འཛམ་བུའི་གླིང་གི་མི་རིགས་ཡོངས་ལ་ཕན་པའི་ཤེས་ཡོན་གྱི་ལམ་སྟོན་ཕེབས་པའི་སྐབས་སུ་རིན་པོ་ཆེ་ཁྱེད་རང་གི་ཐུགས་རྒྱུད་ལ་གཟུ་བོར་གནས་པའི་བློ་དང་ཤེས་རབ་དེ་ག་དུས་འཁྲུངས་ཡོད་མེད་དང་། ཆ་མ་བཞག་པའི་ཤེས་ཡོན་དེ་ག་དུས་འཁྲུངས་སོང་ངམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
གཞན་ཡང་རིན་པོ་ཆེའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་བཀའ་སློབ་ཚང་མའི་ནང་དུ་སངས་རྒྱས་ཀྱིས་ཆོས་གསུངས་པ་ཐམས་ཅད་དོན་དང་ལྡན་པ་དང་། བྱང་ཆུབ་སེམས་དཔས་ཆོས་གསུངས་པ་ཕལ་ཆེར་དོན་དང་ལྡན་པ། སོ་སོའི་སྐྱེ་བོས་བཤད་པ་ཕལ་ཆེར་དོན་དང་མི་ལྡན་པ་ཡིན་ཞེས་གསུངས་པ་དེ་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཞི་ལ་བཞག་ནས་གསུང་གི་ཡོད་དམ། རྩ་བའི་ཕྱོགས་ཡོངས་ལ་གཟིགས་ནས་གསུང་གི་ཡོད། གལ་ཏེ་བྱང་ཆུབ་སེམས་དཔའ་ཞིག་ཡིན་ནའང་སོ་སོའི་སྐྱེ་བོ་ཞིག་ཡིན་ཕྱིན་རང་དོན་ཡིད་བྱེད་ཀྱི་བློ་དང་མ་འབྲེལ་བ་ཧ་ཅང་གི་ཁག་པོ་ཡིན་པས། དོན་དང་ལྡན་པ་ཞེས་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་དང་འབྲེལ་བ་ཆགས་པའི་ཐོག་ནས་དོན་དང་ལྡན་པ་དང་མི་ལྡན་པ་གསུང་གི་ཡོད་དམ། ཞེས་བཀའ་འདྲི་ཞུ་རྒྱུ་དེ་ཡིན།
བཀའ་ལན། བཀའ་འདྲི་གནང་རྒྱུ་དེ་གཞི་རྒྱ་ཆེན་པོ་དང་རིང་པོ་ལྟ་བུ་འདུག ངས་ཚང་མ་ཞིབ་ཚགས་པོས་ངེས་ཐུབ་པ་བྱུང་མ་སོང་། བློ་གཟུ་བོར་གནས་པ་ཞེས་པ་རྟག་ཏུ་དགོས་རྒྱུ་ཞིག་ཡིན། ཕྲུ་གུ་ཆུང་ཆུང་ལ་བློ་གཟུ་བོར་གནས་པ་ཇི་ལྟར་ཡོང་ངམ། དུས་ནམ་གྱི་ཚེ་ཡོང་ངམ་ཞེས་དྲིས་ན། གཟུ་བོར་གནས་པའི་བློ་དེ་ལོ་འདི་ནས་ཡོང་ཞེས་ལོ་མཚམས་གཟུང་ཐུབ་རྒྱུ་ཁག་པོ་ཡིན། འོན་ཀྱང་ཕྲུ་གུ་ཆུང་ཆུང་ཁ་གྲག་ཤེས་ལ་མ་ཤེས་དང་། སློབ་སྦྱོང་མགོ་མ་འཛུགས་བར་དུ་ཕྲུ་གུའི་བསམ་བློའི་ནང་ཕྱོགས་སུ་ལྷུང་བའི་བློ་དེ་ཉུང་ཉུང་ཡིན། ཤེས་འདོད་དང་གཟུ་བོར་གནས་པའི་བློ་དེ་མང་བ་ཡོད། དེས་ན་ཕྲུ་གུ་ཆུང་ཆུང་ཁ་གྲག་ཤེས་ལ་མ་ཤེས་ནས་བཟུང་སྟེ་ལོ་ལྔ་དྲུག་ཙམ་སྔོན་འགྲོའི་འཛིན་གྲྭར་མ་གཏང་བར་དུ་ཕ་མས་བྱམས་སྐྱོང་ལེགས་པར་བྱེད་ན། ཕྲུ་གུས་ཕ་མ་དང་སྤུན་ཟླ་སུ་ལའང་དྲི་བ་ཧ་ཅང་མང་པོ་འདྲི་གི་ཡོད། གསར་པ་གང་མཐོང་བ་དང་དྲི་བ་འདྲི་བ་ཡིན། ཅ་ལག་ཅིག་ཡིན་ནའང་དེའི་མིང་དང་རང་བཞིན་འདྲི་གི་རེད། དེ་ལྟ་བུའི་བྱབ་ཡོད་པ་དང་མེད་པའི་དྲི་བ་སྣ་ཚོགས་ཤིག་འདྲི་རྒྱུའི་གོམས་གཤིས་སམ་རང་བྱུང་གི་བག་ཆགས་དེ་ཕྲུ་གུ་མང་ཆེ་བར་ཡོད། འོན་ཀྱང་བག་ཆགས་དེ་མང་ཆེ་བ་ཕ་མས་སྣང་མེད་དུ་གཏོང་གི་ཡོད་ལ། འཁྲིས་ལ་སྡོད་མཁན་སྤུན་ཟླས་ཀྱང་སྣང་མེད་དུ་གཏོང་གི་ཡོད། དྲི་བར་ལན་ཡག་པོ་མ་བརྒྱབ་པ་མ་ཟད། ད་དུང་བྱབ་མེད་པའི་སྐད་ཆ་མང་པོ་འདྲི་མ་ཡོང་། ཁ་བཙུམས་ནས་སྡོད་ཅེས་གཤེ་གཤེ་གཏོང་གི་ཡོད། གང་འཚམས་ནས་ཕྲུ་གུས་དྲི་བ་འདྲི་རྒྱུར་སེམས་ཤུགས་ཆག་ནས། དྲི་བ་མི་འདྲི་མཁན་ཆགས་ཀྱི་ཡོད།
དེ་ནས་ཐོག་མར་འཛིན་གྲྭའི་ནང་སླེབས་པའི་སྐབས་སུ་དགེ་རྒན་གྱིས་ཕྲུ་གུར་མར་དྲིས་པ་ཡིན་ནའང་འདྲ། ཕྲུ་གུར་ཡར་འདྲི་བཅུག་ནའང་འཇིགས་སྣང་དང་ཚེར་སྣང་ཞིག་སླེབས་ནས་དྲི་བ་ཉུང་ཉུང་ཆགས་འགྲོ་བ་ཞིག་ཡོང་གི་ཡོད། གང་འཚམས་ནས་དགེ་རྒན་གྱིས་གང་བསླབས་ནའང་། ཐོག་མར་བསླབས་པ་དེ་རྣམས་བསམ་བློའི་ནང་ལ་འཇོག་པའམ་ཆ་གཞག་རྒྱུའི་གནས་སྟངས་ལ་སླེབས་པའི་སྐབས་སུ་དང་པོ་གང་ཆ་བཞག་པ་དེ་གཙོ་ཆེ་བར་བརྩི་བ་དང་དེའི་ཕྱོགས་སུ་ལྷུང་རྒྱུའི་ཉེན་ཁ་དེ་ག་དུས་ཡིན་ནའང་སླེབས་རྒྱུ་ཞིག་ཡིན། དགེ་རྒན་རྣམས་ཀྱིས་ཐབས་ཟབ་པོས་དེ་འདྲར་མི་འགྲོ་བའི་ཐབས་ཤེས་མ་བྱེད་ན་ཉེན་ཁ་ཡོད། དེས་ན་སློབ་ཕྲུག་ཆུང་ཆུང་རྣམས་ཀྱི་བསམ་བློའི་ནང་སོ་སོའི་དགེ་རྒན་གྱིས་བཞག་པ་དེ་གཙོ་ཆེ་བ་དང་ཡང་དག་པ་ཡིན་པ་དེ་ལྟ་བུའི་ཕྱོགས་སུ་ལྷུང་བའི་བློ་ཞིག་སླེབས་སྲིད། དེར་བརྟེན་ཐབས་ལ་མཁས་པའི་དགེ་རྒན་རྣམས་ཀྱིས་རྟག་ཏུ་སློབ་ཕྲུག་གི་རྒྱུད་ལ་དྭོགས་པ་དང་། རྣམ་རྟོག ཐེ་ཚོམ་གྱི་ཐོག་ནས་དྲི་བ་ཉམས་མི་འགྲོ་བ་དང་། དྭོགས་པ་དང་རྣམ་རྟོག་ཇི་ཙམ་ཡོད་ནའང་དེ་ལ་རྒྱབ་སྐྱོར་དང་དགའ་བསུའི་ཐོག་ནས་སེམས་ཤུགས་ཆག་མ་བཅུག་པར་དྭོགས་པ་དང་རྣམ་རྟོག་རྣམས་རང་འཇགས་གནས་ཐབས་བྱེད་དགོས།
མིའི་རང་བཞིན་གྱི་གཤིས་ཀའི་ནང་དྭོགས་པ་དང་རྣམ་རྟོག་དེ་ཡོང་གི་ཡོད། སྤྱིར་བློ་རིག་གི་འགྲོ་སྟངས་ལྟར་ནའང་། ཐོག་མར་མཐའ་གཅིག་འཛིན་གྱི་ལོག་རྟོག་སྐྱེས། དེ་ནས་མཐའ་གཉིས་འཛིན་གྱི་ཐེ་ཚོམ་སྐྱེས། མཐའ་གཉིས་འཛིན་གྱི་ཐེ་ཚོམ་ཡང་དང་པོར་དོན་མི་འགྱུར་གྱི་ཐེ་ཚོམ། དེ་ནས་རིམ་པས་དོན་འགྱུར་གྱི་ཐེ་ཚོམ། དེ་ནས་ཐེ་ཚོམ་དེ་ལས་བརྒལ་བའི་སྐབས་སུ་དོན་ངེས་པའི་བློ་ཞིག་རིམ་གྱིས་འགྲོ་རྒྱུ་དེ་རང་བཞིན་གྱིས་གནས་ཚུལ་ཞིག་ཡིན། དེས་ན་ཐེ་ཚོམ་གྱི་བློ་རང་དབང་གི་སྒོ་ནས་སློབ་ཕྲུག་གི་རྒྱུད་ལ་སྐྱེ་བ་དང་གནས་རྒྱུའི་ཐབས་བྱེད་དགོས་པ་དེ་དགེ་རྒན་དང་།ཕ་མ༑ སྤུན་མཆེད་རྒན་གཞོན་སོགས་ཀྱི་ལས་འགན་ཞིག་ཡིན། འོན་ཀྱང་འདི་ཤེས་མཁན་དཀོན་པོ་ཡིན། ད་ལྟའི་སློབ་སྦྱོང་གི་ལམ་སྲོལ་འདིའི་འོག་ཏུ་འཛིན་གྲྭ་ཁ་ཤས་བསླབས་ཚར་བའི་རྗེས་སུ་གཟུ་བོར་གནས་པའི་བློ་དེ་ཇེ་ཉུང་དུ་འགྲོ་རྒྱུ་ལས་མང་དུ་འགྲོ་གི་མེད། དེ་ནས་དགེ་རྒན་གྱིས་ཡིན་པ་དང་མིན་པ་བཤད་པ་དེ་རང་ལ་ཐག་བཅད་ནས་དེ་རང་ལ་ཆ་བཞག་པ་ལས་འགྲོ་ས་གཞན་མེད་སྙམ་པའི་འགྲོ་སྟངས་ཤིག་ཆགས་ཡོད། གཙོ་བོ་ནི་ཀློག་དེབ་ཀྱི་ནང་དུ་ཡིན་ཞེས་བྲིས་པ་དེར་རྒྱུགས་སྤྲོད་ཀྱི་སྐབས་སུ་མ་ཡིན་ཞེས་བྲིས་ན༑ ཁོ་ལ་ཀླད་སྐོར་རག་རྒྱུའི་ཉེན་ཁ་ཡོད་ལ། དེ་བཞིན་དུ་དགེ་རྒན་གྱིས་ཡིན་ཞེས་བཤད་པ་དེར་རྒྱུགས་སྤྲོད་པས་བསྒྱུར་བཅོས་བཏང་ནས་མ་ཡིན་ཞེས་བྲིས་ན། བསྐྱར་དུ་ཀླད་སྐོར་རག་རྒྱུ་གཏན་འཁེལ་བ་ལྟ་བུ་ཡིན། དེས་ན་གཙོ་བོ་རྒྱུགས་འཕྲོད་རྒྱུའི་དམིགས་ཡུལ་བཟུང་ནས་ཚང་མ་ཆ་བཞག་ནས་འགྲོ་རྒྱུ་དང་། དེ་ནས་རྒྱུ་མཚན་བསམ་རྒྱུའི་བསམ་བློའི་རང་དབང་རིམ་གྱིས་ཉམས་འགྲོ་རྒྱུའི་གནས་བབ་དེ་རང་བཞིན་གྱིས་ཡོད་པ་ཞིག་ཡིན།
ཡང་དྲི་བའི་ཆ་ཤས་ཤིག་ནང་། ཕལ་ཆེར་དོན་མེད་པ་དང་། ཕལ་ཆེར་དོན་དང་ལྡན་པ། དོན་དང་ལྡན་པ་ཁོ་ན་ཞེས་པ་ནང་པའི་ལྟ་ཚུལ་ཞིག་ཡིན་ནམ། ངས་རྟོག་བཟོ་བྱས་པ་ཡིན་ཞེས་ཕལ་ཆེར་འདི་དྲིས་པ་འདྲ། ངས་ཞུས་པ་དེ་མདོ་སྡེ་རྒྱན་ནས་གསུངས་པ་ལྟར་སངས་རྒྱས་འཕགས་པས་ཆོས་བསྟན་པ་ཐམས་ཅད་དོན་དང་ལྡན་པ་དང་། བྱང་སེམས་འཕགས་པས་ཆོས་བསྟན་པ་ཕལ་ཆེར་དོན་དང་ལྡན་པ་དང་། སོ་སོའི་སྐྱེ་བོས་ཆོས་བསྟན་པ་ཕལ་ཆེར་དོན་དང་མི་ལྡན་པ་ཡིན་ཞེས་གསུངས་ཡོད། དེའི་རྒྱུ་མཚན་ནི་སྟོན་པ་པོའི་གང་ཟག་གིས་ངེས་པར་དུ་ཉན་པ་པོའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་དང་བློའི་ནུས་པ་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་མ་རྟོགས་པ་ལ་བརྟེན་ནས་བྱུང་བ་ཡིན། དཔེར་ན་ང་ལྟ་བུ་ལས་དང་པོ་བ་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་གྱི་མི་གཅིག་གིས་བཤད་པའི་སྐབས་སུ་ངས་གང་ཤེས་པ་དེ་བཤད་པ་ལས་དགེ་ཕྲུག་ལ་གང་དགོས་པ་དང་། ཇི་ཙམ་ཉན་ཐུབ་པ་དེ་བཤད་ཐུབ་ཀྱི་མེད། དེས་ན་ངས་ཤེས་པ་དེ་བཤད་པའི་སྐབས་སུ་ཁ་ཤས་དགེ་ཕྲུག་ལ་ཏག་ཏག་འཚམས་པ་དང་ཕན་ཐོགས་པའང་ཡོང་གི་ཡོད་ལ། ཁ་ཤས་མ་འཚམས་པ་དང་ཕན་མི་ཐོགས་པའང་ཡོང་གི་ཡོད། འདུལ་བའི་ནང་དུ་བྱུང་རབས་ཤིག་ཡོད། མཉན་ཡོད་དུ་བཞིན་བཟང་དྲུག་ཅུ་ཞེས་ན་གཞོན་དྲུག་ཅུ་ཐམ་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མཇལ་དུ་ཡོང་བའི་སྐབས་སུ་ཤཱ་རིའི་བུས་སྣོད་དུ་རུང་བར་མཁྱེན་ནས་གལ་ཏེ་ཆོས་བསྟན་ན་ཉིན་མོ་དེ་རང་ལ་ཚང་མ་དགྲ་བཅོམ་པ་འཐོབ་རྒྱུའི་བག་ཆགས་ཡོད་པ་ཞིག་ཏུ་གཟིགས་པ་རེད། དེས་ན་ཤཱ་རིའི་བུས་སྔ་དྲོ་བསོད་སྙོམས་ནས་ཕྱིར་ལོག་ནས་ཁོང་ཚོར་ཆོས་བསྟན་དགོས་དགོངས་པ་རེད། དེའི་བར་དུ་འཕགས་པ་འཇམ་དཔལ་དགེ་སློང་མིན་པས་སྔ་དྲོ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་སྔོན་དུ་ཕེབས་ནས་ཁོང་ཚོར་སྟོང་པ་ཉིད་དམ་ཐེག་པ་ཆེན་པོའི་ཆོས་བསྟན་པར། བཞིན་བཟང་དྲུག་ཅུ་པོ་དད་པ་ལོག་ནས་ངན་སོང་ལ་སྐྱེ་རྒྱུའི་ལས་བསགས་པར་བརྟེན། ཤཱ་རིའི་བུར་ཆོས་བསྟན་རྒྱུ་བྱུང་མེད། དེ་ནས་ཤཱ་རིའི་བུ་སངས་རྒྱས་ཀྱི་སྐུ་མདུན་ལ་བཅར་ནས་དེ་རིང་འཕགས་པ་འཇམ་དཔལ་གྱིས་རྦད་དེ་མགོ་ལོག་རྩེས་ནས་བཞིན་བཟང་དྲུག་ཅུ་དམྱལ་བར་བཏང་བ་དང་། གལ་ཏེ་ངས་ཆོས་བསྟན་ན་ཚང་མས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་ཚུལ་ཞུས་པའི་སྐབས་སུ། སངས་རྒྱས་ཀྱིས་འཇམ་དཔལ་ཐབས་ལ་མཁས་པ་ཡིན་ཞེས་གསུངས་པ་རེད། དེ་ནས་ཤཱ་རིའི་བུ་ཧ་ལས་ནས་དམྱལ་བ་ལ་བཏང་བར་ཐབས་ལ་མཁས་པ་ཇི་ལྟར་ཡིན་ནམ་ཞེས་བཀའ་འདྲི་ཞུ་བ་ན། དེ་རྣམས་དམྱལ་བར་ཕྱིན་ནས་ཐར་བའི་རྗེས་སུ་ད་ལྟའི་བག་ཆགས་འདིས་འཇམ་དཔལ་གྱི་ས་ནས་ཆོས་ཉན་ཏེ་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་སངས་རྒྱས་པ་དེ་ཧ་ཅང་གི་མགྱོགས་པ་དང་། ཁྱེད་རང་གིས་ཆོས་བསྟན་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ན་འགོག་པ་ལ་གཡེངས་ནས་བསྐལ་པ་མང་པོར་སངས་རྒྱས་ཀྱི་ས་ལས་རྒྱང་རིང་དུ་འགྲོ་བ་ཡིན། དེས་ན་ད་ལྟ་དམྱལ་བར་ཕྱིན་པ་དང་དགྲ་བཅོམ་པ་ཐོབ་པ་གཉིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཉེ་རིང་གི་ཁྱད་པར་ཡོད་པས་འཇམ་དཔལ་ཐབས་ལ་མཁས་པ་ཡིན་ཞེས་གསུངས་ཡོད། དེ་ལྟར་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་དང་། ལྷག་པར་དུ་གནས་སྐབས་ཀྱི་དོན་དང་མཐར་ཐུག་གི་དོན་རྣམས་ཇི་ལྟ་བ་བཞིན་དུ་གཟིགས་མཁན་དེ་སངས་རྒྱས་ཁོ་ན་མ་གཏོགས་མེད། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་འཚམས་ཤིག་གཟིགས་པ་ལས་ཇི་ལྟ་བ་བཞིན་དུ་གཟིགས་ཀྱི་མེད། དེས་ན་ཕལ་ཆེར་དོན་མེད་དང་། ཕན་ཆེར་དོན་ཡོད། རྣམ་ཀུན་དོན་ཡོད་ཅེས་པ་ངས་རང་བཟོ་བྱས་པ་ཞིག་མིན་ལ། ནང་པའི་ལྟ་ཚུལ་ཞིག་ཡིན། དེ་བྱམས་པས་གསུངས་པའི་མདོ་སྡེ་རྒྱན་གྱི་ལུང་གི་དགོངས་པ་ཡིན།
གཟུ་བོར་གནས་པའི་བློ་དེ་ག་དུས་སྐྱེས་སོང་ཞེས་འདྲི་ན། དུས་ཚོད་དང་ཚེས་གྲངས་འདི་ལ་སྐྱེས་སོང་ཞེས་ངས་ཐོ་བརྒྱབ་རྒྱུ་མ་བྱུང་། འོན་ཀྱང་ཆུང་དུས་ནས་མཚན་ཉིད་ཀྱི་གཞུང་ལ་སྦྱངས་པར་བརྟེན་རྟོག་གེ་མགོ་མཁྲེགས་ལོ་གཞོན་སྐབས་ནས་ཆགས་ཡོད། ནང་པའི་མཚན་ཉིད་པར་ལེགས་པའི་ཆ་ནས་བལྟས་ན། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་མཁན་ཞིག་ཡོད། ཉེས་པའི་ཆ་ནས་བྱེད་ན་དཔེ་ཆ་རྣམས་སུ་རྟོག་གེ་མགོ་མཁྲེགས་སངས་རྒྱས་ལའང་དག་པ་མི་སྟེར་བ་ཞེས་གསུངས་ཡོད། དེ་ནི་རྟོག་གེ་མགོ་མཁྲེགས་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ཡིན་ནའང་དེ་མ་ཐག་ཁས་མི་ལེན་པར་བསྐྱར་དུ་དྲི་བས་བསྐོར་ནས་སྡོད་ཀྱི་ཡོད། བསྡུས་གྲྭ་བལྟས་ནས་ཁ་དོག་དཀར་དམར་སོགས་ཀྱི་ཐོག་ནས་རིགས་ལམ་དང་བགྲོ་གླེང་བྱེད་པའི་གཤིས་ཀ་འཇགས་པ་ནས་བཟུང་སྟེ། ཕྱོགས་གཞན་གྱིས་ཡིན་ཞེས་ཁས་ལེན་ན་མ་ཡིན་པར་སྒྲུབ་རྒྱུའི་ཐབས་ཤེས་བྱེད་པ་དང་། དེེ་བཞིན་དུ་མ་ཡིན་ཞེས་ཁས་ལེན་ན་ཡིན་པར་སྒྲུབ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། གྲྭ་སའི་ངག་རྒྱུན་དུའང་མིན་པ་ཡིན་པར་སྒྲུབ་ཐུབ་ན་བསྡུས་གྲྭ་བྱང་བའི་རྟགས་ཡིན། ཡིན་པ་མིན་པར་སྒྲུབ་ཐུབ་ན་བསྡུས་གྲྭ་བྱང་བའི་རྟགས་ཡིན་ཞེས་བསྡུས་གྲྭ་སྦྱངས་ཡོད་ན་གང་ཡིན་ནའང་ལབ་མ་ཐུབ་པ་ཕལ་ཆེར་བཟོ་ཐུབ་ཀྱི་ཡོད། དེས་ན་དེ་ལྟ་བུའི་རྟོག་གེ་མགོ་མཁྲེགས་ཀྱི་བསམ་ཚུལ་དེ་ཕལ་ཆེར་ཆུང་དུས་ནས་ཡོད། དྲི་བ་ཚང་མར་ལན་བྱུང་ཡོད་མེད་མི་ཤེས། གང་ངེས་པ་དེར་ལན་ཞུས་ཡོད། ཐུགས་རྗེ་ཆེ།། །།
(ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༩ ཕྱི་ཟླ་ ༧ ཚེས་ ༢༧, ༢༩, ༣༠ བཅས་ཉིན་གསུམ་རིང་ལ་དྭགས་དབུས་གཞུང་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོར་དགེ་ལས་སློབ་གཉེར་བ་རྣམས་ལ་རིགས་ཀྱི་གླུའི་འགྲེལ་བཤད་གནང་ཞིང་། གསུང་བཤད་ཡིག་ཐོག་འབེབས་མཁན་སློབ་མ་བསྟན་འཛིན་མདོ་སྔགས་དང་། ཞུ་སྒྲིག་གནང་མཁན་ལ་དྭགས་དབུས་གཞུང་ནང་པའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སློབ་དཔོན་ཆེན་པོ་དགེ་བཤེས་དཀོན་མཆོག་དབང་འདུས་ཡིན།)
[1] རྗེ་ཙོང་ཁ་པའི་གསུང་། ཁ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། རྟེན་འབྲེལ་བསྟོད་པ། ཤོག ༡༨ ཕྲེང་ ༡༢
[2]2. ལ་དྭགས་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་མཆོག་གི་མཛད་རྣམ། ཤེས་རབ་དར་རྒྱས་ཀྱིས་བརྩམས། སྟོད་ཆ། ཤོག ༣༣༥ ཕྲེང་ ༡༤ སྤྱི་ལོ་ ༡༩༥༥ ཟླ་བ་ ༡༡ ནས་ ༡༩༥༦ ཟླ་བ་ ༣ བར་བོད་དུ་གཟིགས་སྐོར་མཛད་ཚུལ་གསལ།
[3]. སྡེ། འདུལ་བ། ང་། ལུང་གཞི། ཤོར ༢༨༦ བ ༦ ཕུ་ནུ་མོ་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་པས་ཁྱེད་ཅག་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག ཅེས་དང་། སྡེ་བཀའ། འདུལ་བ། ད། ཕྲན་ཚེགས་ཀྱི་གཞི། ཤོག ༡༩༣ ན ༧ བཞིན་བཟང་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བ་སྟེ། ཞེས་གསུངས།
[4]. སྡེེ། བསྟན། དབུ་མ། འ། དབུ་མ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པ། སེམས་བསྐྱེད་ ༦ ཤོག་ ༢༡༡ བ ༡
[5]. དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས། གཞུང་ཆེན་བཅོ་བརྒྱད། པོད། ཆ། རྟ་ནག་གསེར་གླིང་དགོན་གྱི་པར་མ། བལ་ཡུལ་རྒྱལ་ཡོངས་ས་ཆེན་དཔར་རྩ། ཤོག ༡༡ བ ༥
[6]. གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེ། བོད་ཀྱི་གཙུག་ལག་གཅེས་བཏུས། དེབ་ཕྲེང་ ༢༤ ཤོག ༥༤ ཕྲེང་ ༣
[7]. མཁས་པ་འཇུག་པའི་སྒོ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག ༡༨ ཕྲེང་ ༩ གཞན་ལས་གཞན་དག་རྣམས་བཤད་པ།། འདི་ཡི་ནང་དུ་འདུས་ཞེས་བྱ།། མདོ་ལས་རིག་པའི་གནས་བཅོ་བརྒྱད་ཅེས་གསུངས་པའང་ལྔ་པོ་འདིར་འདུས་པར་ཤེས་པར་བྱའོ།། ཞེས་གསུངས།
[8]. སྡེ། བཀའ། འདུལ་བ། ཏ། མའི་རྣམ་འབྱེད། ཤོག ༣༡ ན ༡ རིག་པའི་གནས་བཅོ་བརྒྱད་དག་ལ་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་བཅུ་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པོ་འདི་དག་ཐམས་ཅད་ལ་བློ་ཤིན་ཏུ་རྣོར་བར་གྱུར་ཏོ།། ཞེས་གསུངས།
[9]. སྡེ། བསྟན། འདུལ་བ། ཚུ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། སློབ་དཔོན་དུལ་བའི་ལྷ། ཤོག ༣༣ ན ༡ རོལ་མོའི་མཚན་ཉིད་སྒྱུ་མ་དང་།། འགྱེད་སྟོབས་དང་ནི་མེ་ཏོག་ལས།། དམག་རྣམས་དང་ནི་བདག་ཉིད་ཤེས།། གཡོས་སུ་བྱ་བ་རྣམ་པར་ངེས།། ཚོང་དང་ནོར་ནི་བསྒྱུར་བ་དང་།། རྒྱན་དང་ལག་རྩིས་བཅུད་ཀྱིས་ལེན།། འཕྲུལ་འཁོར་སྦྱོར་དང་དྲི་བ་དང་།། འཕོང་སྤྱད་དང་ནི་ཆེ་སྦྱོར་སྒྲ།། ཡི་གེ་དང་ནི་ཁ་སྐད་དང་།། རང་བཟོ་དང་ནི་མཚོན་རྣམས་བརྟག ། སྤྱོད་ཐབས་དང་ནི་སོག་ལེ་དང་།། ཕུག་རྣམས་རྐོ་བར་བྱེད་པ་དང་།། སོང་དང་འོང་བ་ཤེས་པ་དང་།། གཞི་ཡི་མཚན་ཉིད་ཤེས་པ་དང་།། མདུད་དང་རྡོ་རྗེ་བརྟག་པ་དང་།། མཐངས་ཀྱི་ཚོར་བའི་མཚན་ཉིད་ནི།། ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་།། བྷ་ར་ཏ་ཡི་བསྟན་བཅོས་ཤེས།། བཅིངས་དང་ཁང་པ་རྩེག་མ་དང་།། དེ་བཞིན་གོས་ནི་འཕང་བ་དང་།། ཡན་ལག་མཉེད་དང་མོ་འདེབས་དང་།། དེ་བཞིན་ཆུ་ནི་ཀུན་འཛིན་དང་།། དུང་གི་སྒྲ་དང་སྡེབ་སྦྱོར་དང་།། གྲོང་རྡལ་དང་ནི་གླེགས་འདྲ་དང་།། མཚན་མོ་ཆོམ་རྐུན་ཤེས་པ་དང་།། བྱིས་པ་རྣམས་ནི་གསོ་བ་དང་།། མི་རྣམས་གཉིད་ཀྱིས་ལོག་བྱ་དང་།། སྒོ་ལྕགས་དབྱེ་བར་བྱ་བ་དང་།། སྨྲ་དང་ས་རྟོག་བྱེད་པ་དང་།། སྐྱེས་པ་བུད་མེད་རྟ་དང་ནི།། གླང་པོའི་མཚན་ཉིད་གར་སློབ་དང་།། འབྱུང་བ་དག་ནི་གསོ་བ་དང་།། ཟངས་མ་མཁར་བ་གསེར་དང་ནི།། ཤིང་དང་དུང་གི་ཤེས་པ་དང་།། རི་མོ་ཚོན་དང་སོ་དག་གི། ལས་རྣམས་དེ་དག་གོ་རིམས་བཞིན།། སྐར་མའི་གཏན་ཚིགས་རིག་པ་དང་།། མཚན་མ་ཤེས་པ་ཉིད་དང་ཡང་།། ངེས་པའི་ཚིག་གི་གཞུང་རྣམས་ནི།། སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན།། ཞེས་གསུངས།
[10]. སྡེ། བཀའ། མདོ། ཉ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། ཤོག ༩༣ བ ༡ རིགས་ཀྱི་བུ་སེམས་ཅན་གང་ཞིག་ཐེག་པ་ཆེན་པོའི་མདོ་ཡོངས་སུ་མྱ་ངན་ལས་འདས་པ་འདི་བསླབ་པར་སེམས་བསྐྱེད་དེ། གླེགས་བམ་དུ་འདྲིའམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པ་ཡང་དེ་དང་འདྲ་སྟེ། ཞེས་དང་། སྡེ། བཀའ། རྒྱུད་འབུམ། ཕ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན། ཤོག ༢༡༡ བ ༡ གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ། མགུལ་དུ་ཐོགས་པ་བྱས་ནས་བཅང་བར་བྱ། བཀླག་པར་བྱ་སྟེ། ཞེས་སོགས་གསུངས།
[11]. སྡེ། བཀའ། འདུལ་བ། ཉ། འདུལ་བ་རྣམ་པར་འབྱེད་པ། ཤོག ༡༨༩ ན ༥ དེས་(བཙུན་མོ་སྔོ་བསངས་ཅན་)སྨྲས་པ། མ་དུ་(བཙུན་མོ་དཔེ་མེད་མའི་ཡབ་)བྱ་བ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་བུ་མོ་འདི་དག་མཚན་མོ་མེ་མར་ལ་སངས་རྒྱས་ཀྱི་བཀའ་ཀློག་པས་དེར་གྲོ་བ་དང་། འབྲུ་མར་དང་། སྣག་ཚ་དང་། སྨྱུ་གུ་དང་ཤིང་བལ་དགོས་སོ།། དེས་སྨྲས་པ། ལྷ་མོ་མ་ནོངས་ཀྱིས་སྦྱོར་དུ་སྩལ་ཏོ་ཞེས་དེས་མང་པོ་སྦྱོར་དུ་བཅུག་སྟེ་ནང་དུ་བསྐྱས་ནས་སྒོ་ཁང་དུ་ཕུང་པོར་བཅེར་ཏེ་བཞག་གོ སྔོ་བསངས་ཅན་གྱིས་སྨྲས་པ་མ་དུ་ཆོག་གིས་ཐོང་ཤིག་མ་དུས་སྨྲས་པ།ལྷ་མོ་འཇུག་སྩལ་ཏེ་སླན་ཆད་ཡང་དང་ཡང་དུ་འཇུག་ཏུ་མི་སྩལ་བར་བགྱིའོ་ཞེས་དེའི་འཇུག་ཏུ་བཅུག་ནས་གྲོ་བའི་ཁུར་ཕྱི་མར་མེར་བཅུག་སྟེ་འཇུག་ཏུ་བཅུག་པ་དང་། མེ་འབར་བ་དེས་སྒོ་ཁང་ལ་མཆེད་ནས་ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་གསོད་དུ་བརྒྱུགས་པ་དང་། ཞེས་སོགས་གསལ།
[12]. སྡེ། བསྟན། སེམས་ཙམ། ཕི། མདོ་སྡེ་རྒྱན། རྗེ་བཙུན་བྱམས་མགོན། ལེའུ་ ༡༩ ཤོག ༢༩ བ ༣ གཙུག་ལག་བརྟན་པའི་ཆོས་དང་ནི།། དེ་དོན་དགོངས་པ་ཅན་དང་ནི།། ངེས་དོན་ཚད་མར་ལྡན་པ་དང་།། དེ་ཡི་བརྗོད་མེད་ཐོབ་པའོ།། ཞེས་གསུངས།
[13]. སུམ་ཅུ་པའི་རྣམ་བཤད། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ། ཤེས་རིག་པར་ཁང་། ༢༠༡༤ ཤོག ༢༡ ཕྲེང་ ༡ ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པར་མ་མངོན་པས། ཞེས་དང་། ཡང་དེ་ཉིད། ཤོག ༣༨ ཕྲེང་ ༡༣ བསླབ་པ་གསུམ་དང་རིག་བྱེད་སོགས་གཙུག་ལག་གཉིས་ཀ་ལ་འཇུག་པའི་ལམ་ཡངས་པར་འགྱུར་བ་ནི་དགོས་པའོ།། ཞེས་གསུངས།
[14]. སྡེ། བཀའ། རྒྱུད་འབུམ། ཀ ཤོག ༡ ན ༡ རྒྱ་གར་སྐད་དུ། མཉྫུཤྲཱི་ཛྙཱན་སཏྭ་སྱཔརམཱཪྠ་ནཱམ་སཾགཱིཏི། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། ཞེས་གསལ།
[15]. སྡེ། བཀའ། འདུལ་བ། ཐ། ཕྲན་ཚེགས་ཀྱི་གཞི། ༤༢ བ ༥ ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་གཙོ་བོ་པདྨ་དཀར་པོས་སྙན་པ་བཟང་ལྡན་གྱི་སྐད་ཐོས་ཏེ་རྣ་བ་བླགས་ཏེ་མི་གཡོ་བར་སྡོད་པའི་སྐོར་གསལ།
[16]. སྡེ། བསྟན། སྒྲ་མདོ། སེ། སྙན་ངག་མེ་ལོང་། སློབ་དཔོན་དབྱུག་པ་ཅན། ལེའུ་ ༢ ཤོག ༣༢༢ ན ༣
[17]. སྡེ། བསྟན། སྒྲ་མདོ། སེ། སྙན་ངག་མེ་ལོང་། སློབ་དཔོན་དབྱུག་པ་ཅན། ལེའུ་ ༢ ཤོག ༣༢༢ བ ༣
[18]. སྡེ། བསྟན། སྒྲ་མདོ། སེ། སྙན་ངག་མེ་ལོང་། སློབ་དཔོན་དབྱུག་པ་ཅན། ལེའུ་ ༡ ཤོག ༣༡༨ བ ༧
[19]. སྡེ། བསྟན། ཤེར་ཕྱིན། ཀ།ཤེར་ཕྱིན་མངོན་རྟོགས་རྒྱན། རྗེ་བཙུན་བྱམས་པ་མགོན་པོ། སྐབས་ ༡ ཤོག ༢ ན ༡
[20]. སྡེ། བསྟན། སེམས་ཙམ། ཕི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། རྗེ་བཙུན་བྱམས་པ་མགོན་པོ། ལེའུ་ ༡ ཤོག ༧༤ བ ༢
[21]. དུང་དཀར་ཚིག་མཛོད་ཆེན་པོ། དུང་དཀར་བློ་བཟང་འཕྲིན་ལས། སྟོད་ཆ། ཤོག ༤༡༦ ཕྲེང་ ༨ ཤེས་རིག་པར་ཁང་། ཁྲོ་བོའི་བཞད་པ་བརྒྱད། སྡིགས་པའི་གད་མོ། ཧ་ཧ། དགྱེས་པའི་གད་མོ། ཧེ་ཧེ། སྒེག་པའི་གད་མོ། ཧི་ཧི། ཟིལ་གྱིས་གནོན་པའི་གད་མོ། ཧོ་ཧོ་སྟེ་བརྒྱད་དོ།།
[22]. སྡེེ། བསྟན། མངོན་པ། ཀུ། ཆོས་མངོན་པ་མཛོད། སློབ་དཔོན་དབྱིག་གཉེན། གནས་ ༤ ཤོག ༡༠ བ ༧
[23]. མཁས་གྲུབ་རྗེའི་གསུང་། བ། གསུང་ཐོར་བུ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། དཔལ་དུས་ཀྱི་འཁོར་ལོའི་བརྗོད་བྱའི་དོན་ལས་བརྩམས་ཏེ་དྲིས་པའི་ལན། ཤོག ༣༨༥ ཕྲེང་ ༡༡
[24]. སྡེེ། བསྟན། དབུ་མ། འ། དབུ་མ་ལ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པ། སེམས་བསྐྱེད། ༦ ཤོག ༢༠༧ བ ༣
[25]. སྡེེ། བསྟན། སྣ་ཚོགས། ངོ་། ཤེས་རབ་བརྒྱ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཤོག ༩༩ བ ༦ ཆོས་དོན་འདོད་དང་ཐར་པ་ཡི།། འབྱུང་གནས་ཆེན་པོ་རིག་པ་ཡིན།། དེ་ལྟས་དང་པོར་གུས་པ་ཡིས།། ཤེས་རབ་ཡུམ་ཆེན་གཟུང་བར་བྱ།། ཞེས་གསུངས།
[26]. THE AWAKENING OF INTELLIGENCE J. KRISHNAMURTI Publisher: HarperCollins Publishers ISBN: 9780060648343
[27]. སྡེ། བསྟན། སེམས་ཙམ། ཕི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན། རྗེ་བཙུན་བྱམས་པ་མགོན་པོ། ལེའུ་ ༡༧ ཤོག ༢༥ ན ༡ རྣམ་པའི་དབྱེ་བའི་སྒོ་ནས་ནི།། བསྡུ་བ་དམན་དང་འབྲིང་དང་མཆོག།། ཕལ་ཆེར་དོན་མེད་དོན་ཡོད་དང་།། རྣམ་ཀུན་དོན་ཡོད་ཤེས་པར་བྱ།། འཁོར་སྡུད་པ་དང་ལྡན་པ་རྣམས།། ཚུལ་འདི་ལ་ནི་ཡང་དག་རྟེན།། ཞེས་གསུངས།
[28]. སྡེ། བསྟན། དབུ་མ། ཚ། བསྟན་བཅོས་བཞི་བརྒྱ་པ། སློབ་དཔོན་ཨརྱ་དེ་ཝ། རབ་བྱེད་ ༡༢ ཤོག ༡༣ ན ༥
[29]. སྡེ། བཀའ། རྒྱུད། ག རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད། ཤོག ༦༡ ན ༥ ཁ་སྦུབ་ཞབས་རྡོལ་དྲི་མ་ཅན།། སྣོད་སྐྱོན་གསུམ་པོ་སྤང་བྱས་ལ།། ཞེས་དང་། རྗེ་ཙོང་ཁ་པའི་གསུང་། པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། བྱང་ཆུབ་ལམ་རིམ་ཆེན་མོ། ཤོག ༡༩ ཕྲེང་ ༡༩ ཉན་པའི་ཚུལ་དངོས་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ།། ཞེས་པའི་ཐད་དུ་ཞིབ་གསལ་གསུངས་ཡོད།
[30]. སྡེ། བཀའ། རྒྱུད་འབུམ། ག དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ། ཤོག ༢༡༦ བ ༦ བསྲེག་བཅད་བདར་ (བརྡར་)བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ནས་ང་ཡི་བཀའ།། བླང་བར་བྱ་ཡི་མོས་པའམ།། གཞན་གྱིས་མཁས་པ་འཇུག་མི་བྱ།། ཞེས་གསུངས།
[31]. རྗེ་ཙོང་ཁ་པའི་གསུང་། ཁ། ཐོག་མཐའ་མ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། ཤོག ༣༥༢ ཕྲེང་ ༧
[32]. སྡེ། བསྟན། ཤེར་ཕྱིན། ཀ།ཤེར་ཕྱིན་མངོན་རྟོགས་རྒྱན། རྗེ་བཙུན་བྱམས་པ་མགོན་པོ། སྐབས་ ༡ ཤོག ༣ ན ༧
[33]. ཅོ་ནེའི་བསྟན་འགྱུར་དཀར་ཆག།། ཀུན་མཁྱེན་འཇིགས་མེད་དབང་པོ། དེབ་གཟུགས། ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ། ༡༩༨༦ ཟླ་ ༡༢ པར་དུ་སྐྲུན། ཤོག་ ༣༥༣ ཕྲེང་ ༨ གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། ཁང་ཤིང་བུད་ཤིང་ཤིང་གི་དགེ། ཞེས་གསུངས།
[34]. སྡེེ། བཀའ། འདུལ་བ། ཀ ལུང་གཞི། ཤོག ༢༧༦ བ ༧ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ།། ཞེས་གསུངས།
[35]. སྡེེ། བཀའ། འདུལ་བ། ཀ། ལུང་གཞི། ཤོག ༢༧༧ ན ༡ སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ་ཞེས་གསུངས་པ་གང་ལགས་པ། བཙུན་པ་ཇི་ཙམ་གྱིས་ཡུལ་ཁ་བ་ཅན་དུ་བརྗོད་པར་བགྱི། ཉེ་བར་འཁོར་གང་ན་སྣོད་དུ་ཆུ་འཁྱག་པ་ཡིན་ནོ།། ཞེས་གསུངས།
[36]. སྡེ། བཀའ། མདོ་སྡེ། ཨཿ དྲིན་ལན་བསབ་པའི་མདོ། ལེའུ་ ༩ ཤོག ༡༨༩ ན ༧ རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་རྒྱུན་དུ་བརྩོན་འགྲུས་སུ་དགེ་བའི་བཤེས་གཉེན་བསྟེན་ཏེ་ཁམས་གསུམ་གྱི་ཉོན་མོངས་པ་གཞོམ་ཞིང་རྒུད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཚིག་གཅིག་ཙམ་མམ་ཚིགས་སུ་བཅད་པ་གཅིག་གམ། དོན་གཅིག་ཙམ་གྱི་བར་དུ་ཉན་པ་ལ་རབ་ཏུ་བརྩོན་པར་བྱེད་དོ།། ཞེས་པ་ནས། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ།། ཞེས་སོགས་གསུངས།
[37]. སྡེ། བསྟན། སེམས་ཙམ། ཕི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན། རྗེ་བཙུན་བྱམས་པ་མགོན་པོ། ལེའུ་ ༡༢ ཤོག ༡༥ བ ༤
[38]. མཁས་པ་འཇུག་པའི་སྒོ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག ༡༨ ཕྲེང་ ༣
[39]. མཁས་པ་འཇུག་པའི་སྒོ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག ༡༨ ཕྲེང་ ༤
[40]. སྡེ། བསྟན། རྒྱུད། ཝ། དཔྱིད་ཀྱི་ཐིག་ལེའི་འགྲེལ་པ། མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན། ལེའུ་དགུ་པའི་འགྲེལ་པ། ཤོག ༣༤༡ ན ༣ གཞན་གྱི་སྡེ་པ་ལ་གྲགས་པའི་རིག་བྱེད་ལ་སོགས་པ་རིག་པའི་གནས་བཅུ་བཞི་དང་། རང་གི་སྡེ་པ་ལ་གྲགས་པའི་རིག་པའི་གནས་ལྔ་ལ་བརྟེན་ནས། ཞེས་དང་། སྤྱོད་པའི་རིག་བྱེད་ཡན་ལག་བཞིར།། དེ་ཡི་བཀོད་པ་རྒྱས་པར་སྟེ།། རྙིང་པའི་ཆོས་ཀྱི་བསྟན་བཅོས་སུ།། རིག་པ་བཅུ་བཞི་འདི་རྣམས་སོ།། སྒྲ་དང་གཏན་ཚིགས་རིག་པ་དང་།། དེ་བཞིན་ཁོ་ནར་ནང་དང་ནི།། གསོ་བ་དང་ནི་བཟོ་རིག་གཉིས།། རིག་པའི་གནས་ནི་ལྔ་པོའོ།། ཞེས་གསུངས།
[41]. ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ། ༡ ཤོག ༦༥༤ བཟོ་རིག་གསོ་རིག་སྒྲ་རིག་ཚད་རིག་བཞི།། སྣོད་རིག་བཅུ་རིག་འཆི་རིག་ལས་རིག་བརྒྱད།། ལེན་རིག་དུས་རིག་ཤེས་རིག་ཡོད་རིག་བཅུ་གཉིས་སོ།། ཁམས་རིག་ཡུལ་རིག་བསྔགས་རིག་སྨན་རིག་བཞི།། ཆོས་རིག་བྱང་ཆུབ་རིག་དང་བཅོ་བརྒྱད་དོ།། རིག་གནས་བཅོ་བརྒྱད་ནི། འཇིག་རྟེན་ཤེས་པས་བཟོ་རིག་པ་དང་པོ། ཟས་ཀྱི་ཚོད་དང་ཕན་གནོད་ཤེས་པས་གསོ་བ་རིག་པ་གཉིས་པ། བྱཱཀརཎ་སྡེ་བརྒྱད་ལ་སོགས་ཤེས་པས་སྒྲ་རིག་པ་གསུམ་པ། རྟག་ཆད་སྒྲོ་སྐུར་ཤེས་པས་ཚད་མ་རིག་པ་བཞི་པ།
གནས་མཐོ་དམན་ཤེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་རིག་པ་ལྔ་པ། འགྲོ་བ་རིས་དང་ངན་འགྲོ་ཤེས་པས་ལས་རིག་པ་བདུན་པ། རང་གཞན་ལུས་ལེན་པ་སོགས་གང་དུ་སྐྱེ་བའི་བདེ་སྡུག་ཤེས་པས་སྐྱེ་གནས་རིག་པ་བརྒྱད་པ། ཚེ་སྔོན་ཕྱི་བར་གསུམ་ཤེས་པས་དུས་རིག་པ་དགུ་པ། རྟག་འཛིན་གྱི་སྐྱོན་ཤེས་པས་འཆི་བ་རིག་པ་བཅུ་པ། དབང་པོ་རབ་འབྲིང་ཐ་གསུམ་ཤེས་པས་ཤེས་རབ་རིག་པ་བཅུ་གཅིག་པ། གཞན་གྱི་བསམ་པ་ཤེས་པས་ཡིད་རིག་པ་
བཅུ་གཉིས་པ། ཁམས་གསུམ་ཐམས་ཅད་འབྱུང་བ་ལྔར་ཤེས་པས་སྐྱེ་བ་རིག་པ་བཅུ་གསུམ་པ། གཟུགས་སོགས་ཡུལ་དྲུག་སེམས་སུ་ཤེས་པས་ཡུལ་རིག་པ་བཅོ་ལྔ་པ། རྫས་ཐམས་ཅད་བདུད་རྩིར་ཤེས་པས་སྨན་རིག་པ་བཅུ་དྲུག་པ། ཐེག་པ་གསུམ་ལམ་ལྔ་གསུམ་བཅོ་ལྔ་ཤེས་པས་ཆོས་རིག་པ་བཅུ་བདུན་པ། འཁོར་འདས་གཅིག་ཏུ་ཤེས་པས་བྱང་ཆུབ་རིག་པ་སྟེ་བཅོ་བརྒྱད་དོ།། ཞེས་གསུངས།
[42]. སྡེ། བསྟན། འདུལ་བ། ཚུ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ། སློབ་དཔོན་དུལ་བའི་ལྷ། ༣༣ ན ༡ རོལ་མོའི་མཚན་ཉིད་སྒྱུ་མ་དང་།། འགྱེད་སྟོབས་དང་ནི་མེ་ཏོག་ལས།། དམག་རྣམས་དང་ནི་བདག་ཉིད་ཤེས།། གཡོས་སུ་བྱ་བ་རྣམ་པར་ངེས།། ཚོང་དང་ནོར་ནི་བསྒྱུར་བ་དང་།། རྒྱན་དང་ལག་རྩིས་བཅུད་ཀྱིས་ལེན།། འཕྲུལ་འཁོར་སྦྱོར་དང་དྲི་བ་དང་།། འཕོང་སྤྱད་དང་ནི་ཆེ་སྦྱོར་སྒྲ།། ཡི་གེ་དང་ནི་ཁ་སྐད་དང་།། རང་བཟོ་དང་ནི་མཚོན་རྣམས་བརྟག།། སྤྱོད་ཐབས་དང་ནི་སོག་ལེ་དང་།། ཕུག་རྣམས་རྐོ་བར་བྱེད་པ་དང་།། སོང་དང་འོང་བ་ཤེས་པ་དང་།། གཞི་ཡི་མཚན་ཉིད་ཤེས་པ་དང་།། མདུད་དང་རྡོ་རྗེ་བརྟག་པ་དང་།། མཐངས་ཀྱི་ཚོར་བའི་མཚན་ཉིད་ནི།། ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་།། བྷ་ར་ཏ་ཡི་བསྟན་བཅོས་ཤེས།། བཅིངས་དང་ཁང་པ་རྩེག་མ་དང་།། དེ་བཞིན་གོས་ནི་འཕང་བ་དང་།། ཡན་ལག་མཉེད་དང་མོ་འདེབས་དང་།། དེ་བཞིན་ཆུ་ནི་ཀུན་འཛིན་དང་།། དུང་གི་སྒྲ་དང་སྡེབ་སྦྱོར་དང་།། གྲོང་རྡལ་དང་ནི་གླེགས་འདྲ་དང་།། མཚན་མོ་ཆོམ་རྐུན་ཤེས་པ་དང་།། བྱིས་པ་རྣམས་ནི་གསོ་བ་དང་།། མི་རྣམས་གཉིད་ཀྱིས་ལོག་བྱ་དང་།། སྒོ་ལྕགས་དབྱེ་བར་བྱ་བ་དང་།། སྨྲ་དང་ས་རྟོག་བྱེད་པ་དང་།། སྐྱེས་པ་བུད་མེད་རྟ་དང་ནི།། གླང་པོའི་མཚན་ཉིད་གར་སློབ་དང་།། འབྱུང་བ་དག་ནི་གསོ་བ་དང་།། ཟངས་མ་མཁར་བ་གསེར་དང་ནི།། ཤིང་དང་དུང་གི་ཤེས་པ་དང་།། རི་མོ་ཚོན་དང་སོ་དག་གི། ལས་རྣམས་དེ་དག་གོ་རིམས་བཞིན།། སྐར་མའི་གཏན་ཚིགས་རིག་པ་དང་།། མཚན་མ་ཤེས་པ་ཉིད་དང་ཡང་།། ངེས་པའི་ཚིག་གི་གཞུང་རྣམས་ནི།། སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན།། ཞེས་གསུངས།
[43]. དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། སྟོད་ཆ། ཤོག ༡༡༥༣ ཕྲེང་ ༢༥ འདོད་པའི་སྒྱུ་རྩལ་དྲུག་ཅུ་རེ་བཞི། འོ་བྱེད་པ། འཁྱུད་པ། སོ་འདེབས་པ། སེན་མོ་འདེབས་པ། ཡང་དག་པར་བསྐྱོད་པ། སིང་གི་(སིད་ཀྱི་)སྒྲ་སྒྲོག་པ། སྐྱེས་པའི་བྱ་བ་བྱེད་པ། སྟེང་ན་འདུག་པ། དེ་བརྒྱད་པོ་རེ་རེ་ལའང་བརྒྱད་བརྒྱད་ཕྱེ་བས་དྲུག་ཅུ་རྩ་བཞིའོོ།།
[44]. མཁས་གྲུབ་རྗེའི་གསུང་། བ། རྒྱུད་སྡེ་སྤྱི་རྣམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། ཤོག ༢༧ ཕྲེང་ ༡༣ སྒྲའི་བསྟན་བཅོས་ཀྱི་ཞར་ལ་སྙན་དངགས་ཀྱི་བསྟན་བཅོས་ལ་སྙན་དངགས་དང་། སྡེབ་སྦྱོར་དང་། མངོན་བརྗོད་དང་། ཟློས་གར་བཞིའོ།། དངགས་ཞེས་བྱ་བ་ནི་ཐ་སྙད་ཅེས་བྱ་བའི་བརྡ་རྙིང་པའོ།། ཞེས་གསུངས།
[45]. ཤེས་བྱ་ཀུན་ཁྱབ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ཤོག ༢༩༨ ཕྲེང་ ༥
[46]. དཀའ་གནད་གསལ་བའི་མེ་ལོང་། དབྱངས་ཅན་གྲུབ་པའི་རྡོ་རྗེ། བོད་ཀྱི་གཙུག་ལག་གཅེས་བཏུས། པོད་ཕྲེང་ ༣༠ བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ཤོག་ ༡༧༢ ཕྲེང་ ༡༧
[47]. སྡེ། བསྟན། སེམས་ཙམ། ཛི། ཉན་ཐོས་ཀྱི་ས། འཕགས་པ་ཐོགས་མེད། རྣལ་འབྱོར་གྱི་ས་དང་རིགས་འཆད་པ། ཤོག ༥༧ བ ༢
[48].སྡེ། བསྟན། སེམས་ཙམ། ཤི། རྣམ་བཤད་རིགས་པ། སློབ་དཔོན་དབྱིག་གཉེན། ཤོག ༣༦ ན ༤ ཆོས་ནི་ཤེས་བྱ་ལམ་དང་ནི།། མྱ་ངན་འདས་དང་ཡིད་ཀྱི་ཡུལ།། བསོད་ནམས་ཚེ་དང་གསུང་རབ་དང་།། འབྱུང་འགྱུར་ངེས་དང་ ཆོས་ལུགས་ལའོ།། ཞེས་གསུངས།
[49]. སྡེ། བཀའ། གཟུངས་འདུས། ཝཾ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། ཤོག ༢༦༥ བ ༤
[50]. རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ཅ། བློ་བཟང་རྒྱལ་བསྟན་མའི་འགྲེལ་པ། མི་རིགས་དཔེ་སྐྲུན་ཁང་། ཤོག ༣༠༦ ཕྲེང་ ༢༠
[51]. རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ཅ། བློ་བཟང་རྒྱལ་བསྟན་མའི་འགྲེལ་པ། མི་རིགས་དཔེ་སྐྲུན་ཁང་། ཤོག ༣༠༦ ཕྲེང་ ༢༠
[52]. སྡེེ། བསྟན། དབུ་མ། འ། དབུ་མ་འཇུག་པ། སློབ་དཔོན་ཟླ་བ་གྲགས་པ། སེམས་བསྐྱེད་ ༦ ཤོག ༢༡༥ ན ༤
[53]. དབུ་མ་ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པའི་འགྲེལ་པ་སྨྲ་བ་ངན་པའི་ཚང་ཚིང་འཇོམས་པར་བྱེད་པའི་བསྟན་བཅོས་གནམ་ལྕགས་མེ་ཆར། ལྡན་མ་སྟོང་དཔོན་རིན་པོ་ཆེ་ངག་དབང་ཆོས་འགྲུབ། དིལླཱི་པར་མ། ༢༠༠༩ ཤོག ༡༢ ཕྲེང་ ༤
[54]. ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས། སྡེ་ཁྲི་ཡོངས་འཛིན་ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ། བྱ་བྲལ་བ་ཕྱག་མཛོད་མཁན་པོས་པར་སྐྲུན་ཞུས། ༢༠༠༦ ཤོག ༥༡ ཕྲེང་ ༥
[55]. དགའ་ལྡན་ལྷ་བརྒྱ་མ། འདུལ་ནག་པ་དཔལ་ལྡན་བཟང་པོ།
[56]. སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན། དྭགས་པོ་འཇམ་དཔལ་ལྷུན་གྲུབ། གསང་བདེ་འཇིགས་གསུམ་སོགས་ཡི་དམ་ཁག་གི་བདག་བསྐྱེད་རྒྱས་བསྡུས་ཕྱོགས་བསྡུས། ཤེས་རིག་པར་ཁང་། ༡༩༩༩ ཤོག ༡༣ ཕྲེང་ ༦ (ཚིགས་བཅད་འདིའི་རྩ་བའི་འབྱུང་ཁུངས་གང་ཡིན་རྩད་མ་ཆོད།)
[57]. སྡེ། བསྟན། ཤེར་ཕྱིན། ཀ རྗེ་བཙུན་བྱམས་པ་མགོན་པོ། ཤེར་ཕྱིན་མངོན་རྟོགས་རྒྱན། སྐབས་ ༡ ཤོག ༢ བ ༥
[58]. སྡེ། བསྟན། ཚད་མ། ཅེ། ཚད་མ་རྣམ་ངེས། དཔལ་ཆོས་ཀྱི་གྲགས་པ། ༡༦༦ ན ༢
[59]. སྡེ། བསྟན། ཤེར་ཕྱིན། ཉ། འགྲེལ་བཤད་ཚིག་གསལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན། ༧༥ ན ༡ གྲུབ་པའི་མཐའ་སྟེ་རིགས་པ་དང་ལུང་གིས་རབ་ཏུ་བསྟན་པར་རང་གི་འདོད་པ་གྲུབ་པ་ནི། དེ་ནས་ཕར་ཡང་འགྲོར་མེད་པས་ན་མཐའོ།། ཞེས་གསུངས།
[60]. སྡེ། བསྟན། རྒྱུད། ཀ ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ། ༣ ན ༧ ཉན་ཐོས་རང་སངས་རྒྱས་དང་འདིིར།། ཐེག་པ་ཆེན་པོ་གསུམ་པ་སྟེ།། སངས་རྒྱས་པ་ལ་བཞི་པ་དང་།། ལྔ་པ་ཐུབ་པའི་དགོངས་པ་མིན།། ཞེས་གསུངས།
[61]. སྡེ། བསྟན། དཀར་ཆག ཤྲཱིཿ ༡༢༣ ན ༡
[62].ཤེས་བྱ་ཀུན་ཁྱབ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ཤོག ༢༧༨ ཕྲེང་ ༢༦
[63]. མཁྱེན་བརྩེའི་བཀའ་འབུམ། པོད། ཀ བསྟོད་ཚོགས། གངས་ཅན་བསྟན་པའི་སྲོལ་འབྱེད་ཆེན་པོ་ཉེར་ལྔ་ལ་གསོལ་ འདེབས་དད་པའི་མེ་ཏོག་ཅེས་བྱ་བ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། མགོན་པོ་ཚེ་བརྟན་གྱིས་སྒང་ཏོག་ཏུ་པར་སྐྲུན་ཞུས། ༡༩༧༧-༡༩༨༠ ཤོག ༡༡༡ བ ༣
[64]. སྡེ། བསྟན། ཚད་མ། ཟེ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། སློབ་དཔོན་ཞི་བ་འཚོ། ཤོག ༡ ན ༡ སྡེ། བསྟན། ཚད་མ། ཟེ། ༡༣༣ བ ༡ འེ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། སློབ་དཔོན་ཀམལཤཱིལ།
[65]. སྡེ། བསྟན། དབུ་མ། ཛ། དབུ་མ་སྙིང་པོའི་འགྲེལ་པ་རྟོོག་གེ་འབར་བ། སློབ་དཔོན་ཆེན་པོ་བྷ་བྱས་མཛད། ཤོག ༤༠ བ ༧
[66]. སྡེ། བསྟན། སྒྲ་མདོ། སེ། སྙན་ངག་མེ་ལོང་། སློབ་དཔོན་དབྱུག་པ་ཅན། ལེའུ་ ༡ ཤོག ༣༡༨ བ ༣
[67] Lord Macaulay Address to the British Parliament on 2nd Feb 1835 An article published in www.thewire.in by Anirban Mitra on 19/02/17 have travelled across the length and breadth of India and I have not seen one person who is a beggar, who is a thief such wealth I have seen in this country, such high moral values, people of such caliber, that I do not think we would ever conquer this country, unless we break the very backbone of this nation, which is her spiritual and cultural heritage and therefore, I propose that we replace her old and ancient education system, her culture, for if the Indians think that all that is foreign and English is good and greater than their own, they will lose their selfesteem, their native culture and they will become what we want them, a truly dominated nation.”
[68]. THE AWAKENING OF INTELLIGENCE J. KRISHNAMURTI Publisher: HarperCollins Publishers ISBN: 9780060648343
[69]. སྡེ། བསྟན། དབུ་མ། ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ལེའུ་ ༣ ཤོག ༧ བ ༣ སངས་རྒྱས་སྲས་སུ་བདག་དེང་གྱུར།།
[70]. སྡེ། བསྟན། དབུ་མ། ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཞི་བ་ལྷ། ལེའུ་ ༣ ཤོག ༧ བ ༣