༈ ཚོགས་ཐེངས་དང་པོ། སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོ།

(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤)སྔ་དྲོ།

 ༄༅།། སྐྱབས་ཡུལ་དགེ་འདུན་གྱི་སྡེ། སྐུ་མགྲོན་རྣམ་པ། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་དང་ཕྱི་ནས་ཕེབས་པའི་སློབ་ཕྲུག་རྣམ་པ་བཅས་ལ་ཞུ་རྒྱུ། ཟླ་བ་མང་པོའི་སྔོན་དུ་སེར་བྱེས་སློབ་གྲྭའི་འགན་འཛིན་ཆེད་མངགས་ངའི་སར་ཕེབས་ནས་འདིར་ཡོང་དགོས་ཞེས་ནན་ཏན་ཆེན་པོས་བཀའ་གནང་སོང།  ཡིན་ནའང་ང་ནི་སྐབས་རེེེ་གཟུགས་པོ་བདེ་པོ་མེད་པ་དང་། སྐབས་རེ་ལས་དོན་གཞན་པའི་ཐོག་ལ་བྲེལ་བས་དེ་རིང་བར་དུ་བཅར་མ་ཐུབ་པ་རེད། དེ་རིང་འབྲས་སྤུངས་བློ་གསལ་གླིང་གི་ཚོགས་འདུ་ཞིག་ཏུ་བཅར་བ་དང་སྟབས་བསྟུན་ནས་འདིར་སླེབས་པ་རེད། 

སྐབས་དེར་སློབ་གྲྭའི་འགན་འཛིན་གྱིས་ཤེས་ཡོན་སློབ་སྦྱོང་གི་སྐོར་དང་།  སློབ་ཚན་འཇོག་ཕྱོགས།  དགེ་རྒན་གྱིས་ཕྱག་ལས་གནང་ཕྱོགས།  སློབ་ཕྲུག་གིས་སློབ་གཉེར་བྱེད་ཕྱོགས་སོགས་ཚོགས་ཐེངས་བཞིའི་ནང་བཤད་དགོས་ཞེས་གསུངས་སོང།  དེ་དུས་ཧ་ཅང་ཁག་པོ་ཞིག་ཏུ་མཐོང་མ་སོང། ད་ལྟ་སློབ་སྤྱིའི་གསུང་བཤད་ནང་ད་ལྟ་འགྲོ་བཞིན་པའི་སེར་བྱེས་སློབ་གྲྭའི་ཤེས་ཡོན་གྱི་ལམ་སྲོལ་ལ་ཕྲན་བུ་ལེགས་བཅོས་དང་བསྐྱར་བཅོས་བྱེད་མགོ་ཚུགས་ཚུལ་དང་། འགན་འཛིན་གྱི་གསུང་བཤད་ལྟར་ནའང་དམིགས་ཡུལ་ཆེན་པོ་ཞིག་བཞག་ནས་དེ་རིང་བགྲོ་གླེང་འདི་གོ་སྒྲིག་གནང་ཡོད་ཚོད་འདུག དེ་འདྲ་ཡིན་ན་ངས་འདིར་ཞུ་རྒྱུ་དེ་ཚོས་ཡོངས་སུ་ཁྱབ་པ་ཞིག་དང་། འདེང་བ་ཞིག  དེའི་ཐོག་ནས་ཁྱེད་རང་ཚོས་ལམ་སྲོལ་གསར་པའི་ཐོག་འགྲོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།  ང་ལ་ཁྱེད་རང་ཚོས་མ་མཁྱེན་པ་དང་སྔར་གསན་མ་མྱོང་བ་གསར་པ་ཞུ་རྒྱུ་གང་ཡང་མེད།  ནམ་རྒྱུན་འཆར་ཅན་བཤད་བསྡད་པ་དེ་རང་རེད། དམིགས་ཡུལ་ཆེན་པོ་འདི་འདྲ་ཞིག་གི་ཆེད་དུ་ཡིན་པ་ང་ལ་དང་པོ་ནས་གསལ་པོ་རྭ་འཕྲོད་མེད་པར་བརྟེན། དམིགས་བསལ་བསམ་བློ་གཏོང་རྒྱུ་དང་གོ་སྒྲིག་བྱེད་རྒྱུ་གང་ཡང་མ་བྱུང་། ནམ་རྒྱུན་འཆར་ཅན་བཤད་བཞིན་པ་རྣམས་བསྐྱར་ལྡབ་བྱས་ནས་བཤད་པ་ཞིག་ཆགས་ཀྱི་རེད། ཡིན་ནའང་གཅིག་བྱས་ན་གཞི་རིམ་སློབ་གྲྭར་བཞུགས་པའི་སློབ་ཕྲུག་ཚོས་གསན་པའམ། ཡང་ན་ལྗགས་ཀློག་གནང་བ་དེ་ཚོ་ལས་ཕྲན་བུ་མི་འདྲ་བ་ཡོང་སྲིད།

ད་ལྟའི་ས་ཡི་གོ་ལ་འདིའི་ཐོག་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེ་དག་རགས་ཙམ་བསྡོམས་བརྒྱབ་ན་ཧ་ལམ་ཕྱོགས་གཉིས་ཀྱི་ནང་དུ་འདུ། མི་འབོར་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་གྱིས་དེང་རབས་གྱི་བསམ་ཚུལ་དེ་ཡང་དག་པ་ཡིན་པ་དང་། དེའི་ཕྱོགས་སུ་འགྲོ་དགོས་ཚུལ་བསམ་གྱི་ཡོད། དེ་བཞིན་བརྒྱ་ཆ་ལྔ་ཙམ་གྱིས་དེང་རབས་ཀྱིས་མི་འགྲིགས་ཤིང་། སྲོལ་རྒྱུན་གལ་ཆེ་བ་རེད་ཅེས་གསུང་གི་ཡོད་ཅིང་། སྔོན་མ་ཡིན་ན་བརྒྱ་ཆ་གཅིག་ཙམ་ལས་མེད་ཀྱང་ད་ལྟ་བརྒྱ་ཆ་ལྔ་ཙམ་ལ་སླེབས་པའི་ཚོད་རེད། ལོ་རེ་ནས་ལོ་རེར་སྲོལ་རྒྱུན་གྱི་བསམ་ཚུལ་དེ་ངོས་འཛིན་གནང་མཁན་དང་དེའི་ཕྱོགས་སུ་ཕེབས་མཁན་མང་དུ་འགྲོ་མུས་རེད། འོན་ཀྱང་ད་ལྟའི་གནས་སྐབས་སུ་ཁྱོན་ཡོངས་ཀྱི་མང་ཉུང་གི་ཆ་ནས་བཤད་ན་ད་དུང་ཧེ་བག་ཆེན་པོ་ཤོར་ཡོད། ལར་ནས་འདིར་གྲངས་ཀ་མང་ཉུང་གི་སྐད་ཆ་མ་རེད། དེ་ནི་རིགས་པའི་རྗེས་སུ་འབྲངས་ནས་རིགས་པའི་རྒྱབ་སྐྱོར་ཡོད་མེད་དང་། དངོས་ཡོད་ཀྱི་གནས་ཚུལ་ཡིན་མིན་གྱི་སྐད་ཆ་རེད། ད་ལྟ་ང་ཚོའི་མངོན་པ་ནས་གསུངས་པ་ལྟར་ན་འགྲོ་བཞིན་པའི་བསྐལ་པ་འདི་འཇིག་རན་པའི་དུས་ལ་སླེབས་མེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ད་ལྟའི་ས་ཡི་གོ་ལ་འདི་གནས་སའི་ཁོར་ཡུག་དང་འབྱུང་བའི་གནས་བབས་ལ་བལྟས་ན་རྒྱུན་རིང་པོ་ཞིག་བརྟན་ཨེ་ཡོང་བསམ་པ་ཞིག་ཡོད།  ཨ་རིའི་ཚན་རིག་པ་ཁ་ཤས་ཀྱིས་ད་ལྟའི་དུག་རླངས་འདིའི་གནས་ཚད་ལ་བལྟས་ན་འགྲོ་བ་མིས་བཟོད་བསྲན་ཐུབ་པའི་མཚམས་བརྒལ་བ་ལ་ལོ་བཞི་ལྔ་མ་གཏོགས་མི་འགོར་ཞེས་བཤད། འོན་ཀྱང་ཕྱི་ལོ་ཉིས་སྟོང་བཅུ་དགུ་ཉི་ཤུ་ཙམ་ལ་སླེབས་དུས་མཁའ་རླུང་གི་དུག་རླངས་དེ་འགྲོ་བ་མིའི་བཟོད་བསྲན་ཐུབ་པའི་ཚད་ལས་བརྒལ་གྱི་རེད་ཅེས་ཚན་རིག་གི་ཐོག་ནས་བཤད་ཀྱི་ཡོད། ཁོང་ཚོས་གང་བཤད་ཀྱི་ཡོད་ཅེ་ན། དེ་ལ་ང་ཚོས་ཟློག་ཐབས་བྱེད་རྒྱུ་མེད་ལ། མེད་པ་བཟོ་ཐབས་ཀྱང་མེད། ཡིན་ནའང་མི་ཚང་མ་མི་འཆི། གང་ལགས་ཤེ་ན། དུག་རླངས་ཇི་ཙམ་འཕར་བ་བཞིན་མིས་བཟོད་བསྲན་བྱེད་པའི་ནུས་ཤུགས་ཀྱང་འཕར་ཚུལ་བཤད། ཨིན་སྐད་དུ་ Adaptability  ཟེར། དེ་ནི་གནས་ཚུལ་གང་གི་མཉམ་དུའང་འགྲོ་ཐུབ་པ་ཞིག་ལ་ཟེར། སྲོག་ཆགས་དང་མི་ཇིའདྲ་ཞིག་ཡིན་ནའང་དེའི་གཟུགས་པོའི་སྒྲོམ་གཞི་དང་། གཟུགས་པོའི་འབྱུང་བའི་གནས་བབས། ལྷག་པར་དུ་ནད་དང་ཕྱིའི་གནོད་པ་ལ་གདོང་ལེན་བྱེད་པའི་ནུས་པ་ (Immune) ནི་འཕྲོད་ཤོས་དེ་འཚོ་ཐུབ་ (Survival of the Fittest) ཅེས་པའི་ལྟ་གྲུབ་ཀྱི་ཐོག་ནས་རིམ་པས་འཕེལ་བར་བརྟེན། འཇིག་རྟེན་ཡོངས་རྫོགས་རྩ་མེད་དུ་མི་འགྲོ་ཞེས་བཤད། དེར་བརྟེན་རང་བཞིན་གྱིས་སྲོལ་རྒྱུན་ཐོག་ལ་འགྲོ་མཁན་དེ་མང་དུ་འགྲོ་བ་བཤད་མི་དགོས། མང་དུ་འགྲོ་བ་དེའང་རྣམ་དཔྱོད་ཆེ་དྲགས་པའམ། ཡང་ན་ལྷག་བསམ་བཟང་དྲགས་ནས་འགྲོ་གི་མེད་ཀྱང་། སྲོག་ལ་མི་གཅེས་མཁན་སུའང་མེད་ཅིང་།  སྲོག་ལ་ཐུག་དུས་དེང་རབས་ཀྱི་གནས་སྟངས་བཞག་དགོས་བྱུང་ཡང་མ་བཞག་རང་བཞག་དང་།  སྲོལ་རྒྱུན་ལ་སྐྱབས་སུ་འགྲོ་དགོས་བྱུང་ཡང་མ་འགྲོ་རང་འགྲོའི་གནས་སྟངས་ཤིག་ཆགས་པ་ཡིན་སྟབས། མ་འོངས་པ་ལ་སྲོལ་རྒྱུན་ཕྱོགས་སུ་འགྲོ་མཁན་མང་དུ་འགྲོ་རྒྱུ་རེད།

ངས་དེ་ཞུ་དགོས་དོན་ཡང་། ད་ལྟ་ཚོགས་ཐེངས་དང་པོའི་བརྗོད་གཞི་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་དང་། དེ་ནས་ཚོགས་ཐེངས་གཉིས་པ་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་འཁྲིད།  ཚོགས་ཐེངས་གསུམ་པ་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན།  ཚོགས་ཐེངས་བཞི་པ་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཕྲུག་བཅས་ཡིན་སྟབས། ཚོགས་ཐེངས་བཞི་གའི་ནང་བཀའ་བསྡུར་ཞུ་རྒྱུ་དེ་སྲོལ་རྒྱུན་དང་དེང་རབས་ཀྱི་མཚུངས་བསྡུར་དང།  དེའི་བར་གྱི་ཁྱད་པར། དེའི་བར་གྱི་ལེགས་ཉེས་ཀྱི་རྣམ་གཞག་བཅས་ཞུ་དགོས་ཀྱི་ཡོད། དེས་ན་ད་ལྟ་ཚོགས་ཐེངས་འདིའི་ནང་སྲོལ་རྒྱུན་ཞེས་པ་དེ་གང་དུ་ཟེར་བ་དང་། དེང་རབས་ཞེས་པ་དེ་གང་ལ་ཟེར་བའི་རྣམ་གཞག་དེ་གསལ་པོ་མ་མཁྱེན་པར་སྲོལ་རྒྱུན་དང་དེང་རབས་ཞེས་པའི་ཚིག་གཉིས་པོ་ཙམ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་མཚུངས་བསྡུར་དང་ཁྱད་པར་ཡག་པོ་ཞིག་འབྱེད་མི་ཐུབ།  གཅིག་བྱས་ན་སྲོལ་རྒྱུན་དེ་ཕྲན་བུ་མཁྱེན་བདེ་བ་ཡོད་འགྲོ  དེང་རབས་ཟེར་བ་དེ་ནམ་རྒྱུན་འཆར་ཅན་སློབ་ཚན་ནང་ཞིབ་ཚགས་པོས་སློབ་ཀྱི་མེད་པར་བརྟེན། དེང་རབས་ཀྱི་གནས་སྟངས་དེ་སྔོན་ལ་ཞུ་རྒྱུ་ཡིན།

ད་ལྟ་ཡོད་པའི་དངོས་པོ་ཡིན་ནའང་རེད། ད་ལྟ་ཡོད་བཞིན་པའི་ལམ་སྲོལ་ཡིན་ནའང་རེད། ད་ལྟ་ཡོད་བཞིན་པའི་བྱ་གཞག་གི་རྣམ་གཞག་ཚང་མ་ལ་དེང་རབས་ཟེར་གྱི་མེད། དེང་རབས་ཟེར་བའི་ཚིག་དེ་དོན་གནད་ཁྱད་པར་བ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད། དེ་ཡང་ཨིན་སྐད་དུ་ Contemporary དང་། Modernity ཟེར་བའི་ཚིག་མི་འདྲ་བ་གཉིས་ཡོད། Contemporary ནི་ད་ལྟ་བ་ལ་ཟེར་བ་མ་ཟད། ད་ལྟ་ཡོད་བཞིན་པའི་དངོས་པོ་གང་འདྲ་ཞིག་ཡིན་ནའང་ Contemporary རེད། ཡིན་ནའང་ད་ལྟ་ཡོད་བཞིན་པའི་དངོས་པོ་ཡོངས་རྫོགས་དེང་རབས་ཀྱི་ནང་དུ་ཚུད་ཀྱི་མེད། དེང་རབས་ཟེར་བ་དེ་གཙོ་བོ་བསམ་པའི་ཁྱད་པར་ཞིག་ཡིན་པ་མ་ཟད། དེ་ལས་བྱུང་བའི་དངོས་པོ་དང་། རྫས་དང་། བྱ་བ་དང་། རྣམ་གཞག་མང་པོ་ལ་ Modernity ཟེར་བའི་སྐད་ཆ་དེ་ཡོང་གི་ཡོད།

འཇིག་རྟེན་འདིའི་ནང་འདས་པའི་ལོ་འབུམ་ཕྲག་མང་པོའི་རིང་ལ་གནས་ཚུལ་མང་པོ་ཞིག་ཧ་ཅང་འགྱུར་བ་མ་ཕྱིན་པར་རྒྱུན་གནས་ཐུབ་པ་ཡོང་གི་ཡོད། འགྱུར་བ་མ་ཕྱིན་པ་ཟེར་དུས་རྟག་པ་ཆགས་པ་རེད་ཟེར་གྱི་མེད། དངོས་པོ་ག་རེ་ཡིན་ཡང་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་གི་རེད། ཡིན་ནའང་རྩ་བ་ནས་མི་འདྲ་བ་མ་ཡིན་པ། དཔེར་ན། བུམ་པ་གྲུབ་ནས་བུམ་པ་མ་ཆག་བར་སྐད་ཅིག་རེ་རེ་ནས་འགྱུར་བ་འགྲོ་ཡང་བུམ་པའི་ངོ་བོ་མ་འགྱུར་བར་བསྡད་པ་རེད། རྫ་ཡི་བུམ་པ་ཐོ་བས་བཅོམ་ནས་འཇིག་པའི་སྐབས་སུ་བུམ་པའི་ངོ་བོ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་དེ་དོར་ནས་གྱོ་མོ་དང་རྫ་དུམ་ལྟ་བུ་ཆགས་པ་དང་། དེ་ནས་ག་ལེར་ས་དང་ཐལ་བར་ཆགས་འགྲོ་གི་ཡོད། དེ་ལྟར་རང་བཞིན་གྱིས་འགྱུར་འགྲོ་གི་རེད།

མིའི་བསམ་སྤྱོད་དང་བྱ་གཞག་གི་གནས་སྟངས་མང་པོ་ཞིག་སྲིད་པ་ཆགས་པ་ནས་བཟུང་སྟེ་འདས་པའི་ལོ་བཞི་བརྒྱ་ཡས་མས་བར་དུ་འགྱུར་བ་ཕྲན་བུ་མ་གཏོགས་འགྱུར་བ་ཆེན་པོ་གང་ཡང་སོང་མེད། དེ་ཡང་ཕྱི་འབྱུང་བའི་གནས་སྟངས་དང་ཁོར་ཡུག་གི་དབང་གིས་འགྱུར་བ་དེ་འདྲ་ཞིག་མི་འགྲོ་ཐབས་མེད་བྱུང་བའམ། ཡང་ན་སྤྱི་ཚོགས་ཀྱི་ནང་དུ་གནས་ཚུལ་དམིགས་བསལ་བ་ཞིག་བྱུང་ནས་འགྱུར་བ་མ་ཕྱིན་ཐབས་མེད་བྱུང་བ་མ་གཏོགས། གློ་བུར་དུ་རང་བཞིན་གྱིས་འགྱུར་བ་ཆེན་པོ་འགྲོ་གི་མེད།

འཇིག་རྟེན་ཡོངས་ཀྱི་འགྱུར་འགྲོས་དེའི་ཐོག་འབུད་རྒྱག་ཤུགས་ཆེ་ཤོས་རྒྱག་མཁན་དང་། ཕན་གནོད་ཤུགས་ཆེ་ཤོས་འདྲེན་མཁན་ནི་ཡུ་རོབ་ (Europe) ཅེས་པའི་ནུབ་གླིང་གི་གླིང་ཕྲན་ཆུང་ཆུང་འདིས་བྱས་ཡོད། དེའི་ནང་དུ་མིའི་སྤྱི་ཚོགས་སྔ་མོ་ནས་ཡོད་པ་རེད། སྤྱིར་བཏང་ཤར་གླིང་གི་གནས་སྟངས་དེ་ལོགས་ཀ་རེད། ཤར་གླིང་ནི་ཤེས་ཡོན་དང་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུར་བསྡད་པ་མ་གཏོགས། ཤར་གླིང་དབུས་མ་དང་། ལྷོ་ཤར་གྱི་ཤར་གླིང་དང་། ཤར་གླིང་བྱང་མ་དེ་ཚོས་འགྱུར་བ་འགྲོོ་བ་ལ་དེ་ཙམ་གྱིས་ནུས་པ་བཏོན་མེད། ཤར་གླིང་དེ་རྟག་ཏུ་ཆོས་དང་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུར་བསྡད་པ་རེད།

ཐོག་མར་ནུབ་གླིང་དུའང་ཆོས་དང་རིག་གནས་མང་པོ་དར་བ་རེད། ཡིན་ནའང་བར་སྐབས་ནས་ཆོས་དང་རིག་གནས་ཧ་ཅང་ཉམས་ཆག་ཕྱིན་ནས་ཆོས་རྣམས་ཆོས་ལོག་དང་། རིག་གནས་རྣམས་རིག་གནས་ལོག་པར་ཕྱིན། ལྷག་པར་དུ་ཆབ་སྲིད་ཀྱི་གནས་སྟངས་དེ་ཧ་ཅང་སྡུག་ཅག་ཆགས་པ་རེད། དེའི་དབང་གིས་ནུབ་གླིང་གི་བྱུང་རབས་བཤད་པའི་སྐབས་སུ་རི་ན་ཡི་སེན་ས་ (Renaissance) ཞེས་པའི་དུས་རབས་དང་། ཨིན་ལ་ཡི་ཊེན་མེན་ཊ་ (Enlightenment) ཞེས་པའི་དུས་རབས། ཌརྐ་ཨེཇ་ (Dark Age) ཞེས་པའི་དུས་རབས་སོགས་དུས་རབས་མང་པོར་ཕྱེ།  འོན་ཀྱང་ང་ཚོ་ཤར་གླིང་བ་ལ་དེ་འདྲའི་དུས་རབས་ཕྱེ་རྒྱུ་མེད། དེ་ཚོ་ཞིབ་ཚགས་པོས་འགྲོ་རྒྱུའི་དུས་ཚོད་མེད། གང་ལྟར་བསྡོམས་བརྒྱབ་ན་ད་ལྟ་ནས་བརྩིས་པའི་ལོ་སུམ་བརྒྱ་ཙམ་གྱི་སྔོན་དང་། ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་པའི་མཇུག་དང་བརྒྱ་ཕྲག་བཅུ་བདུན་པའི་མགོ་ཙམ་ནས་ནུབ་གླིང་གི་རྒྱལ་ཁབ་ཆུང་ངུ་དེ་ཚོའི་ནང་ཆོས་ཀྱིས་ཆབ་སྲིད་ཀྱི་ཐོག་ལ་དམིགས་བསལ་གྱིས་ཇུས་གཏོགས་བྱེད་པ་དང་། རྒྱལ་པོས་ཡེ་ཤུའི་ཆོས་དཔོན་ལ་བཀའ་འདྲི་མ་ཞུས་པར་ཐག་གཅོད་བྱེད་རྒྱུ་མེད་པ། དོན་དམ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཡེ་ཤུའི་ཆོས་དཔོན་གྱི་ལག་ཏུ་སླེབས་ཏེ། ཁྲལ་དང་དཔལ་འབྱོར་གྱི་གནས་བབས་ཚང་མ་ཡེ་ཤུའི་དགོན་པ་ཁག་ལ་བདག་པ་དང་། ཁྲིམས་ཀྱང་དྲང་པོ་མེད་པ་སོགས་བྱུང་། ཡེ་ཤུའི་ཆོས་ལུགས་ཀྱི་ནང་དུའང་རོ་མན་ཀེ་ཐོ་ལིཀ་ (Roman Catholic) ཟེར་བ་དང་། རྒྱལ་ཁབ་སོ་སོའི་ནང་ཡོད་པའི་ཨོར་ཐོ་ཌོཀ་ས་ (Orthodox) ཟེར་བ་དང་། པོ་རོ་ཊེས་ཊེན་ཊ་ (Protestant) ཟེར་བ་དེ་ཚོའི་ནང་དུའང་འཐེན་འཁྱེར་ཤུགས་ཆེ་ཡོད་པའི་གནས་སྟངས་འོག་ནས་འབངས་མི་སེར་ལ་ཧ་ལས་པའི་བཤུ་གཞོག་ཆེན་པོ་ཐེབས་པ་ཡིན་སྟབས། རིམ་གྱིས་ཡོ་རོབ་ནང་ཡོད་པའི་ལུང་པ་ཆུང་ཆུང་དེ་ཚོའི་རྒྱལ་པོ་སུམ་བརྒྱ་བཞི་ཅུ་ཞེ་གྲངས་ཤིག་འཇར་མ་ནིའི་ (Germany) གྲོང་ཁྱེར་ཧམ་སྦག་ (Homberg) ལ་ཚོགས་འདུ་འཚོགས་པ་རེད། དེའི་ནང་ཆབ་སྲིད་དང་དགོན་པ་ (State and Church) ལོགས་སུ་བཟོ་དགོས་པ་དང་། ཡེ་ཤུའི་ཆོས་དཔོན་ཚོས་ཆབ་སྲིད་ནང་ཐེ་ཇུས་བྱེད་རྒྱུ་མེད་པ། ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྒྱལ་པོས་བླང་དགོས་པའི་ཐག་ཆོད་བྱུང་སྟེ། དེང་སང་བཤད་བསྡད་པའི་ཆོས་མེད་རིང་ལུགས་སམ་ཆོས་ལུགས་རིས་མེད་ (Secularism) ཟེར་བ་དེ་བྱུང་། Secularism ཞེས་པའི་ཚིག་དེ་ལ་དུས་ཡུན་ཐུང་ངུའི་ནང་འགྲེལ་པ་རྒྱག་སྟངས་མི་འདྲ་བ་ཁ་ཤས་བྱུང་ཞིང་། ཆོས་མེད་རིང་ལུགས་ནི་ཆོས་དེ་ཆབ་སྲིད་ནང་ཁྱོན་ནས་ཡོང་དགོས་རྒྱུ་མེད་པར་བཤད་པ་དང་། ཆོས་ལུགས་རིས་མེད་ནི་རྒྱལ་ཁབ་ལ་ཆོས་མེད་པར། ཆོས་དེ་ལོགས་སུ་འཇོག་དགོས་པ། རྒྱལ་ཁབ་སྲིད་རྐྱང་པས་སྐྱོང་དགོས་པར་བཤད། ཆོས་འགལ་རིང་ལུགས་ནི་ཆོས་དེ་ཆབ་སྲིད་དང་མང་ཚོགས་ཡར་རྒྱས་འགྲོ་བའི་འགལ་རྐྱེན་གཙོ་ཆེ་ཤོས་ཡིན་པར་བརྟེན། ཆོས་དེ་རྩ་མེད་ལ་གཏོང་དགོས་པར་བཤད་ཅིང་། ཀོ་རལ་མཀ་སེ་ (Karl Marx) སོགས་ཀྱིས་ཆོས་དེ་ཉལ་ཐ་ལ་དཔེ་སྦྱར་ནས་མི་ཚང་མ་མྱོས་རྫས་ཀྱིས་བཟི་ཚུལ་བཤད། མའོ་ཙེ་ཏུང་གིས་ཀྱང་དེ་རང་བཤད་ཡོད།

དེ་ལྟ་བུའི་རིགས་སྣ་ཚོགས་ཤིག་བྱུང་ནས་ཐོག་མར་ཆོས་དང་ཆབ་སྲིད་ཐ་དད་བཟོ་རྒྱུ་ལས་མགོ་བཙུགས་པ་རེད།  ཆོས་དང་ཆབ་སྲིད་མཉམ་དུ་ཡོད་སྐབས་སུ་མ་རྩའི་རིང་ལུགས་དང་། ས་བདག་རིང་ལུགས་ཤུགས་ཆེ་ཡོད་ཀྱང་། ཆོས་དང་སྲིད་ཐ་དད་ཀྱི་དུས་རབས་བྱུང་བ་དང་ཆབས་ཅིག་ཏུ་མ་རྩའི་རིང་ལུགས་དང་ས་བདག་རིང་ལུགས་ཀྱིས་བཤུ་གཞོག་དེ་ཤུགས་ཆེ་རུ་ཕྱིན་པ་རེད། ཆོས་ཕྱོགས་ཀྱི་བསམ་པ་ཁྱོན་ནས་མེད་པར་ཆབ་སྲིད་རྐྱང་པ་སྐྱོང་མཁན་ཞིག་ཡིན་དུས་སྔོན་མ་ཡེ་ཤུའི་ཆོས་དཔོན་ཚོས་དབང་ཤུགས་བཟུང་བ་ལྟ་བུ་ཞིག་མ་རྩའི་བདག་པོ་དང་ས་བདག་དེ་ཚོས་ཆབ་སྲིད་ཀྱི་ཐོག་ལ་དབང་ཆ་བཟུང་སྟེ་ཞིང་པ་དང་བཟོ་པ་གཉིས་ལ་དམིགས་བསལ་གྱིས་གཉའ་གནོན་བཤུ་གཞོག་ཆེན་པོ་བྱས་པ་རེད། ཁོང་ཚོ་ལ་གླ་ཆ་སྲོག་འཚོ་ཙམ་མ་གཏོགས་མེད་པ་དང་། ཁེ་བཟང་ཡོངས་རྫོགས་མ་རྩའི་བདག་པོ་དང་ས་བདག་དེ་ཚོས་ཁྱེར་བ་རེད།

ཀོ་རལ་མཀ་སེས་བཤད་པ་ལྟར་ས་བདག་གྲལ་རིམ་དང་མ་རྩའི་བདག་པོའི་གྲལ་རིམ་རྣམས་སྤྱི་ཚོགས་ལ་ཧ་ཅང་གཉའ་གནོན་བཤུ་གཞོག་བྱེད་མཁན་ཡིན་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་ཡིན་པ། འཇིག་རྟེན་ཁྱོན་ཡོངས་ཀྱི་ཞིང་པ་དང་བཟོ་པའི་གྲལ་རིམ་མཐུན་ལམ་བྱས་ན་གསར་བརྗེ་བྱེད་ཐུབ་ཚུལ་བཤད། དེ་ནས་ཐོག་མར་ཕ་རན་སི་ (France) ནང་གསར་བརྗེ་བྱུང་སྐབས།  འདྲ་མཉམ་དང་། དྲང་བདེན། སྤུན་ཟླའི་འདུ་ཤེས། རང་དབང་བཅས་ལྟ་གྲུབ་བཞི་པོ་གཙོ་བོར་བཞག་ནས་མང་གཙོའི་རིང་ལུགས་ཀྱི་ཐོག་འགྲོ་རྒྱུ་དང་། དེ་ཡང་ཆོས་དང་སྲིད་ཐ་དད་འགྲོ་རྒྱུའི་བསམ་ཚུལ་དེ་གཅིག་པ་རེད། ཀོ་རལ་མཀ་སེའི་བསམ་ཚུལ་ནང་ཆོས་དང་། ས་བདག་གྲལ་རིམ། མ་རྩའི་བདག་པོའི་གྲལ་རིམ་རྣམས་རྩ་མེད་ལ་བཏང་ནས་གྲལ་རིམ་མེད་པའི་སྤྱི་ཚོགས་ཀྱི་ནང་འགྲོ་རྒྱུ་དང་། གྲལ་རིམ་མེད་པའི་སྤྱི་ཚོགས་ནང་དཔལ་འབྱོར་འདྲ་མཉམ་གྱི་ཐོབ་ཐང་ཡོང་རྒྱུ་དེ་རེད། ས་བདག་གྲལ་རིམ་དང་མ་རྩའི་བདག་པོའི་གྲལ་རིམ་ཡོད་པའི་སྐབས་སུ་ཁེ་བཟང་གི་ནང་ནས་རིན་ཐང་ལྷག་མ་ (Surplus Value) མ་རྩའི་བདག་པོ་དང་ས་བདག་གིས་ཁྱེར་བར་བརྟེན། རིན་ཐང་ངམ་ཁེ་བཟང་ལྷག་མ་དེ་དངོས་སུ་ལས་ཀ་བྱེད་མཁན་ལ་རག་དགོས་ཚུལ་དཱས་ཀ་པི་ཊལ་ (Das Kapital) ཞེས་པའི་གྲགས་ཅན་གྱི་དེབ་གནང་གསུངས། དེབ་དེ་ཧ་ཅང་མཐུག་ཅིང་། སྔོན་མ་པོ་ཏི་མང་པོ་ཡོད་ཀྱང་། དེང་སང་པོ་ཏི་གཉིས་ཀྱི་ནང་འདུས་འདུག དེའི་ནང་ལ་བཤད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་ཚུལ་དེ་རྩ་བ་ནས་ལག་ལེན་མ་འཁེལ་བ་རེད་མ་གཏོགས། ལག་བསྟར་ཐུབ་ན་འདྲ་ཆགས་པོ་ཞིག་ཡོད། ང་ཚོས། “སེམས་ཅན་ཐམས་ཅད་བདེ་བ་དང་། བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག” ཞེས་པ་དང་ཧ་ལམ་འདྲ་པོ་རེད། གང་ལྟར་མི་ཡོངས་སུ་རྫོགས་པ་ལ་སོ་སོའི་དགོས་འཁོ་དང་འཚམས་པའི་མཐུན་རྐྱེན་ཐོབ་པ་དང་། མི་ཡོངས་སུ་རྫོགས་པས་སོ་སོའི་ནུས་པ་དང་འཚམས་པའི་ལས་ཀ་བྱེད་རྒྱུ་དེ་ཀོ་རལ་མཀ་སེའི་མཐའ་མའི་བསམ་ཚུལ་དེ་རེད།

དེ་ལྟ་བུའི་ཆབ་སྲིད་ཀྱི་ལྟ་གྲུབ་འགྱུར་བ་ཕྱིན་པ་དང་མཉམ་དུ་གནས་ཚུལ་གཞན་ཞིག་གང་བྱུང་ཡོད་ཅེ་ན། ཚན་རིག་གི་ཡར་རྒྱས་དེ་རེད། ཚན་རིག་ཡར་རྒྱས་ཕྱིན་པ་དེས་ཆབ་སྲིད་ནང་ Secularism ཟེར་བའི་བསམ་ཚུལ་ཡོང་རྒྱུར་ཤུགས་ཐེབས་ཡོད། གང་ལགས་ཤེ་ན། ཆོས་ལུགས་ནས་བཤད་པའི་དད་པ་དང་ཡིད་ཆེས་ཟེར་བ་དེ་རྨོངས་དད་རེད་འདུག  དེ་ལ་རྒྱུ་མཚན་གང་ཡང་མི་འདུག  དེ་མཚམས་འཇོག་དགོས་ཀྱི་འདུག་ཟེར་བ་དེ་ཚན་རིག་པའི་ཐོག་མའི་ལྟ་ཚུལ་དེ་རེད།  དེས་ན་ཚན་རིག་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་ཏུ་ཚན་རིག་གི་འབྲས་བུར་འཕྲུལ་ལས་ཡར་རྒྱས་ཕྱིན་པ་རེད། ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དེ་མ་ཐག་པའི་འབྲས་བུའམ་དངོས་འབྲས་དེ་གང་བྱུང་རེད་ཅེ་ན། འགྲོ་བ་མིའི་སྤྱི་ཚོགས་ལ་དགོས་མཁོ་ལས་ལྷག་པའི་དངོས་པོ་བཟོ་སྐྲུན་བྱེད་པའི་ནུས་པ་དེ་ཐོབ་པ་རེད།

དེ་སྔ་འགྲོ་བ་མིའི་སྤྱི་ཚོགས་སུ་བཟོ་པ་དང་ཞིང་པས་སོ་སོའི་ཐོན་སྐྱེད་དེ་འགྲོ་བ་མིའི་དགོས་མཁོ་དང་འཚམས་པ་མ་གཏོགས་དགོས་མཁོ་ལས་ལྷག་པ་ཞིག་བཟོ་ཐུབ་ཀྱི་མེད། དཔེར་ན་མི་སྟོང་ཕྲག་ཡོད་པའི་གྲོང་གསེབ་ལ་མཚོན་ན་མང་ཆེ་བ་ཞིང་པ་ཡིན་ཡང་། དེའི་ནང་ལྷམ་བཟོ་དང་། འཚེམ་བུ་བ། མགར་བ། རི་མོ་བ་སོགས་བཟོ་ཡི་གནས་གང་དགོས་ཆ་ཚང་བ་ཡོད། སངས་རྒྱས་འཇིག་རྟེན་ལ་བྱོན་པའི་སྐབས་སུ་རྒྱ་གར་ལ་གྲོང་ཁྱེར་དང་། གྲོང་བརྡལ། གྲོང་གསེབ་བཅས་ཀྱི་དབྱེ་བ་འབྱེད་སྟངས་ནི་གང་དུ་བཟོ་ཡི་གནས་བཅོ་བརྒྱད་ཚང་བ་ལ་གྲོང་ཁྱེར་དང་། བཟོ་ཡི་གནས་ཁ་ཤས་མ་གཏོགས་ཚང་བ་ལ་གྲོང་བརྡལ། བཟོ་ཡི་གནས་ཁ་ཤས་མ་གཏོགས་མེད་པ་ལ་གྲོང་གསེབ་ཅེས་འདུལ་བ་ལུང་ནང་གསལ།

གལ་ཏེ་ལྷམ་བཟོ་ཡིན་ན་སོ་སོའི་གྲོང་གསེབ་ནང་གི་མི་ཚང་མ་ལ་འདེང་བའི་ལྷམ་བཟོ་ཐུབ་པ་མ་ཟད། དེའི་ཁྱད་ཆོས་སུ་ངའི་ལྷམ་དེ་ཧ་ཅང་མཁྲེགས་པོ་ཡོད་པས་ལོ་བཞི་ལྔ་བརྟན་གྱི་རེད་ཅེས་བཤད་ཀྱི་རེད། ལག་པས་ལས་ཀ་བྱེད་པའི་སྐབས་སུ་དགོས་མཁོ་སྒྲུབ་མི་ཐུབ་པའི་བྱ་བ་ཞིག་མེད། དེ་བཞིན་འཚེམ་བུ་བ་ཡིན་ན་སོ་སོའི་སྤྱི་ཚོགས་ཀྱི་གྱོན་ཆས་སོགས་ཚང་མ་བཙེམས་ཐུབ་པ་ལས། ཚང་མ་ལག་པས་བཙེམ་དགོས་པས་དེ་ལས་ལྷག་པ་བཙེམ་ཐུབ་ཀྱི་མེད། དེར་བརྟེན་ཐོན་སྐྱེད་དང་དགོས་མཁོ་གཉིས་འདྲ་མཉམ་བསྡད་ཐུབ་ཀྱི་ཡོད། དཔལ་འབྱོར་ཚན་རིག་ནང་མགོ་དེར་ང་ཚོའི་ནང་ཆོས་སྦྱང་སྐབས་ཀྱི་ཁ་དོག་དཀར་དམར་ལྟ་བུ་དེ་ལ་དགོས་འདུན་དང་ཐོན་སྐྱེད་ (Demand and Supply) སྐོར་བཤད་ཅིང་། དེ་གཉིས་ཏག་ཏག་ཡོད་སྐབས་འགྲོ་བ་མིའི་སྤྱི་ཚོགས་ནང་བརྟན་བརླིང་ཡོད་པ་དང་། གཅིག་གིས་གཅིག་ལ་གཉའ་གནོན་བཤུ་གཞོག་དང་མགོ་སྐོར་གཏོང་དགོས་པའི་རྒྱུ་མཚན་མེད། དྲང་པོ་དྲང་ཤག་བསྡད་ཐུབ་ཀྱི་ཡོད། འོན་ཀྱང་གནས་སྟངས་ལ་འགྱུར་བ་ཕྱིན་ནས་ཐོན་སྐྱེད་དེ་དགོས་མཁོ་ལས་ལྷག་པ་ཆགས་པ་རེད། ལག་པས་བཟོ་རྒྱུ་ཚང་མ་འཕྲུལ་འཁོར་ནང་དུ་སླེབས་དུས་ལག་པས་ཉིན་གཅིག་ལ་གཅིག་བཟོས་ཐུབ་པ་དེ་འཁོར་ལོས་ཆུ་ཚོད་གཅིག་ནང་བརྒྱ་ཉིས་བརྒྱ་བཟོ་བ་དང་། དེ་ལ་བརྟེན་ནས་མིའི་དགོས་མཁོ་ལས་ཧ་ཅང་མང་བའི་དངོས་ཟོག་གི་ཐོན་སྐྱེད་དེ་ཡོང་དུས། དཔལ་འབྱོར་རིག་པའི་དགོས་འདུན་དང་ཐོན་སྐྱེད་ཅེས་པའི་གནས་ལུགས་དེ་ཆ་ཚང་མགོ་མཇུག་ལོག་པ་རེད། དེ་ནས་དགོས་མཁོ་ཉུང་ཉུང་དང་ཐོན་སྐྱེད་མང་པོ་ཆགས་དུས། བཟོ་སྐྲུན་མང་པོ་ཟིན་པ་རྣམས་ལ་འགྲོ་ས་ཞིག་དགོས་ཀྱི་ཡོད། འགྲོ་ས་དེ་ཇི་ལྟར་བཙལ་དགོས་ཞེ་ན། འགྲོ་བ་མིའི་རྒྱུད་ཀྱི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་སྲེད་པ་དང་འདོད་རྔམས་དེ་སྤེལ་དགོས་ཀྱི་ཡོད། སྲེད་པ་དང་འདོད་རྔམས་ནི་ཉོན་མོངས་ཅན་གྱི་བློ་ཞིག་ཡིན་སྟབས། ཡུལ་དང་འཕྲད་ན་རང་བཞིན་གྱིས་འཕེལ་བའི་ནུས་པ་དེ་ཡོད་མུས་རེད། དེ་ལྟར་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཡོད་པ་དང་། ཉོན་མོངས་མ་སྤངས་པ་ནི་ཡིན་མུས། དེ་ལ་ཡུལ་ཞིག་ཉེ་བར་གནས་ན་ཆེན་པོ་བཟོ་ཆོག་ཡོད་རེད།

དེར་བརྟེན་མ་རྩའི་བདག་པོ་དང་བཟོ་གྲྭའི་བདག་པོ་དེ་ཚོས་མིའི་བསམ་བློའི་ནང་ཇི་ལྟར་འདོད་རྔམས་དེ་སྤར་རྒྱུའི་ཐོག་ཞིབ་འཇུག་བྱེད་པའི་སྐབས་སུ་མཚུངས་བསྡུར་དང་འགྲན་བསྡུར་བྱེད་པའི་གཤིས་ཀ་དེ་བླུག་ན་མིའི་འདོད་རྔམས་དེ་ཧ་ཅང་སྤེལ་ཐུབ་པར་མཐོང་ནས་མཚུངས་བསྡུར་དང་འགྲན་བསྡུར་གྱི་ལམ་སྲོལ་དེ་སློབ་གྲྭའི་ནང་ལ་ཁྱེར་ཡོང་བ་རེད། བརྒྱུད་ལམ་ཁག་ནང་ཁྱེར་ཡོང་བ་རེད། ཁྱིམ་ཚང་ནང་ཁྱེར་ཡོང་བ་རེད། གང་སར་ཁྱེར་ཡོང་ནས་ཧ་ཅང་ཁྱབ་སྤེལ་བྱས་པ་རེད། དེང་རབས་ཟེར་བའི་སྤྱི་ཚོགས་ཀྱི་གནས་བབས་དེ་དེ་ནས་འགོ་ཚུགས་པ་རེད། གང་ལྟར་དགོས་མཁོ་ལས་ལྷག་པའི་དངོས་ཟོག་དང་དཔལ་འབྱོར་ཐོན་སྐྱེད་ཀྱི་གནས་བབས་དེའི་དབང་གིས་མིའི་བསམ་བློའི་ནང་གི་འདོད་རྔམ་དེ་སྤེལ་དགོས་པ་དང་། དེ་ནི་སྲོལ་རྒྱུན་འོག་བསྡད་ན་དེ་སྤེལ་ཐུབ་ཀྱི་མེད། དེས་ན་སྲོལ་རྒྱུན་ལ་འབྲེལ་བ་བཅད་ནས་ཟུར་དུ་འགྲོ་བའི་ཐབས་ཤེས་ཤིག་བྱེད་དགོས། དཔེར་ན། ལྷམ་ཞིག་ཡིན་ན་ཚོས་གཞི་གཅིག་པ་དང་། མདོག་གཅིག་པ། ལྗིད་ཚད་ཆེ་ཆུང་གཅིག་པ་སོགས་ཆ་ཚང་གཅིག་པ་ཡིན་ན་ཡང་བསྐྱར་ཉོ་གི་མ་རེད། དེས་ན་སྔོན་མ་བཞིན་མ་ཡིན་པར། ལྷམ་རྩེ་རྣོ་རུ་དང་། མཆུ་ཏོ་རིང་དུ་གཏོང་བ་ལ་སོགས་པ་དང་། ཚོས་གཞི་མི་འདྲ་བ་བྱེད་པ་སོགས་འདྲ་མིན་སྣ་ཚོགས་བྱེད་དགོས་ཀྱི་ཡོད། དེ་བཞིན་འཆམ་འཆམ་ལ་འགྲོ་དུས་ལྷམ་དང་། ལས་ཁུངས་ནང་འགྲོ་དུས་ལྷམ། རྩེད་མོ་རྩེད་དུས་ལྷམ། རྒྱུགས་ཤར་གློད་དུས་ལྷམ། ཁྲུས་རྒྱག་ཏུ་འགྲོ་དུས་ལྷམ་སོགས་ཉིན་ཞག་ཕྲུགས་གཅིག་གི་བྱ་བའི་རིམ་པའི་ནང་ལ་འགུལ་སྐྱོད་ཅིག་མ་བརྒྱབ་ན་མ་གཏོགས་ལྷམ་ཞིག་མ་བརྗེ་ཐབས་མེད་པ་ཞིག་མིའི་བསམ་བློའི་ནང་བླུག་ཐབས་བྱེད་དུས་གསར་གཏོད་ཀྱང་དེ་མཚུངས་མང་བ་བྱེད་དགོས་ཀྱི་ཡོད།

གསར་གཏོད་ཟེར་དུས་བརྒྱུད་རིམ་ནས་ཡོང་བ་མ་ཡིན་པ་དང་། སྔོན་མ་མེད་པ། མིའི་བསམ་བློ་འཕྲོག་ཐུབ་པའི་ཐབས་ཚུལ་དེ་གསར་པ་བྱེད་དགོས་སྟབས། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) གྱིས་དེང་རབས་ཀྱི་མཚན་ཉིད་བཞག་པའི་སྐབས་སུ་ཧ་ཅང་བསྡུས་ཏེ། Novelty,  self-grounding, violence synonym to modernity ཞེས་ཚིག་བཞིའི་ནང་ཆ་ཚང་བསྟན་ཡོད། Novelty ཞེ་ན་གཅིག་ལ་དཔེ་བལྟས་པ་མ་ཡིན་པར་གསར་པ་ཞིག་ལ་བརྗོད། Self-grounding ཞེ་ན་རྒྱབ་ལྗོངས་ཀྱི་རྐང་པ་གཞག་ས་རྩ་བ་ནས་མེད་པ། སོ་སོའི་ཕྲག་པའི་སྒང་ལ་སོ་སོ་ལངས་པ་མ་གཏོགས་བརྒྱུད་རིམ་གང་ཡང་མེད་པ། Violence ཞེ་ན་འཚེ་བའི་རང་བཞིན་ཅན་ལ་བརྗོད། འགྲོ་བ་མིའི་འདོད་རྔམས་སྤེལ་རྒྱུ་ཁོ་རང་འཚེ་བའི་རང་བཞིན་རེད། འདོད་རྔམས་ལ་བརྟེན་ནས་འཚེ་བ་ཡོང་གི་ཡོད། འདོད་རྔམས་དེ་སྤེལ་དུས་འཚེ་བ་རང་བཞིན་གྱིས་འཕེལ་བ་ཡིན། སྔོན་མ་འཚེ་བ་ནི་གང་ཟག་བྱེ་བྲག་པའི་བྱེད་ལས་ཀྱི་རྣམ་གཞག་ཅིག་རེད། འོན་ཀྱང་ད་ལྟ་དཔལ་འབྱོར་རིང་ལུགས་འགྱུར་བ་ཕྱིན་ནས་སྒྲོམ་གཞིའི་འཚེ་བ་(Structural violence) སྟེ། དཔལ་འབྱོར་གྱི་སྒྲོམ་གཞིའི་ནང་འཚེ་བ་མཉམ་དུ་འདྲེས་པར་བརྟེན། Violence synonym to modernity ཞེས་བརྗོད། Modernity (དེང་རབས་) ཟེར་བ་དེ་སྲོལ་རྒྱུན་ལས་མི་ཡོང་བར། གློ་བུར་དུ་ཤ་མོ་རྡོལ་བ་བཞིན་བྱུང་བ་ཞིག་རེད།  ཤ་མོ་ལ་སོན་འདེབས་རྒྱུ་མེད། གཞན་འབྲུ་རིགས་ལ་སོན་འདེབས་རྒྱུ་ཡོད། ཤ་མོ་ནི་ཁོར་ཡུག་དང་ཆ་རྐྱེན་འཛོམས་ན་རང་བཞིན་གྱིས་རྡོལ་ཡོང་བ་རེད། ཤ་མོ་རྡོལ་བ་བཞིན་དེང་རབས་ཀྱི་གནས་སྟངས་དེ་བྱུང་བ་རེད། དེའི་ནང་གཙོ་ཆེ་བ་ནི་ཚན་རིག་དང་འཕྲུལ་ལས་རེད། དངོས་པོའི་ཐོན་སྐྱེད་ཡོངས་སུ་རྫོགས་པ་དེ་ཚན་རིག་དང་འཕྲུལ་ལས་ནང་ཡོད། དེའི་དབང་གིས་བློ་ཡི་ཁྱེར་སོ་ཞིག་ལ་དེང་རབས་ཟེར།

དེ་ལྟ་བུའི་དེང་རབས་དེ་འཇིག་རྟེན་འདིའི་ནང་དང་པོ་ནུབ་ཕྱོགས་ལ་དར་བ་དང་། ནུབ་ཕྱོགས་ལ་དེང་རབས་དར་བ་དང་ཆབས་ཅིག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཤིག་གིས་ཤར་ཕྱོགས་རྒྱལ་ཁབ་ཧ་ཅང་མང་པོ་ཞིག་ལ་ཆབ་སྲིད་ཀྱིས་དབང་བསྒྱུར་བྱས་པ་དུས་མཉམ་རེད། ནུབ་ཕྱོགས་ལ་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པ་དེས་མིའི་སྤྱི་ཚོགས་ནང་འདོད་རྔམས་སྤེལ་བ་ཙམ་དུ་མ་ཟད། བཙན་གནོན་རིང་ལུགས་དང་། གོང་མའི་རིང་ལུགས་ (Imperialism) ཧ་ཅང་འཕེལ་བ་རེད། ཁོང་ཚོ་ལ་ཤར་གླིང་ལ་མེད་པའི་འཕྲུལ་ལས་དང་། མཚོན་ཆ། འགྲིམ་འགྲུལ་གྱི་མཐུན་རྐྱེན། ཕན་ཚུན་སྐད་ཆ་བཤད་རྒྱུའི་མཐུན་རྐྱེན་རྣམས་འབྱོར་སྐབས་རྒྱལ་ཁབ་གཞན་ལ་དབང་བསྒྱུར་རྒྱུ་དེ་སླ་པོ་ཆགས་པ་རེད། དེར་བརྟེན་ཨིན་ཇི་ (British) དང་། ཕ་རན་སི། (France) པོར་ཅུ་གལ་ (Potugal) གྱིས་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་དབང་སྒྱུར་བྱས་པ་རེད། ཁོ་ཚོས་དེང་རབས་ཀྱི་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་དང་མཉམ་དུ་ཆབ་སྲིད་ཀྱི་དབང་བསྒྱུར་ཤུགས་ཆེན་པོ་ཞིག་ཤར་གླིང་གིས་མཚོན་པའི་ལུང་པ་གང་སར་ཁྱབ་པ་ཡིན་ཙང་། ཧ་ལམ་འཛམ་གླིང་གི་ས་ཡི་སུམ་གཉིས་ལྟ་བུ་ཞིག་ནུབ་ཕྱོགས་པའི་མངའ་འོག་ཏུ་ཕྱིན་པ་རེད། ནུབ་ཕྱོགས་པའི་མངའ་འོག་ཏུ་ཕྱིན་པའི་སྐབས་སུ་ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Civilization) དེ་ཤར་གླིང་གི་ཐོག་ལ་ཤུགས་ཆེར་ཁྱབ་པ་རེད།  བར་སྐབས་ཤིག་ལ་ཨིན་ཇིའི་དབང་སྒྱུར་འོག་ཉི་མ་མི་ནུབ་ཟེར་བ་དེ་བྱུང་། སྐབས་དེར་ཨིན་ཇིའི་མངའ་འོག་ཏུ་ཡོད་པའི་ཤར་གླིང་གི་རྒྱལ་ཁབ་ལ་མཚོན་ན། རྒྱ་གར་ (India) དང་། མ་ཡན་མར། (Myanmar) ཤྲཱི་ལངྐཱ་ (Sri Lanka) སོགས་རེད། དེ་ལྟར་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་དེ་ཧ་ལས་པ་དར་ནས། ཤར་གླིང་གང་དང་གང་དུ་ཆབ་སྲིད་ཀྱིས་དབང་བསྒྱུར་བ་དེ་དང་དེ་ལ་སྐད་ཡིག་དང་། མིང་ཙམ་གྱི་ཤེས་ཡོན། དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་སོགས་ང་ཚོའི་ཐོག་ཏུ་བཙན་བཀལ་བྱས་ཡོད། གང་ལྟར་ང་ཚོ་དེའི་འོག་ཏུ་འཛུལ་དུ་བཅུག་ཡོད།

ཉེ་བའི་ཆ་ལ་བལྟས་ན། ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་འཇིག་རྟེན་ཡོངས་རྫོགས་དང་འབྲེལ་བ་ཡོད་པའི་དམག་ཆེན་གཉིས་བྱུང་ཞིང་། མི་ཧ་ཅང་མང་པོ་བསད་པ་རེད། དམག་ཆེན་གཉིས་པའི་འཇུག་བསྡོམས་སུ་འབར་རྫས་གཉིས་ཀྱིས་ཧི་རོ་ཤི་མ་ (Hiroshima) དང་ན་ག་ས་ཀི་ (Nagasaki) ལ་ཇི་ཙམ་གཏོར་བཤིག་བཏང་བ་ང་ཚོའི་དྲན་ཡུལ་ནང་ད་ལྟའང་ཡོད་བཞིན་པ་རེད། དེ་དུས་ང་ལོ་བཞི་ལྔ་ཙམ་གྱི་ཕྲུ་གུ་ཡིན་ཡང་། དེ་དུས་གོ་མྱོང་ཡོད། རྡུལ་ཕྲན་མཚོན་ཆ་ཞེས་བརྗོད་མི་ཤེས་ཀྱང་། གཏོར་བཤིག་ཚབས་ཆེ་བཏང་བ་དེ་དུས་ཤེས་རྟོགས་བྱུང།

ཡོངས་སུ་གྲགས་པའི་དམག་ཆེན་གཉིས་པོ་དེ་བཞག་ནས་དུས་རབས་ཉི་ཤུ་པའི་སྐབས་སུ་དམག་ཆུང་ངུ་དེ་ཚོའི་ནང་བསད་པའི་མིའི་གྲངས་ཀ་ནི་དམག་ཆེན་གཉིས་ཀྱི་ནང་བསད་པ་ལས་ལྡབ་ཁ་ཤས་མང་བ་བཤད་ཀྱི་ཡོད།  བརྒྱ་ཕྲག་ཉི་ཤུ་པའི་ནང་ང་ཚོ་བོད་པའང་འབུམ་བཅུ་གཉིས་འཆི་སྐྱོན་བྱུང་བ་དང་། དེ་བཞིན་ལའོ་སི་ (Laos) དང་། ཀམ་བོ་ཌི་ཡ། (Cambodia) ཀི་ཡུ་བ། (Cuba) རྒྱ་ནག ར་ཤི་ཡ་ (Russia) སོགས་སུ་མི་ཇི་ཙམ་བསད་པ་ཚང་མ་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ (Modern Civilization) གྱི་དངོས་འབྲས་རེད། ཁ་ཐུག་ལ་གྲུབ་འབྲས་གང་ཐོན་ཡོད་ཟེར་ན། དེ་དག་ཐོན་པ་རེད།

ད་ལྟའང་རྒྱུན་དུ་འགྲོ་བ་མི་ཚང་མ་འཇིགས་སྣང་དང་དངངས་སྐྲག་འོག་བསྡད་དགོས་པའི་གནས་བབས་དེ་གང་གི་འབྲས་བུ་རེད་ཅེ་ན། དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་འབྲས་བུ་རེད། ད་ལྟ་དུས་ཚོད་མེད་ཙང་བསྡོམས་བརྒྱབས་ནས་ཞུ་རྒྱུ་ཡིན། དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་དར་བ་ལ་བརྟེན་ནས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ལ་འགྱུར་བ་དང་ཁྱད་པར་གང་བཟོས་ཡོད་ཅེས་པ་དེ་ཧ་ཅང་གི་ཤེས་བྱའི་གནས་རྒྱ་ཆེན་པོ་ཞིག་རེད། དེ་ང་ཚོས་བཤད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ལུང་པ་སོ་སོ་དང་། སྐད་ཡིག་སོ་སོ། རིག་གཞུང་སོ་སོའི་ནང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད། ཡིན་ནའང་ཁྱོན་བསྡོམས་ནས་འཇིག་རྟེན་ནང་སྲོལ་རྒྱུན་ལས་ལོགས་སུ་ཐོན་ནས་དེང་རབས་དེས་གང་བྱས་ཡོད་ཅེ་ན། དེང་རབས་དེས་གནས་ཚུལ་གལ་ཆེ་ཤོས་ཆ་མི་སྙོམས་པ་ཆེན་པོ་ལྔ་བཟོས་ཡོད། དང་པོ་ལུས་དང་སེམས་ཀྱི་བར་ལ་ཆ་མི་སྙོམས་པ་བཟོས་པ་དང་། གཉིས་པ་རང་དང་གཞན་གྱི་བར་ལ་ཆ་མི་སྙོམས་པ་བཟོས་པ། གསུམ་པ་སྤྱི་དང་སྒེར་གྱི་བར་ལ་ཆ་མི་སྙོམས་པ་བཟོས་པ། བཞི་བ་ཐོབ་ཐང་དང་ལས་འགན་བར་ལ་ཆ་མི་སྙོམས་པར་བཟོས་པ། ལྔ་བ་མཐུན་འབྲེལ་དང་འགྲན་བསྡུར་གྱི་བར་ལ་ཆ་མི་སྙོམས་པ་བཟོས་པ་བཅས་རེད། ཆ་མི་སྙོམས་པ་འདི་དག་ལ་བརྟེན་ནས་མིའི་སྤྱི་ཚོགས་དེ་གཏོར་བཤིག་གིས་ཧ་ཅང་ཉམས་ཆག་བཏང་ཡོད། ད་ལྟ་འདིར་ངོ་སྤྲོད་གསུང་བཤད་གནང་མཁན་གྱིས་གསུངས་པ་བཞིན་ང་ཆོས་འཇིགས་པ་ཆེན་པོ་ལྔ་ལ་གདོང་ལན་བྱེད་དགོས་ཀྱི་ཡོད། འཇིགས་པ་ཆེན་པོ་ལྔ་དེ་ཡོང་བའི་རྒྱུ་རྩ་གང་དུ་ཐུག་ཡོད་ཅེ་ན། ཆ་མི་སྙོམས་པ་ལྔ་བྱུང་བ་ལ་ཐུག་པ་རེད།

ཡིག་ཐོག་ཏུ་ཡོད་པའི་དུས་ཚོད་རེའུ་མིག་ལྟར་ན་ཚོགས་ཐེངས་འདི་གསོལ་ཇའི་བར་གསེང་ཆེད་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཐོག་ལ་གྲོལ་དགོས་ཀྱི་འདུག། དེའི་རྗེས་སུ་དྲི་བ་དྲིས་ལན་རེད་འདུག ད་ལྟ་ཚོགས་ཐེངས་འདིའི་བརྗོད་གཞི་ཡོངས་རྫོགས་མ་བྱུང་ཡང་། འདིར་མཚམས་འཇོག་རྒྱུ་ཡིན། དེའི་འཕྲོས་རྣམས་དགོང་དྲོའི་ཚོགས་ཐེངས་ནང་མཐུད་ནས་ཆ་མི་སྙོམས་པའི་གནས་ཚུལ་ཕྲན་བུ་ཞུ་རྒྱུ་ཡིན། དེའི་ཐོག་ནས་སྲོལ་རྒྱུན་དང་དེང་རབས་དབར་གྱི་ཤེས་ཡོན་མི་འདྲ་བའི་ཁྱད་པར་དང་། སློབ་ཚན་མི་འདྲ་བའི་ཁྱད་པར་གཉིས་མཉམ་དུ་བསྡོམས་ནས་ཞུ་རྒྱུ་ཡིན། གང་ལྟར་དེང་རབས་དེ་ཡག་པོ་ངོ་མ་འཕྲོད་ན་དེང་རབས་མཆོག་འཛིན་གྱི་བློ་དེ་འདོར་ཐུབ་ཀྱི་མ་རེད། དེང་རབས་མཆོག་འཛིན་གྱི་བློ་དེ་འདོར་མ་ཐུབ་ན་དེང་རབས་དང་སྲོལ་རྒྱུན་བར་གྱི་མཚུངས་སྡུར་དེ་བྱེད་ཐུབ་ཀྱི་མ་རེད། ཅེས་གསུངས།།

(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤ དང་ ༡༥ ཉིན་གཉིས་ལ་ཚོགས་ཐེངས་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་སྲོལ་རྒྱུན་དང་དེང་རབས་སྐོར་གསུང་བཤད་གནང་བ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་སྐོར་ཡིན། གསུང་བཤད་ཡིག་འབེབས་པ་ནི་སེར་བྱེས་ཧ་གདོང་ཁམས་ཚན་གྱི་བློ་བཟང་མཁས་མཆོག་ཡིན།)