༈ མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་ཐོག་གསུང་བཤད་གནང་བ།
༄༅།། དེ་རིང་མཛད་སྒོའི་དམིགས་བསལ་སྐུ་མགྲོན་༧སྐྱབས་རྗེ་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། ཧིམཱཅལ་མངའ་སྡེ་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་བིཇཡ་མན་ཀོ་ཊི་ཡ་མཆོག བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་སོགས་མཛད་གཙོ་ལས་ཟུར་རྣམ་པ། གཞན་ཡང་འདིར་འཛོམས་པའི་མཁྱེན་ལྡན་ཚང་མར། ཐོག་མར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ ༢༠ འཁོར་བའི་དུས་སྟོན་དང་བསྟུན། མང་གཙོ་ཚོགས་པའི་མཛད་གཙོ་ཟུར་པ་རྣམ་པ་དང་། མཛད་གཙོ་ལས་ཐོག་རྣམ་པ་ཚང་མར་སྐྱབས་བཅོལ་བའི་མི་ཚེའི་ནང་ལོ་ ༢༠ རིང་བོད་མི་རིགས་དང་། སྤྱི་ཚོགས། ལྷག་པར་དུ་མང་གཙོའི་རིང་ལུགས་གོང་འཕེལ་ཆེད་མུ་མཐུད་འབད་བརྩོན་གནང་བར་ངས་སྙིང་ནས་རྗེས་སུ་ཡི་རངས་དང་། བསྔགས་བརྗོད། བཀྲིས་བདེ་ལེགས་བཅས་ཞུ་རྒྱུ་ཡིན།
མི་ཚེའི་ནང་ལོ་ ༢༠ ཟེར་བ་དེ་གཅིག་བྱས་ན་རིང་པོ་རེད། ཕྲུ་གུ་ཞིག་ལ་མཚོན་ན་དར་མ་ཆགས་ཟིན་པའི་དུས་ཡུན་རེད། ལོ་ ༢༠ སྔོན་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་འཛུགས་ཆེད་གངས་ཅན་སྐྱིད་གཤོངས་ནང་ཚོགས་འདུ་ཚོགས་པའི་སྐབས་ཀྱི་བྱུང་རིམ་དེ་དག་ངའི་བསམ་བློའི་ནང་ད་ལྟའང་གསལ་པོ་འདུག
སྐབས་དེ་དུས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། བོད་ནང་གི་གནས་སྟངས་རྣམས་ད་ལྟ་ལོ་ ༢༠ ཕྱིན་པའི་རྗེས་སུ་ཁྱོན་ཡོངས་ནས་འགྱུར་བ་གང་ཕྱིན་པའི་ཐོག་བསྡོམས་བརྒྱབ་རྒྱུ་དེ་ཧ་ཅང་ཁག་པོ་རེད། དཔེར་ན་ད་ལྟ་གཏམ་བཤད་ཞུ་མཁན་གྱི་གང་ཟག་འདི་ལ་མཚོན་ནའང་། སྐབས་དེ་དུས་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་མང་གཙོའི་གོ་རྟོགས། དེ་རིང་གི་བསམ་བློའི་འཁྱེར་ཕྱོགས་དང་མང་གཙོའི་གོ་རྟོགས་དབར་ཁྱད་པ་ཆེན་པོ་ཕྱིན་ཟིན། དེར་བརྟེན་ད་ལྟའི་གནས་སྐབས་སུ་ཆབ་སྲིད་ཚོགས་པ་གཅིག་གི་ལས་དོན་ཐོག་གཏམ་བཤད་ཆེད་ང་མགྲོན་འབོད་གནང་བ་དེ་གཅིག་བྱས་ན་ཏག་ཏག་བསྡད་མེད། གཅིག་བྱས་ན་ཁྱེད་རང་ཚོས་ངའི་བསམ་ཚུལ་ཆ་ཚང་མ་མཁྱེན་པ་ཡིན་སྲིད། ཡང་ན་ད་ལྟ་དམིགས་བསལ་སྐུ་མགྲོན་གྱིས་གསུངས་པ་བཞིན་བསམ་ཚུལ་འདྲ་མིན་སྣ་ཚོགས་གོ་བསྡུར་བྱེད་རྒྱུ་དེ་མང་གཙོའི་ལམ་སྲོལ་གྱི་ཆ་ཤས་ཤིག་ཡིན་པར་བརྟེན། བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་ཆེད་དུའང་ཡིན་སྲིད། དེར་བརྟེན་ང་རང་སྒེར་གྱི་བསམ་ཚུལ་དེ་སྦས་བསྐུང་མེད་པར་གསལ་པོ་ཞུ་རྒྱུའི་གོ་སྐབས་བླང་རྒྱུ་ཡིན།
དེ་རིང་ང་ལ་ “མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་” ཞེས་པའི་བརྗོད་གཞི་དེ་གནང་འདུག ཁྲིམས་ཀྱི་དབང་སྒྱུར་དང་མང་གཙོའི་རིང་ལུགས་གཉིས་སྒོར་མོ་གཅིག་གི་ཕྱོགས་གཉིས་ལྟ་བུ་རེད། ཁྲིམས་ཀྱི་དབང་སྒྱུར་མེད་ན་མང་གཙོའི་རིང་ལུགས་ཡོང་རྒྱུ་མེད་པ་དང་། མང་གཙོའི་རིང་ལུགས་མེད་ན་ཁྲིམས་ཀྱི་དབང་སྒྱུར་ཡང་དག་པ་ཡོང་མི་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད།
ཁྲིམས་ཀྱི་དབང་སྒྱུར་ཞེས་པའི་ཁྲིམས་ལའང་གནས་སྟངས་མང་པོ་ཞིག་ཡོད། རང་བཞིན་གྱི་ཁྲིམས་དང་། མིས་བཟོས་པའི་ཁྲིམས། ཆོས་ལུགས་དང་འབྲེལ་བའི་ཁྲིམས་སོགས་སྣ་ཚོགས་ཡོད་པའི་ནང་ནས་ད་ལྟའི་གནས་སྐབས་སུ་ཁྲིམས་ཀྱི་དབང་སྒྱུར་ཟེར་བ་དང་། ལྷག་པར་དུ་དྲང་བདེན་ཞེས་པ་དེ་མིས་བཟོས་པའི་ཁྲིམས་ལ་གཙོ་ཆེ་བ་གོ་གི་ཡོད།
ཡིན་ནའང་མིས་བཟོས་པའི་ཁྲིམས་དེ་ཡུལ་དུས་གནས་སྐབས་སྣ་ཚོགས་ལ་བལྟོས་ནས་བཟོ་བ་དང་། བཟོ་མཁན་དེའང་ཐམས་ཅད་མཁྱེན་པ་མིན་སྟབས། ཕྱོགས་ཡོངས་ཀྱི་གནས་ཚུལ་མ་རྟོགས་པ་དང་། བཟོས་པའི་རྗེས་སུའང་ཡང་ཡང་བསྐྱར་བཅོས་བྱེད་དགོས་པའི་གནས་སྟངས་ཡོང་སྲིད། ཆོས་དང་འབྲེལ་བའི་ཁྲིམས་ཀྱི་གནས་སྟངས་ལ་ཆ་བཞག་ནའང་། ནང་པའི་གཞུང་ལུགས་ནང་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྲ་ཞིང་ཕྲ་བ་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པ་ལས་སྐྱེ་བོ་ཕལ་པས་མི་རྟོགས་པས་རང་བཞིན་གྱི་ཁྲིམས་ཀྱི་གནས་སྟངས་དེ་སྐྱེ་བོ་ཕལ་པའི་བསམ་བློའི་རྒྱ་ལས་འགོངས་པ་ཡིན་པ་ཧ་ཅང་གསལ་པོ་རེད།
ཨིན་སྐད་དུ་ Law དང་ Morality ཞེས་པའི་ཚིག་གཉིས་དེང་སང་བགྲོ་གླེང་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད། Morality ལ་ཚུལ་ཁྲིམས་སམ་བཟང་སྤྱོད་ཅེས་བརྗོད་ཀྱི་ཡོད། ཚུལ་ཁྲིམས་དང་ཡུལ་གྱི་ཁྲིམས་ལུགས་གཉིས་དབར་ཁྱད་པར་གང་ཡོད་པ་དང་། འགལ་ཟླ་བྱུང་ན་གང་ལ་གཙོ་བོར་གཟུང་དགོས་ཀྱི་ཡོད་པ། ལྷག་པར་དུ་ད་ལྟའི་དུས་སྐབས་སུ་ཆོས་ལུགས་རིས་མེད་ཀྱི་སྐད་ཆ་དེ་ཧ་ཅང་ཤུགས་ཆེན་པོ་རེད། དེ་ནི་ཨིན་སྐད་དུ་ Secular ཟེར་བ་དེ་རེད། ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ནང་ཁྲིམས་བཟོའི་ལས་དོན་ཐོག་ཆོས་ཀྱིས་ཇུས་གཏོགས་བྱེད་ཀྱི་རེད་དམ་མ་རེད་ཟེར་བའི་དྲི་བ་དེ་ཧ་ཅང་ཤུགས་ཆེན་པོ་རེད། ངས་སྔོན་མ་རྒྱ་གར་གྱི་གནད་ཡོད་མི་སྣ་ཡོད་པའི་ཚོགས་འདུ་ཞིག་ཏུ་རྒྱ་གར་དེ་ཆོས་ལུགས་རིས་མེད་ (Secular) ཀྱི་རྒྱལ་ཁབ་མ་རེད་ཅེས་བཤད་མྱོང་། དེའི་རྒྱུ་མཚན་ནི། གལ་ཏེ་རྒྱ་གར་གྱི་ཡུལ་དེ་རྩ་ཁྲིམས་ཀྱི་སྔོན་གླེང་ནང་གསལ་བ་བཞིན་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་ན། ཁྲིམས་བཟོའི་ལས་དོན་ཐོག་ཆོས་ལུགས་ཀྱི་ཇུས་གཏོགས་རྩ་བ་ནས་མེད་པ་དགོས་ཀྱང་། ཆང་ས་དང་མཁར་དབང་བདག་ཐོབ་སོགས་གང་ཟག་བྱེ་བྲག་པའི་ཁྲིམས་ལུགས་བཟོ་བའི་སྐབས་སུ་ཁ་ཆེ་དང་ཁ་ཆེ་མ་ཡིན་པའི་ཆོས་ཀྱི་གཞུང་ལུགས་དེ་ཚོས་ཐེ་བྱུས་མང་པོ་བྱས་ཏེ་ཁྲིམས་ལུགས་ཐ་དད་བཟོ་གི་ཡོད།
དེར་བརྟེན་ཁྲིམས་ཀྱི་དབང་སྒྱུར་ཞེས་པའི་ཁྲིམས་དེ་བཅོས་མའི་ཁྲིམས་དང་རང་བཞིན་གྱི་ཁྲིམས་གཉིས་ལས་རང་བཞིན་གྱི་ཁྲིམས་ལ་གཙོ་བོར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཤེ་ན། རང་བཞིན་གྱི་ཁྲིམས་དེ་ཚུལ་ཁྲིམས་ལ་བརྟེན་པ་ཡིན། ཚུལ་ཁྲིམས་ཀྱི་གཞི་གཟུང་ས་ནི་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་དང་མ་ལྡོག་གི་རྣམ་གཞག་དེ་རེད། ནང་པ་ཙམ་མ་ཟད། ཆོས་ལུགས་གཞན་དག་མང་ཆེ་བ་ལའང་དེ་མཚུངས་རེད། དེར་བརྟེན་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་དེ་ཚུལ་ཁྲིམས་ཀྱི་རང་བཞིན་དང་། གཞན་གནོད་གཞི་དང་བཅས་པ་ལས་མ་ལྡོག་པའམ་དེ་དང་འབྲེལ་བ་ཡོད་པ་དེ་ཁྲིམས་འགལ་གྱི་རང་བཞིན་ལ་བརྩི་བའི་ཁྲིམས་ཀྱི་དབང་སྒྱུར་བྱུང་ན། དངོས་གནས་ཡང་དག་པའི་མང་གཙོ་མཐར་ཐུག་ཡོང་ཐུབ་ཀྱི་ཡོད་པ་དེ་ང་ཚོས་ཚོད་དཔག་བྱེད་ཐུབ།
ངས་ལོ་ ༢༠ སྔོན་གྱི་བསམ་ཚུལ་དང་། ད་ལྟའི་བསམ་ཚུལ་འདྲ་གི་མེད་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། བཅའ་ཁྲིམས་ཟིན་བྲིས་རྒྱག་པའི་སྐབས་དང་། དེའི་གཡས་གཡོན་གྱི་དུས་ཚོད་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལག་ལེན་བསྟར་བཞིན་པའི་མང་གཙོའི་ལམ་སྲོལ་དེ་ཚད་དང་ལྡན་པའམ་ཡང་དག་པའི་མང་གཙོའི་ལམ་སྲོལ་གཙང་མ་ཞིག་ཆགས་ཀྱི་མེད་ཅེས་གསུང་མཁན་མང་པོ་རེད། གསུང་མཁན་དེ་ཚོའི་རྒྱུ་མཚན་གཙོ་བོ་གཉིས་རེད། དང་པོ་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་རེད། ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་ཕྱིན་ན་མང་གཙོའི་རིང་ལུགས་ཚད་ལྡན་ཡོང་གི་མེད་པ་དང་། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་བར་ཆོས་ལུགས་རིས་མེད་ངེས་པར་དུ་དགོས་པའི་ལྟ་ཕྱོགས་ཤིག་ཡོད་པ་རེད། ལོ་ ༢༠ སྔོན་དུ་ལྟ་ཕྱོགས་དེར་ངས་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་བྱེད་ཀྱི་མེད་ནའང་། དེ་ལ་ཕྲན་བུའི་རྒྱུ་མཚན་ཡོད་པ་ཞིག་སྐབས་དེ་དུས་མཐོང་གི་ཡོད། གཉིས་པ་ནི་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་མེད་པའི་སྤྱི་ཚོགས་ནང་མང་གཙོ་ཡང་དག་པ་ཡོང་རྒྱུ་མེད་ཅེས་བཤད་ཀྱི་ཡོད། Multi-party system དེ་མང་གཙོ་ཡང་དག་ཡོང་བར་སྐས་འཛེགས་དང་པོ་ལྟ་བུར་བརྩི་གི་ཡོད། དེར་བརྟེན་སྐབས་དེར་ངའི་བསམ་ཚུལ་ལའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་བྱུང་ན། བོད་པའི་མང་གཙོའི་འཕེལ་རིམ་ལ་ཏན་ཏན་ཞབས་འདེགས་འགྲོ་རྒྱུ་རེད་སྙམ་པའི་བསམ་ཚུལ་འཁྱེར་མྱོང་ཡོད།
ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་དེ་ཐོག་མར་ཤར་གླིང་ཨེ་ཤི་ཡའི་ནང་མང་གཙོར་འགྲོ་མཁན་རྒྱལ་ཁབ་མང་པོའི་ནང་ལམ་ལྷོང་བྱུང་མེད། ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནང་གཅིག་བྱས་ན་མགོ་སྟོད་དེར་ཕན་ཐོགས་ཆེན་པོ་དང་ལམ་ལྷོང་བྱུང་ཡོད་ཀྱི་རེད། ད་ལྟའི་གནས་སྐབས་སུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་ལའང་ཆབ་སྲིད་ཀྱི་ཤོག་ཁག་གཉིས་དང་། ཆབ་སྲིད་ཤོག་ཁག་མང་པོ་ཡོད་པ་གཉིས་ཀའི་ཚོད་བལྟ་དེ་ཆ་ཚང་ཟིན་པའི་སྐབས་ཤིག་རེད། སྤྱིར་ཆབ་སྲིད་ཀྱི་ཤོག་ཁག་གཅིག་གིས་སྲིད་དབང་བཟུང་ན་དེ་མང་གཙོ་མ་རེད་ཅེས་བརྗོད་རྒྱུ་སྟབས་བདེ་པོ་རེད། དེ་ནི་གཅིག་སྡུད་དབང་འཛིན་གྱི་རིང་ལུགས་ཡིན་པ་ཧ་ཅང་གསལ་པོ་རེད། ཡིན་ནའང་ཆབ་སྲིད་ཀྱི་ཤོག་ཁག་གཉིས་སམ་གཉིས་ལས་མང་བ་མེད་ན་མང་གཙོའི་རིང་ལུགས་ཡང་དག་པ་མི་ཡོང་ཞེས་པ་དེ་དཔྱད་གཞི་ཞིག་རེད་འདུག རིམ་པས་སློབ་སྦྱོང་དང་ཉམས་མྱོང་བསགས་པའི་སྐབས་སུ་དེ་འདྲ་ཞིག་གི་ཐོག་ཏུ་བབས་ཀྱི་འདུག
བདག་ཉིད་ཆེན་པོ་གཱཾདྷཱིས་རྒྱ་གར་རང་དབང་རྩོད་ལེན་གནང་བའི་སྐབས་སུ་རང་བཙན་གྱི་ཚིག་བེད་སྤྱོད་མ་གནང་བར་རང་དབང་གི་ཚིག་བེད་སྤྱོད་གནང་བ་རེད། རང་བཙན་ཞེས་པ་ནི་ Independence དང་། རང་དབང་ཞེས་པ་ནི་སྭཱརཱཇ་ (Swaraj) རེད། ཕྱི་ལོ་ ༡༩༠༩ ལོར་ལྗགས་རྩོམ་གནང་བའི་ཧིནྡ་སྭཱརཱཇ་ (Hindi Swaraj) ཞེས་པའི་ཕྱག་དེབ་ནང་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ཤོག་ཁག་གཉིས་སམ་མང་པོ་ཡོད་པའི་གྲོས་ཚོགས་རིང་ལུགས་ཀྱི་མང་གཙོ་དེ་ཡང་དག་པའི་མང་གཙོ་ཡོང་ཐབས་མེད་ཅེས་ཚིག་ཐག་ཆོད་པོས་གསུངས་ཡོད། བོད་རིགས་ན་གཞོན་ཚོས་གཱཾདྷཱིའི་ཧིནྡསྭཱརཱཇ་ལྗགས་ཀློག་གནང་ན་ཡག་པོ་ཡོད། དེ་ནི་བོད་སྐད་དང་། ཧིནྡཱི། ཨིན་ཇི་སོགས་སྐད་རིགས་མང་པོའི་ནང་ཡོད། ངས་ཕྱག་དེབ་དེ་ལྗགས་ཀློག་གནང་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་དེ་བོད་རིགས་ན་གཞོན་ཚོས་གཱཾདྷཱིའི་དགོངས་ཚུལ་ལ་མཐའ་གཅིག་ཏུ་མོས་མཐུན་གནང་དགོས་ཞེས་ཞུ་གི་མེད། གཱཾདྷཱིའི་དགོངས་ཚུལ་དེ་རླབས་ཆེན་གྱི་དགོངས་ཚུལ་ཞིག་རེད། དེ་ལྟ་བུའི་རླབས་ཆེན་གྱི་དགོངས་ཚུལ་ལ་མོས་མཐུན་མ་བྱས་པར་དགག་བྱ་བྱེད་པ་ཡིན་ནའང་། སོ་སོས་བཀོད་རྒྱུའི་རྒྱུ་མཚན་ཞིག་བསམ་བློ་གཏོང་དགོས་པ་རེད། དེ་བཞིན་མོས་མཐུན་བྱས་པ་ཡིན་ནའང་། རྒྱུ་མཚན་ཤེས་པའི་ཐོག་ནས་མོས་མཐུན་བྱེད་དགོས་པ་ཡིན། གཱཾདྷཱིའི་དགོངས་ཚུལ་ཁྱོན་ནས་མ་ཤེས་པར་དགག་བྱ་བྱེད་པའམ་ཁས་ལེན་བྱེད་པ་གཉིས་ཀ་བྱབ་ཆུང་རེད། དེ་ནས་ཕལ་ཆེར་ཕྱི་ལོ་ ༡༩༢༦ ནང་ཡིན་པ་ཡོད། མདྲཱས་ཀོང་རེ་སིའི་ཚོགས་ཆེན་སྐབས་སུ་གཱཾདྷཱི་མེད། དེའི་སྐབས་སུ་ཀོང་རེ་སིས་རང་བཙན་གྱི་གྲོས་ཆོད་བཞག་པ་རེད། གང་ལྟར་ནེཧརཱུས་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། གཱཾདྷཱིས་སྭཱརཱཇའམ་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད། དེ་ནས་གཱཾདྷཱིས་ཧརིཇན་ཞེས་པའི་གསར་ཤོག་ནང་ Swaraj verses Independence ཞེས་པའི་རྩོམ་ཡིག་རིང་པོ་ཞིག་བྲིས་ཡོད། དེ་ནི་གཱཾདྷཱིས་སྭཱརཱཇ་ཞེས་པའི་གོ་དོན་གང་ཡིན་པ་དང་། ཀོང་རེ་སིས་རང་བཙན་གྱི་གྲོས་ཆོད་བཞག་པ་དེའི་ཐོག་དགོངས་པ་མ་མཐུན་པའི་རྒྱུ་མཚན་རྣམས་གསལ་པོ་འཁོད་ཡོད། དེ་རྗེས་གཱཾདྷཱི་དང་ནེཧརཱུའི་དབར་ཡིག་འགྲུལ་མང་པོ་བྱུང་། དེ་ཚོ་ན་གཞོན་ཚོས་ངེས་པར་དུ་གཟིགས་དགོས།
ཆབ་སྲིད་ཀྱི་ཤོག་མང་པོའི་དགོས་མཁོ་ཇི་ལྟར་བྱུང་བ་བྱུང་རབས་ཀྱི་འཕེལ་རིམ་དང་བསྟུན་ནས་བསམ་བློ་བཏང་བ་ཡིན་ན། འགྲོ་བ་མིའི་སྤྱི་ཚོགས་ནང་མི་ཚང་མའི་ཁམས་དང་། བསམ་པ། མོས་པ། མངོན་འདོད་སོགས་གཅིག་པ་ཡིན་པའི་ངེས་པ་མེད། བོད་པའི་གཏམ་དཔེར། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པ་ལྟ་བུ་རེད། ཐོག་མ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྒྱལ་པོའི་རིང་ལུགས་ནས་མང་གཙོའི་རིང་ལུགས་སུ་འགྱུར་བ་འགྲོ་སྐབས་ཡུལ་མི་རྣམས་ཆབ་སྲིད་ཀྱི་ལས་དོན་ལ་འགན་ཁུར་གྱིས་ཆ་ཤས་བླང་དགོས་བྱུང་བ་དང་། དེ་དུས་བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཁ་ཐོར་ནས་ཡོད་པ་ཚང་མ་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱི་ལས་རིམ་དུ་ཚུད་ཐབས་དཀའ་བས། ལྟ་སྤྱོད་མཐུན་པའི་མི་རྣམས་མཉམ་རུབ་ཀྱིས་ཚོགས་སྡེའམ་ཤོག་ཁག་ (Party) ཅིག་ཆགས་ན་སྲིད་དོན་གྱི་བསམ་ཚུལ་དང་ལྟ་གྲུབ་དེ་ཚོ་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལས་རིམ་ནང་ལག་བསྟར་བྱ་རྒྱུ་དང་། མང་ཚོགས་སུ་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱ་རྒྱུར་སྟབས་བདེ་ཞིང་ནུས་པ་ཆེ་བ་ཡོང་རྒྱུར་མཐོང་ནས་བསམ་སྤྱོད་མཐུན་པའི་མི་རྣམས་མཉམ་རུབ་ཀྱིས་ཁོང་ཚོའི་ལྟ་གྲུབ་གང་ཡིན་དེའི་རྩ་འཛིན་བསྒྲགས་གཏམ་ (Manifesto) རེ་གཏན་འབེབས་བྱས་ནས་དེ་ལ་མོས་མཐུན་ཡིད་ཆེས་ཡོད་མཁན་རྣམས་མཉམ་འདུས་ཀྱིས་ཤོག་ཁག་བཙུགས་ཏེ་འོས་བསྡུའི་སྐབས་རང་གི་ཤོག་ཁག་གི་འོས་མི་གང་མང་གཞུང་གི་དབང་འཛིན་སྡེ་ཚན་དུ་སླེབས་ཐབས་བྱས་ཤིང་། སླེབས་ན་རང་རང་གི་ལྟ་གྲུབ་དང་སྲིད་བྱུས་དེ་དག་ལག་བསྟར་བྱེད་ཀྱི་ཡོད། དབང་འཛིན་སྡེ་ཚན་ནང་གྲངས་མང་མ་ཐོབ་པའི་ཤོག་ཁག་ཚོས་ཕྱོགས་འགལ་ཤོག་ཁག་གི་ངོ་བོར་གཞུང་གི་ལས་དོན་ལ་ཡོ་བསྲང་དང་། སྐྱོན་འདོན། བཏང་འཛིན་བྱ་རྒྱུའི་འགན་ཁུར་བྱེད་ཀྱི་ཡོད། དེ་འདྲའི་སྒོ་ནས་གཞི་རིམ་མང་ཚོགས་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལས་རིམ་འདྲ་མིན་གྱི་གོ་རྟོགས་དང་། ཞིབ་འཇུག གདམ་ག་བྱ་རྒྱུའི་གོ་སྐབས་བཟང་པོ་བསྐྲུན་རྒྱུ། གཞུང་གི་ལས་དོན་ལ་རྒྱུན་དུ་ཉེས་འགོག་ལེགས་སྤེལ་བྱ་རྒྱུ། མང་ཚོགས་ཀྱི་འཆར་སྣང་དང་མངོན་འདོད་རྣམས་ཆབ་སྲིད་ཀྱི་དབང་འཛིན་པའི་མདུན་དུ་མངོན་པར་གསལ་བར་བྱེད་མཁན་གྱི་བརྒྱུད་ལམ་ནུས་པ་ལྡན་པ་བཟོ་རྒྱུ་སོགས་ཀྱི་ཆེད་དུ་ཆབ་སྲིད་ཀྱི་ཤོག་ཁག་མང་བའི་མང་གཙོའི་ལམ་སྲོལ་གྱི་དགོས་མཁོ་དང་དར་རྒྱས་བྱུང་བ་རེད། ཡིན་ནའང་གོང་ཞུས་ཀྱི་དགོས་དམིགས་དེ་ཚོ་སྒྲུབ་ཐུབ་མཁན་གྱི་ཆབ་སྲིད་ཀྱི་ཤོག་ཁག་ཚད་ལྡན་ཡོང་བ་ལ་གཞི་རིམ་མང་ཚོགས་ཀྱི་བཟང་སྤྱོད་ཀྱི་གནས་ཚད་མཐོ་པོ་ངེས་པར་དུ་ཡོད་དགོས།
མིའི་བཟང་སྤྱོད་ཀྱི་གནས་ཚད་དམའ་པོ་ཡོད་པའི་སྤྱི་ཚོགས་དེ་ཚོའི་ནང་ཆབ་སྲིད་ཀྱི་ཤོག་ཁག་ཟེར་བ་དེས་གནས་ཚུལ་མང་པོའི་ཐོག་ཏུ་སྐྱོན་ཆ་དང་འགོག་རྐྱེན་བྱེད་ཀྱི་ཡོད། དེ་ཞིབ་ཚགས་པོས་ཞུ་རྒྱུའི་ད་ལྟ་གོ་སྐབས་མེད་ཀྱང་། ངས་ཕྱོགས་མཚོན་ཙམ་ཞུ་ན། ཇཡ་པྲཀཱཤ་ནཱརཱཡཎ་ (Jaya Prakash Narayan) རྒྱ་གར་གྱི་དབུ་ཁྲིད་གྲགས་ཅན་ཞིག་རེད། ང་ཚོ་བོད་པའི་ཐོག་ལའང་ཐུགས་ཁུར་ཆེན་པོ་ཡོད་མཁན་ཞིག་རེད། ཁོང་གིས་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་རིང་ལུགས་ (Party-less Democracy) ཞེས་པའི་དེབ་ཆུང་ཞིག་སྐུ་ཚེ་སྨད་ལ་སྐུ་གཟུགས་སྐྱོ་པོ་ཆགས་ཟིན་པ་དང་དགོངས་པ་རྫོགས་པའི་ལོ་གཅིག་ཙམ་གོང་དུ་བྲིས་གནང་ཡོད། དེའི་ནང་གང་གསུངས་ཡོད་ཅེ་ན། ཤར་གླིང་གི་རྒྱལ་ཁབ་ཚང་མའི་ནང་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་དེ་ལམ་འགྲོ་རྒྱུགས་པོ་བྱུང་མེད་ཅེས་རྒྱུ་མཚན་མང་པོ་བཀོད་ཡོད། ཁོང་གིས་བཀོད་པའི་རྒྱུ་མཚན་ཚང་མ་ཞུ་རྒྱུའི་ད་ལྟ་གོ་སྐབས་མེད་ཀྱང་། དཔེ་མཚོན་ཞིག་ང་རང་གི་ཉམས་མྱོང་ཐོག་ནས་ཞུ་ན། ངའི་ངོ་ཤེས་པ་ཐའེ་ཝན་གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཆེན་པོ་ (Professor) ཞིག་ཡོད། ང་གཉིས་ཝཱ་རཱ་ཎ་སཱིར་ཐེངས་གཅིག་ཐུག་པའི་སྐབས་སུ་ངས་ཁོ་རང་ལ་ད་ཆ་ཐའེ་ཝན་ལ་མི་གསོད་ཁྲག་སྦྱོར་མི་དགོས་པའི་ཐོག་ནས་ཡང་དག་པའི་མང་གཙོའི་ལམ་དུ་ཕེབས་ཐུབ་པ་རེད། ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་དོད་པ་རེད། ཧ་ཅང་ཡག་པོ་བྱུང་བ་རེད། བཀྲ་ཤིས་བདེ་ལེགས་ཡོད་ཅེས་ཞུས་པ་ཡིན། སྐབས་དེར་ཐའེ་ཝན་མང་གཙོར་འགྲོ་ཚར་ཙམ་རེད། འོན་ཀྱང་ཁོང་གིས་དུས་ཡུན་ཏོག་ཙམ་རིང་ལན་འདེབས་མ་གནང་བར་ཞལ་རས་ནག་པོ་བྱས་ནས་བཞུགས་སོང་། ང་ཡ་མཚན་པོ་ཞིག་བྱུང་། ཁོང་མང་གཙོ་ལ་མི་དགའ་མཁན་ཞིག་ཡིན་ནམ་བསམས་པ་ཞིག་བྱུང་། ཏོག་ཙམ་རྗེས་ཁོང་གིས་དབུགས་རིང་ཞིག་བཏང་ནས། ང་ཚོ་ལ་འོས་ཤོག་བླུག་རྒྱུ་དང་ཆབ་སྲིད་ཀྱི་ཤོག་ཁག་འགྲན་སྡུར་བྱེད་པའི་སྐབས་ཤིག་ལ་སླེབས་ཚར་བ་རེད། དེས་ང་ཚོར་ཡག་པ་བྱུང་ཡོད་དམ། ངན་པ་བྱུང་ཡོད་བཤད་ཐུབ་ཀྱི་མི་འདུག་ཅེས་གསུང་གི་འདུག ང་ཏོག་ཙམ་འདྲོགས་སོང་། ངས་དེ་ག་རེ་ཡིན་ནམ་ཞེས་དྲིས་པ་ཡིན། ཁོང་གིས་སྔ་མོ་ཡིན་ན་ཕྲན་བུ་གཉའ་གནོན་དང་བཙན་དབང་ཡོད་རེད། དོ་དམ་པོ་ཡོད་རེད། ཡིན་ནའང་མི་ཚང་མས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་རྐྱང་པར་བསམ་བློ་གཏོང་གི་རེད། ད་ལྟ་ང་ཚོ་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་ནང་སླེབས་པ་ཡིན་སྟབས། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན་དེ་གྲལ་རིམ་གཉིས་པར་ཟག་སྟེ། ཆབ་སྲིད་ཀྱི་ཤོག་ཁག་གི་ཁེ་ཕན་དེ་གྲལ་རིམ་དང་པོར་སླེབས་ཡོད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤོག་ཁག་དེའི་ཁེ་ཕན་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་ཐོག་བསམ་བློ་གཏོང་མཁན་མང་བ་ཆགས་དུས། ང་ལྟ་བུའི་རྒས་འཁོགས་མང་པོས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུང་གི་འདུག
ཇཡ་པྲཀཱཤ་ནཱརཱཡཎ་གྱིས་གསུང་རྒྱུའང་དེ་རང་རེད། ཧིནྡ་སྭཱརཱཇ་ནང་གཱཾདྷཱིས་ཆབ་སྲིད་ཀྱི་ཤོག་ཁག་མང་བའི་གྲོས་ཚོགས་ལམ་ལུགས་ལ་ཚིག་ངན་པ་ཞིག་བེད་སྤྱོད་གནང་ཡོད། དེ་བེད་སྤྱོད་གནང་དགོས་པའི་རྒྱུ་མཚན་དེ་ད་ལྟ་རྒྱ་གར་རང་བཙན་བྱུང་ནས་ལོ་ ༦༨ ཕྱིན་པའི་ཉམས་མྱོང་ལས་ཧ་ཅང་གསལ་རྟོགས་ཐུབ།
རྒྱ་གར་རང་བཙན་བྱུང་བའི་རྗེས་སུ་རྩ་ཁྲིམས་ཧ་ཅང་ཡག་པོ་ཞིག་བཟོས་ཡོད། རྒྱ་གར་གྱི་རྩ་ཁྲིམས་ནང་རིགས་དང་རུས་ཀྱི་དབྱེ་བ་མེད་པ་དང་། ཆོས་ལུགས་ཀྱི་དབྱེ་བ་མེད་པ། དབུལ་ཕྱུག་གི་དབྱེ་བ་མེད་པ་སོགས་ཚང་མར་འདྲ་མཉམ་ཡོང་བའི་གནས་ཚུལ་མང་པོ་བཀོད་ཡོད་ཀྱང་། ད་ལྟ་རྒྱ་གར་ནང་རིགས་ཀྱི་དབྱེ་བ་ཕྱེ་བའི་ལམ་སྲོལ་དེ་ད་དུང་རྩ་མེད་ཕྱིན་མེད་ལ། དེ་བཞིན་དབུལ་ཕྱུག་གི་དབྱེ་བ་དང་། སྐད་ཡིག་གི་དབྱེ་བ་སོགས་ཀྱང་རྩ་མེད་དུ་འགྲོ་མེད་པ་མ་ཟད། ད་དུང་སྔར་ལས་གསལ་བ་དང་དམ་པ་ལྟ་བུ་ཆགས་བསྡད་ཡོད། དེ་ནས་ཆོས་ལུགས་ཁག་གིས་ཆབ་སྲིད་ཐོག་ཇུས་གཏོགས་བྱེད་རྒྱུ་དང་། ཆོས་ལུགས་ཆབ་སྲིད་ནང་བེད་སྤྱོད་བཏང་ནས་སྤྱི་ཚོགས་ནང་དབྱེ་བ་ཕྱེ་རྒྱུ་དེ་ཧ་ཅང་མང་དུ་ཕྱིན་ཡོད། དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་པ་མ་ཟད། ལྐོག་ཟ་རུལ་སུངས་དེ་དག་ཁྲིམས་མཐུན་བཟོ་བའི་ལམ་ཡང་བཙལ་བདེ་རུ་ཕྱིན་ཡོད། དེ་ཚོ་ཚང་མ་གང་ལ་ཐུག་ཡོད་ཅེ་ན། Swaraj verses Independence ནང་གཟིགས་ན་གསལ་པོ་ཆགས་ཐུབ། ད་ལྟའི་གནས་སྐབས་སུ་སོ་སོའི་ཆབ་སྲིད་ཀྱི་ཤོག་ཁག་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོར་བཟུང་ནས་ཕྱག་ལས་གནང་བ་ཡིན་སྟབས། དེའི་དབང་གིས་རིགས་དང་རུས་ཀྱི་དབྱེ་བ་དེ་ཚོའང་འོས་ཤོག་བླུག་མཁན་གྱི་བང་མཛོད་ (Vote Bank) ཅིག་ཏུ་བཟོ་ཐུབ་ཀྱི་ཡོད་ལ། དེ་བཞིན་ཆོས་ལུགས་དང་། སྐད་ཡིག ས་ཁུལ་ཐོག་ནས་ཀྱང་བཟོ་ཐུབ་ཀྱི་ཡོད། དེ་ཚོ་ཚང་མ་ང་ཚོས་ཧ་ཅང་གསལ་རྟོགས་ཐུབ་ངེས།
ལྐོག་ཟ་རུལ་སུངས་རླབས་ཆེན་པོ་དེ་ཚོ་མང་ཆེ་བ་ཆབ་སྲིད་ཀྱི་ཤོག་ཁག་གི་མཐུན་རྐྱེན་ནང་བཏང་ནས་ཚང་མ་ཐར་འགྲོ་གི་ཡོད། གང་ལྟར་ཆབ་སྲིད་ཀྱི་ཤོག་ཁག་གི་དཔལ་འབྱོར་འདུ་འགོད་ཁ་ལ་འཁྱེར་ནས་བློ་ཡུལ་ལས་འདས་པའི་ལྐོག་ཟ་རུལ་སུངས་བྱེད་ཐུབ་པའི་གནས་སྟངས་ཡོང་གི་ཡོད། དེར་བརྟེན་ཇཡ་པྲཀཱཤ་ནཱརཱཡཎ་དང་། ལྷག་པར་དུ་གཱཾནྡཱིའི་ཧིནྡ་སྭཱརཱཇའི་འགྲེལ་པ་ལྟ་བུ་ཨཱཅཱརྱ་བིནོབཱ་བྷཱབེས་ (Acharya Vinoba Bhave) བརྩམས་པའི་རང་དབང་གི་བསྟན་བཅོས་ (Swaraj Shastra) ཞེས་པའི་ནང་རྒྱས་བཤད་ལྟ་བུ་གནང་ཡོད། རང་དབང་གི་བསྟན་བཅོས་ཀྱི་ཚིག་དེ་བསྟན་བཅོས་ཀྱི་ཚིག་ཡིན་དུས་ཕྲན་བུ་མཁྲེགས་པོ་རེད།
གང་ལྟར་བསྡོམས་བརྒྱབས་ནས་ཞུ་ན། ད་ལྟ་འཇིག་རྟེན་འདིའི་ཐོག་མངོན་པར་མི་གསལ་བའི་འཐབ་རྩོད་ཤུགས་ཆེན་པོ་ཞིག་ཡོད། དེ་ནི་དེང་རབས་དང་སྲོལ་རྒྱུན་གཉིས་དབར་གྱི་འཐབ་རྩོད་རེད། དེང་རབས་ནི་ Modern ཞེས་པ་དེ་རེད། དེ་རབས་ལའང་ཆེས་དེང་རབས་ (Ultra-Modern) དང་། དེང་རབས་གོང་མ་ (Post Modern) ཡོད། ང་ཚོ་དེང་རབས་གོང་མའི་ནང་ཡོད་མདོག་བྱེད་ཀྱི་ཡོད་པ་རེད།
སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་དབར་ལ་གཞི་རིམ་གྱི་འགལ་ཟླ་ལྔ་ཙམ་ཡོད། དང་པོ་ནི་ལུས་སེམས་སྐོར་རེད། སྲོལ་རྒྱུན་ནང་ལུས་སེམས་གཉིས་འདྲ་མཉམ་བརྩི་ཞིང་། ཇི་ཙམ་ལུས་ལ་གསོ་སྐྱོང་དགོས་པ་དེ་ཙམ་སེམས་ལའང་གསོ་སྐྱོང་དགོས་ཀྱི་ཡོད། དེང་རབས་ནང་ལུས་གཅིག་པུར་གཙོ་བོ་གཟུང་བ་མ་གཏོགས་སེམས་ལ་ཁྱོན་ནས་དོ་སྣང་བྱེད་ཀྱི་མེད། གཉིས་པ་ནི་རང་གཞན་སྐོར་རེད། སྲོལ་རྒྱུན་ནང་སྤྱིར་བདག་གཞན་མཉམ་པ་དང་། ད་དུང་ཐེག་པ་ཆེན་པོའི་ནང་བདག་གཞན་བརྗེ་བའི་སྐོར་ཡོང་གི་ཡོད། བདག་གཞན་མཉམ་པ་ཟེར་དུས་ཚང་མར་གཅིག་གྱུར་བརྩི་བ་ཡིན། དེང་རབས་ནང་གཞན་ལས་རང་གཙོ་ཆེ་བ་བརྩི། གསུམ་པ་ནི་སྤྱི་སྒེར་སྐོར་རེད། སྲོལ་རྒྱུན་ནང་གང་ཟག་སྒེར་དང་སྤྱི་ཚོགས་གཉིས་ཀ་གལ་ཆེ་མཉམ་ཡིན་རུང་། གདམ་ག་བྱེད་དགོས་བྱུང་ན་སྤྱི་པ་དེ་གལ་ཆེ་བར་བརྩི། དེང་རབས་ནང་སྤྱི་པ་ལས་སྒེར་གལ་ཆེ་བར་བརྩི་བ་ཡིན། བཞི་པ་ནི་ལས་འགན་དང་ཐོབ་ཐང་སྐོར་རེད། དེང་རབས་ནང་ཐོབ་ཐང་མ་གཏོགས་ལས་འགན་གྱི་སྐད་ཆ་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་ཞེས་པ་ལས། འགྲོ་བ་མིའི་ལས་འགན་གྱི་གསལ་བསྒྲགས་ཟེར་བ་ད་བར་མེད་ལ། དགོས་ཀྱི་ཡོད་པའི་བསམ་བློའང་འཁོར་གྱི་མེད། སྲོལ་རྒྱུན་ནང་ལས་འགན་མ་གཏོགས་ཐོབ་ཐང་གི་སྐད་ཆ་མེད། གལ་ཏེ་ལས་འགན་བསྒྲུབ་ན་ཐོབ་ཐང་ཞོར་དུ་ཡོང་རྒྱུ་ཡིན་པའི་བསམ་ཚུལ་ཡོད། ལྔ་པ་ནི་མཉམ་རུབ་དང་འགྲན་སྡུར་སྐོར་རེད། དེ་ནི་གལ་ཆེ་ཤོས་ཤིག་རེད། སྲོལ་རྒྱུན་གྱི་བསམ་བློའི་ནང་མཐུན་འགྱུར་གྱི་བསམ་བློ་གཏོང་གི་ཡོད། དེང་རབས་ཀྱི་བསམ་བློའི་ནང་འགྲན་ཟླ་དང་འཐབ་རྩོད་ཀྱི་བསམ་བློ་གཏོང་གི་ཡོད། ཀཱལ་མར་ཁེ་སིའི་ (Karl Marx) བསམ་ཚུལ་ལྟར་ན་ཆུ་ལུད་དྲོད་གཤེར་རྣམས་ཕན་ཚུན་འཐབ་རྩོད་བྱས་ཏེ་ས་བོན་རྩ་མེད་དུ་ཕྱིན་པ་དེ་ནས་མྱུ་གུ་སྐྱེ་བར་འདོད་ཀྱི་ཡོད། Thesis དང་ Antithesis གཉིས་ཀྱི་འགལ་ཟླའི་ཡོངས་ཁྱབ་ཀྱི་རང་བཞིན་ལ་བརྟེན་ནས་ Synthesis མྱུ་གུ་དེ་སྐྱེ་བར་འདོད། སྲོལ་རྒྱུན་གྱི་ལྟ་ཚུལ་ནང་ཆུ་ལུད་དྲོད་གཤེར་དེ་ཚོ་ཕན་ཚུན་མཐུན་ལམ་ཚད་ལྡན་བྱུང་བའི་སྐབས་སུ་ས་བོན་ལས་མྱུ་གུ་སྐྱེ་ཚུལ་བཤད།
དེར་བརྟེན་ཆབ་སྲིད་ཀྱི་ཤོག་ཁག་མི་འདྲ་བ་དེ་དག་མཉམ་རུབ་དང་གདམ་ཁའི་དོན་དུ་གནས་ཐུབ་ན་ཧ་ཅང་ཡག་པོ་རེད། མཉམ་རུབ་དང་གདམ་ཁའི་དོན་དུ་གནས་མ་ཐུབ་པར་འགྲན་རྩོད་བྱེད་པའི་གནས་སྟངས་སུ་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། འགྲན་རྩོད་ཟེར་བ་དེ་རང་རྒྱལ་གཞན་ཕམ་ཡིན་པ་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་དབུ་མའི་ལམ་ལ་གཉིས་སྨན་དབུ་མའི་ལམ་ཞེས་གསུངས་དགོས་དོན་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་མཐའ་མའི་གྲུབ་འབྲས་དེ་གཅིག་རྒྱལ་གཅིག་ཕམ་མིན་པར། གཉིས་ཀ་རྒྱལ་བའི་གནས་སྟངས་དེ་རེད། མཐའ་མ་བསྡོམས་བརྒྱབས་ནས་ཞུ་ན། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་ག་དུས་ཡིན་རུང་མཉམ་ལས་དང་མཉམ་རུབ་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
ད་ལྟ་ངས་གོང་དུ་ཞུས་པ་བཞིན་རྒྱ་གར་སོགས་སུ་ཉམས་མྱོང་མང་པོ་བྱུང་ཟིན། ལྷག་པར་དུ་ཇཡ་པྲཀཱཤ་ནཱརཱཡཎ་གྱི་རྩོམ་ཡིག་ཁག་ནང་རྒྱ་གར་རང་བཙན་བྱུང་བ་ནས་བཟུང་ཛ་དྲག་གི་དུས་བབ་མ་བྱུང་བར་དུ་གནས་ཚུལ་བྱུང་རིམ་ཆ་ཚང་བསྡོམས་བརྒྱབས་ཡོད། དེ་ཚོ་གཟིགས་ན་ཆབ་སྲིད་ཤོག་ཁག་མང་པོའི་གནས་བབ་ལ་བརྟེན་ནས་ག་རེ་བྱུང་བ་དང་། ལྷག་པར་དུ་དེ་ཚོའི་དབར་གྱི་འགྲན་བསྡུར་གྱི་རྣམ་པ་ལ་བརྟེན་ནས་ག་རེ་བྱུང་བ་ཧ་ཅང་གསལ་པོ་མངོན་ཐུབ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ད་བར་ང་ཚོའི་འོས་ཤོག་བསྡུ་སྟངས་དེ་རིམ་པ་གཉིས་བཟོས་ཡོད་ཅིང་། དང་པོའི་ནང་མི་མང་གིས་འོས་གཞི་བདམས་པ་དང་། གཉིས་པའི་ནང་དངོས་སུ་མི་འགྲོ་བདམས་པ་ཡིན། དེའི་ནང་དྭང་བླངས་མི་ཆོག་པའང་བཟོས་མེད། དེས་ན་ངས་བྱེད་ཀྱི་ཡིན། ངས་གཏོང་གི་ཡིན་སོགས་ཧམ་བཤད་མི་དགོས་པར། མི་མང་སོ་སོའི་འདོད་པར་ཡོད་པ་བདམས་ཐོན་ཡོང་བའི་གནས་སྟངས་དེ་དེང་རབས་མང་གཙོའི་ལམ་སྲོལ་ནང་དམིགས་བསལ་བ་ཞིག་རེད། དེའི་ནང་འགྲན་བསྡུར་དང་དྲིལ་བསྒྲགས་ཀྱི་རྣམ་པ་མེད།
དེར་བརྟེན་མ་འོངས་པར་ང་ཚོ་ད་ལྟའི་རྩ་ཁྲིམས་ནང་ཡོད་པ་བཞིན་བྱས་ནས་འགྲན་བསྡུར་དང་དྲིལ་བསྒྲགས་ཀྱི་རྣམ་པ་དེ་ཧ་ཅང་རྣོ་ངར་ཆེན་པོ་མེད་པ་ཞིག་གནས་མ་ཐུབ་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཕན་གནོད་ག་རེ་འགྲོ་གི་ཡོད། དེ་བཞིན་ང་ཚོའི་འགལ་ཟླའི་ཕྱོགས་ནས་དེ་ལ་བེད་སྤྱོད་གང་འདྲ་གཏོང་གི་ཡོད་པ་ནི་ཧ་ཅང་བརྗོད་དཀའ་བ་ཞིག་རེད། དེ་ཚོའི་ཐོག་ཏུ་ངེས་པར་དུ་བསམ་བློ་གཏོང་དགོས། ལྷག་པར་དུ་མང་གཙོའི་གལ་གནད་གཅིག་གང་རེད་ཅེ་ན། ཡུལ་མི་མི་རེ་ངོ་རེས་མི་རིགས་དང་སྤྱི་ཚོགས་ཀྱི་འགན་འཁྱེར་རྒྱུ་དེ་རེད།
ད་ལྟ་ང་ཚོའི་སྤྱི་ཚོགས་ནང་མ་འོངས་པར་ལོ་བརྒྱ་ཙམ་ལ་བོད་ནང་གི་གནས་བབ་གང་འདྲ་ཞིག་ཆགས་ཀྱི་རེད། རྒྱ་ནག་གང་འདྲ་ཞིག་ལ་འགྲོ་གི་རེད། བོད་པའི་མ་འོངས་མདུན་ལམ་ཐོག་གོམ་བགྲོད་གང་འདྲ་ཞིག་བྱེད་དགོས་རེད། དེ་ཚོའི་ཐོག་ལོ་སྟོང་ཕྲག་མང་པོ་མིན་ནའང་། ལོ་བརྒྱའི་ནང་ཚོད་དཔག་དང་། མཐོང་སྣང་། འཆར་སྣང་བཟོས་ནས་དགོངས་པ་བཞེས་མཁན་དཀོན་པོ་ཡིན་པ་ཞིག་ཚོར་གྱི་འདུག དེས་ན་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་དུས་ཚོད་ལ་ང་ཚོས་རྒྱང་གཟིགས་མ་ཐུབ་ན། ཏན་ཏན་ང་ཚོར་དཀའ་ངལ་འཕྲད་རྒྱུ་རེད་བསམ་གྱི་འདུག
ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཤོག་ཁག་གཅིག་མ་གཏོགས་མེད། མ་འོངས་པར་ཆབ་སྲིད་ཀྱི་ཤོག་ཁག་མང་པོ་བྱུང་ནའང་བཀག་ཐུབ་ཐབས་མེད་ལ། བཀག་དགོས་པའང་མེད། ཡིན་ནའང་ང་ཚོས་ངེས་པར་དུ་བསམ་བློའི་ནང་གལ་ཆེན་པོར་བརྩི་དགོས་པ་དེ་གང་རེད་ཅེ་ན། མང་གཙོ་གལ་ཆེན་པོ་ཡིན་པ་བཞིན་དུ་སྤྱི་ཚོགས་ཀྱི་འཆམ་མཐུན་དང་ཆིག་སྒྲིལ་ཡང་གལ་ཆེ་མཉམ་རེད། ཆིག་སྒྲིལ་དང་མཐུན་སྒྲིལ་མེད་པར་སྤྱི་ཚོགས་ཁ་འཐོར་བསྡད་པ་དང་། ཆབ་སྲིད་ཀྱི་ཤོག་ཁག་ཕན་ཚུན་གཅིག་གིས་གཅིག་ལ་དགྲ་བོའི་འདུ་ཤེས་བཟུང་བའི་ནང་མང་གཙོ་ཡང་དག་པ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་ཆབ་སྲིད་ཀྱི་ཤོག་ཁག་ཚོས་རང་གི་ཐོབ་ཐང་དང་ལས་འགན་གཉིས་ཀྱི་ནང་ནས་ལས་འགན་དེ་གཙོ་བོ་དང་། མི་རིགས་དང་ཆབ་སྲིད་ཀྱི་ཤོག་ཁག་གཉིས་དབར་མི་རིགས་དེ་གཙོ་ཆེ་བ། གནས་སྐབས་དང་ཕུགས་རྒྱང་རིང་པོ་གཉིས་ལས་ཕུགས་རྒྱང་རིང་པོ་གལ་ཆེ་བ་བརྩི་དགོས་པ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད།
ནང་པའི་དགེ་འདུན་ལྟ་བུ་ཡིན་ན་འདུལ་ཁྲིམས་ནང་སྤྱི་མོས་མ་གཏོགས་མང་མོས་མེད་པ་ལྟ་བུ་རེད། དེ་བཞིན་ཨཱཅཱརྱ་བིནོབཱ་བྷཱབེ་ (Acharya Vinoba Bhave) མཆོག་གི་སརྦོདཡ་ (Sarvodaya) ནང་སྤྱི་མོས་མ་གཏོགས་མང་མོས་ཐོག་ནས་འགྲོ་རྒྱུ་མེད། རྗེས་སུ་དངོས་སུ་ལག་ལེན་བསྟར་དུས་སྐུ་ངལ་འཕྲད་པ་ཡིན་སྟབས། སྤྱི་མོས་མ་བྱུང་ནའང་དགག་བྱ་མེད་པ་ཞིག་བྱེད་དགོས་བྱུང་། དེ་ལ་དང་པོ་སརྦ་སཧམཏི་ (Sarva Sahamati) སྟེ་སྤྱི་མོས་ཡོང་མི་ཐུབ་པའི་སྐབས་སུ་སརྦཱནུམཏི་ (Sarva Anumati) ཞེས་པའི་ཚིག་དེ་བཟོ་དགོས་བྱུང་། སརྦཱནུམཏི་ཞེས་པ་ནི་ཚང་མའི་ཐུགས་མོས་མེད་ཀྱང་། དེར་དགག་བྱ་མེད་པར་ཚང་མས་བཀའ་ཁྲོལ་གནང་སོང་ཞེས་པ་རེད།
ང་ཚོའང་དེ་འདྲ་ཞིག་ཐོག་འགྲོ་ཐུབ་ན། ཡང་དག་པའི་མང་གཙོ་ཡོང་བའི་རེ་བ་ཡོད། ང་ཚོ་ནི་སྤྱི་ཚོགས་ཆུང་ཆུང་ས་ཆ་མེད་མཁན་དང་། རྒྱལ་ཁབ་མེད་མཁན། སྐྱབས་བཅོལ་བའི་ངོ་བོར་གནས་པ་ཞིག་རེད། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་བའི་དོན་དུ་མི་རེ་ངོ་རེར་ལས་འགན་ཆེན་པོ་རེ་འཁྲི་བསྡད་པའི་སྐབས་འདིར་ཧ་ཅང་གཟབ་གཟབ་ཀྱིས་མིག་རྒྱང་བསྲིང་། ཁོང་སང་ལྷོད་ཅེས་པ་ལྟ་བུ་བྱེད་མི་ཐུབ་ན་ཧ་ཅང་ཉེན་ཁ་ཆེན་པོ་རེད། དེ་བཞིན་ཁ་ཐུག་རང་གི་གོམ་པའི་མདུན་ཁོ་ན་མ་གཏོགས་གཟིགས་མ་ཐུབ་ན། ང་ཚོས་རྩ་དོན་སྒྲུབ་མི་ཐུབ། དེར་བརྟེན་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་དཔེ་མཚོན་འོས་པའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་གི་ངོ་བོར་གནས་ཐབས་དང་། ཆབ་སྲིད་ཀྱི་ཤོག་ཁག་གི་ཞན་ཆས་མི་འགོས་པ་དགོས་གལ་ཆེ།
བདག་ཉིད་ཆེན་པོ་གཱཾནྡཱི་དགོངས་པ་རྫོགས་པའི་ཉིན་གཅིག་སྔོན་དུ་བྲིས་པའི་ཁོང་གི་ཞལ་ཆེམས་ལྟ་བུ་ཞིག་ཡོད། དེའི་ནང་རྒྱ་གར་རང་བཙན་བྱུང་བའི་རྗེས་སུ་ཀོང་རེ་སི་ (Congress Party) དེ་ཆབ་སྲིད་ཤོག་ཁག་ནས་སེབཱ་དལ་ (Sevadal) ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་དགོས་ཞེས་ཧ་ཅང་གསལ་པོ་གསུངས་ཡོད། དེ་ཚོ་ད་ལྟ་ང་ཚོས་བསམ་བློ་གཏོང་དུས་ལོ་བརྒྱ་ཕྲག་མང་པོའི་རྗེས་སུ་གཟིགས་ཐུབ་པའི་རླབས་ཆེན་གྱི་དགོངས་པ་བཞེས་སྟངས་ཤིག་རེད་འདུག
དེས་ན་ང་ཚོས་ཡུལ་དུས་གནས་སྐབས་ཀྱི་གནས་བབ་ཚང་མ་ཕྱོགས་བསྡོམས་བརྒྱབས་པའི་ཐོག་སེངྒེ་གནམ་བསྒྱིངས་ཀྱི་གཟིགས་སྟངས་ཐོག་ནས་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་ལ་གཟིགས་ཏེ་ཕྱག་ལས་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་གསུངས།།
(ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་དྷརྨཤཱལཱའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་དུས་སྟོན་མཛད་སྒོར་མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་ཞིག་ཡིན།)