༈ ཚོགས་ཐེངས་གཉིས་པ། སྲོaལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཐབས་ལམ།

(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤)ཕྱི་དྲོ།

༄༅།། ཚོགས་ཐེངས་འདིིའི་བརྗོད་གཞི་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཐབས་ལམ་ཞེས་པ་དེ་རེད། སྔ་དྲོ་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་སྐོར་རེད། དེ་གཉིས་སྤྱིར་སྟངས་བརྗོད་གཞི་ལ་ཁྱད་པར་ཆེ་བ་མེད། སྔ་དྲོ་དུས་ཚོད་ཀྱིས་རྐྱེན་པས་གནས་ཚུལ་ཆ་ཚང་ཞིག་ཞུ་རྒྱུ་བྱུང་མེད། གོང་དུ་ཞུས་པ་བཞིན་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་དང་། སློབ་ཚན་དང་སློབ་ཁྲིད་ཐབས་ལམ། དགེ་རྒན་དང་དགེ་ཕྲུག་གི་གནས་ཚུལ་རྣམས་ཞིབ་ཚགས་པོ་ཤེས་པ་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་ཚིག་དོན་ཐོག་གོ་བ་ཡང་དག་པ་ཆགས་དགོས་པ་དེ་གལ་ཆེན་པོ་ཡིན་སྟབས། སྔ་དྲོ་ངས་དེང་རབས་ཀྱི་སྐོར་ལ། དེང་རབས་ཀྱི་བྱུང་རིམ་དང་འཕེལ་རིམ། དེ་བཞིན་ད་ལྟའི་གནས་སྐབས་སུ་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དེས་འགྲོ་བ་མི་ལ་བདེ་སྐྱིད་དམ་སྡུག་བསྔལ་ཇི་ལྟར་སྐྲུན་གྱི་ཡོད་པ་དང་། འཇིག་རྟེན་ཁྱོན་ཡོངས་ལ་གནོན་ཤུགས་ཇི་ཆགས་སྐོར་ཆེ་ལོངས་ཙམ་བསྡུས་ནས་ཞུ་རྒྱུའི་ཐབས་ཤེས་བྱས་པ་རེད།

སྲོལ་རྒྱུན་ནི་དུས་ཡུན་རིང་པོ་ནས་གོམས་གཤིས་དང་རྒྱུན་འཇགས་ཡོད་པའི་གནས་ཚུལ་ཡོངས་རྫོགས་ལ་ཟེར་གྱི་མེད། དེ་བཞིན་རྒྱུན་རིང་པོ་ནས་ཡུལ་གྱི་གོམས་པའི་གཤིས་ལུགས་དང་། ཡང་ན་སྤྱི་ཚོགས་འགའ་ཤས་ནང་ལོ་སྟོང་ཕྲག་མང་པོའི་ནང་ཆགས་པའི་གོམས་གཤིས་ལ་ད་ལྟ་འདིར་བརྗོད་རྒྱུའི་སྲོལ་རྒྱུན་དེ་ཡིན་པའི་ངེས་པ་མེད།   བོད་སྐད་དུ་སྲོལ་རྒྱུན་ཟེར་བ་དེ་རྗེས་སུ་བེད་སྤྱོད་གཏོང་བའི་ཚིག་ཅིག་རེད། དེ་ནི་དེང་སང་ཨིན་སྐད་དུ་ Tradition ཞེས་བརྗོད། ད་ལྟ་ Tradition དང་ Modernity གཉིས་ཀྱི་འགལ་ཟླའི་སྐོར་འཇིག་རྟེན་ཡོངས་སུ་བགྲོ་གླེང་འགྲོ་བཞིན་པ་རེད། སྤྱིར་ Tradition ཞེས་པའི་ཚིག་དེ་བརྒྱུད་པ་དང་། རྒྱུད། སྲོལ་རྒྱུན་སོགས་ཚིག་སྣ་ཚོགས་ལ་བེད་སྤྱོད་ཆོག་པ་ཞིག་རེད། དཔེར་ན་སྔགས་ཀྱི་རྒྱུད་ཞེས་པ་དེ་ལ་ངེས་ཚིག་གིས་བཤད་པ་བྱེད་ན་ད་ལྟ་སྲོལ་རྒྱུན་གྱི་ངེས་ཚིག་གིས་བཤད་པ་དང་འདྲ་པོ་རེད། རྒྱུད་ཀྱི་སྐད་དོད་ཏནྟྲ་ནི་བར་མ་ཆད་པ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་བཅས་གོ་བ་ལེན་སྟངས་མི་འདྲ་བ་གཉིས་རེད། སྐབས་འདིར་སྲོལ་རྒྱུན་ནི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ནང་མདོར་བསྡུས་བྲིས་འདུག་པ་དེ་ཚང་མས་གཟིགས་ཡོད་མདོག་ཁ་པོ་རེད། དེའི་ནང་ ”སྐབས་འདིའི་སྲོལ་རྒྱུན་ཞེས་པ་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་མིན་པར། འབྱུང་ཁུངས་ཡང་དག་ལས་བྱུང་བ། བརྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ་ཁྱད་ཆོས་གསུམ་ལྡན་དང་། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུད་ཅིག་ལ་གོ་དགོས།”  ཞེས་གསུངས་པ་བཞིན་སྔོན་ནས་གོམས་པའི་རྒྱུན་རྐྱང་པ་ཞིག་མིན་པར་དེ་ལ་ཁྱད་ཆོས་གསུམ་ཚང་དགོས།

ཁྱད་ཆོས་དང་པོ་ནི་ཡང་དག་པའི་འབྱུང་ཁུངས་ལས་བྱུང་བ་ཞིག་དགོས། དཔེར་ན་འཇིག་རྟེན་གྱི་བྱེད་པ་པོ་འདོད་མཁན་གྱི་ཆོས་ལུགས་དང་གྲུབ་མཐའ་ཡིན་ན་བྱེད་པ་པོ་སྤྱི་གཙོ་བོའམ་ཀུན་ཁྱབ་ཀྱི་བྱེད་པོ་དབང་ཕྱུག་སོགས་ལས་བྱུང་བ་ (Originated From Divine Source) ཞེས་བརྗོད། འོན་ཀྱང་ང་ཚོ་ནང་པས་ཚད་མའི་སྐྱེས་བུ་ལས་བྱུང་བ་ཞེས་བརྗོད་ཅིང་།  སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་པར་སྒྲུབ་སྐབས་ཐོག་མར་གང་ཟག་ཚད་མ་ཡིན་པར་བསྒྲུབ་པ་དང་། དེ་རྗེས་དེའི་བཀའ་ཚད་མ་ཡིན་པ་བསྒྲུབ་པ་རེད། སྤྱིར་སྟངས་ང་ཚོས་རྟོན་པ་བཞིའི་རྣམ་གཞག་བཤད་པའི་སྐབས་སུ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་བརྗོད་ཀྱང་། ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ལ་གང་ཟག་ཚད་མ་ཡིན་པར་བསྒྲུབས་ནས་དེའི་རྒྱུ་མཚན་གྱིས་དེའི་ལུང་ཚད་མ་ཡིན་པར་སྒྲུབ་པའི་འགྲོ་སྟངས་ཤིག་ཡོད།  གང་ལྟར་བླང་དོར་གྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཚད་མའི་སྐྱེས་བུ་ཞིག་གིས་ཐོག་མར་གསུངས་པ་ཞིག་དགོས།

དེ་ཡང་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པའི་རྒྱུད་པའང་བར་མ་ཆད་པ་ཞིག་དགོས་ཀྱི་ཡོད།  རྒྱུད་པ་བར་མ་ཆད་དུ་དགོས་པ་དེ་ང་ཚོས་གསར་པ་བཤད་པ་གང་ཡང་མིན། སྟོན་པས་མདོའི་ནང་ཡང་དང་ཡང་དུ་ ”ལུང་འབོགས་པ་དང་། ཁ་ཏོན་དུ་བྱ་བ་དང་།”ཞེས་གསུངས་པ་བཞིན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་སངས་རྒྱས་ཀྱི་གསུང་རབ་ཡིག་ཐོག་ཏུ་འཁོད་པ་ཉུང་ཉུང་རེད། མང་ཆེ་བ་ང་ཚོས་ཁ་བསླབ་བྱས་པ་བཞིན་ཐོག་མར་དགེ་རྒན་གྱིས་སྐྱོར་བ་ལ་ལུང་འབོགས་པ་དང་། དེ་དགེ་ཕྲུག་གིས་ཉན་ནས་ཡང་སྐྱར་སྐྱོར་བ་ལ་ཁ་ཏོན་དུ་བྱ་བ་ཞེས་བརྗོད། གང་ལྟར་དེ་ནི་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པ་རེད།

རྗེས་སུ་ཡིག་ཐོག་ཏུ་བཀོད་པའི་རྗེས་སུའང་ལུང་རྒྱུན་དང་ཁྲིད་རྒྱུན་གྱི་གནས་སྟངས་དེ་བསྡད་པ་རེད། དེས་ན་ད་ལྟ་ང་ཚོའི་སྡེ་སྣོད་གསུམ་ལྟ་བུར་མཚོན་ནའང་། སྟོན་པའི་ཞལ་ནས་གསུངས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་ནས་ལུང་གི་རྒྱུན་དང་བཤད་པའི་རྒྱུན་མ་ཆད་པར་ཡོད་པ་དེ་ལ་བརྒྱུད་པ་བར་མ་ཆད་པ་ཞེས་བརྗོད།

སངས་རྒྱས་ཀྱིས་གསུངས་པ་དེ་བརྒྱུད་པ་བར་མ་ཆད་པ་ཡིན་རུང་། དེའི་ཐོག་རིགས་པ་ཡང་དག་གིས་བརྟག་བཟོད་ཅིག་དགོས་ཤིང་། ལར་ནས་ལུང་དང་རིགས་པ་གཉིས་ལས་རིགས་པ་གཙོ་ཆེ་བར་བྱེད་དགོས། ནུབ་ཕྱོགས་པའི་བཤད་སྟངས་ལྟར་ན་སྤྱིར་སྟངས་མིའི་བསམ་བློས་ཚད་མར་སྒྲུབ་ཐུབ་པ་ (Verifiable by common sense and logic) ཞེས་པ་དེ་རེད།

སྲོལ་རྒྱུན་གྱི་མཚན་ཉིད་ཁྱད་པར་གསུམ་ལྡན་དེ་ཐོག་མར་གསུང་མཁན་ནི་ཤྲཱི་ལངྐཱའི་ (Sri Lanka) མཁས་པ་ཀུམཱར་སྭཱམཱི་ (Kumaraswamy) རེད། ཁོང་དུས་རབས་བཅུ་དགུའི་ནང་ལ་འཁྲུངས་ནས་དུས་རབས་ཉི་ཤུའི་མགོ་སྟོད་ལ་བཞུགས་པའི་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད།  འཕགས་པ་གནས་བརྟན་སྡེ་པའི་རྗེས་འཇུག་དང་དངོས་རྫས་རྙིང་པ་བརྟག་དཔྱད་གནང་མཁན་ཞིག་རེད། རྗེས་སུ་ལྟ་གྲུབ་ལ་མཁས་པ་ཆེན་པོ་ཆགས་ནས་དཔེ་དེབ་ཉི་ཤུ་ཙམ་ལྗགས་རྩོམ་གནང་སྟེ་ཧ་ཅང་གྲགས་ཆེན་པོ་རེད། ཁོང་ནི་དེང་སང་སྲོལ་རྒྱུན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཕལ་ཆེ་བའི་ལུང་ཁུངས་བཙལ་ས་ལྟ་བུ་རེད། དེར་བརྟེན་ཁོང་གིས་ཁྱད་ཆོས་དེ་གསུམ་ཚང་ན་གཞི་ནས་སྲོལ་རྒྱུན་བརྩི་གི་རེད་ཅེས་གསུངས། འོན་ཀྱང་གནའ་སྔ་མོ་ཡོང་བ་ཆ་ཚང་སྲོལ་རྒྱུན་མིན། དཔེར་ན་རྒྱ་གར་ནང་རིགས་རུས་ཀྱི་དབྱེ་འབྱེད་ལོ་བརྒྱ་ཕྲག་མང་པོ་ནས་ཡོང་བ་དང་། དེ་བཞིན་གནའ་སྔ་མོ་ང་ཚོ་བོད་པ་གྲོང་གསེབ་པས་ཁྲུས་མི་རྒྱག་པ་རྣམས་སྲོལ་རྒྱུན་མ་རེད།  དེ་ལྟར་རྒྱུན་རིང་པོར་འཇགས་པའི་གོམས་གཤིས་ཡག་པོ་མིན་པ་མང་པོ་རེད། གང་ལྟར་རྒྱུན་རིང་པོ་ཡོད་པ་ཙམ་གྱིས་སྲོལ་རྒྱུན་ངོ་བོར་མི་ཆགས།  སྲོལ་རྒྱུན་ཡིན་ན་ ‘རྒྱུན་’ ཟེར་བའི་ཚིག་གི་ནུས་པས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཕན་བདེ་འབྱུང་བའི་གཞི་རྩ་མ་གཏོགས། ཡུལ་དུས་གནས་སྐབས་ལ་ལྟོས་ཏེ་མི་འགྱུར་བ་ཞིག་དགོས། དཔེར་ན་ང་ཚོའི་གྲྭ་ས་དང་གདན་ས་ཁག་གི་ནང་དུ་སྤྱིར་སྟངས་སྲོལ་རྒྱུན་ཧ་ཅང་ཡག་པོ་ཡོད་ཀྱང་། སྲོལ་རྒྱུན་དེ་ཚོའི་ནང་དུ་ལྷད་ཞུགས་ནས་རྒྱུན་རིང་པོ་ནས་གོམས་གཤིས་ལ་ཆགས་པ་བྱབ་མེད་པ་མང་པོ་རེད། དཔེར་ན། ང་ཚོས་འཆམ་རྒྱག་པ་ལྟ་བུའི་རིགས་མང་པོ་ཞིག་ཐོག་མར་རིམ་གཉིས་ཀྱི་རྟོགས་པ་མཐོན་པོར་ཡོད་མཁན་ཚོས་སྤྲོས་བཅས་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་ལྷ་ཡི་རྣལ་འབྱོར་ལ་བརྩོན་པ་དང་། དེ་ནས་སྤྲོས་བཅས་ཀྱི་སྤྱོད་པ་ལ་ཞུགས་པའི་སྐབས་སུ་གར་འཆམ་ལ་སོགས་པ་དེ་འདྲ་བསྐུལ་རྒྱུ་མང་པོ་ཡོད། འོན་ཀྱང་གང་མཚམས་ནས་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་གང་ཡང་མེད་པར་འབག་གྱོན་ནས་འཁྲབ་པ་དེ་མི་ཚོས་ལྟད་མོ་བལྟ་རྒྱུར་ཆགས་པ་མ་ཟད། སྤྱི་ཚོགས་ནང་གློག་བརྙན་བསྟན་པ་དང་འཆམ་རྒྱག་པ་གཉིས་གཅིག་པ་ལྟ་བུ་ཆགས་པ་རེད། སྔགས་དང་ཏིང་ངེ་འཛིན་མེད་པར། དུང་རྒྱ་གླིང་དང་འབག་རྫིག་པོ་སོགས་ཕྱིའི་རྣམ་འགྱུར་ཁོ་ན་ལ་བརྟེན་པ་ནི་སྲོལ་རྒྱུན་ཉམས་པ་རེད། གལ་ཏེ་སྔགས་དང་། ཏིང་ངེ་འཛིན། སྒོམ་གྱི་ནུས་པ་ཆ་ཚང་ཡོད་ན་དེ་འདྲའི་གར་འཆམ་དེ་སྲོལ་རྒྱུན་ངོ་བོ་ལ་སླེབས་ཐུབ། དེ་དག་ནི་སྲོལ་རྒྱུན་ངོོ་སྤྲོད་མདོར་བསྡུས་ཤིག་ཡིན།

དེང་རབས་ངོ་སྤྲོད་མདོར་སྡུས་ཤིག་སྔ་དྲོ་ཞུས་ཟིན་པ་ཡིན། དེས་ན་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་སློབ་གསོ་ལ་ཁྱད་པར་གང་ཡོད་ཅེ་ན། དེ་ནི་ཤེས་ཡོན་གྱི་ངོ་བོ་ངོས་འཛིན་བྱེད་སྟངས་ཐོག་ཁྱད་པར་ཆེན་པོ་རེད། སྲོལ་རྒྱུན་གྱིས་གང་ཟག་ཅིག་གི་བསམ་བློའི་སྤུས་ཚད་ཡག་ཏུ་གཏོང་བའི་གནས་བབས་ཤིག་ལ་ཤེས་ཡོན་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་ལན་སྐྱེལ་བ་ཙམ་ལ་ཤེས་ཡོན་ངོས་འཛིན་བྱེད་ཀྱི་མེད། དེང་སང་ཤེས་ཡོན་ཞེས་ཨིན་སྐད་དུ་Education ཞེས་པ་དེ་ལ་བདག་ཉིད་ཆེན་པོ་གཱཾནྡྷཱིས་ (Mahatma Gandhi) ཡི་གེ་འབྲི་ཀློག་ཤེས་པ་ཙམ་ལ་ཟེར་བ་རེད་ཅེས་གསུངས་ཡོད། ཡི་གེའི་ཤེས་ཡོན་དེ་ཤེས་ཡོན་མིན་ཞེས་གསུངས། དེས་ན་ཡི་གེའི་ཤེས་ཡོན་དེ་ཤེས་ཡོན་ནང་འཇུག་པའི་ཐབས་ལམ་ཞིག་རེད་མ་གཏོགས། ཡི་གེ་འབྲི་ཤེས་པ་དང་། ཡི་གེ་ཀློག་ཤེས་པ་ཙམ་ལ་ཤེས་ཡོན་ཟེར་གྱི་མེད། དེས་འབྲི་ཀློག་ཤེས་མཁན་གྱི་གང་ཟག་དེའི་བསམ་བློའི་ཁྱེར་སོ་ལ་འགྱུར་བ་གང་ཡང་མི་འགྲོ  དེར་བརྟེན་ཤེས་ཡོན་ཞེས་པ་དེས་བསམ་བློའི་ཁྱེར་སོ་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད། དེའི་བསྡོམས་ནི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ནང་ཡག་པོ་ཞིག་བརྒྱབས་འདུག  དེའི་ནང་གཟིགས་ན་མཁྱེན་རྒྱུ་རེད།  དེ་ཡང་ “ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ།” ཞེས་གསུངས་པ་བཞིན་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དེ་སྔོན་འགྲོའི་བྱ་བ་ཞིག་ཡིན། དེ་ཙམ་ལ་ཤེས་ཡོན་ཆགས་ཀྱི་མེད། དེ་ལ་ནང་གི་ཤེས་པའི་ནུས་པ་སད་དགོས་པ་དང་།  སྨིན་དགོས་པ།  རྫོགས་དགོས་ཀྱི་ཡོད། དེ་ལྟར་སད་པ་དང་། སྨིན་པ། རྫོགས་པ་གསུམ་བྱེད་མཁན་གྱི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ཤེས་ཡོན་ཟེར། དེ་འདྲ་བའི་ཡོན་ཏན་སློབ་ཁྲིད་བྱེད་པ་ལ་ཤེས་ཡོན་སློབ་ཁྲིད་ཟེར། དེ་བཞིན་ “ཤེས་ཡོན་ཞེས་པ་གཞན་ལས་ཐོས་པའི་དོན་འཛིན་པ་ཙམ་ལ་མི་འཛིན་པར། ཐོས་པའི་དོན་ལ་རང་སྟོབས་ཀྱིས་བསམ་པས་ངེས་པ་རྙེད་པ་དང་། བསམ་པའི་དོན་ལ་ཡང་ཡང་གོམས་པས་མཐར་ཕྱིན་པར་བྱེད་པ་སྟེ། གཞན་ལས་ཐོས་པ་དང་། རང་གིས་དཔྱད་པ། དེ་ལ་ཡང་ཡང་གོམས་པ་གསུམ་དང་ལྡན་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།“ ཞེས་གསུངས་པ་ནི་ཤེས་ཡོན་ངོས་འཛིན་ཡང་དེ་རང་རེད་ལ། ཤེས་ཡོན་གྱི་ཐབས་ལམ་ཡང་དེ་དང་གཅིག་པ་རེད། ཡང་ “ཤེས་ཡོན་ཞེས་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཕན་ཚུལ་ཟུང་དུ་འབྲེལ་བའི་ཡོན་ཏན་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱ་རྒྱུ།”  “ཤེས་ཡོན་ཞེས་པ་སྤྱི་སྒེར་གྱི་ཚུལ་མིན་བྱ་སྤྱོད་བཟང་སྤྱོད་དུ་སྒྱུར་བྱེད་ཀྱི་ནང་གི་འཕྲུལ་རིག་གཙོ་བོ་ཞིག་ལ་ངོས་འཛིན་བྱ་རྒྱུ།“ “ཤེས་ཡོན་ཞེས་པ་རང་གི་འཚོ་བ་དང་མི་ཚེ་སྐྱེལ་བྱེད་ཀྱི་ཐབས་ལམ་ཙམ་ཞིག་ཏུ་མི་འཛིན་པར། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་བྱེད་དང་། ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱ་རྒྱུ།“ “ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང་། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ།“ ཞེས་གསུངས་པ་བཞིན་ང་ཚོས་གནས་ཚུལ་ཤེས་པ་ཙམ་ལ་ཤེས་ཡོན་ཞེས་བརྗོད་ཀྱི་མེད། དཔེར་ན་ཚན་རིག་དང་འཕྲུལ་ཆས་ལྟ་བུ་བསླབས་པ་ན། གཞི་དངོས་པོ་ངོས་འཛིན་བྱེད་སྟངས་སུ་ཇི་ལྟར་བརྟག་དཔྱད་བྱས་པ་དང་། ཇི་ལྟར་ཚོད་བལྟ་བྱས་པ། མི་ལྟར་གྲུབ་འབྲས་ཐོན་པ། ཇི་ལྟར་མཐའ་མའི་ཐག་གཅོད་བྱས་པ་དེ་དག་ཤེས་ན། དེ་ལ་བརྟེན་ནས་ཤེས་མཁན་གང་ཟག་དེའི་རྒྱུད་ལ་འགྱུར་བ་ག་རེ་འགྲོ་བ་དང་། འགུལ་སྐྱོད་ག་རེ་ཐེབས་མིན་ལ་འབྲེལ་བ་གང་ཡང་མེད། གང་བྱུང་བ་ལན་བསྐྱལ་བའི་གནས་ཚུལ་དེ་བློ་ལ་ཟིན་སོང་བའམ་ཡང་ན་ཐོ་ལ་ཐེབས་སོང་ན་དེ་གས་འགྲིགས་པ་རེད། ང་ཚོས་དེ་ལྟ་བུ་ལ་ཤེས་ཡོན་གྱི་ཐོག་མའི་གོམ་བགྲོད་ཐོས་པ་ཙམ་ལ་ཟེར་གྱི་རེད། ཐོས་བྱུང་གི་ཤེས་རབ་ནི་གཞུང་ཆེན་མོའི་ནང་གཞན་ལས་གཡར་བའི་ཤེས་རབ་ཡིན་པ་ལས་རང་གི་ཤེས་རབ་མིན་ཞེས་གསུངས།  དེ་ལྟ་བུའི་ཐོས་བྱུང་གི་ཤེས་རབ་ལ་རང་སྟོབས་ཀྱིས་དཔྱད་པ་བྱས་ནས་ཡིན་མིན་ཐག་ཆོད་ཡོང་དུས་གཞི་ནས་དེ་རང་གི་ཤེས་ཡོན་ལ་ཆགས་པ་རེད།  བསྒོམས་བྱུང་གི་ཤེས་རབ་ཀྱིས་ངེས་པ་རྙེད་པར་བྱེད་པའམ་མངོན་སུམ་དུ་མཐོང་བར་བྱེད་ཀྱི་ཡོད། དེ་དག་ནི་སྲོལ་རྒྱུན་དང་དེང་རབས་བར་གྱི་ཁྱད་པར་རེད།

ད་རིང་ཞོགས་པའི་འཕྲོས་དོན་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ཁྱད་པར་དེ་ཙམ་གྱིས་འགྲིག་པ་བྱ་རྒྱུ་དང་། དེ་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཟེར་བ་ནི་དེ་དང་གཅིག་པ་ལྟ་བུ་རེད། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་ལ་དབྱེ་བ་འབྱེད་སྟངས་མི་འདྲ་བ་ཡོད་ཀྱང་། སྤྱིར་བཏང་ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཆེན་པོ་མེད། སློབ་ཚན་ནི་སློབ་སྦྱོང་བྱ་རྒྱུའི་སློབ་གཞི་དེ་རེད། དེ་ནི་རིག་པའི་གནས་གང་ལ་སློབ་སྦྱོང་བྱེད་དང་མི་བྱེད་དེ་རེད། དེ་དབྱེ་བ་འབྱེད་པའི་སྐབས་སུ་གྲུབ་མཐའ་མི་འདྲ་བ་དང་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་གྱིས་དབྱེ་བ་འབྱེད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། དཔེར་ན། སྲོལ་རྒྱུན་ལ་ཆ་བཞག་ན་རྒྱ་གར་ནང་ལ་ནང་པ་དང་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བས་སློབ་ཚན་ལ་གྲངས་ཀ་རྒྱག་སྟངས་མི་འདྲ་བ་ཡོད། རིག་བྱེད་པ་ལྟ་བུ་ཡིན་ན་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཅེས་དབྱེ་བ་འབྱེད་པའི་སྐབས་སུ་རྩ་བའི་རིག་བྱེད་བཞི་དང་། དེའི་ཡན་ལག་ལ་ཉེ་བའི་རིག་བྱེད་ཉི་ཤུ་རྩ་གཅིག་གམ་ཡང་ན་ཉི་ཤུ་རྩ་གསུམ་པ་ཨུཔནིཥད། དེ་ནས་ཆོས་ཀྱི་བསྟན་བཅོས་(དྷརྨ་ཤཱསྟྲ)། དེའི་རྗེས་སུ་དེ་ལྟ་བུའི་བྱུང་བ་(ཨིཏིཧཱས་)བཅས་སློབ་ཚན་འབྱེད་སྟངས་གཅིག་དང་། དེ་མིན་ཕྱི་ནང་ཐུན་མོང་བའི་སློབ་ཚན་འབྱེད་སྟངས་ལ། བཟོ་ཡི་གནས་བཅོ་བརྒྱད། རྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་སུ་དབྱེ་བ་འབྱེད་སྟངས་ཀྱང་རྒྱ་གར་ནང་ཡོད་པ་ཞིག་རེད།

རིག་པའི་གནས་ཞེས་པའི་མིང་དང་། དེ་ཡང་རིག་པའི་གནས་ལ་ལྔ་ཡོད་པ་བཤད་མཁན་ནི་ནང་པ་གཅིག་པུ་རེད། ནང་པའི་མདོ་དང་བསྟན་བཅོས་ནང་རིག་པའི་གནས་ལྔ་ཞེས་སྒྲ་དང་། གཏན་ཚིགས། བཟོ། གསོ་བ། ནང་དོན་རིག་པ་བཅས་སུ་ཕྱེ། དེའི་ནང་རིག་པའི་གནས་ཡན་ལག་དང་བཅས་པ་ཚང་མ་འདུས། ནང་པས་དེ་འདྲ་བཞག་དགོས་པའི་རྒྱུ་མཚན་ཡང་། རྒོལ་བ་ཚར་གཅོད་པ་དང་། གཞན་རྗེས་སུ་འཛིན་པ། རང་ཉིད་ཀུན་ཤེས་བྱ་བའི་ཕྱིར་དུ་རིག་པའི་གནས་ལྔ་རུ་བཞག་པ་ནི་རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེ་རྒྱན་ནང་ལ་གསུངས། རིག་པ་ཡིན་ན་རིག་པའི་གནས་ཡིན་པའི་ངེས་པ་མེད། སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་གྱི་ངོ་བོའི་ཁྱད་པར་ཆེ་ཤོས་ཤིག་ནི་རིག་པའི་གནས་ལ་ཆགས་མི་ཆགས་དེ་རེད།

གོང་དུ་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་བ་བཤད་པའི་སྐབས་སུ་ཞུས་པ་ལྟར་འབྱུང་ཁུངས་ཚད་མ་ཡིན་པའམ་ཚད་མའི་སྐྱེས་བུ་ལས་བྱུང་མ་བྱུང་གི་ཁྱད་པར་ནི་སློབ་ཚན་ལའང་གཅིག་མཚུངས་རེད། རིག་པའི་གནས་ཀྱི་ཁོངས་སུ་གཏོགས་པ་ཡིན་ན་དང་པོ་རྩ་བའི་གཞུང་དེ་ཐམས་ཅད་མཁྱེན་པའམ་ཐམས་ཅད་མཁྱེན་པ་དང་མཚུངས་པའི་ཚད་མའི་སྐྱེས་བུ་ཞིག་གིས་གསུངས་པ་དང་། དེ་ལ་འགྲེལ་བྱེད་ཀྱི་པཎ་གྲུབ་རྣམས་ཀྱིས་འགྲེལ་པ་དང་འགྲེལ་བཤད་སོགས་གནང་སྟེ་ཡོང་བའི་བརྒྱུད་རིམ་ཡོད་པ་ཞིག་ལ་རིག་པའི་གནས་ཞེས་བརྗོད། གང་ལགས་ཤེ་ན། གཞུང་དེ་ཚད་མ་ཡིན་པ་ཞིག་ངོས་གཟུང་དགོས་ཀྱི་ཡོད། དེ་འདྲ་མིན་ན་གཞུང་ཚད་མ་ཡིན་མིན་ང་ཚོས་རྟོགས་མི་ཐུབ། ཐོག་མར་ཚད་མའི་སྐྱེས་བུ་ལས་བྱུང་བའི་རྩ་བའི་གཞུང་ལུགས་ཤིག་ལ་འགྲེལ་པ་དང་འགྲེལ་བཤད་སོགས་ནས་ཡོང་བ་ཞིག་དགོས། གང་ལྟར་དེའི་ནང་བསྟན་པའི་དོན་རྣམས་ “དོན་བཞིན་གཟིགས་ནས་ལེགས་གསུངས་པ།།“ ཞེས་གཟིགས་ནས་གསུངས་པ་ཞིག་ཡིན་སྟབས། དེའི་དོན་མ་རྟོགས་ན་གནས་ཚུལ་ཐ་དད་རེད་མ་གཏོགས། དོན་རྟོགས་པ་ཡིན་ན་ནོར་འཁྲུལ་མེད་པ། ཚད་མ་ཡིན་པ། ཡང་ཡང་བཟོ་བཅོས་རྒྱག་དགོས་མེད་པ་དེ་འདྲ་ཞིག་ལ་རིག་པའི་གནས་ཞེས་བརྗོད།

དཔེར་ན་བོད་ཀྱི་སྨན་གྱི་རྒྱུད་བཞི་ལྟ་བུ་ཡིན་ན་དག་སྣང་ངམ་གཏེར་མ་ལྟ་བུ་རེད། གང་ལྟར་ཚད་མའི་སྐྱེས་བུ་སངས་རྒྱས་སྨན་བླས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་བཞེངས་ནས་གསུངས་པ་ཞིག་བཤད་ཀྱི་ཡོད། དངོས་སུ་རྒྱ་གར་ནས་བྱུང་བ་མིན་ནའང་བོད་ལ་དག་སྣང་དང་གཏེར་མའི་རིགས་མང་པོ་རེད། དེ་ལ་བྱིན་རླབས་ཉེ་བརྒྱུད་ཅེས་ཚད་མའི་སྐྱེས་བུ་ཞིག་ལས་བརྒྱུད་པ་ཐུང་ཐུང་ནས་ཡོང་བ་ཞིག་ལ་བརྗོད། བྱམས་པ་ནས་ཐོགས་མེད་དུ་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་དང་། འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པའི་ཟབ་མོ་ལྟ་རྒྱུད། རྡོ་རྗེ་འཆང་ནས་ཏཻ་ལོ་ནཱ་རོ་ལ་སོགས་ནས་བརྒྱུད་པའི་ཉམས་ལེན་བྱིན་རླབས་ཀྱི་རྒྱུད་སོགས་དང་། རི་བོ་དགེ་ལྡན་པ་ལྟ་བུར་མཚོན་ན། རྗེ་རིན་པོ་ཆེའི་བྱིན་རླབས་ཉེ་རྒྱུད་ལ་འཇམ་དཔལ་དབྱངས་ནས་བླ་མ་དབུ་མ་པ་དང་། དེ་ནས་རྗེ་རིན་པོ་ཆེ་ལ་བརྒྱུད་པ་དང་།  རྗེས་སུ་ད་དུང་བྱིན་རླབས་ཉེ་རྒྱུད་ནི་འཇམ་དཔལ་དབྱངས་ནས་རྗེ་རིན་པོ་ཆེ་དང་། དེ་ནས་ཆོས་ཀྱི་རྡོ་རྗེ་ལ་བརྒྱུད་པ་རེད། དེ་ལྟ་བུའི་བྱིན་རླབས་ཉེ་རྒྱུད་རྣམས་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཀྱིས་དངོས་སུ་མ་གསུངས་ནའང་། དེ་དང་མཚུངས་པའི་ཚད་མའི་སྐྱེས་བུ་ལས་བྱུང་བ་ཤ་སྟག་རེད།

རྩིས་ལྟ་བུ་ཡིན་ན། དུས་འཁོར་གྱི་རྒྱུད་དང་། དེ་བཞིན་འདུལ་བའི་ལུང་ལ་སོགས་པ་ནས་གཏོད་པ་ཞིག་རེད། དེ་མིན་དུས་འཁོར་གྱི་རྒྱུད་ནས་གསུངས་པའི་དབྱངས་འཆར་དང་། འཇམ་དཔལ་དབྱངས་ནས་བརྒྱུད་པའི་རྒྱ་ནག་གི་རྩིས་ལ་སོགས་པའང་ཚད་མའི་སྐྱེས་བུ་ནས་བརྒྱུད་པ་རེད། དེ་བཞིན་གཏན་ཚིགས་རིག་པ་ལྟ་བུར་མཚོན་ན། སྤྱིར་བཏང་སྡེ་སྣོད་གསུམ་ག་ལ་ཁྱབ་ཀྱང་།  གཙོ་བོ་མངོན་པའི་སྡེ་སྣོད་ནས་སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་ཆོས་གྲགས་ཀྱིས་ཟུར་བཏོན་གནང་བ་ཞིག་རེད། བཟོ་རིག་པ་ལྟ་བུར་མཚོན་ན། སྤྱིར་བཟོ་རིག་པ་ཧ་ཅང་ཁྱབ་ཆེ་ཡང་། ལུས་ངག་ཡིད་གསུམ་གྱི་བཟོ་ཡི་གནས་སུ་འདུས་པ་དང་། དེ་ཡང་ཐམས་ཅད་མདོ་རྒྱུད་ལ་ཁུངས་གཏུགས་པ་ཞིག་རེད། དེས་ན་རིག་པའི་གནས་ཡོངས་སུ་རྫོགས་པ་ནི་ཚད་མའི་སྐྱེས་བུ་ལས་བྱུང་བའི་ཚད་མའི་གཞུང་ལུགས་ཤིག་ལ་བརྗོད། རིག་པའི་གནས་དེ་དང་འབྲེལ་བའི་རིག་པའི་གནས་ཀྱི་ཡན་ལག་མང་པོ་ཡོང་ཆོག

དེང་རབས་ཀྱི་སློབ་ཚན་ནང་དུ་ནང་དོན་རིག་པའི་སློབ་ཚན་ཁྱེར་བ་དག་དམིགས་བསལ་རེད་མ་གཏོགས། ཚན་རིག་དང་། སྤྱི་ཚོགས་ཚན་རིག དཔལ་འབྱོར་རིག་པ། སྲིད་དོན་གྱི་ཚན་རིག་སོགས་ཐམས་ཅད་གང་ཟག་ཕལ་པའི་བློ་ཕལ་བས་བརྟག་དཔྱད་བྱས་ནས་གྲུབ་དོན་རྙེད་པ་ཞིག་རེད། དཔེར་ན་ཚན་རིག་ལྟ་བུ་ཡིན་ན། ཚན་རིག་པའི་གང་ཟག་གིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་དུ་འཕེལ་བའི་ཐབས་ཤེས་བྱེད་ཀྱི་མེད་ལ་བྱེད་ཤེས་ཀྱིའང་མེད། གང་ལྟར་སོ་སོ་སྐྱེ་བོ་རང་དགའ་བའི་བློ་ཡི་ནུས་པ་ཇི་ཙམ་ཡོད་པ་དེ་ཙམ་རེད། འོན་ཀྱང་དབང་པོའི་ཤེས་པའི་ནུས་པ་ལྟ་བུ་ནི་འཕྲུལ་ཆས་ལ་བརྟེན་ནས་ཕྲན་བུ་ཆེ་རུ་གཏོང་རྒྱུ་ཡོད་ཅིང་། དཔེར་ན་རྒྱང་ཤེལ་སོགས་ལ་བརྟེན་ནས་མིག་གིས་གཟུགས་མཐོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཐག་རིང་པོའི་གཟུགས་ཐག་ཉེ་པོ་མཐོང་ཐུབ་པ། ཕྲ་བའི་གཟུགས་རགས་པར་མཐོང་ཐུབ་པ་སོགས་ཡོད་རུང་། དེ་ལའང་ཚད་ཅིག་ཡོད་ཅིང་། དེ་ལས་བརྒལ་ནས་འགྲོ་རྒྱུ་གང་ཡང་མེད། གང་ལྟར་འཕྲུལ་ཆས་ཀྱི་ནུས་པ་ཇི་ཙམ་ཡར་རྒྱས་སོང་བ་དེ་ཙམ་གྱིས་མཐོང་བ་དང་ཐོས་པའི་ནུས་པ་འཕེལ་བ་ཙམ་རེད། དཔེར་ན། ཉན་ཐོས་དགྲ་བཅོམ་པས་དུས་ཀྱིས་བསྐལ་བ་དང་། ངོ་བོ་ཕྲ་བ། ཡུལ་གྱིས་བསྐལ་བ་སོགས་གཟིགས་ཐུབ་ཀྱི་མེད།  འོན་ཀྱང་དེང་རབས་ཀྱི་ཚན་རིག་པས་དེའི་ཆ་ཤས་ཙམ་ཡང་མཐོང་གི་མེད། ཕྲ་བའི་གཟུགས་ལྟ་བུ་ཡིན་ན། ད་ལྟའི་ལག་ཆ་ཇི་ཙམ་ཡོད་པ་དེ་ཙམ་ཞིག་ལས། དེ་ལས་བརྒལ་ནས་མཐོང་གི་མེད། ཡིན་ནའང་ཤེས་པའི་ནུས་པ་གོང་མཐོར་གཏོང་བའི་སྐབས་སུ་ཕྱིའི་འཕྲུལ་ཆས་ལ་བརྟེན་མི་དགོས་པར་ང་ཚོའི་རྒྱུན་ལྡན་གྱི་དབང་པོ་དང་དབང་པོའི་ཤེས་པའི་མིག་གི་མངོན་ཤེས་ལ་སོགས་པས་ཕྲ་གཟུགས་ཧ་ལས་པ་མཐོང་བ་དེ་ཤེས་པ་ཡར་རྒྱས་བཏང་བ་མ་གཏོགས་ཕྱིའི་ཆ་རྐྱེན་ཡར་རྒྱས་བཏང་ནས་ཕྱིན་པ་མིན། དཔེར་ན་འདུལ་བའི་ནང་གླེང་གཞི་དང་བྱུང་བ་དེ་འདྲ་ཡོད་ཅིང་། སངས་རྒྱས་ཀྱིས་ཆུ་ཚགས་མེད་པར་ཆུ་མ་འཐུང་ཞེས་གསུངས་པའི་སྐབས་སུ་ཆུ་ཚགས་འཁྱེར་རྒྱུ་མེད་པའི་དགེ་སློང་ཁ་ཤས་ཉི་མ་ནས་ཉི་མ་ཆུ་མ་འཐུང་བར་སྐོམ་གྱིས་གདུང་བའི་སྐབས་སུ་སངས་རྒྱས་ཀྱིས་རྗེས་སུ་བཅས་པ་ཞིག་མཛད་ཡོད་ཅིང་། ཆུ་ཚགས་མེད་ན་སྣོད་ཀྱི་ནང་དུ་ཆུ་བཞག་ནས་ཅུང་ཟད་ལྷིང་འཇགས་སོང་ན་མིག་གིས་བལྟས་ནས་སྲོག་ཆགས་མ་མཐོང་ཚེ་འཐུང་ན་འགྲིག་ཅེས་གསུངས་པ་དེ་རྗེས་སུ་གནང་བ་ཞིག་རེད།

སངས་རྒྱས་ཀྱིས་རྗེས་སུ་གནང་བའི་རྗེས་སུའང་དགྲ་བཅོམ་པ་ཁ་ཤས་ཀྱིས་མིག་གི་མངོན་ཤེས་ཀྱིས་གཟིགས་དུས་སྲོག་ཆགས་ཕྲ་མོ་མེད་པའི་ཆུ་རྩ་བ་ནས་མ་ཐོབ་པ་རེད། དེའི་སྐབས་སུ་ཡང་བསྐྱར་རྗེས་སུ་བཅས་པ་ཞིག་མཛད་དེ། ཕལ་བའི་མིག་གིས་བལྟས་པ་མ་གཏོགས། མིག་གི་མངོན་ཤེས་ལ་སོགས་པས་བལྟས་ན་འགྲིག་གི་མ་རེད་ཅེས་གསུངས་པ་རེད། གང་ལྟར་ཕལ་པའི་མིག་གིས་མ་མཐོང་བ་དེ་ག་མཚམས་གཟུང་དགོས། དེ་ནི་སྒྲུབ་ནུས་པའི་བཅས་པ་རེད། སངས་རྒྱས་ཀྱིས་བཅས་པ་ལ་སྒྲུབ་མི་ནུས་པའི་བཅས་པ་ཡོད་མ་རེད། དེས་ན་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་གྲངས་ཀྱི་སྔོན་ལ་ཕྲ་གཟུགས་ཆེ་རུ་གཏོང་བའི་ཅ་ལག་གང་ཡང་མེད། ང་ཚོའི་མངོན་པའི་གཞུང་ནས་བཤད་པའི་རྡུལ་ཕྲན་གྱི་རྣམ་གཞག་དང་དེང་སང་ཚན་རིག་པས་བཤད་པའི་རྡུལ་ཕྲན་གྱི་རྣམ་གཞག་གཉིས་ཧ་ལམ་ཁ་བརྒྱབས་པ་ལྟ་བུ་ཡོད། ང་ཚོ་ཙམ་མིན་པར་ཐིའོ་སོ་ཕི་ཀལ་ (Theosophical) གྱི་བརྒྱུད་པའི་མི་དེ་ཚོས་ཀྱང་དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་མགོར་རྡུལ་ཕྲན་སྐོར་ལ་བྲིས་ཡོད།  དེའི་ནང་ཡོད་པའི་རྡུལ་ཕྲན་གྱི་རྣམ་བཞག་རྣམས་ཚན་རིག་པ་ཚོས་བལྟས་དུས་དེང་སང་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཞིག་ཁ་བརྒྱབ་ཀྱི་ཡོད། དེར་བརྟེན་ཤེས་པའི་ཡར་རྒྱས་ལ་བརྟེན་ནས་མཐོང་བ་དང་། ཕྱིའི་འཕྲུལ་ཆས་ལ་བརྟེན་ནས་མཐོང་བའི་ཁྱད་པར་ནི་ཚད་མའི་སྐྱེས་བུ་ལས་བྱུང་མ་བྱུང་ལམ་སེང་གསལ་པོ་ཁྱད་པར་འབྱེད་ཐུབ་པ་ཆགས་ཀྱི་འདུག

དེ་ལྟ་བུའི་དེང་རབས་སློབ་ཚན་ལ་རིག་པ་དང་། ཤེས་བྱ། སློབ་ཚན་སོགས་བརྗོད་ན་འགྲིག་ཀྱང་། རིག་པའི་གནས་ཞེས་བརྗོད་ན་མི་འགྲིགས།  རིག་གནས་ཀྱི་གནས་དེ་ལ་གོ་རྒྱུ་ཆེན་པོ་ཡོད། དེར་བརྟེན་ཚན་རིག་ནི་རིག་གནས་མིན་པར་རིག་པ་རེད་ཅེས་བཤད་དགོས་པའི་རྒྱུ་མཚན་དེ་རེད། སྐྱེ་བོ་ཕལ་པའི་བློ་ཕལ་པས་བརྟག་དཔྱད་བྱས་ནས་གྲུབ་དོན་རྙེད་པ་ཞིག་ལ་ད་ལྟའི་སློབ་ཚན་དེ་དག་ཆགས་བསྡད་ཡོད། དེས་ན་འགྱུར་བ་དེ་མཐའ་མེད་པར་འགྲོ་གི་རེད་ཅེས་ཁོང་ཚོས་བཤད་ཀྱི་ཡོད་ཅིང་། དེ་རིང་ཡིན་པ་དེ་སང་ཉིན་བརྟག་དཔྱད་བྱས་པའི་སྐབས་སུ་མ་ཡིན་པར་ཆགས་སྲིད་ཀྱི་རེད། དེ་རིང་ཡོད་པ་དེ་སང་ཉིན་མེད་པའང་ཆགས་སྲིད་ཀྱི་རེད། ཡིན་ནའང་འགྱུར་བ་མ་སོང་བར་དུ་སྔོན་མ་དེ་ལ་ཆ་བཞག་ནས་འགྲོ་དགོས་རེད། དེ་ལྟར་སློབ་ཚན་གྱི་རིགས་དེ་དག་མིའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པ་དང་། བརྟག་དཔྱད་བྱེད་རྒྱུའི་འཕྲུལ་ཆས་ཡར་རྒྱས་ཕྱིན་པ། དེ་བཞིན་ཡུལ་དུས་གནས་སྐབས་ཀྱི་འགྱུར་བའི་དབང་གིས་གཞིའི་གནས་ལུགས་ལའང་འགྱུར་བ་ཕྱིན་པ་སོགས་མཐའ་མེད་པར་བཟོ་བཅོས་བཏང་ནས་འགྲོ་དགོས་པ་མ་གཏོགས། ང་ཚོ་ནང་བཞིན་ཚར་གཅིག་གསུངས་པ་དེ་ག་རང་སྒྲ་ཇི་བཞིན་པ་ལ་བཟུང་ནས་ག་དུས་ཡིན་ཡང་དེ་བཞིན་འགྲོ་ཆོག་པ་དེ་དེང་རབས་ཀྱི་སློབ་ཚན་ལ་མེད།

དེ་བཞིན་དེང་རབས་ཀྱི་སློབ་ཚན་དང་སྲོལ་རྒྱུན་གྱི་སློབ་ཚན་བར་གྱི་ཁྱད་པར་གཞན་ཞིག་གང་ཡོད་ཅེ་ན། སྲོལ་རྒྱུན་གྱི་སློབ་ཚན་ཇི་འདྲ་ཞིག་ཡིན་ཡང་དངོས་སམ་བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཐབས་ལ་འགྲོ་བའི་ཤེས་བྱའི་གནས་ཤིག་གི་གནས་ལུགས་སྟོན་པའི་གཞུང་ཞིག་ཆགས་ཀྱི་ཡོད། དེང་རབས་ཀྱི་སློབ་ཚན་གྱི་འགྲོ་སྟངས་དེ་གང་རེད་ཅེ་ན། ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་དངོས་པོ་སྒྲུབ་པ་ཙམ་མ་གཏོགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལྟ་ཞོག སྐྱེ་བ་ཕྱི་མའི་འདུན་མ་སྒྲུབ་བྱེད་ཙམ་ཡང་མི་བསྟན་པ་དེ་དེང་རབས་སློབ་ཚན་གྱི་ངོ་བོ་རེད། དེང་རབས་ཀྱི་སློབ་ཚན་དཔེར་ན་བློ་རིག་གི་རྣམ་གཞག་སྟོན་པའི་སེམས་ཁམས་རིག་པ་ (Psychology) དང་། སྤྱི་ཚོགས་ཚན་རིག  (Social Science) སྲིད་དོན་ཚན་རིག་ (Political Science) ལ་སོགས་པ་རྣམས་ཐོག་མར་སློབ་ཚན་གྱི་ངོ་བོར་ཡར་རྒྱས་ཕྱིན་པའི་སྐབས་སུ་སྲོལ་གཏོད་མཁན་དེས་དཔྱད་པ་དང་། ཚོད་བལྟ། ལག་ལེན་བྱས་ནས་རིམ་པས་ཡོང་བ་ཞིག་རེད། དེ་ནི་ཇི་སྲིད་ཀྱི་བར་དུ་དགོས་མཁོ་ཡོད་པ་དང་བདེན་པ་ཡིན་པའི་ངོ་བོ་ལ་གནས་སྲིད། ཡང་ཡུལ་དུས་གནས་སྐབས་དབང་གིས་འགྱུར་བ་ཕྱིན་པའི་སྐབས་སུའང་ཆ་ཚང་འགྱུར་བ་འགྲོ་སྲིད། དེ་ནི་རྟག་ཏུ་ཚད་མའི་ངོ་བོ་ལ་གནས་ཐུབ་པ་ཞིག་མེད། ད་ནངས་སྔ་དྲོ་ཞུས་པ་བཞིན་སྲོལ་རྒྱུན་གྱི་རྒྱུན་ཞེས་པ་དེས་གང་གོ་ཐུབ་པ་ཡིན་ཞེ་ན། ག་དུས་ཡིན་ནའང་ཡིན་པ་ནི་ཡིན་པ་དང་། མིན་པ་ནི་མིན་པར་དངོས་པོའི་གནས་ལུགས་ལ་མུ་མཐུད་ནས་བསྡད་པ་དང་། དེ་བཞིན་དུས་ནས་དུས་སུ་འགྱུར་བ་གཏོང་དགོས་མེད་པ་ཞིག་ལ་སྲོལ་རྒྱུན་ཞེས་བརྗོད། དེང་རབས་ནི་དཔེར་ན་ཅ་ལག་ཅིག་ཡིན་ཡང་ཉིན་ཤས་ནས་རྫོགས་འགྲོ་བ་དང་། གྲུབ་མཐའ་ཞིག་ཡིན་ཡང་ཉིན་ཤས་ནས་འགྱུར་བ་འགྲོ་བ། འཛིན་མཚམས་ཤིག་ཡིན་ཡང་ཉིན་ཤས་ནས་བརྗེ་དགོས་པ། དཔྱད་དོན་རྙེད་པའི་མཐའ་ཞིག་ཡིན་ཡང་དཔྱད་པ་གཞན་ཞིག་སླེབས་དུས་འཇིག་འགྲོ་བ་རེད། དེང་རབས་ཀྱི་སློབ་གྲྭ་ཁག་གི་སློབ་ཚན་ཁྲོད་ནང་དོན་རིག་པའི་སློབ་ཚན་འཇོག་གི་ཡོད་ཀྱང་། དེ་ནི་ཆེད་དུ་གཉེར་ནས་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་མ་གཏོགས་ནང་ཤེས་རྒྱུད་ལ་ཉམས་ལེན་བྱེད་རྒྱུ་མིན་པ་གཞིར་གཞག་འགྲོ་དགོས་པ་དེ་དེང་རབས་སློབ་གཉེར་ཁང་གི་བསམ་ཚུལ་རེད། དེ་ནི་ཁོང་ཚོས་བཤད་པའི་ཆོས་དང་མ་འདྲེས་པའི་ཤེས་ཡོན་ཞེས་བརྗོད་པ་དེ་རེད། ཆོས་དང་མ་འདྲེས་པའི་ཤེས་ཡོན་ཞེས་བརྗོད་དུས་ཨིན་སྐད་ལ་ཨེ་ཀེ་ཌེ་མིཀ (Academic) ཞེས་ཟེར་གྱི་རེད།  ཨེ་ཀེ་ཌེ་མི་ཀ་ཞེས་ཟེར་དུས་བློ་གཟུ་བོར་གནས་པའམ་གང་དང་ཡང་འབྲེལ་བ་མེད་པའི་བློ་ཕུང་གསུམ་པ་ (Neutral) ཞིག་གིས་བརྟག་དཔྱད་བྱེད་དགོས་པའམ། ཡང་ན་བློ་གཙང་མ་གཙང་རྐྱང་གང་ལའང་འབྲེལ་བ་མེད་པའི་བཏང་སྙོམས་ཀྱི་བློ་ཞིག་གིས་བརྟག་དཔྱད་བྱེད་དགོས་པ་ལ་བརྗོད། དེ་ལྟར་ནང་པའི་ལྟ་གྲུབ་ཀྱི་གནས་ཚུལ་ཡིན་ཡང་གཙུག་ལག་སློབ་ཁང་ནང་སློབ་ཚན་འཇོག་སྟངས་དེ་འདྲ་རེད། ངས་དངོས་སུ་ཉམས་མྱོང་ཡོད་པའི་གནས་ཚུལ་དྲན་པ་ཞིག་ལ། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་ལ་ནང་པའི་ལྟ་གྲུབ་ཀྱི་དགེ་རྒན་གྱི་ས་མིག་ཅིག་ཐོན་པ་རེད། ང་དེའི་འདེམས་སྒྲུག་བྱེད་མཁན་གྱི་ཁྱད་ལས་པ་ཤིག་ཡིན། འོན་ཀྱང་ང་ཚོས་རྒྱབ་གཉེར་བྱེས་པའི་མི་དེ་ལ་ཐོབ་མི་འདུག རྗེས་སུ་ཤེས་རྟོགས་ཡོང་བ་ཞིག་ལ། མི་དེ་ཤེས་ཡོན་ཡག་པོ་འདུག འོན་ཀྱང་ཁོང་ནང་པ་རེད་འདུག ནང་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་པར་བརྟེན་ནང་པའི་གཞུང་ལུགས་དང་ལྟ་གྲུབ་ལ་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱེད་ཐུབ་ཀྱི་མ་རེད་ཅེས་ཟེར། དེ་ནི་དེང་རབས་ཀྱི་ཤེས་ཡོན་དང་དེང་རབས་ཀྱི་སློབ་ཚན་ལ་ལྟ་སྟངས་དམིགས་བསལ་བ་ཞིག་ང་ཚོས་དཔེར་བཞག་ཆོག་པ་ཞིག་རེད། གལ་ཏེ་ནང་པའི་ཆོས་ལ་དད་པ་ཡོད་ན་ནང་པའི་ལྟ་གྲུབ་ལ་དཔྱད་པ་ཡང་དག་བྱེད་ཐུབ་ཀྱི་མ་རེད་བསམ་པའི་རྨོངས་ཞེན་དེ་ཡོད་རེད། དེའི་དབང་གིས་བསམ་བློ་ཁྱེར་སྟངས་ཧ་ཅང་མི་འདྲ་བ་ཆགས་ཀྱི་ཡོད།

ཉེ་ཆར་དགའ་རབ་ཡིན་ཟེར་མཁན་གྱི་སློབ་དཔོན་ཞིག་མཇལ་སོང་།  ཁོང་ནང་པ་མིན་རུང་ནང་པའི་གཞུང་ལ་སློབ་གཉེར་བྱེད་མཁན་ཞིག་རེད། ཁོང་གིས་ང་ལ་ནང་པས་ “ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།།” ཞེས་རིགས་པ་ལ་ཧ་ཅང་རྩ་ཆེན་པོ་བརྩི་གི་ཡོད་ཚུལ་དང་། ལུང་ལ་མ་བརྟེན་པར་དཔྱད་དོན་གང་རྙེད་པ་དེ་ཁ་ཐུག་ལ་འགྲོ་ཚུལ། འོན་ཀྱང་མཐའ་མ་རིགས་པས་དཔྱད་དོན་རྙེད་རྒྱུ་དེ་དང་པོ་ནས་གཏན་འཁེལ་ཟིན་པ་དང་། གལ་ཏེ་གཏན་འཁེལ་མ་ཟིན་པའི་དཔྱད་དོན་གསར་པ་ཞིག་རྙེད་ན་སུས་ཀྱང་ཁས་ལེན་གྱི་མ་རེད། དཔེར་ན་ནང་པའི་ཆོས་པ་ཞིག་གིས་རིགས་པའི་ལམ་ནས་བརྟག་དཔྱད་བྱས་པའི་མཐའ་མའི་གྲུབ་དོན་ལ་སྐྱེ་བ་སྔ་ཕྱི་མེད་པ་ཞིག་རྙེད་ན། དེ་ལ་སུས་ཀྱང་ཆ་བཞག་གི་མ་རེད། གང་ལྟར་མཐའ་སྐོར་རི་སྐོར་བྱས་ནས་སྐྱེ་བ་སྔ་ཕྱི་ཡོད་པ་ལ་འཁྲིད་ཀྱི་རེད། དེས་ན་ང་ཚོས་རིགས་པ་ལ་རྩ་ཆེན་པོ་བརྩི་གི་ཡོད་ཟེར་བ་དེ་དྲང་པོ་མ་རེད།  དེ་འདྲ་རེད་དམ་ཞེས་འདྲི་གི་འདུག གཅིག་བྱས་ན་རྟོག་ལྡན་ལ་སྐྱེས་པའི་དྭོགས་པ་ལྟ་བུ་ཡིན་སྲིད། ངས་རྩེད་མོ་དང་སྦྲགས་ནས་རིགས་པ་དང་ཚོད་བལྟའི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་ཁྱེད་རང་གིས་རིགས་པས་དཔྱད་སྟོབས་ཀྱིས་གསལ་པོ་བསྒྲུབ་ཐུབ་ན་སྐྱེ་བ་སྔ་ཕྱི་མེད་པར་ཁས་བླང་རྒྱུར་ཐེ་ཚོམ་མེད་ཅེས་བཤད་རྒྱུ་བྱུང། ཁོ་རང་ལ་ཁག་ཡོད་མ་རེད། དེང་རབས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་ཤན་ཤུགས་ཤིག་ཐེབས་ཡོད་རེད། དེ་ལྟའི་རྣམ་རྟོག་གི་ཀུན་སློང་འཁྱེར་རྒྱུ་དེ་དེང་རབས་ཀྱི་བསམ་བློ་གཏོང་སྟངས་ཀྱི་འཁྱེར་སོ་ཞིག་གམ་འགྲོས་ཤིག་རེད།

དེ་ཚོ་ངས་ཅིའི་ཕྱིར་ཞུ་གི་ཡོད་ཅེ་ན། དེང་རབས་དང་སྲོལ་རྒྱུན་གྱི་སློབ་ཚན་མི་འདྲ་བའི་ཁྱད་པར་གྱིས་སློབ་ཚན་གྱི་ངོ་བོའི་ཐོག་ནས་མི་འདྲ་བ་མང་པོ་ཡོད་ལ། དངོས་སུ་སློབ་ཚན་ནང་ལ་བཞག་ནས་སློབ་སྦྱོང་སྤྲད་པའི་སྐབས་སུ་དེ་ལ་ལྟ་སྟངས་མི་འདྲ་བ་དང་། དེ་ལ་དཔྱད་པ་བྱེད་སྟངས་མི་འདྲ་བ་ཡོད་རེད། དཔེར་ན། དེང་རབས་ཀྱི་སློབ་ཚན་ནང་བརྒྱད་སྟོང་པ་ལྟ་བུ་སློབ་དེབ་ཏུ་བཞག་སྟེ་དངོས་པོ་བརྒྱད་དང་དོན་བདུན་ཅུ་དེང་རབས་ཀྱི་གཙུག་ལག་སློབ་ཁང་ཞིག་གི་སློབ་ཚན་དུ་བཞག་པ་དེ་དེང་རབས་ཀྱི་སློབ་ཚན་ཡིན་ནམ་སྲོལ་རྒྱུན་གྱི་སློབ་ཚན་ཡིན་ཞེས་བརྗོད་ན། ཁོང་ཚོས་དེང་རབས་ཀྱི་སློབ་ཚན་ཡིན་བསམས་ནས་བཞག་ཡོད། འོན་ཀྱང་ང་ཚོས་བལྟས་ན་སྲོལ་རྒྱུན་གྱི་སློབ་ཚན་རེད།

ཁོང་ཚོས་དེང་རབས་ཀྱི་སློབ་ཚན་དུ་ཅིའི་ཕྱིར་བཞག་ཡོད་ཅེ་ན། དེ་ནི་སྣང་བ་སྐྱིད་སྐྱིད་དང་། ཡ་མཚན་མཚན་གྱིས་བརྟག་དཔྱད་བྱེད་རྒྱུ་མ་གཏོགས། དེའི་ནང་བརྟག་དཔྱད་ཀྱིས་དངོས་བརྒྱད་དོན་བདུན་ཅུ་གཏན་ལ་ཕབ་པ་དེ་རང་གིས་ཉམས་སུ་བླངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བསམ་བློ་མེད་ལ། གཞན་དག་གིས་དེ་ཉམས་སུ་བླངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་ཐོབ་ཀྱི་འདུག་དེ་དྲང་པོར་བལྟ་རྒྱུའི་བསམ་ཚུལ་ཡང་མེད། ཁོང་ཚོས་དེའི་ནང་རིགས་པ་དང་འགལ་བ་ག་ཚོད་འདུག  རིགས་པ་དང་མཐུན་པ་ག་ཚོད་འདུག  སོ་སོའི་མཐོང་ཕྱོགས་ཀྱི་ངོས་ནས་རིགས་པ་དང་འགལ་བ་ཡོད་ན་དེ་ག་རེ་བྱས་ནས་རིགས་པ་དང་འགལ་བར་ཁས་བླངས་པ་རེད་འདུག གནས་སྐབས་དང་བྱུང་རིམ་ག་འདྲ་ཞིག་གི་འོག་ནས་སངས་རྒྱས་ཀྱིས་དེ་འདྲ་གསུངས་པ་རེད། ཡང་ན་སངས་རྒྱས་ཀྱིས་མ་མཁྱེན་པ་རེད་དམ། འགྲེལ་པ་འགྲེལ་བཤད་གནང་མཁན་ཚོས་སྒྲོ་བཏགས་ཀྱི་སྣོན་མ་ག་རེ་བརྒྱབས་མིན་སོགས་བལྟ་རྒྱུ་ཙམ་རེད།  དེར་བརྟེན་གཞུང་དེ་སྲོལ་རྒྱུན་གྱི་གཞུང་ཡིན་ནའང་། སློབ་སྦྱོང་བྱེད་པའི་ལམ་སྲོལ་ཞིག་གི་འོག་ཏུ་དམིགས་ཡུལ་བྱེ་བྲག་པ་ཞིག་བཟུང་ནས་བཞག་དུས་དེང་རབས་ཀྱི་སློབ་ཚན་ཞིག་ལ་ཆགས་པ་རེད།

དེ་བཞིན་དངོས་ཁམས་རིག་པ་ལྟ་བུ་ཚན་རིག་རྐྱང་པ་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་དུ་བཞག་ནས་སློབ་བྱེད་པའི་སྐབས་སུ་དེང་རབས་ཀྱི་མིས་གཞི་དངོས་པོའི་གནས་ལུགས་ལ་ཇི་ལྟར་ལྟ་བ་དང་། དེ་ལ་བརྟེན་ནས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན། ལྷག་པར་དུ་ཉོན་མོངས་ཀྱིས་བསླད་པའི་གང་ཟག་གི་བློ་ཡི་སྣང་ཚུལ་དང་འཛིན་ཚུལ། དེ་བཞིན་ལོག་པར་རྟོག་པ་དང་མ་རྟོགས་པའི་གནས་ཚུལ་ཇི་ལྟར་ཡོང་བ། ལོག་པར་རྟོག་པ་དང་མ་རྟོགས་པ་ལ་བརྟེན་ནས་དུག་གསུམ་གྱི་རྒྱུ་ཇི་ལྟར་བྱེད་པ། ཇི་ལྟར་དུག་གསུམ་འཕེལ་བ་དེ་ཚོ་བལྟ་རྒྱུའི་ཆེད་དུ་བཞག་ཡོད་པས་སྲོལ་རྒྱུན་གྱི་སློབ་ཚན་དུ་གྱུར་པ་རེད། གལ་ཏེ་སློབ་སྦྱོང་སྤྲོད་མཁན་དང་ཉན་མཁན་གཉིས་ཀས་ཐར་པ་བགྲོད་པའི་ལམ་གྱི་འཇུག་རིམ་ནང་ཕན་ཐོགས་ཡོད་པ་ཞིག་གིས་སློབ་སྦྱོང་བྱེད་ན། སྲིད་དོན་གྱི་ཚན་རིག་ལྟ་བུ་ཡིན་ནའང་ཇི་ཙམ་གྱི་སྙིང་པོ་མེད་པ་དང་། འགྱུར་ལྡོག་ཆེ་བ། སྡུག་བསྔལ་གྱི་རང་བཞིན་ཡིན་པར་མཐོང་བ་ལ་ཕན་ཐོགས་ཀྱི་ཡོད། དཔལ་འབྱོར་རིག་པ་ལྟ་བུ་ཡིན་ན་རྒྱུ་ནོར་ཇི་ཙམ་གྱི་སྙིིང་པོ་མེད་པ་དང་། མི་རྟག་པ་ཡིན་པ་འདིའི་ཐོག་ནས་མང་པོ་བལྟ་རྒྱུ་ཡོད། དེ་ལྟར་བཞག་ན་དེ་ནི་སྲོལ་རྒྱུན་གྱི་སློབ་ཚན་ཆགས་ཀྱི་རེད་མ་གཏོགས། དེང་རབས་ཀྱི་སློབ་ཚན་རྐྱང་པའི་ནང་བསྡད་ཀྱི་མེད།

སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དབྱེ་བ་ཕྱེ་དགོས་བྱུང་ན། ད་གིན་གོང་དུ་ཞུས་པ་བཞིན་སློབ་ཚན་རང་གི་ངོས་ནས་སྲོལ་རྒྱུན་གྱི་སློབ་ཚན་ཆགས་པ་ལ་སློབ་ཚན་དེ་སྲོལ་རྒྱུན་གྱི་གཞུང་ལུགས་ནས་བྱུང་བ་ཞིག་དགོས། ང་ཚོ་ནང་པ་ལྟ་བུ་ཡིན་ན་རིག་པའི་གནས་ཆེན་པོ་ལྔ་གང་རུང་གི་ཁོངས་སུ་གཏོགས་པའི་རིག་གནས་རྣམས་སྲོལ་རྒྱུན་གྱི་སློབ་ཚན་རེད། རིག་པའི་གནས་ལྔ་པོ་དེའི་ཡན་ལག་ཏུ་དེང་རབས་ཀྱི་སློབ་ཚན་མང་པོ་ཞིག་ང་ཚོས་བཅུག་ཤེས་ན་སྒྲ་རིག་པའི་ནང་སྐད་ཡིག་མང་པོ་འདུས་པ་དང་། བཟོ་རིག་པའི་ནང་ཚན་རིག་གི་འཕྲུལ་ཆས་མང་པོ་འདུས་པ། གསོ་བ་རིག་པའི་ནང་དེང་རབས་ཀྱི་སྨན་གཞུང་དེ་དག་འདུས་ཆོག་པ། ནང་དོན་རིག་པའི་ནང་དེང་རབས་ཀྱི་ཆོས་ལུགས་གཞན་པའི་ལྟ་གྲུབ་དེ་ཚོ་ཕྱོགས་སྔའི་ངོ་བོར་ཡོང་ཆོག་པ། མཚུངས་བསྡུར་བྱ་བའི་གཞི་ལའང་ཡོང་ཆོག་པ།  དགག་སྒྲུབ་ཀྱི་རྣམ་གཞག་མིན་པར་གཞིའི་གནས་ལུགས་ཀྱི་མཐའ་རྒྱ་གཅོད་པའི་ཆེད་དུ་ཡོང་ཆོག “རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།།” ཞེས་གསུངས་པ་དེ་ཁྱབ་ཆེན་པོ་རེད། གང་ལྟར་དམིགས་ཡུལ་གྱི་ཐོག་ནས་ཀུན་ཤེས་པར་བྱ་ཕྱིར་སློབ་ཚན་གང་འདྲ་ཞིག་བསླབ་ནའང་སྲོལ་རྒྱུན་གྱི་སློབ་ཚན་དང་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་ལ་ཆགས་རྒྱུ་རེད། དེ་གཉིས་ཆུ་ཚུགས་པའི་གཅད་ལྟ་བུ་བརྒྱབས་ནས་ཕན་ཚུན་དབྱེ་བ་འབྱེད་རྒྱུ་ཁག་པོ་རེད། ཚང་མ་འདྲེས་བསྡད་པ་ལྟ་བུ་རེད།

དེང་སང་གསང་སྔགས་ཀྱི་རྒྱུད་རྣམས་ཕྱི་རྒྱལ་གྱི་མཁས་པ་དེ་ཚོས་སྒྱུར་བ་དང་། སློབ་སྦྱོང་བྱེད་ཀྱང་ཉམས་ལེན་བྱེད་ཀྱི་མེད། གང་ལྟར་སློབ་སྦྱོང་བྱས་ནས་ཡ་མཚན་མཚན་དང་། ཁོང་ཚོའི་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་གཞུང་འདིའི་ཐོག་སྔོན་མ་སུས་ཀྱང་ལས་ཀ་བྱས་མི་འདུག  དེ་རིང་ཁོས་ཐོག་མར་བྱས་ལུགས་དང་། འདིའི་ནང་གསར་པ་འདི་དང་འདི་འདུག་ཅེས་ཤེས་ཡོན་པ་སྐམ་པོ་ (Dry Academic) དང་བསམ་བློའི་རྩེད་མོ་རྩེ་བ་ཁོ་ནའི་གནས་སྟངས་ཤིག་རེད། དེས་ན་མཚམས་གང་ནས་གཟུང་དགོས་ཤེ་ན། དགེ་ཕྲུག་གི་བསམ་བློ་དང་། དགེ་རྒན་གྱི་སློབ་གསོ་སྤྲོད་སྟངས། སློབ་སྦྱོང་བྱེད་པའི་སྐབས་སུ་ཐབས་ལམ་ཙམ་མིན་པར། རྒྱུ་ཡི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ཀྱི་ཁྱད་པར་གྱི་ཐོག་ནས་སློབ་ཚན་དེ་དག་ཁྱད་པར་འགྲོ་བ་རེད། དེ་དག་ནི་སྤྱི་ཡོངས་ཙམ་ཡིན།

འདིར་སྐབས་སུ་བབ་པ་ནི་སྲོལ་རྒྱུན་གྱི་སློབ་སྦྱོང་ཚད་ལྡན་བྱེད་མཁན་ཞིག་ཡིན་ན་སློབ་ཚན་ནང་དགོས་པ་དང་མི་དགོས་པ་གང་ཡིན་པ་དང་། དགོས་པ་དང་མི་དགོས་པའི་དབྱེ་བ་ཇི་ལྟར་འབྱེད་དགོས་ཞེས་པ་དེ་ད་ལྟ་ང་ཚོ་ལ་དྲི་བ་གཙོ་ཆེ་ཤོས་དེ་རེད། དཔེར་ན་སེར་བྱེས་འབྲིང་རིམ་སློབ་གྲྭ་ལ་མཚོན་ན་སྔ་དྲོ་གསུང་བཤད་གནང་མཁན་སྔ་རྗེས་ཀྱིས་གསུངས་པ་བཞིན་དམིགས་ཡུལ་དེ་རྗེས་སུ་སེ་ར་བྱེས་ཀྱི་སྒྲིག་འཛུགས་ཀྱི་ནང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་གནང་མཁན་ཞིག་དང་། དེ་ཡང་ཐོས་རྐྱང་ཙམ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཆོས་པ་ཚད་ལྡན་ཞིག་ཡོང་བའི་མཐུན་རྐྱེན་གྱི་ཚུལ་དུ་གཞི་རིམ་སློབ་གྲྭ་འདི་བཙུགས་པ་རེད། དེས་ན་དེའི་མཐུན་རྐྱེན་དུ་འགྲོ་བ་ལ་གཞི་རིམ་སློབ་གྲྭ་འདིའི་ནང་སློབ་ཚན་བང་རིམ་ཇི་ལྟར་བསྒྲིག་དགོས་པ་དང་། བང་རིམ་ཇི་ལྟར་བསྒྲིག་ན་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་མཁན་གྱི་ཆོས་པ་ཡག་པོ་ཞིག་ཡོང་བའི་མཐུན་རྐྱེན་ལ་འགྲོ་བ། ཇི་ལྟར་བྱེད་ན་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་པའི་ཆོས་པ་ཡག་པོ་ཞིག་ཆགས་པའི་མཐུན་རྐྱེན་དུ་མི་འགྲོ་བ་དེ་ཚོ་དབྱེ་བ་འབྱེད་ཤེས་དགོས། སྤྱིར་བཏང་ཡོངས་གྲགས་ཀྱི་ཤེས་བྱའི་རྣམ་གྲངས་ནང་འདི་འདྲ་བྱེད་ན་དེང་རབས་ཀྱི་སློབ་ཚན་ལ་ཆགས་རྒྱུ་དང་། འདི་འདྲ་བྱེད་ན་སྲོལ་རྒྱུན་གྱི་སློབ་ཚན་ལ་ཆགས་ཀྱི་རེད་ཅེས་པའི་བཀའ་མོལ་རྐྱང་རྐྱང་མ་ཡིན་པར་སྐབས་སུ་བབ་པའི་ང་རང་ཚོའི་མངོན་པར་འདོད་པའི་དོན་ལ་སྦྱར་ནས་གཟིགས་དགོས། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་སློབ་ཚན་ཇི་འདྲ་ཞིག་ཡིན་ནའང་སློབ་མི་དགོས་པ་མེད།  “རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ།།” ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་གཟིགས་པའི་ཡེ་ཤེས་ཤིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཕྱོགས་གཅིག་ནས་ཡེ་ཤེས་ཀྱི་ངོ་བོ་རྫོགས་པའི་སྐབས་སུ་ཆོས་ཐམས་ཅད་གཟིགས་པ་རེད་ལ། དེའི་སྔོན་འགྲོ་ལ་མི་ཤེས་པ་རིམ་པས་སྤངས་ནས་ཤེས་ཡོན་རིམ་པས་བསགས་ནས་འགྲོ་དགོས་པའི་རིམ་པ་ཞིག་ཡོད། དེར་བརྟེན་ཐམས་ཅད་མཁྱེན་པ་ལ་འདི་མཁྱེན་དགོས་ལ་འདི་མཁྱེན་མི་དགོས་ཞེས་པ་མེད། རིག་པའི་གནས་གང་འདྲ་ཞིག་ཡིན་ཡང་ནང་དོན་རིག་པའི་མཉམ་དུ་སློབ་མི་ཆོག་པ་དང་། སྲོལ་རྒྱུན་གྱི་སློབ་གྲྭའི་ནང་མི་དགོས་པ་འདི་རེད་ཅེས་ཟུར་དུ་བཅད་རྒྱུ་ཞིག་མེད།

འོན་ཀྱང་དེང་སང་འཕྲུལ་ཆས་ནང་འཚེ་བ་དང་གཏོར་བཤིག་བྱེད་པའི་འཕྲུལ་ལས་མང་པོ་ཡོད་པ་དེ་འདྲ་ཡིན་ན་ང་ཚོའི་སློབ་ཚན་ནང་ནམ་ཡང་མི་དགོས་ཞེས་བརྗོད་ཆོག  དེ་མིན་སྤྱིར་བཏང་ཤེས་བྱའི་གནས་ཤིག་ཡིན་ན་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འགྲོ་བ་ལ་མི་མཁོ་བ་ཞིག་མེད་ཅེས་བརྗོད་ན་མི་འགྲིག་པ་མེད།  ཡིན་ནའང་ཚོས་སློབ་ཚན་སྒྲིག་པའི་སྐབས་སུ་བསམ་བློའི་རྒྱབ་ལྗོངས་སུ་གང་གཞག་དགོས་ཤེ་ན།  རྒྱ་གར་དུ་སྔ་མོའི་ལེགས་བཤད་ཅིག་ཡོད་ཅིང་། ཇོ་བོ་རྗེས་ཡང་ཡང་དྲངས་ཀྱི་རེད། “ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་པོར་བླང་བར་བྱ།།” ཞེས་གསུངས་པ་ལྟར་སློབ་ཚན་གྱི་རིམ་པ་སྒྲིག་སྟངས་དེ་གལ་ཆེ་ཆུང་བརྩིས་ནས་ངང་པས་ཆུ་དང་འོ་མ་བསྲེས་པའི་ནང་ནས་འོ་མ་ཟུར་དུ་ལེན་པ་བཞིན་སློབ་ཚན་མང་པོ་ཡོད་པའི་ནང་ནས་ང་ཚོ་ལ་དགོས་མཁོ་ཡོད་པ་དེ་སྔོན་ལ་ལེན་དགོས་རེད།  གང་ལགས་ཤེ་ན།  ཚེ་ཐུང་ཐུང་ཡིན་པ་མ་ཟད་ཤེས་བྱའི་རྣམ་གྲངས་ཀྱང་མང་པོ་རེད། ཚེ་ཡི་ཚད་ཀྱང་མི་ཤེས་པར་བརྟེན། ང་ཚོར་དགོས་མཁོ་ཡོད་པ་དེ་སྔོན་ལ་འདེམས་དགོས་ཞེས་གསུངས། བོད་ཀྱི་དཔེ་ཆ་མང་པོའི་ནང་ “རང་གི་འདོད་པ་དང་དུ་བླང་བར་བྱ།།” ཞེས་བྲིས་འདུག དེ་ནི་མ་དག་པ་རེད། “རང་གི་འདོད་པ་དང་པོར་བླང་བར་བྱ།།” ཞེས་པའི་དང་པོའི་སྐད་དོད་ལ་ལེགས་སྦྱར་དུ་པྲཱཐམིཀཏཱ་ཞེས་བྱུང་ཞིང་། དེ་ནི་དང་པོ་ཞེས་པའི་དོན་རེད། དེ་ནི་གལ་ཆེ་ཆུང་བང་བསྒྲིགས་ནས་བཟོ་རྒྱུའི་སྐད་ཆ་ཞིག་རེད། གལ་ཆེ་ཆུང་བང་སྒྲིག་དུས་བང་སྒྲིག་ཤེས་པ་ཞིག་དགོས། རྗེ་རིན་པོ་ཆེས་ད་དུང་གསལ་པོར་གསུངས་ཤིང་། “སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།། ལང་ཚོ་མི་སྡོད་རྒྱུ་བ་རི་གཟར་ཆུ།། དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།། བདག་གིས་རིག་གནས་གང་ལ་སྦྱང་སྙམ་ན།།” ཞེས་དང་། དེ་ནི་ཚེ་ནི་ཡུན་ཐུང་ཟེར་བ་དང་གཅིག་པ་ལྟ་བུ་རེད། “རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།། གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།” ཞེས་ཐོག་མར་སློབ་ཚན་སྒྲིག་པའི་སྐབས་སུ་དང་པོ་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་དགོས་ཀྱི་ཡོད། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་མེད་ན་ཚད་དང་ལྡན་པའི་སློབ་སྦྱོང་བྱེད་ཐུབ་པའི་ནུས་པས་འདེང་གི་མེད། ཡོང་མཚམས་ཤིག་ནས་མ་ཤེས་ཀྱང་ཆ་བཞག་ནས་འགྲོ་བའི་ཉེན་ཁ་ཡོད། དེང་སང་ཤེས་ཡོན་གྱི་སྐྱོན་ཆེ་ཤོས་དེ་སྔ་དྲོ་ཞུས་པ་བཞིན་རང་གིས་མ་ཤེས་པར་མི་གཞན་གྱིས་རེད་ཟེར་དུས་ཡིན་པ་དང་། མ་རེད་ཟེར་དུས་མིན་པར་བསམས་ཏེ་ཆ་བཞག་ནས་འགྲོ་རྒྱུ་ཞིག་ཡོད། དེས་ན་གོམ་པ་དང་པོ་རྒྱག་དུས་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དེ་དགོས། དེར་བརྟེན་ང་ཚོའི་གདན་ས་ཁག་ལ་བསྡུས་གྲྭ་ནས་བཟུང་ཏེ་ཚད་མ་རིག་པ་དང་པོར་སློབ་དགོས་པ་དེ་རིགས་པའི་སྒོ་འབྱེད་ཡིན་པའི་རྒྱུ་མཚན་གྱིས་རེད། དེའི་རྗེས་སུ་དབུ་མ་སྔོན་ལ་བཞག་ནས་ཕར་ཕྱིན་རྗེས་སུ་བཞག་པ་ཡིན་ནའང་རེད། མཛོད་སྔོན་དང་ཕར་ཕྱིན་མཇུག་ལ་བཞག་ནའང་རེད། གང་ལྟར་སློབ་ཚན་ཇི་ལྟར་བཞག་པ་ཡིན་ཡང་སློབ་སྦྱོང་བྱེད་པའི་སྐབས་སུ་དེ་ཚོ་ཚང་མ་གདམས་པར་ཤར་བའི་ཉམས་ལེན་གྱི་གཞི་རྩ་ཞིག་དགོས་ཀྱི་ཡོད། དེ་མེད་པ་ནི་ད་ལྟ་ང་ཚོའི་སྐྱོན་ཆེ་ཤོས་ཤིག་ཆགས་ཡོད། གཞི་རིམ་སློབ་གྲྭའི་ནང་ལོ་མང་པོ་སློབ་སྦྱོང་སྤྲད་པའི་རྗེས་སུ་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུའི་མདུན་པ་དང་དོན་གཉེར་ཡོད་པ་སྐྲུན་མི་ཐུབ་པ་དེ་གང་རེད་ཅེ་ན། ཐོག་མར་སློབ་དུས་ནས་བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བའི་གནས་བབ་ཅིག་ལ་ཁྲིད་པའི་ཐབས་ལམ་དང་། ནུས་པ། སྣོད་བཅས་ཚང་མས་མ་འདེང་བའི་དབང་གིས་རེད།  གང་སྦྱངས་པ་དེ་ཕྱིའི་གོ་རྒྱ་གཅོད་པ་རྐྱང་པ་ལ་ཕྱིན་པའི་དབང་གིས་གཏན་གྱི་མདུན་མ་སྒྲུབ་པའི་འདུན་པ་དེ་ཆུང་ཆུང་ཆགས་པ་རེད།  གལ་ཆེ་ཤོས་ནི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ་དང་ཚུལ་ལུགས་ལ་རག་ལས་ཀྱི་ཡོད་རུང་། དེ་དང་ཆབས་ཅིག་ཏུ་སློབ་ཚན་སྒྲིག་པའི་སྐབས་སུ་སློབ་ཚན་གྱི་གོ་རིམ་ད་གིན་གོང་དུ་ཞུས་པ་བཞིན་འདེམས་སྟངས་མ་ནོར་བ་བྱེད་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། དུས་ཚོད་རེའུ་མིག་ནང་ཆུ་ཚོད་གསུམ་དང་ཕྱེད་ཀ་ལ་མཚམས་གཞག་དགོས་གསལ་འདུག འདིར་མཚམས་འཇོག་བྱེད་རྒྱུ་ཡིན།

 

དྲི་བ་དྲིས་ལན།

དྲི་བ། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་གུས་ཕྱག་དང་བཅས་ངའི་དྲི་བ་ནི་ང་ཚོ་ནང་པ་སངས་རྒྱས་པས་ཆོས་ཐམས་ཅད་གཏན་ལ་ཕབ་དུས་མངོན་འགྱུར་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་རེད། ཤིན་ལྐོག་གི་རིགས་དེ་དག་གཏན་ལ་ཕབ་དུས་ཡིད་ཆེས་ཀྱིས་གཏན་ལ་ཕབ་དགོས་པ་ལྟ་བུ་འདུག ནང་པ་སངས་རྒྱས་པ་ཞིག་ཚན་རིག་པ་ཞིག་ཆགས་དགོས་ན་ཁས་ལེན་མང་པོ་ཞིག་བཏང་དགོས་ས་རེད་བསམ་གྱི་འདུག དེས་ན་ནང་པ་སངས་རྒྱས་པ་ཡང་དག་པ་ཞིག་ཚན་རིག་པ་ཞིག་ཆགས་རྒྱུ་ཡོད་དམ།

བཀའ་ལན། ནང་པ་ཞིག་ཚན་རིག་པ་ཆགས་ན་ཁས་ལེན་མང་པོ་གཏོང་དགོས་པ་གང་ཡིན་ནམ།  མཚན་གཞི་ཞིག་འཇོག་རྒྱུ་ཡོད་དམ། ད་ལྟ་དྲི་བ་གནང་མཁན་གྱིས་ཚན་རིག་པ་ཞིག་ཆགས་ན་ཁས་ལེན་འདི་དང་འདི་གཏོང་དགོས་ཀྱི་འདུག་ཅེས་གསུང་རྒྱུ་ཡོད་དམ། དེ་ཡོད་ན་ཅུང་ཟད་གསལ་པོ་ཆགས་ཀྱི་རེད། ངས་ད་ལྟ་ཁས་ལེན་ག་རེ་གཏོང་དགོས་མིན་ཧ་གོ་གི་མི་འདུག

སླར་ཡང་དྲི་བ་གཏོང་མཁན་དེས།  ཚན་རིག་པ་ཚོས་ག་རེ་མཐོང་བ་ཡིན་ཡང་དཔྱད་མཐའ་ཞིག་ཡོད་པ་ལ་བཞག་གི་ཡོད། ང་ཚོས་ལས་རྒྱུ་འབྲས་དང་། སྐྱེ་བ་སྔ་ཕྱི་ཟེར་བ་དེ་ཚོ་ཡིད་ཆེས་བྱེད་རྒྱུ་མ་གཏོགས་མེད། དེ་ལ་ཚན་རིག་པ་ཞིག་གི་ངོས་ནས་བལྟས་ན་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ནང་པ་ཚོས་ཡིད་ཆེས་རང་ལ་འགྲོ་རྒྱུ་རེད་མ་གཏོགས་མེད་པ་མཐོང་གི་ཡོད། དེས་ན་ནང་པའི་ངོས་ནས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་མང་པོ་ཞིག་གཏོང་དགོས་ཐུག་ས་རེད་བསམ་གྱི་འདུག

བཀའ་ལན།  ད་ལྟ་ཁྱེད་རང་གིས་དྲི་བ་མགོ་བཙུག་དུས་སྐབས་ལ་གསུངས་སོང་། ནང་པས་དངོས་པོའི་གནས་ལུགས་གཏན་ལ་ཕབ་པའི་སྐབས་སུ་ཅུང་ཟད་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་ལ་སོགས་པ་དེ་དག་རྟགས་བཀོད་ནས་དཔྱད་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ཀྱི་ཡོད་རེད་ཞེས་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད། ནང་པ་ཞིག་ཚན་རིག་པ་ཆགས་ན་ཟེར་བ་དེ་རྟོག་པས་མཐའ་བཟུང་གི་དྲི་བ་ཞིག་རེད། ཚན་རིག་པ་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་རེད། ནང་པ་ཞིག་ཚན་རིག་པ་ཆགས་ན་ཇི་ལྟར་ཆགས་དགོས་ཀྱི་ཡོད་རེད། ཚན་རིག་པ་ཁོ་རང་ཚོས་རང་གི་བསམ་ངོ་ལ་ལྟོས་ཏེ་ཐོས་པ་དང་མཐོང་བ་རྐྱང་པ་ལ་ཆ་མ་བཞག་པར་དེ་ལས་གཏིང་ཟབ་ཙམ་བརྟག་དཔྱད་བྱེད་པའི་འདུན་པ་དེ་ཡོད་ལ། བརྟག་དཔྱད་བྱེད་པའི་ཐབས་ཤེས་ཀྱང་བྱེད་ཀྱི་ཡོད། ཁོ་རང་ཚོ་བློ་གཟུ་བོར་གནས་པ་ཡིན་བསམ་གྱི་ཡོད་ལ། བློ་གཟུ་བོར་གནས་པ་ཡོད་ཀྱང་ཡོད་རེད། ཡིན་ནའང་ནང་པ་ཞིག་ཚན་རིག་པ་ཆགས་ན་དེང་རབས་ཀྱི་ཚན་རིག་པའི་ཚོད་བལྟ་ཞིབ་འཇུག་དང་དཔྱད་པ་བྱེད་པའི་ལམ་དེ་རང་ཐོག་ནས་དངོས་པོ་གང་ཡང་རུང་བ་ལ་ཞིབ་འཇུག་བྱེད་ན་དེང་རབས་ཀྱི་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་གནས་སྟངས་འཚོལ་མཁན་གྱི་གང་ཟག་ཅིག་ཆགས་པ་ཡིན་སྟབས། ཚན་རིག་པ་རེད་ཅེས་བརྗོད་ཆོག

ང་ཚོ་གདན་སའི་ཕྱག་དཔེ་གང་ལ་གང་ཙམ་མཁྱེན་མཁན་གྱི་སློབ་གཉེར་བ་མང་པོས་དེང་སང་ཚན་རིག་སྦྱོང་གི་ཡོད།  ཉིན་ཞིག་ཁོང་ཚོ་ཚན་རིག་པ་ཆགས་དགོས་ཀྱི་རེད། ངས་ད་གིན་ཞུས་པ་ཡིན། ཚན་རིག་གི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་ཡང་དག་པའི་རིགས་པས་བསྒྲུབས་ཐུབ་ན་ང་ཚོ་ལ་བཤད་རྒྱུ་གང་ཡང་མེད། རྣམ་ཀུན་ནས་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་མི་ལེན་ཞེས་བཤད་ཀྱི་ཡོད། རིགས་པ་ཡང་དག་གིས་གཏན་ལ་ཕབ་ཐུབ་ན་དེའི་ཉིན་མོར་གནས་ཚུལ་གསལ་པོ་ཆགས་རྒྱུ་རེད། ཡིན་ནའང་ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ། ནང་པའི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ་དེ་ཡིད་ཆེས་བྱས་ནས་བསྡད་དགོས་ཀྱི་མེད། རིགས་པས་བརྟག་དཔྱད་བྱས་ནས་དཔྱད་དོན་རྙེད་པའི་གནས་བབ་ཅིག་གི་ཐོག་ལ་བསྡད་ཀྱི་ཡོད། ལར་ནས་ཚན་རིག་པས་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་བསྲེ་རྒྱུ་མེད། གལ་སྲིད་ཚན་རིག་པས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་བྱེད་ང་ཚོའི་བློ་འཁུལ་ངེས་ཤེས་པ་དང་། རྗེས་དཔག་ཚད་མ་སྐྱེས་ཐུབ་ངེས་ཤེས་པའི་རིགས་པ་ཞིག་འགོད་རྒྱུ་ཡོད་ན་ང་ཚོའི་བསམ་བློའི་ནང་སྐྱེ་བ་སྔ་ཕྱི་མི་འདུག་སྙམ་པ་རྗེས་དཔག་ཚད་མ་ཞིག་གིས་རྟོགས་རྒྱུ་རེད། འོན་ཀྱང་དེ་རྟོགས་རྒྱུ་མེད་པ་མ་ཟད། དེའི་འགལ་ཟླའི་རིགས་པ་སྐྱེ་བ་སྔ་ཕྱི་ཡོད་པ་དེ་རྗེས་དཔག་ཚད་མས་རྟོགས་རྒྱུ་ཡོད་པ་དང་། རྗེས་དཔག་ཚད་མ་ཙམ་མ་ཡིན་པར་མངོན་སུམ་གྱི་ཡུལ་དུ་གྱུར་པའང་ཡོད་པ་མང་པོ་ཞིག་ང་ཚོའི་མདུན་ལ་ཡོད་བཞིན་པར་བརྟེན། ཡིད་ཆེས་བྱས་ནས་བསྡད་ཀྱི་ཡོད་ཅེས་བརྗོད་དགོས་དོན་མེད། གང་ལྟར་རིགས་པས་དཔྱད་དོན་རྙེད་པའི་ཐོག་ནས་འགྲོ་གི་ཡོད་རེད།

རིགས་པ་དེ་མང་ཆེ་བ་དངོས་པོའི་སྟོབས་ཞུགས་ཀྱི་རིགས་པའི་ཐོག་ནས་འགྲོ་གི་ཡོད་རེད། ཤིན་ཏུ་ལྐོག་གྱུར་ཟེར་བ་དེ་ཉུང་ཉུང་མ་གཏོགས་མེད། དེ་ཡང་མཐར་གཏུགས་ན་དངོས་སྟོབས་ཀྱི་རིགས་པ་དང་། དངོས་སྟོབས་ཀྱི་རིགས་པ་དེའང་མཐར་གཏུགས་ན་མངོན་སུམ་ལ་ཐུག་ཡོད་པ་དེ་ཚད་མ་རིག་པ་ཡག་པོ་མཁྱེན་མཁན་ཞིག་ཡིན་ན་དེའི་བྱུང་རིམ་དེ་མཁྱེན་གྱི་རེད། སྐྱེ་བ་སྔ་ཕྱི་ཡོད་པ་དེ་གང་ཟག་མང་པོ་ལ་རིགས་པས་བསྒྲུབ་དགོས་ཀྱི་མེད། དེ་ནི་རང་གི་མྱོང་བས་དྲན་གྱི་ཡོད། ང་ཚོའི་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་མང་ཆེ་བ་མྱོང་བ་སྔོན་སོང་གི་རིགས་པ་དང་། དྲན་པ་སྔོན་སོང་གི་རིགས་པ། རྒྱུ་འབྲས་ཀྱི་རྒྱུན་གྱི་རིགས་པ་བཅས་ཀྱིས་སྒྲུབ་ཀྱི་ཡོད། དེས་ན་ཚན་རིག་པ་རིགས་པ་ཁས་ལེན་མཁན་ཞིག་ཡིན་ན། ཚན་རིག་པས་ཚུར་ཁས་ལེན་དགོས་པ་ཞིག་ཆགས་ཀྱི་རེད་མ་གཏོགས། ང་ཚོས་ཚན་རིག་པ་ལ་ཕར་དམ་བཅའ་ཤོར་དགོས་པ་མེད། ཤིན་ཏུ་ལྐོག་གྱུར་ལྟ་བུ་ལ་མཚོན་ནའང་། ང་ཚོས་ནམ་རྒྱུན་ཡོངས་གྲགས་ཀྱི་ཤིན་ཏུ་ལྐོག་གྱུར་མང་པོ་ཞིག་གཞུང་མང་པོའི་ནང་ཅུང་ཟད་ལྐོག་གྱུར་གྲངས་སུ་བརྩི།

དཔེར་ན་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་ལས་བདེ་འགྲོ་སྐྱེས་པ་ཙམ་ཤིན་ཏུ་ལྐོག་གྱུར་མིན་གསུང་མཁན་མང་པོ་རེད། སྤྱིར་བཏང་ཡོངས་གྲགས་སུ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། ཞེས་པའི་ལུང་ཆོས་ཅན། རང་གིས་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་དེ་ཡིད་ཆེས་རྟགས་ཀྱི་ནང་འགྲོ་བ་རེད། སྦྱིན་པས་ལོངས་སྤྱོད་འབྱུང་བ་དང་ཚུལ་ཁྲིམས་ཀྱིས་བདེ་འགྲོར་སྐྱེས་པ་ཙམ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ཐུབ་གསུང་མཁན་མང་པོ་རེད། དེ་ཕལ་ཆེར་ཡིན་ཡང་སྲིད། དེའི་ནང་ཤིན་ཏུ་ལྐོག་གྱུར་གྱི་གནས་གང་རེད་ཅེ་ན། ཡུལ་དང་དུས་འདི་ལྟ་བུ་ཞིག་ལ་སྦྱིན་པ་པོ་འདི་ལྟ་བུ་ཞིག་གིས་སྦྱིན་པའི་ཡུལ་འདི་ལྟ་བུ་ཞིག་ལ་སྦྱིན་པའི་རྫས་འདི་ལྟ་བུ་ཞིག་སྦྱིན་པ་ལ་བརྟེན་ནས་ལོངས་སྤྱོད་འདི་ལྟ་བུ་འབྱུང་བ་རེད་ཅེས་དེའི་ཕྲ་ཞིང་ཕྲ་བའི་གནས་ལུགས་དེ་ཤིན་ཏུ་ལྐོག་གྱུར་ཡིན་གསུང་གི་ཡོད།

དཔེར་ན་སྣོད་ཀྱི་འཇིག་རྟེན་ལྟ་བུ་ལ་མཚོན་ན། སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་ཡོངས་སུ་རྫོགས་པ་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པ་རེད།  ༧སྐྱབས་མགོན་རིན་པོ་ཆེས་ངའི་རྒན་རིན་པོ་ཆེ་དམ་པ་དེ་ལ་ཆར་པའི་ཐིགས་པ་གཅིག་ས་ལ་ལྷུང་བའི་སྐབས་སུ་དེ་ལ་ལས་གང་འདྲ་ཞིག་གིས་འབྲས་བུ་གང་འདྲ་ཞིག་གྲུབ་པ་རེད་ཅེས་གསུངས་པའི་སྐབས་སུ། རྒན་རིན་པོ་ཆེས་ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ་པ་རེད་གསུངས་སོང་གསུང་གི་འདུག རྒན་གྱིས་ཀྱང་དེ་རང་ཞུས་པ་ཡིན་གསུངས་ཀྱི་འདུག  ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཡིན་སྟབས། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་མ་གཏོགས་མེད། དེ་ཚོ་དངོས་གནས་ཤིན་ཏུ་ལྐོག་གྱུར་གྱི་གནས་ཟེར་བ་དེ་རེད། སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་དངོས་སྟོབས་རིགས་པས་སྒྲུབ་ཐུབ་ཀྱི་ཡོད་ན། དེས་ཟླས་དྲངས་ནས་ཤིན་ཏུ་ལྐོག་གྱུར་དུ་གྱུར་པའི་ལས་འབྲས་ཀྱི་རྣམ་བཞག་ཕྲ་ཞིང་ཕྲ་བ་དེ་ཚོའང་ཡིད་ཆེས་ཀྱི་རྟགས་ཀྱིས་སྒྲུབ་ཐུབ་པ་ཞིག་མ་གཏོགས། ཡིད་ཆེས་དང་ཆ་བཞག་ནས་བསྡད་དགོས་པ་ཞིག་ང་ཚོས་ནམ་ཡང་བརྗོད་ཀྱི་མེད།

དམ་བཅའ་མང་པོ་གཏོང་དགོས་ས་རེད་ཟེར་བའི་ནང་དུ་དཔེར་ན་སྣོད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་དང་། རི་རབ་གླིང་བཞིའི་ཆགས་ཚུལ། ཚ་དམྱལ་དང་གྲང་དམྱལ་ལ་སོགས་པ་དེ་དག་ད་ལྟ་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་སྟབས། ཡོད་ན་སྣང་དུ་རུང་བ་ལ་མི་སྣང་བ་ཡིན་པར་བརྟེན། དེ་ཚོ་དམ་བཅའ་ཤོར་གྱི་རེད་ཅེས་བརྗོད་ན། དེ་ནི་གནས་ཚུལ་རྦད་དེ་ཐ་དད་རེད།  ད་ལྟའི་གནས་སྐབས་རྐྱང་རྐྱང་མ་རེད། དཔེར་ན་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཐོར་བུའི་ནང་འཇིག་རྟེན་ཚད་བཟུང་མི་ནུས་པ་ཡིན་ཞེས་གསུངས། གང་ལགས་ཤེ་ན། མངོན་པའི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྣང་ཚུལ་དང་། དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྣང་ཚུལ་གཉིས་རྦད་དེ་ཐ་དད་རེད། གཅིག་གི་གོ་ས་ལ་གཅིག་ཡོད་དང་མེད་ཀྱི་སྐད་ཆ་བཤད་དགོས་པ་མེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་པ་ཡིན་སྟབས། ལས་ཀྱི་སྣང་བས་སྣ་ཚོགས་ཤིག་སྣང་གི་ཡོད་པ་རེད། མངོན་པའི་ཆེད་དུ་བྱ་བའི་གདུལ་བྱའི་སྣང་ངོ་ལ་མངོན་པ་ནས་བཤད་པའི་རི་རབ་གླིང་བཞི་ཡོད་ཆོག་ལ། དུས་འཁོར་ནས་བཤད་པ་བཞིན་དེའི་ཆེད་དུ་བྱ་བའི་གདུལ་བྱའི་སྣང་ངོར་དེ་བཞིན་ཡོད་ཆོག མདོ་ཕལ་པོ་ཆེ་ལ་སོགས་པའི་ནང་དུ་འཇིག་རྟེན་གྱི་ཁམས་འདྲ་མི་འདྲ་སྣ་ཚོགས་གསུངས་ཡོད།

དེ་ཙམ་དུ་མ་ཟད། ཚན་རིག་པ་དང་ནུབ་ཕྱོགས་ཀྱི་མཁས་པ་སུས་ཀྱང་མ་ཤེས་གོང་དུ་ས་ཡི་གོ་ལ་ཧྲིལ་པོ་ཡིན་པ་དང་སྐོར་བ་རྒྱག་གི་ཡོད་པ། དེ་བཞིན་ཉི་མ་ཟླ་བ་སྐོར་བ་རྒྱག་གི་མེད་པར་གནས་གཅིག་ལ་བསྡད་པའི་གནས་ཚུལ་དང་པོ་གསུང་མཁན་ནཱལནྡཱའི་ནང་པའི་མཁས་པ་ཨཱརྱ་བྷཊྟ་རེད།  ཁོང་གིས་འཇིག་རྟེན་གྱི་རྩིས་ཀྱི་རིག་གནས་རྒྱ་ཆེན་པོ་གསུང་བའི་སྐབས་སུ་ས་ཡི་གོ་ལ་ཧྲིལ་པོ་ཡིན་པ་དང་། དེ་འཁོར་གྱི་ཡོད་པ། ཉི་ཟླ་འགྲོ་བར་སྣང་བ་དེ་ང་ཚོ་གྲུར་ཞུགས་པའི་གང་ཟག་གིས་ལྗོན་ཤིང་འགྲོ་བར་སྣང་བ་དང་གཅིག་ཡིན་པ་གསུངས་པ་རེད། ལར་ནས་རྒྱ་གར་གྱི་ནང་ས་གཞི་ཧྲིལ་པོ་ཡིན་པ་དེ་རིག་པའི་གནས་མ་དར་གོང་ནས་ཧ་གོ་གི་ཡོད་པ་ལྟ་བུ་ཞིག་འདུག དཔེར་ན་ས་གཞི་ལ་བྷཱུ་གོལ་ཞེས་པ་དེ་བོད་སྐད་ནང་དུའང་སའི་གོ་ལ་ཞེས་བརྗོད།  གོ་ལ་ཞེས་པ་དེ་སཾསྐྲྀཏ་སྐད་ཟུར་ཆག་པ་ཞིག་རེད། དེ་ཡང་གོལ་ཞེས་པ་ནི་ཧྲིལ་པོའམ་རིལ་རིལ་གྱི་་དོན་རེད། ས་ཧྲིལ་པོ་ (བྷཱུ་གོལ་) ཞེས་པ་དེ་ད་ལྟ་ང་ཚོས་མིང་གསར་པ་བཏགས་པ་མིན་པར། ཐོག་མར་སྐད་ཡིག་བྱུང་དུས་ནས་ཡོད་པ་ཞིག་རེད། དེས་ག་རེ་མཚོན་གྱི་ཡོད་ཅེ་ན། ས་ཡི་དཀྱིལ་འཁོར་དེ་ཧྲིལ་པོ་ཡིན་པར་མཚོན། དེ་བཞིན་ཉི་ཟླ་དང་ས་གཞིའི་བར་གྱི་རྒྱང་ཕད་ཀྱི་ཁྱད་པར་དང་། ཉི་མའི་འོད་དང་ཟླ་བའི་འོད་ཀྱི་མགྱོགས་ཚད་ཀྱི་ཁྱད་པར་དེང་སང་ཚན་རིག་པས་བཤད་པ་དེ་ཚོ་ཚོད་དཔག་རེད་ཅེས་ཚན་རིག་པ་མང་པོས་བརྗོད་ཀྱི་རེད། ཌེ་བིཌ་བོམ་ (David Bohm) ནི་ཚན་རིག་པ་ཆེན་པོ་ཞིག་རེད། ཁོང་གིས་དེ་ཚོ་ཕྱོགས་མཐུན་ (Approximate) ཙམ་རེད་མ་གཏོགས། ཇི་མ་ཇི་བཞིན་ཤོད་ཐུབ་ཐབས་མེད་ཅེས་གསུངས། གང་ལྟར་དེ་ཚོའི་ནང་དུ་ནོར་འཁྲུལ་མང་པོ་ཡོད་སྲིད།

དེང་སང་ཚན་རིག་པ་མང་ཆེ་བས་འོད་ཀྱི་མགྱོགས་ཚད་དང་བར་ཁྱད་ཀྱི་རྒྱང་ཚད་ཚང་མ་ཚོད་དཔག་མ་གཏོགས། ཇི་མ་ཇི་བཞིན་བཤད་ཐུབ་ཀྱི་མེད། དེར་བརྟེན་གནས་ཚུལ་དེ་ཚོའི་དབང་གིས་མངོན་པ་ནས་བཤད་པ་དང་། དུས་འཁོར་ནས་བཤད་པའི་རི་རབ་མེད་པའི་རྒྱུ་མཚན་གྱིས་ནང་པའི་གཞུང་ལུགས་འཇིག་འགྲོ་བ་དང་། ནང་པའི་གཞུང་ལུགས་ཀྱི་ཁས་ལེན་མང་པོ་རྫུན་མ་ཆགས་འགྲོ་བ། ང་ཚོས་དམ་བཅའ་ཤོར་དགོས་པ་ཡོད་མ་རེད།

སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ་དེ་གཞི་རིམ་གྱི་ལྟ་གྲུབ་ཅིག་རེད། དེ་ཚོ་ཚང་མ་རིགས་པས་གཏན་ལ་དབབ་རྒྱུ་ཡོད་པ་ཞིག་རེད། ངས་གོང་དུ་ཞུས་པ་བཞིན་ཚན་རིག་པས་ཡོད་པ་མ་རྙེད་པ་ཙམ་ལ་མ་བཞུགས་པར། མེད་པ་རྙེད་པའི་དུས་ཚོད་ཅིག་བྱུང་ན་དེ་དུས་ང་ཚོས་གཞི་ནས་བསམ་བློ་གཏོང་རྒྱུ་རེད། དེ་དུས་ང་ཚོ་རིགས་པའི་རྗེས་འབྲང་ཡིན་ན་ཚན་རིག་པ་དང་མཐུན་པར་བཤད་ཐུབ་པ་དང་འགྲོ་ཐུབ་པའི་བློ་ཁོག་ཅིག་དགོས་ཀྱི་རེད། ཡིན་ཡང་གོ་སྐབས་དེ་ཡོང་བའི་དྭོགས་པ་མེད། རིགས་པས་དཔྱད་དོན་རྙེད་པའི་དོན་ཞིག་ལ་ནམ་ཞིག་རིགས་པས་དཔྱད་དོན་མེད་པར་ཆགས་རྒྱུ་ཟེར་བ་དེ་རིགས་པ་ཡང་དག་ལ་ཡིད་ཆེས་མེད་པའི་རྟགས་ཆགས་ཀྱི་ཡོད། དེས་ན་ནང་པ་ཚན་རིག་པ་ཆགས་པ་ཡིན་ན་ཚན་རིག་པས་དམ་བཅའ་མང་པོ་གློད་དགོས་པའི་ཉེན་ཁ་ཡོད་རེད་མ་གཏོགས། ནང་པས་དམ་བཅའ་མང་པོ་གློད་དགོས་པའི་ཉེན་ཁ་མེད་ཅེས་ངས་ཐག་བཅད་ནས་བརྗོད་རྒྱུ་ཡིན། རྗེས་མ་ཁྱེད་རང་ཚན་རིག་པ་ཆགས་སོང་ན་སྐད་ཆ་བཤད་དུ་ཤོག་ཨང་།

དྲི་བ། དང་པོ་ནས་འགྱོད་བཤགས་སྔོན་དུ་བཏང་སྟེ། གོ་སྐབས་འདིའི་བརྒྱུད་ནས་དྲི་བ་ཞིག་གཏོང་ཆོག་པ་ཞུ། དྲི་བ་དེ་གང་ཡིན་ཟེར་ན། སོ་སོའི་མི་ཚེའི་ནང་སེམས་ཀྱི་སྐོར་ལ་བརྟག་དཔྱད་ཞིབ་འཇུག་མང་པོ་བྱས་པ་ཡིན། ང་ལ་འཇུག་བསྡོམས་གང་རག་སོང་ཟེར་ན་ད་ལྟ་ང་ཚོའི་དབང་པོ་ཚང་མ་ལ་བཀོད་པ་པོ་དེ་རེད་འདུག  སེམས་ཀྱི་ངོ་བོ་ཟེར་བ་ཞིག་བསྟན་རྒྱུ་མེད་ཀྱང་། སེམས་ཀྱི་ནུས་པ་ཐོག་མ་ནས་ཡོད་བསྡད་པ་ཞིག་ཡིན་པ། སེམས་ཟེར་བའི་ངོ་བོ་དེ་ཀླད་པའི་རྡུལ་ཕྲན་ལ་བརྟེན་ནས་དེ་ལ་ཉམས་མྱོང་སྤྲད་པ་ན་སེམས་ཟེར་བ་དེ་རག་གི་འདུག  ཐོག་མར་ང་རང་ཚན་རིག་པ་ལ་ཧང་སངས་བྱུང་། འོན་ཀྱང་ངས་བརྟག་དཔྱད་མང་པོ་བྱས་པ་དང་། དྲྭ་རྒྱ་ལ་བལྟས། མི་གཞན་ལའང་སྐད་ཆ་དྲིས་རྗེས་ཚན་རིག་པ་ལ་དེ་ཧང་སང་དགོས་པ་ཞིག་རེད་མི་འདུག དེ་ནི་ནང་ཆོས་དང་། དེ་ཡང་མངོན་པ་མཛོད་ཀྱི་ཤློཀ་ཁ་ཤས་ཤིག་སློབ་སྦྱོང་བྱས་བསྡད་པ་རེད་འདུག  ངས་ཁ་རྒྱགས་པ་རྩ་བ་ནས་ཤོད་ཀྱི་མེད། དངོས་ཡོད་གནས་ཚུལ་ལ་གཞི་བཞག་པ་ཡིན།  གང་ལྟར་སེམས་ཟེར་བ་དེ་ཀླད་པ་དང་ཉམས་མྱོང་གཉིས་ལ་བརྟེན་ནས་ཡོང་བ་དང་།  དེ་མ་ཡིན་པའི་སེམས་ཀྱི་ངོ་བོ་དེ་རྙེད་ཐུབ་ཀྱི་མི་འདུག བསམ་ཚུལ་དེ་འགྲིག་གི་ཡོད་དམ།

བཀའ་ལན།  སེམས་ཀྱི་ངོ་བོ་མ་རྙེད་པ་དེ་ཐུགས་ཁག་ཡོད་མ་རེད། སེམས་ཀྱི་ངོ་བོ་རྙེད་པ་ཡིན་ན་ཀུན་རྫོབ་ཀྱི་སེམས་ངོ་འཕྲོད་པ་ཟེར་བ་དེ་ཆགས་རྒྱུ་རེད། དེ་ནི་རྟོགས་པ་མཐོན་པོ་རེད།  རྫོགས་ཆེན་པ་ཡིན་ན་དགའ་རབ་སླེབས་ཟིན་པ་རེད།  རྒྱང་འཕེན་པ་དེང་སང་ཡོད་མ་རེད། དེ་ནི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྙིང་པ་ཞིག་རེད། རྒྱང་འཕེན་པས་སེམས་ལ་ཞིབ་འཇུག་མང་པོ་བྱས་ཏེ་མཐའ་མའི་གྲུབ་དོན་གང་རྙེད་ཡོད་ཅེ་ན། སེམས་ནི་ལུས་ཀྱི་ཡོན་ཏན་ཏེ་ལུས་ལ་བརྟེན་ནས་བྱུང་བའི་གསལ་རིག་གི་ཆ་ཞིག་ཡིན་པ་དང་།  དེ་ནི་རྩིག་པ་ལ་བྲིས་པའི་རི་མོ་དང་གཅིག་པ་ཡིན་པ། རྩིག་པ་ཞིག་པའི་སྐབས་སུ་རི་མོའང་འཇིག་པ།  ལུས་ཞིག་པའི་སྐབས་སུ་སེམས་ཀྱང་འཇིག་པ། ཤི་བའི་རྗེས་སུ་སེམས་ཀྱི་རྒྱུན་ཟེར་བ་དེ་མེད་ཅེས་བཤད། ཁོང་ཚོས་སྐྱེ་བ་སྔ་ཕྱི་མེད་པའི་སྒྲུབ་བྱེད་དུ་ཚེ་འདིའི་སེམས་མ་གྲུབ་པའི་སྔོན་ལ་དེའི་རིགས་འདྲའི་ཉེར་ལེན་གྱི་རྒྱུ་སྔོན་དུ་མི་འགྲོ་བ་དང་། ལུས་ཀྱི་ཕུང་པོའི་ཆ་ཤས་ཚོགས་པ་ལ་བརྟེན་ནས་སེམས་དེ་བྱུང་བ། ལུས་ཀྱི་ཕུང་པོའི་ཆ་ཤས་ཞིག་པའི་སྐབས་སུ་སེམས་དེའང་ཞིག་པ་དེ་ཁོང་ཚོས་བབ་ཅོལ་དུ་བཤད་པ་ཞིག་མིན། དེ་ནི་ཁོང་ཚོས་རིགས་པའི་རྗེས་སུ་འབྲངས་ནས་བརྟག་དཔྱད་བྱས་པའི་གྲུབ་དོན་རེད། འོན་ཀྱང་ཚན་རིག་པས་འདས་པའི་ལོ་ཁ་ཤས་སྔོན་ཙམ་མ་གཏོགས་སེམས་ཞེས་པ་དེ་བཤད་ཀྱི་མེད་ལ། ཀླད་པ་གཅིག་པུ་བཤད་བསྡད་པ་རེད། དེ་ཡང་ངོ་ཤེས་པ་དང་ཚོར་བ་ཡོང་བ་སོགས་ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔའི་བྱ་བ་དེ་དག་ཕལ་ཆེ་བ་ཀླད་པའི་ནང་གི་ཀླད་རྡུལ་ཕྲ་མོ་དང་ཀླད་རྩ་སོགས་ཀྱི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས། ཀླད་པ་ལས་ལོགས་སུ་གསལ་རིག་གི་ཆ་ཞིག་ཡོད་པ་བཤད་ཀྱི་ཡོད་མ་རེད་ལ། ཤེས་ཀྱིའང་ཡོད་མ་རེད། དེའི་སྐོར་ལ་སྐད་ཆ་གང་ཡང་ཡོད་མ་རེད། ཀླད་པ་ཁོ་ན་བཤད་བསྡད་པ་རེད། བར་ལམ་ནས་ཀླད་པའི་ཚན་རིག་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབར་བགྲོ་གླེང་མང་པོ་བྱུང་བ་ཡིན་སྟབས། དེང་སང་ཀླད་པའི་ཚན་རིག་པའི་ནང་དུ་ཀླད་པ་ལས་ལོགས་སུ་གསལ་རིག་གི་ཆ་ཞིག་ཡོད་སྲིད་པར་བསམ་མཁན་མང་པོ་རེད། དེ་བཞིན་ཡོད་དགོས་ས་རེད་བསམ་མཁན་ཡང་མང་པོ་རེད། ཚན་རིག་པའི་ནང་ལ་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཡང་དེང་སང་རེ་ཟུང་ཡོད་རེད། ཡིན་ཡང་ཚན་རིག་པའི་གྲལ་ནས་བུད་དྭོགས་ཀྱིས་སྤོབས་པ་མཐོན་པོའི་ཐོག་ནས་ཤོད་ནུས་ཀྱི་མེད།

སེམས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཁྱེད་རང་གིས་སེམས་ཀྱི་ངོ་བོ་རྙེད་ཀྱི་མི་འདུག་གསུངས་པ་དེ་ལ་ངས་ཚོད་དཔག་ཐོག་ནས་བལྟས་པ་ཡིན་ན་ཚན་རིག་པ་ཚོ་དང་འགྲོ་སྟངས་གཅིག་པ་བྱས་ནས་གལ་ཏེ་སེམས་དེ་རྙེད་རྒྱུ་ཡོད་ན་མིག་མཐོང་གཟུགས་གྲུབ་ཀྱིས་རྙེད་དགོས་པ་ཞིག་དང་། གང་ལྟར་འདི་རེད་ཅེས་མཛུབ་མོ་འཛུགས་ས་དགོས་ཀྱི་ཡོད་པ། དེ་འདྲ་ཞིག་མེད་སྟབས། སེམས་ཀྱི་ངོ་བོ་རྙེད་ཀྱི་མི་འདུག་ཅེས་གསུང་གི་ཡོད་རེད་བསམ་གྱི་འདུག  དེ་ཡིན་ན་ཁག་ཡོད་མ་རེད། སེམས་ཀྱི་ངོ་བོ་བཙལ་བའི་སྐབས་སུ་སེམས་ཀུན་རྫོབ་པའི་ངོ་བོ་བཙལ་སྟངས་དང་། སེམས་ཀྱི་གནས་ལུགས་བཙལ་སྟངས་བཅས་མི་འདྲ་བ་གཉིས་རེད།  སེམས་ཀྱི་གནས་ལུགས་བཙལ་བའམ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དེ་བདེན་པ་རེད། དངོས་པོ་གང་འདྲ་ཞིག་ཡིན་ཡང་བཏགས་དོན་བཙལ་ན་རྙེད་རྒྱུ་མེད།

དེ་བཞིན་སེམས་ཀྱི་ངོ་བོ་འཚོལ་བའི་སྐབས་སུ་སེམས་ཀྱི་དོན་དམ་པའི་གནས་ཚུལ་ལམ་གནས་ལུགས་དེ་བཏགས་དོན་བཙལ་ནས་ཨེ་རྙེད་བལྟས་པ་ཡིན་ན་དེ་ནི་རྙེད་རྒྱུ་མེད། སེམས་ཀུན་རྫོབ་པའི་ངོ་བོ་དེ་ནི་བཏགས་དོན་བཙལ་སྟངས་དང་མི་འདྲ་བར་བཙལ་དགོས།  གང་ལྟར་ཐ་སྙད་པའི་གནས་ལུགས་སམ་ཀུན་རྫོབ་པའི་གནས་ལུགས་དེ་ཐ་དད་ཕྱེ་ནས་བཙལ་དགོས།  དེ་ལྟ་བུ་བཙལ་བའི་སྐབས་སུ་ང་ཚོ་ལ་ད་ལྟའི་གནས་སྐབས་སུ་ཡོད་པ་དེ་གང་རེད་ཅེ་ན། སྒོ་ལྔའི་ཤེས་པ་དང་ཡིད་བློའི་ཤེས་པ་གཉིས་རེད། སྒོ་ལྔའི་ཤེས་པ་ནི་ནང་གི་གཟུགས་ཅན་དྭངས་པ་དབང་པོ་ལ་བརྟེན་པའི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོགས་ལ་བརྟེན་པའི་རིགས་གཅིག་རེད། དེ་ལ་ཨིན་སྐད་དུ་ Sensory mind ཞེས་བརྗོད།  ཡིད་བློ་ཤེས་པ་ནི་གཟུགས་ཅན་དྭངས་པའི་དབང་པོ་མེད་ཅིང་། སེམས་ཁོ་རང་སེམས་ཀྱི་དབང་པོའི་ངོ་བོ་དང་། ཡིད་དེ་ཡིད་དབང་གི་ངོ་བོར་འགྲོ་ནས་ནང་གི་རྣམ་རྟོག་སྐྱེད་སྟངས་གཅིག་རེད། དེ་ལ་ཕྲ་རགས་ཧ་ཅང་མང་པོ་ཡོད་ཀྱང་། མཐོང་རྒྱུ་དང་རྙེད་རྒྱུ་ཁག་པོ་རེད། ང་ཚོས་རགས་ཙམ་ཞིག་བཤད་ན། བློ་རིག་གི་དབྱེ་བ་འབྱེད་སྟངས་ལ་མང་པོ་ཡོད་པའི་ནང་ནས་དེང་སང་ཚན་རིག་གི་སློབ་སྦྱོང་བྱེད་མཁན་ཚོ་ལ་སྟབས་བདེ་བའི་ཆེད་དུ་དབྱེ་བ་ཡིན་ན་རྟོག་པ་དང་རྟོག་མེད་གཉིས་རེད། རྟོག་མེད་ཅེས་པ་ནི་དོན་རང་མཚན་པ་ལ་མངོན་སུམ་དུ་འཇུག་མཁན་གྱི་ཤེས་པ་དེ་རེད། རྟོག་པ་ཞེས་པ་ནི་དོན་སྤྱི་དང་མཉམ་དུ་མ་གཏོགས། དོན་རང་མཚན་པ་ལ་མི་རིག་པའི་ཤེས་པ་དེ་རེད།

འགྲོ་སྟངས་དེ་གཉིས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ཚན་རིག་པས་ཧ་མི་གོ་བའི་གནས་སྟངས་ཤིག་གང་ཡོད་ཅེ་ན། མིག་གི་དབང་རྟེན་ཁོག་པ་དེ་ཚན་རིག་པས་ཤེས་ཀྱི་ཡོད་རེད། དབང་རྟེན་ཁོག་པའི་ནང་ལ་ལས་ཀ་བྱེད་མཁན་གྱི་ཀླད་པའི་ནང་གི་རྩ་དང་རྡུལ་ཕྲན་དེ་ཚོའང་ཚན་རིག་པས་ཤེས་ཀྱི་ཡོད་རེད། མིག་གི་དབང་རྟེན་ཁོག་པའི་ནང་དུ་མིག་དབང་རང་གི་ངོ་བོར་གྱུར་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ཚན་རིག་པས་ད་ལྟའི་བར་དུ་མཐོང་གི་མེད། ང་ཚོས་བཤད་བསྡད་པའི་ནང་གི་གཟུགས་ཅན་དྭངས་པ་ཞེས་པ་དེ་དང་། སྔགས་ཀྱིས་བཤད་པའི་སེམས་ཀྱི་བཞོན་པའི་རླུང་ཟེར་བ་གཉིས་གཅིག་པ་རེད་ཅེས་ངས་བརྗོད་མི་ཐུབ་ཀྱང་། ཞིབ་ཚགས་པོས་བལྟས་ན་འདྲ་པོ་ཡོད་རེད། མིག་གི་འདུས་ཏེ་རེག་པ་ལས་ཞེས་མདོའི་ནང་དུ་ཡང་ཡང་བྱུང་བ་བཞིན། ཡུལ་གཟུགས་དང་། མིག་གི་དབང་པོ། ཤེས་པ་གསུམ་པོ་རེག་ཅིང་འདུས་པའི་སྐབས་སུ་མིག་གི་ཤེས་པ་སྐྱེས་ཤིང་། མིག་གི་ཤེས་པ་སྐྱེས་པའི་སྐབས་སུ་མིག་གི་ཤེས་པ་དེས་གཟུགས་མངོན་སུམ་དུ་མཐོང་བའི་བྱ་བ་རྐྱང་པ་མ་གཏོགས། དེ་ལས་གཞན་པ་གང་ཡང་བྱེད་ཀྱི་མེད། དེས་སྣང་ཞིང་བཟུང་བའི་གཟུགས་དེ་དང་མཉམ་དུ་ཡུལ་དུས་རང་བཞིན་མ་འདྲེས་པར་ཏག་ཏག་ཁ་ཐུག་ལ་འགྲོ་གི་ཡོད་རེད། དེ་དང་ཆབས་ཅིག་ཏུ་མིག་གི་ཤེས་པའི་སྣང་ཡུལ་དུ་གྱུར་པའི་མིག་དབང་ལ་ཤར་བའི་གཟུགས་དེའི་གཟུགས་བརྙན་ཞིག་ནང་དུ་ཡིད་བློ་རྣམ་རྟོག་ལ་འགྲོ་རུང་། ཡིད་བློ་རྣམ་རྟོག་གིས་ཕྱི་དོན་རང་མཚན་པ་དེ་མ་མཐོང་བ་ཡིན་སྟབས། འདྲ་དཔར་ལྟ་བུ་གཟུགས་བརྙན་ཞིག་ནང་དུ་སླེབས་པ་དེ་དོན་སྤྱི་རེད། དེ་འདྲ་བའི་དོན་སྤྱི་དེ་ཡུལ་དང་དུས་རྣམས་བསྲེས་ནས་ཡུལ་དུས་རང་བཞིན་ཚང་མ་འདྲེས་པར་བརྟེན་དབྱེ་བ་འབྱེད་ཤེས་ཀྱི་མེད། དེ་དང་ཆབས་ཅིག་ཏུ་རྣམ་རྟོག་གིས་བྱ་བ་གཞན་ཞིག་གང་བྱེད་ཀྱི་རེད་ཅེ་ན། ཡུལ་དེ་ལ་བཟང་ངན་གི་སྤུ་རིས་འབྱེད་ཀྱི་ཡོད། དཔེར་ན། འདི་སེར་པོ་རེད། འདི་དམར་པོ་རེད་ཅེས་མིང་བཏགས་པ་དང་། འདི་སྙིང་རྗེ་པོ་འདུག འདི་སྙིང་རྗེ་པོ་མི་འདུག་ཅེས་ཡོན་ཏན་དང་། འདི་ང་ལ་དགོས་ཀྱི་འདུག འདི་ང་ལ་དགོས་ཀྱི་མི་འདུག་ཅེས་པའི་ཆགས་སྡང་སོགས་རེད། མིག་བཙུམས་ཚར་བའི་རྗེས་སུའང་ད་གིན་སྣང་བའི་དོན་རང་མཚན་པའི་གཟུགས་བརྙན་ཡིད་བློ་རྣམ་རྟོག་དེའི་མཉམ་དུ་ད་དུང་བསྡད་ཡོད་རེད། དེ་ནི་འདས་པའི་དངོས་པོ་ཞིག་དྲན་ཡུལ་དུ་བཟུང་བ་ཡིན་རུང་། འདས་པ་དེ་འདས་པ་ཡིན་པར་མ་ཤེས་པར་ཡུལ་དང་དུས་གཉིས་ཀ་འདྲེས་ནས་ད་ལྟ་བ་ཡིན་པ་ལྟ་བུ་སྣང་བ་རེད། དེ་ལྟ་བུའི་རྣམ་རྟོག་གི་སེམས་དེས་ཇི་ལྟར་བྱ་བ་བྱེད་ཀྱི་འདུག  དེ་བྱ་བ་བྱེད་པའི་ནུས་པ་ཇི་ལྟར་ཡོང་གི་འདུག  བྱ་བ་བྱེད་པའི་ཚུལ་གང་འདྲ་ཞིག་འདུག  བྱ་བ་བྱས་པ་ལ་བརྟེན་ནས་རྣམ་རྟོག་གཞན་དང་གཞན་ཇི་ལྟར་འདྲེན་གྱི་འདུག་སོགས་བལྟས་པ་ཡིན་ན། རྒྱུ་མ་ཕུ་འདེད་བཞིན་རྟོག་མེད་ཀྱི་ཤེས་པས་གཟུགས་མཐོང་བ་དེ་རྟོག་བཅས་ཀྱི་ཤེས་པར་ལན་སྤྲད་པ་དང་། རྟོག་བཅས་ཀྱི་ཤེས་པས་དེ་ཡུལ་དུས་འདྲེས་ནས་བཟུང་བའི་སྐབས་སུ་དོན་རང་མཚན་པ་མཐོང་བའི་དུས་ཚོད་རྫོགས་ཚར་བའི་རྗེས་སུ་ད་དུང་དེའི་གཟུགས་བརྙན་རྣམ་རྟོག་གི་ནང་ལ་ཁྱེར་ནས་འགྲོ་བའི་སྐབས་སུ་རྣམ་རྟོག་གི་རྒྱུ་བ་ངོས་ཟིན་པར་ཕྲན་བུ་ལས་སླ་བ་ཡོད་རེད། དེའི་སྐབས་ཀྱི་རྣམ་རྟོག་གི་རྒྱུ་བ་དེའི་ངོ་གདོང་ལ་བལྟས་པ་ཡིན་ན་གཅིག་བྱས་ན་ཡལ་གྱི་རེད། གཅིག་བྱས་ན་དེའི་ངོ་གདོང་མཐོང་སྲིད་པ་རེད། གལ་ཏེ་དེའི་ངོ་གདོང་མཐོང་ན་ཁྱེད་རང་གིས་སེམས་ཀྱི་ངོ་བོ་རྙེད་ཀྱི་མི་འདུག་ཟེར་བ་དེ་གཅིག་བྱས་ན་རྙེད་པའི་ཐབས་ཤེས་ཡོད་རེད་བསམ་གྱི་འདུག

མ་གཞི་ང་གཉིས་གོ་བརྡ་འཕྲོད་ཀྱི་ཡོད་མེད་མི་ཤེས།  ནམ་མཁའ་སྟོང་པ་ལ་བཤད་པ་ལྟ་བུ་རེད། འོན་ཀྱང་ཉམས་མྱོང་བསགས་པ་ཡིན་ན་དེ་རྙེད་པའི་ཐབས་ཤེས་ཡོད་རེད། སྐུ་ཞབས་བཀྲས་རབ་སྐུ་གཤེགས་དེ་ཕྱག་དཔེ་ཡག་པོ་རེད་ལ། དེང་དུས་ཀྱི་ཚན་རིག་དང་འདྲིས་ཆེན་པོ་རེད། ཁོང་གིས་ཡིད་བློ་རྣམ་རྟོག་གི་འགྱུ་བའི་འགྲོ་སྟངས་དང་། དེ་ཚོ་ངོས་འཛིན་སྟངས་སྐོར་བྲིས་པའི་ཨིན་དེབ་མང་པོ་ཡོད།  ཁྱེད་རང་ཚོ་དབྱིན་ཇི་ཀློག་མཁན་ཡིན་ཙང་། དེ་ཚོ་ཀློག་ན་ཤེས་ཀྱི་རེད། ཡང་ཝེ་ཏི་ནམ་གྱི་བླ་མ་ཞིག་གིས་མདོ་སྡེ་ཕལ་པོ་ཆེ་ནས་གསུངས་པའི་སེམས་སེམས་བྱུང་གི་རྣམ་གཞག་དེ་གཙོ་བོར་བཟུང་ནས་རྟོག་པ་དང་རྟོག་མེད་ཀྱི་བསམ་བློའི་འགྲོ་སྟངས་དང་། སེམས་ཀྱི་ངོ་བོ་དེ་ཚོ་བཤད་པའི་དེབ་དེ་འདྲ་ཡོད་རེད། དེ་ཚོ་བལྟས་པ་ཡིན་ན་སེམས་ཀྱི་ཀུན་རྫོབ་པའི་རང་བཞིན་དེ་གཅིག་བྱས་ན་གསལ་ཞིང་རིག་པ་ཙམ་ཞིག་རེད། གསལ་བ་དང་རིག་པ་ཞེས་པའི་ཚིག་གཉིས་ཀྱི་ནུས་པ་མི་འདྲ་བ་ཡོད་རེད། ཡིན་ཡང་ནུས་པ་མི་འདྲ་བ་དེ་སེམས་འཚོལ་མཁན་ཞིག་ལ་རིག་པ་འདི་རེད་གསལ་བ་འདི་རེད་ཅེས་ངག་གི་སྨྲ་བརྗོད་ཀྱི་ཐོག་ནས་གོ་བརྡ་སྤྲད་ཐུབ་རྒྱུ་ཁག་པོ་རེད། དེ་ནི་སྨྲ་བསམ་བརྗོད་མེད་ལྟ་བུ་རེད། ཡིན་ནའང་མྱོང་བའི་ཐོག་ནས་བལྟས་ན་གསལ་བའི་བྱ་བ་དང་རིག་པའི་བྱ་བ་གཉིས་པོ་གཅིག་ཅར་དུ་བྱེད་ཀྱི་ཡོད་རེད། ངོ་བོ་གཅིག་པ་རེད། ཡིན་ཡང་བྱ་བའི་ལྡོག་པ་མི་འདྲ་བ་ཡོད་པ་དེ་གཅིག་བྱས་ན་མཐོང་སྲིད།  དེ་མཐོང་བ་ཡིན་ན་ཁེ་ཕན་གང་ཡོད་ཅེ་ན། སེམས་ཀྱི་ཉེར་ལེན་ལ་སེམས་ཤིག་མེད་པར་སེམས་ལས་གཞན་པའི་འདུས་བྱས་སམ་བེམ་པོའི་དངོས་པོ་ཞིག་གིས་སེམས་ཀྱི་ཉེར་ལེན་བྱེད་མི་ཐུབ་པ་དེ་མཐོང་བ་ལ་གཅིག་བྱས་ན་ཕན་ཐོགས་ཡོད་རེད་བསམ་གྱི་འདུག  དྲི་བ་ལ་ལན་བྱུང་ཡོད་མེད་མི་ཤེས། སྐད་ཆ་མང་པོ་ཞིག་ཆགས་སོང་།

དྲི་བ། ངས་དྲི་བ་ནི་གལ་ཏེ་ང་ཚོའི་སློབ་གྲྭའི་ནང་ལ་སྲོལ་རྒྱུན་དང་ལྡན་པའི་སློབ་སྦྱོང་བྱས་པ་ཡིན་ན་ང་ཚོ་གནས་སའི་ཁོར་ཡུག་གི་རྣམ་པ་དང་རང་གཞན་རོགས་གསུམ་ཚང་མ་དེང་རབས་ཅན་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་གྱིས་ང་ཚོ་ལ་ཕན་ཐོགས་ཇི་ཙམ་ཡོང་ཐུབ་བམ།

བཀའ་ལན།  ད་ནངས་ངས་སྲོལ་རྒྱུན་གྱི་དོན་ཞུས་པའི་སྐབས་སུ་ཁྱད་ཆོས་ཁ་ཤས་ཞུས་ཡོད་ལ། འདིའི་ནང་དུའང་ཁྱད་ཆོས་གསུམ་ལྡན་དང་། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུན་ཞིག་ལ་གོ་དགོས་ཞེས་བྲིས་འདུག སྲོལ་རྒྱུན་ཞེས་པ་དེ་དུས་ཚོད་བྱེ་བྲག་པ་ཞིག་ལ་ཕན་ཐོགས་ཡོད་པ་དང་། དུས་ཚོད་གཞན་དག་ཅིག་ལ་ཕན་ཐོགས་མེད་པ། གང་ལྟར་ཡུལ་དང་དུས་འགྱུར་བ་བཞིན་འགྱུར་བ་འགྲོ་མཁན་ཞིག་ཡིན་ན་དེ་ནི་ཡང་དག་པའི་སྲོལ་རྒྱུན་ཞིག་ཆགས་ཀྱི་མེད་ཅེས་ཞུས་པ་ཡིན། ངས་བསྐྱར་ལྡབ་ཀྱིས་ཞུ་རྒྱུ་ལ། སྲོལ་རྒྱུན་ཞེས་པ་དེ་འབྱུང་ཁུངས་ཡང་དག་པ་ལས་བྱུང་བ་དང་། བརྒྱུད་པ་བར་མ་ཆད་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ་ཁྱད་ཆོས་གསུམ་གྱི་ཐོག་ཏུ་ཡུལ་དུས་གནས་སྐབས་གང་ལའང་འགྱུར་བ་མེད་པ་དགོས། དེ་ནི་རང་གི་རང་བཞིན་ཡིན་ནའང་རེད། དེ་ལ་བརྟེན་པའི་ཕན་བདེ་འབྱུང་བའི་ནུས་པ་ཡིན་ནའང་རེད། ག་དུས་ཡིན་ཡང་འགྱུར་བ་མེད་པར་སྡོད་མཁན་ཞིག་ལ་སྲོལ་རྒྱུན་ཞེས་ཞུས་པ་རེད། ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པ་འདིའི་ནང་གལ་ཏེ་འགྲོ་བ་སྤྱི་ལ་ཕན་ཐོགས་ཆེ་ཤོས་དང་། གང་ཟག་སྒེར་ལ་ཕན་ཐོགས་ཆེ་ཤོས་ཀྱི་སློབ་སྦྱོང་ཞིག་ཡོད་ན་དེ་ནི་ཡང་དག་པའི་སྲོལ་རྒྱུན་དེ་རེད་བསམ་གྱི་འདུག   ཡང་དག་པའི་སྲོལ་རྒྱུན་དེ་དག་ད་ལྟའང་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་དང་ཤུགས་ཆེན་པོ་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཡང་དག་པའི་རིགས་པའི་རྒྱབ་རྟེན་ཡོད་པ། དེང་རབས་ཀྱི་ཚན་རིག་དང་སྲོལ་རྒྱུན་གྱི་རིགས་པ་གང་གི་ཐོག་ནས་ཡང་དག་པའི་གནས་བབ་དེ་ཡང་དག་པ་མ་ཡིན་པར་སྒྲུབ་མི་ཐུབ་པ་དེ་ཧ་ཅང་གསལ་པོ་རེད། ད་ལྟ་བར་དུ་བསྒྲུབས་ཐུབ་མེད་ལ། མ་འོངས་པ་ལའང་བསྒྲུབ་ཐུབ་པའི་གོ་སྐབས་མེད་པ་དེ་ང་ཚོས་མཐོང་ཐུབ།

དེས་ན་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པའི་ནང་རང་ལ་ཕན་པ་དང་། གཞན་ལ་ཕན་པ།  རང་གཞན་གཉིས་ཀ་ལ་ཕན་པ་བཅས་ཀྱི་སློབ་སྦྱོང་ཞིག་དགོས་ཀྱི་ཡོད་ན་སྲོལ་རྒྱུན་གྱི་སློབ་སྦྱོང་ལས་ལྷག་པའི་སློབ་སྦྱོང་གཞན་དག་མེད་ཅེས་ངས་ཕལ་ཆེར་ཐག་ཆོད་པོའི་ཐོག་ནས་བརྗོད་ཐུབ་ཀྱི་རེད། ཡིན་ཡང་ད་གིན་ཞུས་པ་བཞིན་སྲོལ་རྒྱུན་གྱི་སློབ་ཚན་དང་སྲོལ་རྒྱུན་གྱི་སློབ་སྦྱོང་ཞེས་པ་དེ་ངེས་པར་དུ་སློབ་ཚན་ཁོ་རང་སྲོལ་རྒྱུན་གྱི་ཁོངས་སུ་གཏོགས་པ་ཞིག་མི་དགོས་པ་དེ་ངས་ནན་ཏན་གྱིས་ཞུས་པ་ཡིན། དེང་རབས་ཀྱི་སློབ་ཚན་གསར་པ་ཞིག་ཡིན་ནའང་སློབ་སྦྱོང་བྱེད་པའི་ཚུལ་དང་། སློབ་སྦྱོང་བྱེད་མཁན་གང་ཟག་གི་ཀུན་སློང་། སློབ་སྦྱོང་བྱེད་པའི་ཐབས་ལམ་རྣམས་སྲོལ་རྒྱུན་དང་མཐུན་པ་བྱུང་ན་རིག་གསར་གྱི་སློབ་སྦྱོང་དེའང་སྲོལ་རྒྱུན་གྱི་སློབ་སྦྱོང་ལ་ཆགས་འགྲོ་རྒྱུ་དང་། གང་ལྟར་རིག་གསར་དང་སྲོལ་རྒྱུན་གྱི་དབར་སློབ་ཚན་དང་སློབ་སྦྱོང་བྱེད་སྟངས་ཀྱི་ཆ་ནས་དབྱེ་བ་འབྱེད་པ་མ་གཏོགས། རང་གི་ངོ་བའི་ཆ་ནས་ཆུ་ཚུགས་པའི་སྒྲོམ་གཞི་གཅིག་གི་ནང་ཕར་འདྲེས་ཚུར་འདྲེས་བྱེད་རྒྱུ་མེད་པ་ཞིག་མ་རེད་ཅེས་ཞུས་པ་ཡིན། ལར་ནས་དེ་ལྟ་བུའི་རྣམ་རྟོག་དེ་མི་མང་པོ་ལ་ཡོད་རེད། ཁོང་ཚོས་དུས་ཚོད་ཡོལ་ཚར་བ་རེད་ཅེས་ཟེར་གྱི་རེད། དུས་ཚོད་ཡོལ་ཟིན་པ་རེད་ཅེས་པ་དེ་སྲོལ་རྒྱུན་མ་ཡིན་པའི་གོམས་གཤིས་མང་པོ་ཞིག་དུས་ཚོད་ཡོལ་ཟིན་པ་ཆགས་སྲིད། སྲོལ་རྒྱུན་གྱི་ཁྱད་ཆོས་བཞི་དང་མི་ལྡན་པའི་གནས་ཚུལ་དེ་འདྲ་ཡིན་ན་དུས་ཚོད་ཡོལ་ཚར་བ་དེ་དུས་ཚོད་ཡོལ་ཚར་བ་རང་ལ་བཞག་དགོས་རེད་མ་གཏོགས། ད་ལྟ་བེད་སྤྱོད་བྱེད་ན་ཕན་ཐོགས་གང་ཡང་མེད།

ཡིན་ནའང་སྲོལ་རྒྱུན་གྱི་ཤེས་ཡོན་ནི་དུས་ཚོད་ཡོལ་རྒྱུ་མེད་པའི་ཤེས་ཡོན་ཞིག་རེད་ཅེས་ད་ནངས་ཞུས་པ་བཞིན་དེ་དུས་ཚོད་ཡོལ་འགྲོ་བའི་རྣམ་རྟོག་གནང་དགོས་ཀྱི་མེད། རགས་པ་ཙམ་ཞིག་ཞུས་པ་ཡིན་ན། ད་ལྟའི་འཇིག་རྟེན་འདིའི་ཐོག་སྲོལ་རྒྱུན་གྱི་སློབ་སྦྱོང་ཚད་ལྡན་ཡོད་པ་རྣམས་འགྲོ་ས་བསྡད་ས་མ་རག་པར་ལྟོགས་ཤི་ཐེབས་མཁན་གཅིག་ཀྱང་མེད།  དེང་རབས་ཀྱི་སློབ་སྦྱོང་ཚད་མཐོ་པོ་ཡོད་ཟེར་མཁན་མང་པོ་གཡོག་པོ་རྒྱུག་ས་མ་རག་ནས་རྒྱུག་སྡོད་མཁན་མང་པོ་མཐོང་རྒྱུ་ཡོད།  གལ་ཏེ་སྲོལ་རྒྱུན་གྱི་སློབ་སྦྱོང་ཚད་ལྡན་མེད་ན་དེ་ག་རེད་མ་གཏོགས། ཚད་ལྡན་ཡོད་ཕྱིན་ཆད་ལ་ཤར་ནུབ་ཀྱི་འཇིག་རྟེན་གང་དུ་ཕྱིན་ཡང་ཚང་མས་གུས་བརྩི་དང་དགའ་བསུ་ཞུ་གི་འདུག་མ་གཏོགས། ཁྱེད་རང་ཕན་ཐོགས་མི་འདུག་ཅེས་ལྷག་བསྡད་པ་གཅིག་ཀྱང་མི་འདུག སྲོལ་རྒྱུན་གྱི་སློབ་སྦྱོང་དེ་དུས་ཚོད་ཡོལ་ཚར་བ་རེད་བསམ་པའི་རྣམ་རྟོག་ཡོད་མཁན་ཚོས་སྲོལ་རྒྱུན་གྱི་ཐོག་ནས་མཛད་པ་འཕྲིན་ལས་སྐྱོང་མཁན་རྣམས་ལ་བལྟས་ན་དུས་ཚོད་ཡོལ་འདུག་མི་འདུག་མངོན་སུམ་དུ་འགྲུབ་རྒྱུ་ཞིག་རེད། དེ་ནི་ད་ལྟ་དྲི་བ་དེའི་སྐོར་དེ་ཡིན།

དེ་ནས་དེའི་སྔོན་དུ་དྲི་བ་གནང་མཁན་བོད་ཕྲུག་ཁྱིམ་སྡེའི་སློབ་གཉེར་བ་དེའི་དྲི་བ་དེ་ངས་མགོ་ཚོས་མི་འདུག ཁོ་རང་གིས་དྲི་བ་གཞན་ཞིག་དྲིས་པ་ལ་ངས་ལན་གཞན་ཞིག་བརྒྱབས་འདུག  དགོངས་དག་ཞུ་རྒྱུ་ཡིན། ཁྱེད་ཚོ་དྲི་བ་གནང་མཁན་ཚོས་གསུང་པར་དེ་ཐག་རིང་ཐུང་འཚམས་པོ་ཞིག་ལ་ཟིན་ན་ཅུང་ཟད་སྐད་གསལ་བ་ཡོང་གི་འདུག དེ་མིན་ཞལ་ཧ་ཅང་ཐག་ཉེ་པོར་ཟིན་ན་བྲག་ཅ་འཁོར་ནས་ཚིག་གསལ་པོ་གོ་གི་མི་འདུག མ་གཞི་ནས་ང་མི་རྒས་འཁོགས་ཡིན་སྟབས། དབང་པོ་རྒུད་ནས་སྐད་ཆ་ཁ་ཤས་གཟབ་གཟབ་ཉན་ན་མ་གཏོགས་ཡག་པོ་གོ་གི་མི་འདུག  སྔོན་མ་ཁོང་གིས་སེམས་ཀྱི་ངོ་བོའི་སྐོར་འཚོལ་ཞིབ་དང་རྟག་དཔྱད་མང་པོ་བྱས་པའི་རྗེས་སུ་མཐའི་མའི་རྙེད་དོན་དེ་ནུས་པ་ཞིག་གི་ངོ་བོ་ལ་རྙེད་ཀྱི་འདུག  ནུས་པ་ཟེར་བ་དེ་ཚན་རིག་པས་རྒྱུན་ཆད་རྒྱུ་མེད་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད་རེད། དེའི་ཕྱིར་ནང་པ་དང་ཚན་རིག་པའི་ལྟ་ཚུལ་མི་མཐུན་པ་མི་འདུག་ཅེས་གསུངས་འདུག ཁོང་གིས་བརྟག་དཔྱད་བྱས་ཏེ་གྲུབ་དོན་རྙེད་པ་དེ་ཧ་ཅང་ཡག་པོ་རེད། ད་དུང་མུ་མཐུད་ནས་བརྟག་དཔྱད་བྱེད་དགོས་རེད། ནུས་པ་ནི་ཨིན་སྐད་དུ་ Energy ཟེར་བ་དེ་རེད།  ནུས་པ་ཞེས་པའི་ཚིག་དེས་བོད་སྐད་ཀྱི་ནང་དུ་དོན་ཧ་ཅང་མང་པོལ་འཇུག་གི་རེད། དེ་བཞིན་ལེགས་སྦྱར་གྱི་སྐད་དང་རྒྱ་གར་གྱི་སྐད་ལ་ཡོད་པའི་ཨཱུརྗཱ་ཟེར་བ་དེ་དོན་རྣམ་གྲངས་མང་པོ་ཞིག་ལ་འཇུག་པ་རེད།  གང་ལྟར་གསལ་རིག་གི་ངོ་བོ་ཙམ་དེ་ཚན་རིག་གིས་བཤད་པའི་ནུས་པ་དང་གཅིག་པ་ཡིན་མིན་ད་ལྟ་རྒྱུན་རིང་བརྟག་དཔྱད་བྱེད་དགོས་ཀྱི་རེད་བསམ་གྱི་འདུག

ཡིན་ཡང་ད་གིན་ངས་ཕྱོགས་ཙམ་ཞིག་ཞུས་པ་ཡིན། སྔགས་ཀྱི་སྐབས་སུ་རླུང་སེམས་འཇུག་པ་གཅིག་པའི་རྣམ་གཞག་ཅིག་གསུངས་ཀྱི་ཡོད། རླུང་སེམས་འཇུག་པ་གཅིག་པའི་རྣམ་གཞག་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་གསུང་གི་མེད། ཡིན་ཡང་སྔགས་ནས་བཤད་པའི་རླུང་སེམས་འཇུག་པ་གཅིག་པའི་རྣམ་གཞག་དང་། ལྷག་པར་དུ་རླུང་ལ་བཏང་འཛིན་བྱས་པའི་དབང་གིས་རྣམ་རྟོག་ལའང་བཏང་འཛིན་བྱེད་རྒྱུ་ཡོད་པ་དེ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཚན་རིག་ལྟ་བུ་དེ་རེད། བོད་སྐད་དུ་མང་ཆེ་བ་རླུང་ལ་བསྒྱུར་བ་མ་གཏོགས། དངོས་གནས་བྱས་ན་རླུང་གི་ཚབ་ཏུ་སྲོག་ལ་བསྒྱུར་དགོས་པའི་གོ་སྐབས་དེ་མང་བ་རེད། ལེགས་སྦྱར་སྐད་དུ་སྲོག་ (པྲཱཎ) གི་ཚིག་དེ་ཡོད་རེད། ང་ཚོའི་སྔགས་ཀྱི་སྐབས་སུ་པྲཱཎཱཡམ་ཟེར་བ་དེ་སྲོག་རྩོལ་ལ་ཡོང་གི་འདུག  སྲོག་གི་སྐད་ཆ་དེ་ཐེག་པ་ཐུན་མོང་བ་ལའང་ཡོད་རེད། སྲོག་ནི་ཚེ་ཡིན་དྲོད་དང་ནི།། རྣམ་ཤེས་རྟེན་གང་ཡིན་པའོ།།” ཞེས་ཕར་ཕྱིན་ཐེག་པ་དང་མངོན་པ་ནས་རགས་ཙམ་ཞིག་གསུངས་པ་མ་གཏོགས། དེ་འདྲ་བའི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་སྲོག་གི་ངོ་བོ་དང་ཁྱད་པར་མངོན་པའི་གཞུང་ལུགས་ནང་གསལ་པོ་མེད། གལ་ཏེ་ང་ཚོས་ཚན་རིག་དང་མཉམ་དུ་ཞིབ་འཇུག་དང་བརྟག་དཔྱད་མུ་མཐུད་གནང་ཐུབ་ན་ཕར་ཕྱིན་ཐེག་པ་ནས་བཤད་པའི་སྲོག་དང་། སྔགས་ཀྱི་ཐེག་པ་ནས་བཤད་པའི་སྲོག་གམ་ཡང་ན་རླུང་དེ་རྣམ་ཤེས་ཀྱི་རྟེན་དང་། རྣམ་ཤེས་ཀྱི་བཞོན་པ། རྣམ་ཤེས་དང་འབྲལ་དུ་མི་རུང་བ་ཡིན་པ་དེ་རིམ་གྱིས་མཐོང་ཐུབ་ཀྱི་རེད་བསམ་གྱི་འདུག གང་ལྟར་སྔགས་ཀྱི་ལུགས་སུ་གཟུགས་མེད་ཁམས་ལ་གཟུགས་ཡོད་ཅེས་བརྗོད་དགོས་དོན་དེ་རེད། གནས་སྟངས་དེ་ལ་བལྟས་པ་ཡིན་ན་ནམ་ཞིག་སེམས་ཀྱི་ངོ་བོ་ནུས་པ་ལ་མ་རྙེད་པ་ཡིན་ནའང་། སེམས་དང་མཉམ་དུ་འབྲལ་མེད་དུ་འགྲོ་མཁན་གྱི་སྲོག་དེ་ནུས་པའི་ངོ་བོ་ཡིན་པ་ཞིག་ཏན་ཏན་དཔྱད་དོན་རྙེད་ཐུབ་ཀྱི་རེད་བསམ་གྱི་འདུག  དེ་རྙེད་པ་ཡིན་ན་ང་ཚོས་ཚན་རིག་པ་ལ་སྐྱེ་བ་སྔ་ཕྱི་སྒྲུབ་པ་ལ་ཧ་ཅང་སླ་རུ་འགྲོ་རྒྱུ་རེད།

དྲི་བ།   རྒྱ་གར་གྱི་མཁས་དབང་དམ་པ་ཇེ་ཀྲྀཥྞམཱུརྟཱི་ལ་སོགས་པའི་མཁས་དབང་མང་པོ་ཞིག་གིས་ཁང་པ་གྲུ་བཞི་ཞིག་གི་ནང་ཤེས་ཡོན་སྦྱངས་པ་དེ་དོན་དམ་པའི་ཤེས་ཡོན་ཞིག་མིན་པ་དང་། དེ་ལས་ལྷག་པ་ཕྱི་ལ་འགྲོ་ནས་རང་བྱུང་ཁམས་ཀྱི་ཐོག་ནས་ཤེས་ཡོན་ངོ་མ་རག་རྒྱུ་ཡོད་པ་ཞིག་གསུངས་ཀྱི་འདུག དེའི་ཐོག་ཏུ་རིན་པོ་ཆེས་དགོངས་ཚུལ་གང་འདྲ་ཡོད་དམ། རང་བྱུང་ཁམས་དེ་ཚོ་སྲོལ་རྒྱུན་གྱི་སློབ་སྦྱོང་ཆགས་ཀྱི་རེད་དམ། ཡང་ན་དེང་དུས་ཀྱི་སློབ་སྦྱོང་ཆགས་ཀྱི་རེད།

བཀའ་ལན།  ཁྱེད་རང་གིས་ཀྲྀཥྞམཱུརྟཱིའི་དེབ་ག་རེ་བཀླགས་པ་ཡིན་ནམ།  ཀྲྀཥྞམཱུརྟཱིས་གསུངས་པ་དེ་དེབ་ནང་ནས་མཐོང་ངམ། ཡང་ན་གཞན་ནས་གོ་བ་རེད། (ཅེས་བཀའ་འདྲི་གནང་སྐབས། སློབ་ཕྲུག་དེས་དེབ་ཀྱི་མིང་བརྗེད་འདུག གཞན་ནས་གོ་སོང་ཞེས་ཞུས།) ཇིདྡུ་ཀྲྀཥྞམཱུརྟཱིས་གསར་འཛུགས་བྱས་པའི་གཞི་རིམ་སློབ་ཁག་གི་ནང་ལ་སློབ་སྦྱོང་བྱེད་སྟངས་དེ་རྒྱ་གར་སྤྱི་ཡོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་སློབ་སྦྱོང་བྱེད་སྟངས་དང་དགའ་རབ་མི་འདྲ་བ་རེད། འཛིན་གྲྭ་གསུམ་བཞིའི་སློབ་མ་དེ་དག་འཛིན་གྲྭ་གཅིག་གི་ནང་མཉམ་དུ་སྡོད་ཀྱི་རེད། དགེ་རྒན་གྱིས་སློབ་ཚན་སྔོན་ཚུད་ནས་གྲ་སྒྲིག་བྱས་ནས་ཏག་ཏག་བསླབ་རྒྱུ་ཞིག་གང་ཡང་མེད། ཕྲུ་གུ་ཚོའི་མཉམ་དུ་སྐད་ཆ་འདྲ་བཤད་པ་དང་། རྩེད་མོ་འདྲ་རྩེད་པ། མང་ཆེ་བ་ཕྱི་ལ་འཆམ་འཆམ་ཕྱིན་ནས་ཤིང་ནགས་དང་། མེ་ཏོག་དང་། ལྡུམ་རྭ་དང་། སྐྱེད་ཚལ་དང་། འབབ་ཆུ་དང་། དེ་བཞིན་རི་དྭགས་དང་། སྲོག་ཆགས་དང་། སྦྲང་མ་དང་། ཕྱེ་མ་ལེབ་ལ་སོགས་པ་དེ་ཚོ་ལ་བལྟ་རྒྱུ་དང་། དེ་ཚོའི་སྐོར་ལ་རྟོག་ཞིབ་བྱེད་རྒྱུ།  དཔེར་ན་མྱུ་གུ་ཞིག་སྐྱེ་བའི་སྐབས་སུ་ཐོག་མར་གང་འདྲ་སྐྱེ་གི་འདུག   ཡར་རྒྱས་གང་འདྲ་འགྲོ་གི་འདུག  ཟླ་བ་ནས་ཟླ་བ་ཕྱིན་པའི་སྐབས་སུ་གང་འདྲ་བྱས་ནས་ཡར་ལོང་གི་འདུག་བལྟ་རྒྱུ་རེད། བདག་ཉིད་ཆེན་པོ་གཱཾདྷཱིའི་གཞ་རིམ་ཤེས་ཡོན་ (བུནིཡཱདཱི་ཏཱལཱིམ་) ནང་ལ་སློབ་སྦྱོང་གང་འདྲ་སྤྲད་པ་ཡིན་ནའང་སློབ་སྦྱོང་སྤྲད་པའི་གཞི་རྩ་ལ་ལག་ཤེས་སམ་བཟོ་ལས་ཤིག་བཟུང་སྟེ། སྐུད་པ་འཁེལ་རྒྱུ་ཡིན་ནའང་རེད། འཐག་འཐག་རྒྱུ་ཡིན་ནའང་རེད། ཤིང་བཟོ་བྱེད་རྒྱུ་ཡིན་ནའང་རེད། དེ་དག་ཆ་ཚང་བཟོ་ལས་གང་ཡང་རུང་བ་ཞིག་གི་བརྒྱུད་ནས་སློབ་ཀྱི་ཡོད་རེད།

དཔེར་ན། ས་ཞིང་འདེབས་ལས་ལྟ་བུ་ཡིན་ན། ས་ཞིང་དེའི་ས་ཆའི་གནས་བབས་དང་། སྦྱར་ལུད་དང་རྫས་ལུད་བཟོ་རྒྱུ། སོན་ལ་བརྟག་དཔྱད་བྱེད་རྒྱུ། སོན་བདག་ཉར་བྱེད་རྒྱུ་ལ་སོགས་པ་དེ་ཚོ་དང་མཉམ་དུ་ཚན་རིག་གི་གནས་ཚུལ་ (Chemistry and physics) མང་པོ་ཞིག་སློབ་ཀྱི་ཡོད་རེད། དེ་བཞིན་འཐག་འཐག་རྒྱུ་དང་སྐུད་པ་འཁེལ་རྒྱུ་ལྟ་བུ་ཡིན་ན། ཐོག་མར་བལ་གང་ནས་ཡོང་གི་ཡོད་པ་དང་།  བལ་དེ་ཇི་ལྟར་བཀྲུ་དགོས་པ། ཇི་ལྟར་སྐམ་དགོས་པ། ཇི་ལྟར་གསེད་དགོས་པ། ཇི་ལྟར་སྐུད་པ་འཁེལ་དགོས་པ། ཇི་ལྟར་འཐག་བཏགས་དགོས་པ། རི་མོ་གང་འདྲ་འབྲི་དགོས་པའི་ཐོག་ལ་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་གནས་ཚུལ་མང་པོ་ཞིག་མཐའ་སྐོར་རི་སྐོར་བྱས་ནས་སློབ་རྒྱུའི་གནས་སྟངས་ཤིག་ཡོད་རེད། འོན་ཀྱང་དེ་ནི་སློབ་སྦྱོང་གི་ཐབས་ལམ་ཞིག་རེད་མ་གཏོགས། སློབ་སྦྱོང་ཚང་མ་དེའི་ནང་ལ་འདུས་ཐབས་མེད། ཨང་རྩིས་ལྟ་བུ་ཡིན་ན། ཨང་རྩིས་ཀྱི་གཞི་རིམ་འགྲོ་སྟངས་དེ་སློབ་དགོས་རེད་མ་གཏོགས། རང་བཞིན་གྱིས་ཤེས་ཡོང་རྒྱུ་མེད། དེ་བཞིན་ཚན་རིག་གཙང་མ་རྣམས་སློབ་སྐབས་དེ་དག་གི་གྲུབ་མཐའ་སློབ་དགོས་ཀྱི་རེད།

ད་ལྟ་ཁྱེད་རང་གི་དྲི་བ་དེ་ཀྲྀཥྞམཱུརྟཱིས་རང་བྱུང་ཁམས་དང་བསྟུན་ནས་སློབ་སྦྱོང་བྱེད་ཚུལ་གསུངས་པ་དེ་སྲོལ་རྒྱུན་རེད་དམ་དེང་རབས་རེད་ཅེས་གསུང་ན། དེ་ནི་བརྒྱ་ཆ་བརྒྱ་ཐམ་པ་སྲོལ་རྒྱུན་རེད། དེང་རབས་ཀྱིས་རང་བྱུང་ཁམས་དང་ཐག་རིང་དུ་གཏོང་བ་དང་། རང་བྱུང་ཁམས་ལ་རྩིས་མེད་གཏོང་བའི་བསམ་ཚུལ་ཞིག་མ་གཏོགས། རང་བྱུང་ཁམས་ལ་གུས་ཞབས་དང་བརྩེ་གདུང་བྱེད་རྒྱུའི་བསམ་ཚུལ་གཅིག་ཀྱང་མེད། དེང་རབས་ཀྱི་བསམ་བློ་གཏོང་སྟངས་གང་འདྲ་རེད་ཅེ་ན། རང་བྱུང་གི་འབྱུང་བ་དེ་མིས་ག་རེ་བཟོས་བཟོས་ཡིན་བསམ་གྱི་ཡོད་རེད། འབྱུང་བ་ལ་དབང་བསྒྱུར་རྒྱུའི་བསམ་བློ་དེ་ཡོད་རེད། དཔེར་ན་གནམ་གཤིས་ཚ་པོ་ཡོད་ན་གྲང་གློག་བཏང་ནས་གྲང་མོ་བཟོ་རྒྱུ་དང་།  གནམ་གཤིས་གྲང་མོ་ཡོད་ན་ཚ་གློག་བཏང་ནས་ཚ་པོ་བཟོ་རྒྱུ།  གློག་མེད་ས་ལ་གློག་ཤུགས་འདོན་རྒྱུ།  རླུང་མེད་ས་ལ་རླུང་འཁོར་བསྐོར་རྒྱུ་སོགས་འབྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་དེ་མིས་ག་རེ་འདོད་འདོད་དབང་བསྒྱུར་བྱེད་རྒྱུ་དང་། ལྷག་པར་དུ་དེང་རབས་དང་དེང་རབས་ཀྱི་ཚན་རིག་པ་ཚོའི་བསམ་བློ་ནོར་འཁྲུལ་ཆེ་ཤོས་ཤིག་གང་རེད་ཅེ་ན། འབྱུང་བ་ལ་དབང་སྒྱུར་བྱེད་རྒྱུའི་བསམ་ཚུལ་དེ་རེད། འབྱུང་བ་ལ་དབང་བསྒྱུར་རྒྱུའི་བསམ་བློ་དེས་རང་བྱུང་འབྱུང་བ་དང་འཐབ་རྩོད་ཆེན་པོ་ཞིག་ལོ་བརྒྱ་ཕྲག་ཁ་ཤས་སྔོན་ནས་བྱུང་ཟིན་པ་རེད། དེའི་དབང་གིས་རང་བྱུང་འབྱུང་བའི་ཁོར་ཡུག་གི་གནས་སྟངས་དེ་བརྡལ་བཤིག་ལ་ཕྱིན་པ་རེད།  རང་བྱུང་འབྱུང་བས་སྤྱོད་པ་ཞིག་སློག་དུས་ཚན་རིག་པ་ང་ཡིན་ཟེར་མཁན་ཚོ་ལའང་བྱེད་རྒྱུ་གང་ཡང་མི་འདུག  ཁ་གདང་ནས་བསྡད་རྒྱུ་དེ་རེད།  རང་བྱུང་འབྱུང་བའི་ཁམས་དེ་དབང་བསྒྱུར་བྱེད་མི་ཐུབ་པ་དེ་གང་ནས་བལྟས་ཀྱང་གསལ་པོ་རེད།  ཟླ་བ་གཅིག་གི་སྔོན་དུ་བལ་ཡུལ་ལ་ས་ཡོམ་རྒྱག་དུས་ཚན་རིག་པ་ཚོ་ལ་ག་རེ་བྱེད་རྒྱུ་འདུག ཨ་མི་རི་ཀ་ལ་ཆུ་ལོག་རྒྱག་དུས་ཚན་རིག་པ་ཚོ་ལ་ག་རེ་བྱེད་རྒྱུ་འདུག  ཚང་མ་འཆི་རྒྱུ་ལས་བྱེད་རྒྱུ་གང་ཡང་མེད།

རང་བྱུང་འབྱུང་བ་དང་མཐུན་ལམ་བྱས་ནས་འགྲོ་རྒྱུའི་བསམ་ཚུལ་དེ་རང་བྱུང་འབྱུང་བ་དང་མཉམ་དུ་བསྡད་ནས་འབྱུང་བ་སྙོམས་པར་བྱེད་རྒྱུ་དེ་རེད།  དཔེར་ན་ང་རང་ཚོའི་ལུས་ཀྱི་གྲུབ་ཆ་ལ་མཚོན་ན། མིའི་ལུས་ཀྱི་གྲུབ་ཆ་དེ་འབྱུང་བ་བཞིའམ་འབྱུང་བ་ལྔ་ལས་གྲུབ་པ་ཞིག་རེད། འབྱུང་བ་དེ་དག་ཆ་སྙོམས་པའི་སྐབས་སུ་གཟུགས་པ་བདེ་ཐང་ཡོད་པ་དང་། འབྱུང་བ་དེ་དག་ཆ་མི་སྙོམས་པ་ཆགས་དུས་གཟུགས་པོ་མི་བདེ་བ་ཆགས་འགྲོ་གི་ཡོད།  གཟུགས་པོའི་ཆ་ཤས་སུ་གྲུབ་པའི་འབྱུང་བ་ལ་དབང་བསྒྱུར་བྱེད་རྒྱུ་ལ་སྨན་སོགས་རེ་ཟུང་གཏོང་རྒྱུ་ཡོད་རེད།  སྲོལ་རྒྱུན་ནང་དུ་ཡོད་ལ། དེང་རབས་ནང་ལའང་ཡོད། ཡིན་ཡང་དེ་ལ་བརྟེན་ནས་འདོད་པ་གང་ཡོད་ཀྱིས་ལུས་ཀྱི་ཁམས་སྙོམས་པར་བྱེད་ཐབས་གང་ཡང་མེད།  ལམ་འགྲོ་རྒྱུགས་ན་ཕན་ཐོགས་ཀྱི་རེད། ལམ་འགྲོ་མ་རྒྱུགས་ན་བྱེད་ཐབས་མེད། དེར་བརྟེན་རང་བྱུང་འབྱུང་བ་དང་ཐག་ཉེ་པོ་བསྡད་རྒྱུ་དང་། རང་བྱུང་འབྱུང་བའི་ཁྲིམས་སམ་རང་བྱུང་འབྱུང་བའི་འགྲོ་སྟངས་ལ་མིས་ཇུས་གཏོགས་མི་བྱེད་པ། དེའི་ནང་ལ་གང་བྱུང་མང་བྱུང་མ་དཀྲུགས་པར་བཞག་པ་ཡིན་ན། ཁོར་ཡུག་ཉམས་ཆགས་མེད་པར་གནས་ཀྱི་རེད་ལ། མི་དང་འབྱུང་བའི་དབར་ལའང་ཐག་ཉེ་རུ་འགྲོ་རྒྱུ་རེད། སྲོལ་རྒྱུན་ནང་འབྱུང་བ་དང་ཕྱིའི་སྣོད་ཀྱི་བཀོད་པ་ལ་རྨོངས་དད་ཡོད་པའི་སྐབས་སུ་ལྷ་ཡིན་པ་དང་། གནས་ཡིན་པ། རྩ་ཆེན་པོ་ཡིན་པའི་བསམ་ཚུལ་ཡོད་རེད། རྨོངས་དད་མེེད་པའི་སྐབས་སུ་དེ་དག་མིའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པ་ཞིག་ལ་ཆ་བཞག་ནས་རྒྱ་གར་ལྟ་བུ་ཡིན་ན་ས་གཞི་ལ་ཨ་མའི་འདུ་ཤེས་བཞག་གི་ཡོད།

རྒྱ་གར་ཙམ་མ་ཡིན་པར། ཨ་རིའི་ནང་དུ་ཡོད་པའི་གདོད་མའི་མི་དེ་ཚོས་འབྱུང་བ་ལ་ཧ་ཅང་རྩ་ཆེན་པོ་བརྩི་གི་རེད། ཁྱེད་ཚོ་ལོ་གཞོན་པའི་ནང་དྲྭ་རྒྱ་ལྟ་མཁན་དང་དབྱིན་ཇི་ཤེས་མཁན་མང་པོ་ཡོད་རེད། ཁྱེད་རང་ཚོས་དྲྭ་རྒྱའི་ནང་ཁ་ཤས་ངེས་པར་བལྟ་དགོས་པ་དེ་འདྲ་ཡོད་རེད། དཔེར་ན་ཅཱིཕ་སི་ཡ་ཊལ་ཡི་གེ་ ( Chief Seattle Letter) ཞེས་པ་ཕྱི་ལོ་ ༡༨༥༤ ལོར་བྲིས་པ་ཞིག་ཡོད་ཅིང་།  སྐབས་དེར་ཝ་ཤིང་ཊོན་གྱི་མགོ་ཁྲིད་ (Big Chief of Washington) ཀྱིས་ས་ཆ་བཙོང་དགོས་པའི་སྐོར་ལ་ཡི་གེ་བྲིས་པའི་ལན་དུ་སི་ཡ་ཊལ་མགོ་གཙོས་ (Chief Seattle) བྲིས་པ་དེ་རེད། དེ་ནི་ང་ཚོ་སྲོལ་རྒྱུན་པ་དེ་ཚོས་སློབ་ཚན་ནང་དུ་འཇོག་གི་རེད། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) ལྟ་བུ་ཡིན་ན་དེ་ནི་ཡང་ཡང་རང་གི་ཉི་ཧོང་གི་སློབ་ཕྲུག་རྣམས་ལ་སློབ་ཀྱི་རེད།  དེའི་ནང་ “I am a savage and do not understand.” (ང་གདོད་མའི་མི་རིགས་ཤིག་ཡིན། ངས་ཁྱེད་རང་གི་སྐད་ཆ་དེ་ཤེས་ཀྱི་མི་འདུག་) ཅེས་པའི་ཚིག་དེ་ཡང་ཡང་ལྡབ་སྐྱོར་བྱེད་ཀྱི་རེད།  ད་དུང་དེའི་ནང་ས་ཆ་བཙོང་དགོས་ཟེར་གྱི་ཡོད་རེད། ཆུ་རྒྱུན་བཙོང་དགོས་ཟེར་གྱི་ཡོད་རེད། ས་ཆ་དེ་ང་ལ་བཙོང་རྒྱུའི་དབང་ཆ་དེ་སུས་སྤྲད་པ་རེད་དམ། ཁྱེད་རང་ལ་ཉོ་རྒྱུའི་དབང་ཆ་དེ་སུས་སྤྲད་པ་རེད་དམ། གལ་ཏེ་ཁྱེད་རང་གིས་ང་ལ་ངའི་ཨ་མ་བཙོང་དགོས་ཟེར་ན་ཨ་མ་བཙོང་རྒྱུའི་དབང་ཆ་དེ་ང་ལ་ཡོད་རེད་དམ། དེ་ཚོ་ཁྱེད་རང་ཚོ་ཡར་རྒྱས་ཕྱིན་པའི་མིས་ཧ་གོ་གི་ཡོད་ཀྱི་རེད་མ་གཏོགས། ང་གདོད་མའི་མི་རིགས་ཤིག་ཡིན་སྟབས་ངས་ཤེས་ཀྱི་མི་འདུག་ཅེས་བྲིས་ཡོད། ཚིག་དེ་ང་ལ་ཧ་ཅང་སྙན་པོ་ཚོར་གྱི་ཡོད། ངས་སྐབས་རེེ་ནུབ་ཕྱོགས་སུ་ང་གདོད་མའི་མི་རིགས་ཡིན། བྱས་ཙང་ངས་ཤེས་ཀྱི་མི་འདུག་ཅེས་བཤད་ཀྱི་ཡོད། བསམ་བློའི་འགྲོ་ཕྱོགས་ཐ་དད་ཡིན་སྟབས་ཤེས་ཐབས་རྩ་བ་ནས་མེད།  དེང་རབས་ཀྱི་མི་ཚོའི་བསམ་བློའི་ནང་ས་གཞི་དང་། ཆུ་རྒྱུན། འབྱུང་བ་རྣམས་སྒེར་བདག་ཅན་ཡིན་པ་ཞིག་མཐོང་གི་ཡོད་རེད།  དེ་ལ་བཙོང་རྒྱུ་ཡོད་རེད་ལ། ཉོ་རྒྱུ་ཡོད་རེད། རྒྱ་གར་ནང་ཆ་བཞག་པ་ཡིན་ནའང་རྒྱ་གར་གྱི་རི་རྒྱུད་ལ་ཡོད་པའི་ཆུ་བོ་ཕལ་ཆེ་བ་བཙོངས་ཟིན་པ་རེད། དེས་ན་བཙོང་རྒྱུ་དང་ཉོ་རྒྱུའི་སྐད་ཆ་བཤད་དུས་རང་བྱུང་འབྱུང་བ་ལ་དངོས་རྫས་ཀྱི་འདུ་ཤེས་དང་། བདག་པོ་ཡོད་པའི་འདུ་ཤེས་ཤིག་མ་གཏོགས། རང་བྱུང་ཁམས་ཀྱི་གནས་སྟངས་ཡིན་པ་ཞིག་མཐོང་གི་མེད། དེར་བརྟེན་རང་བྱུང་འབྱུང་བའི་ཁམས་དང་ཉེ་པོ་སྡོད་པའི་སློབ་ཚན་ཚང་མ་ངེས་པར་དུ་སྲོལ་རྒྱུན་གྱི་སློབ་ཚན་ནང་བརྩི་དགོས། ཞེས་གསུངས།

(༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༤ དང་ ༡༥ ཉིན་གཉིས་ལ་ཚོགས་ཐེངས་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་སྲོལ་རྒྱུན་དང་དེང་རབས་སྐོར་གསུང་བཤད་གནང་བ་ལས་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཐབས་ལམ་སྐོར་ཡིན། གསུང་བཤད་ཡིག་འབེབས་པ་ནི་སེར་བྱེས་ཧ་གདོང་ཁམས་ཚན་གྱི་བློ་བཟང་མཁས་མཆོག་ཡིན།)