༈ མྱུར་བྱོན་གསོལ་འདེབས་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།
༄༅།། མཁྱེན་བརྩེའི་བདག་ཉིད་དུས་གསུམ་རྒྱལ་བ་དང་།། དེ་སྲས་བྱང་སེམས་ཉན་རང་སློབ་མར་བཅས།། བདག་ཅག་གདུང་བའི་སྨྲེ་ངག་འདིར་དགོངས་ལ།། ཡིད་སྨོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ངག་གི་དཔལ་ཡོན་སྡེ་སྣོད་ལུང་གི་ཚོགས།། དབང་འབྱོར་གཟུངས་སྤོབས་ལམ་དང་འགོག་པའི་ཆོས།། བློ་ལྡན་གདུལ་བྱའི་གསོས་སུ་བསྐྱངས་པའི་མགོན།། བཟང་པོའི་བརྟུལ་ཞུགས་འཛིན་ལ་གསོལ་བ་འདེབས།།
སྙིགས་མ་ལྔ་ཡི་དུས་ཀྱི་མུན་པ་ཡིས།། སྐྱེ་འགྲོའི་བདེ་སྐྱིད་སྣང་བ་ཡོངས་འཕྲོག་ཅིང་།། བླང་དོར་ལམ་ཕྱོགས་སྟོར་བའི་གནས་སྐབས་འདིར།། མགོན་ཁྱོད་ཞི་བར་མནལ་བ་ཅང་ཕོད་དམ།།
རིང་ནས་ལས་དང་སྨོན་པས་ཡོངས་འབྲེལ་བའི།། ཉམ་ཐག་མགོན་མེད་ལྗོངས་འདིའི་འགྲོ་བ་རྣམས།། སྐྱོང་བའི་ཐུགས་བསྐྱེད་གཡར་དམ་ཉེར་དགོངས་ལ།། མཆོག་སྤྲུལ་ཞལ་བཟང་མྱུར་དུ་བསྟན་དུ་གསོལ།།
སྔོན་གོམས་ལེགས་བྱས་ཀུན་མཐོང་ཡངས་པའི་ངོགས།། མཚན་དཔེའི་ཆ་ཤས་རྫོགས་པའི་བསིལ་ཟེར་ཅན།། སྙིགས་འགྲོའི་ཀུན་རྨོངས་ཚ་གདུང་གཞིལ་བའི་སླད།། མཆོག་སྤྲུལ་ཟླ་གཞོན་གསར་པ་མྱུར་བྱོན་ཤོག།།
བྱམས་བརྩེའི་ཁོ་ལག་རྫོགས་པའི་རྟ་ལྗང་གིས།། ལེགས་དྲངས་མཁས་བཙུན་བཟང་པོའི་དཀྱིལ་འཁོར་རྒྱས།། འཆད་རྩོད་རྩོམ་པའི་འོད་སྣང་འབུམ་འཕྲོ་བའི།། མཆོག་སྤྲུལ་སྣང་བྱེད་བདག་པོ་མྱུར་བྱོན་ཤོག།།
དྲི་བྲལ་ཁྲིམས་ཀྱི་ནོར་འཛིན་ཡངས་པའི་གཞིར།། རྨད་བྱུང་ཐུགས་བསྐྱེད་ས་བོན་ལས་འཁྲུངས་པའི།། གསན་བསམ་སྒོམ་པའི་ལོ་འབྲས་གཡུར་ཟ་བའི།། མཆོག་སྤྲུལ་ཡོངས་འདུའི་དབང་པོ་མྱུར་བྱོན་ཤོག།།
རྒྱ་ཆེན་གཞུང་ལུགས་ཐོས་པའི་ཆུ་གཏེར་ལས།། བསམ་སྒོམ་ནོར་བུའི་བང་མཛོད་འདྲེན་པ་ལ།། མཁས་ཚུལ་གསུམ་གྱི་བྱ་བར་བྱང་ཆུབ་པའི།། མཆོག་སྤྲུལ་སྐྱེ་རྒུའི་འདྲེན་པ་མྱུར་བྱོན་ཤོག།།
ཞི་དུལ་བག་ཡོད་སྤྱོད་པས་ཐུགས་རྒྱུད་གཏམས།། དེ་ཉིད་དོན་གཟིགས་སྨྲ་མཁས་བྱམས་བརྩེ་ལྡན།། གདུལ་བྱའི་དོན་ལ་ནམ་ཡང་མི་སྐྱོ་བའི།། མཆོག་སྤྲུལ་མཚན་ལྡན་བཤེས་གཉེན་མྱུར་བྱོན་ཤོག།།
ལས་དང་སྨོན་པས་འབྲེལ་བའི་སློབ་མའི་ཚོགས།། བརྩེ་ཆེན་ཐུགས་རྗེས་ནམ་ཡང་མི་འདོར་བར།། གོང་མའི་རྣམ་ཐར་གཙང་མ་ལེགས་སྐྱོང་བའི།། མཆོག་སྤྲུལ་དམ་པའི་གདུང་འཚོབ་མྱུར་བྱོན་ཤོག།།
རབ་འབྱམས་སྐྱབས་ཀྱི་ཕུང་པོའི་བྱིན་རླབས་དང་།། རྟེན་འབྱུང་རྒྱུ་འབྲས་མི་བསླུའི་བདེན་པའི་སྟོབས།། འགྱུར་མེད་ལྷག་བསམ་དྲི་མ་མེད་པའི་མཐུས།། སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག།།
ཅེས་པ་འདིའང་བསྟན་པའི་སྣང་བྱེད་༧སྐྱབས་རྗེ་གསེར་ཕྱེ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་ངག་དབང་བློ་བཟང་མཆོག་ཉེ་ཆར་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས་ཚུལ་བསྟན་སྐབས། བསྟན་འགྲོའི་དོན་དུ་ཡང་སྲིད་མཆོག་སྤྲུལ་འཁྲུལ་བྲལ་མྱུར་དུ་འབྱོན་སླད་མྱུར་བྱོན་གསོལ་འདེབས་ཤིག་འབྲི་དགོས་ཞེས་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་དང་། འབྲས་བློ་གླིང་ཚྭ་བ་ཁང་ཚན་ཐུན་མོང་ནས་བསྐུལ་མ་མཛད་པ་ལྟར། ཞི་བར་གཤེགས་པ་གསེར་ཕྱེ་རིན་པོ་ཆེ་དང་ཡུན་རིང་དམ་གཙང་རྡོ་རྗེའི་སྤུན་གྲོགས་སུ་གྱུར་པ་ཤཱཀྱའི་བཙུན་གཟུགས་ཟམ་གདོང་སྐྱེས་མིང་པས་སྨོན་འདུན་ཤུགས་དྲག་བཅས་ཤར་མར་བྲིས་པའོ།། །། (༢༠༢༢ ཕྱི་ཟླ་ ༨ ཚེས་ ༡༢ ཉིན་དགའ་ལྡན་ཕོ་བྲང་གི་གཟིམས་ཤག་ཏུ་བྲིས་པ་ཞིག་ཡིན།)