༈ བྱང་ཆུབ་ལམ་གྱི་རིམ་པར་ཤར་སྒོམ་བྱེད་ཚུལ།
༄༅།། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ལས་དང་པོ་བ་ཚོས་སྟབས་བདེ་པོས་ཤར་སྒོམ་བྱེད་སྟངས་མདོར་བསྡུས་ཤིག་བཤད་ཐུབ་ན་ཞེས་རེ་འདུན་གནང་མཁན་བྱུང་སོང་། དེ་ཡང་གཞུང་ཆེན་མོར་སློབ་སྦྱོང་གི་གོ་སྐབས་མ་བྱུང་བ་དང་། ཐ་ན་ཡིག་རྨོངས་ཚུན་ཆད་ཀྱིས་ཀྱང་ལག་ཏུ་བླང་ཐུབ་པ་ཞིག་བྱུང་ན་དགོངས་པའི་ཐུགས་རེ་གནང་གི་འདུག་ཀྱང་། དེ་འདྲ་ཞུ་རྒྱུ་ཁག་པོ་རེད། ཡིན་ནའང་འབད་བརྩོན་ཞུ་རྒྱུ་ཡིན། སྤྱིར་གང་ཟག་སུ་ཡིན་ནའང་སོ་སོའི་མི་ཚེ་རྩ་ཆེན་པོ་འདིའི་ནང་ཆོས་ཀྱི་ཉམས་ལེན་ཡག་པོ་ཞིག་བྱེད་རྒྱུའི་འདུན་པ་ཡོད་ན། ངེས་པར་དུ་བསམ་བློ་བཏང་སྟེ་རང་གི་སེམས་ཡར་རྒྱས་གཏོང་རྒྱུའི་འབད་རྩོལ་བྱེད་དགོས་པ་དེ་མེད་དུ་མི་རུང་བ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་རྟག་ཏུ་ཆོས་ཟེར་བ་ནི་སེམས་འགྱུར་བ་གཏོང་རྒྱུ་དེ་ཡིན་པ་དང་། རང་གི་སེམས་འགྱུར་བ་གཏོང་བའི་ཆེད་དུ་ལོ་ནས་ལོ་བསྟུད་འབད་བརྩོན་བྱེད་དགོས་ཞེས་ཡང་ཡང་བཀའ་སློབ་ཕེབས་ཀྱི་ཡོད། དེ་ནི་དངོས་ཡོད་གནས་སྟངས་རེད། ཆོས་ཀྱི་བསམ་བློ་གཏོང་ཟེར་བ་ལའང་ལྷ་སྒོམ་པ་དང་སྔགས་བགྲང་བ་ལྟ་བུ་མང་པོ་ཡོད་རུང་། ང་ཚོ་ལས་དང་པོ་བ་གཞི་ནས་ཆོས་ལ་བློ་ཁ་ཕྱོགས་མ་ཐག་པ་ཚོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རིམ་བཞིན་བློ་སྦྱང་དགོས་པ་དེ་གལ་ཆེན་པོ་རེད།
སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྟན་དགོས་དོན་གང་རེད་ཅེ་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་རྒྱུ་དང་། སེམས་བསྐྱེད་བའི་རྗེས་སུ་ཐབས་ཤེས་ཡ་མ་བྲལ་བའི་ཐོག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་ལ་བསླབས་ཏེ་མཐར་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་རྒྱུ་ནི་ཐེག་པ་ཆེན་པོའི་ཕུགས་དམིགས་རེད། ཡིན་ནའང་དམིགས་ཡུལ་དེ་འགྲུབ་པ་ལ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ནས་བཟུང་སྟེ་བློ་མ་སྦྱང་བ་ཡིན་ན། ལམ་སེང་ཐད་ཀར་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་རྣམས་ཉམས་སུ་ལེན་ཐུབ་ཐབས་མེད། དེ་ནི་རྨང་གཞི་མེད་པའི་ནམ་མཁའ་སྟོང་པར་རྩིག་པ་བརྒྱབས་པ་དང་མཚུངས་པར་བརྟེན། ཐུན་མོང་པའི་ལམ་གྱི་རིམ་པ་རྣམས་ལ་བློ་སྦྱངས་པ་སྔོན་དུ་འགྲོ་དགོས་པ་ནི་མེད་དུ་མི་རུང་བ་རེད།
སྤྱིར་སངས་རྒྱས་ཀྱི་བཀའ་དང་ཤིང་རྟ་ཆེན་པོའི་བསྟན་བཅོས་ཀྱི་ནང་དུ་སྐྱེས་བུ་གསུམ་གྱི་རྣམ་བཞག་མང་པོ་གསུངས་ཡོད་ཀྱང་། བསྡོམས་བརྒྱབས་ཏེ་ལག་ཏུ་ལེན་བདེ་བ་བྱང་ཆུབ་ལམ་གྱི་སྒྲོན་མའི་ནང་གསུངས་ཡོད། དེ་ནི་བོད་ཀྱི་སྐལ་ལྡན་གྱི་སློབ་མ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སྐུལ་མ་མཛད་པ་བཞིན་དཔལ་མཉམ་མེད་ཇོ་བོ་ཆེན་པོས་མཛད་པ་རེད། དེའི་ནང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མདོར་བསྡུས་ནས་བསྟན་པ་དང་། དེ་ནས་བརྒྱུད་དེ་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་གདུལ་བྱ་རྣམས་ལམ་དུ་དཀྲི་སྟངས་དེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྒོ་ནས་འཁྲིད་རྒྱུའི་ལམ་སྲོལ་དར་བ་རེད། དེ་ནི་སྤྱིར་གདུལ་བྱ་ལམ་ལ་འཁྲིད་པའི་རིམ་པ་མང་པོ་ཡོད་པའི་ནང་ནས་བཟང་ཤོས་དང་སྟབས་བདེ་ཤོས་ཆགས་ཡོད། དེས་ན་ཆོས་ལ་འདུན་པ་ཡོད་པ་དང། དེའི་ཆེད་དུ་དུས་ཚོད་གཏོང་ཐུབ་མཁན་ཚོས་ཕྱག་འཚལ་བ་དང་སྔགས་བགྲང་བ་སོགས་ལུས་ངག་གི་དགེ་སྦྱོར་ཙམ་མིན་པར། བསམ་བློ་བཏང་སྟེ་ནང་སེམས་ཡར་རྒྱས་གཏོང་དགོས་པ་དེ་གལ་ཆེ་ཤོས་ཤིག་རེད། ལར་ནས་ཕྱག་འཚལ་སྐོར་སྦྱོང་དང་། གསང་སྔགས་བཟླས་བརྗོད་སོགས་ལ་དགེ་བ་དང་བསོད་ནམས་མེད་ཅེས་ཞུས་པ་མིན། དེ་དག་སོ་སོའི་གཞུང་ནས་བཤད་པ་བཞིན་ཕན་ཡོན་རླབས་ཆེ་ཡོད་པ་ཤ་སྟག་རེད། འོན་ཀྱང་ལུས་ངག་གི་དགེ་སྦྱོར་རྐྱང་པ་བྱས་ཏེ་བསམ་བློ་གཏོང་རྒྱུ་ཆེར་མེད་ན། ལུས་ངག་གི་དགེ་སྦྱོར་ལ་བརྟེན་པའི་བསོད་ནམས་དང་དགེ་བ་ཞིག་བསགས་མོད། རང་གི་སེམས་ལ་འགྱུར་བ་བཏང་སྟེ། ད་ལྟའི་གནས་སྐབས་ཀྱི་སེམས་ལས་ཕྲན་བུ་དྲག་པ་དང་། རིམ་པས་ལམ་གོང་མར་བློ་སྦྱང་བའི་གཞི་རྩ་ཞིག་བཟོ་མ་ཐུབ་ན། ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་སྟངས་ཁག་པོ་རེད།
ལྷག་པར་དུ་བསམ་བློའི་ནང་ལྷ་ཡི་རྣལ་འབྱོར་ལྟ་བུ་ལེའུ་བྱེ་བྲག་པ་ཟུར་དུ་ཕྱུང་བ་དེ་འདྲ་བསྒོམ་པ་ལས་ཀྱང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་མཐར་ཆགས་སུ་ཤར་སྒོམ་བྱེད་ཐུབ་པ་ཡིན་ན། བློ་ལ་འགྱུར་བ་ཐེབས་རྒྱུ་ཤུགས་ཆེ་བ་དེ་དང་མཚུངས་པ་ཞིག་གཞན་གྱིས་ཡོང་དཀའ། རྗེ་རིན་པོ་ཆེས་ལམ་རིམ་ཉམས་མགུར་ལས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་།། དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས།། རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་མདོར་བསྡུས་ཏེ་རྡོག་རྡོག་བཟོ་ན་བྱང་ཆུབ་ལམ་གྱི་རིམ་པ་འདི་ཡིན་གསུངས། དེའི་རྒྱུ་མཚན་གང་རེད་ཅེ་ན། སངས་རྒྱས་ཀྱིས་གདུལ་བྱའི་དོན་མཛད་ཚུལ་ལ་རྣམ་པ་གཉིས་རེད། གནས་སྐབས་མངོན་མཐོ་ལྷ་དང་མིའི་སྐྱེ་བ་ལེན་ཐུབ་པ་དང་། མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐབས་གནང་རྒྱུ་གཉིས་ལས་མ་འདས་པ་རེད། དོན་དེ་གཉིས་སྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་མ་བསླབ་པར་འགྲོ་ས་མེད། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་གང་འདྲ་ཞིག་སྒྲུབ་ནའང་དངོས་དང་ཡན་ལག་ཅི་རིགས་ཀྱི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུས་པ་ཞིག་རེད། དེས་ན་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་མ་བརྟེན་ཐབས་མེད་རེད། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བསྟེན་ཚུལ་ལའང་གོ་རིམ་ངེས་ཅན་དུ་བྱས་ཏེ། ཐོག་མར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱང་བ་དང་། དེ་ལ་བརྟེན་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱང་བའི་རྗེས་སུ། གཞི་ནས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་བློ་སྦྱང་རྒྱུ་ལས། ལམ་སྔ་མ་ལ་བློ་མ་སྦྱང་བར་ལམ་གོང་མ་ལ་ཐོད་བརྒལ་འགྲོ་ཐབས་མེད།
སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བློ་སྦྱོང་བའི་ཚུལ་ནི། ཚེ་དང་སྒྲུབ་པ་མཉམ་པ་བྱས་ཏེ་མི་ཚེ་ཆོས་ལ་སྐྱེལ་མཁན་ཞིག་ཡིན་ན། རྒྱུན་དུ་ཐུན་བཞིའི་རྣལ་འབྱོར་ལ་སོགས་པའི་སྒོ་ནས་ལམ་གྱི་རིམ་པ་མཐར་ཆགས་སུ་ཉམས་སུ་ལེན་པ་རེད། འོན་ཀྱང་དེ་འདྲའི་སྐལ་བ་མེད་པར་ཚེ་འདི་སྣང་གི་བྱ་བ་མང་པོར་མ་ཞུགས་ཐབས་མེད་ཡིན་པ་ཚོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་མདོར་བསྡུས་ཏེ་ཤར་སྒོམ་ཞིག་ངེས་པར་དུ་བྱེད་དགོས། ཤར་སྒོམ་ལའང་བསྒོམ་བྱའི་དོན་མདོར་བསྡུས་རེ་བློ་ལ་ཤར་ཙམ་ཤར་ཙམ་བྱས་ཏེ་དཔྱད་སྒོམ་ཕྲན་བུ་རེ་བྱས་ཏེ་འགྲོ་བ་དང་། གྲངས་ཀ་བཤེར་བ་བཞིན་ས་བཅད་ཙམ་ཡིད་ཤར་བྱས་ཏེ་འགྲོ་བ་གཉིས་རེད། ཆོས་ལ་འདུན་པ་ཡོད་མཁན་ཞིག་ཡིན་ན། རང་བློ་ཆོས་ཕྱོགས་སུ་འགྲོ་ཐུབ་པ་དང་། དེ་ཡང་ཟླ་རེ་དང་ལོ་རེ་བྱས་ཏེ་རང་སེམས་ཡར་རྒྱས་སུ་ཕྱིན་འདུག་སྙམ་པའི་ཁྱད་པར་ཞིག་ཡོང་དགོས་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་ལ་ཤར་སྒོམ་བྱེད་རྒྱུ་ནི་ཐབས་ལམ་བཟང་ཤོས་རེད། སྤྱིར་བཏང་སྒོམ་ཞེས་པ་དེ་ཙོག་ཙོག་སྐྱིལ་ཀྲུང་དུ་མ་བསྡད་པ་ཡིན་ནའང་། འགྲོ་བའི་སྐབས་དང་ལས་ཀ་བྱེད་པའི་སྐབས་གང་ཡིན་ཡང་ཆོས་ཀྱི་དོན་ཞིག་ལ་སེམས་པ་བཞག་པའམ་བསམ་བློ་བཏང་བ་ཡིན་ན་སྒོམ་པའི་བྱ་བ་ཞིག་ཆགས་ཀྱི་ཡོད་རེད། འོན་ཀྱང་ཚུལ་མཐུན་གྱི་སྒོམ་ཟླ་སྐྱེད་ཞག་སྐྱེད་ཐོན་པ་ཞིག་དགོས་ན། སྒོམ་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་སྔོན་འགྲོ་སྦྱོར་བའི་ཆོ་ག་དེ་མེད་དུ་མི་རུང་བ་ཞིག་རེད། སྔོན་འགྲོ་སྦྱོར་བའི་ཆོ་ག་ཞིག་ཡོད་ན། བྱ་བ་གང་འདྲ་ཞིག་ཡིན་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཆགས་ཀྱི་རེད། དཔེར་ན། ཟ་མ་ཞིག་བཟོ་དགོས་བྱུང་ནའང་། ཟ་མ་བཟོ་བྱེད་ཀྱི་ཐབ་དང་གྲི་སོགས་ཀྱི་མཐུན་རྐྱེན་མ་འཛོམས་ན་ཟས་ཡག་པོ་ཞིག་བཟོ་དཀའ་བ་ལྟར། ལམ་ག་འདྲ་ཞིག་ཉམས་སུ་ལེན་པ་ཡིན་ནའང་སྔོན་འགྲོ་སྦྱོར་བའི་ཆོས་ཤིག་ཡོད་དགོས་པ་གལ་ཆེན་པོ་རེད། སྔོན་འགྲོ་ལ་སྦྱོར་བའི་ཆོས་དྲུག་སོགས་གསུངས་པ་དེ་དག་སྐབས་འདིར་ཞུ་རྒྱུའི་གོ་སྐབས་དང་དུས་ཚོད་མི་འདུག་ལ། ཚང་མས་མཁྱེན་གྱི་ཡོད་ཤག་རེད། སྔོན་འགྲོའི་སྦྱོར་བའི་ཆོས་དེའང་བླ་མའི་རྣལ་འབྱོར་གང་ཡང་རུང་བ་ཞིག་ལ་བརྟེན་དགོས་པ་གལ་ཆེན་པོ་རེད། སྐལ་བཟང་མགྲིན་རྒྱན་ལ་སོགས་པའི་སྒོ་ནས་སྦྱོར་ཆོས་བྱས་ན་ཚོགས་ཞིང་གསལ་བཏབ། ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། གསོལ་བ་བཏབ་རྗེས་ཤར་སྒོམ་བྱེད་པའི་འགྲོ་སྟངས་གཅིག་རེད། ཡང་སྔགས་དང་འབྲེལ་བ་ཡིན་ན། བླ་མའི་རྣལ་འབྱོར་བླ་མ་མཆོད་པ་ལྟ་བུ་ཞིག་གི་ཐོག་ནས་སྔོན་དུ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། གསོལ་བ་བཏབ་རྗེས་ཤར་སྒོམ་གནང་ནའང་འགྲིག གོང་ཞུས་གཉིས་ཕྲན་བུ་ཆོ་ག་རིང་པོ་རེད། དེ་ལས་སྟབས་བདེ་བ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་ལྟ་བུའི་སྟེང་ནས་གནང་ནའང་འགྲིག འདིར་དགའ་ལྡན་ལྷ་བརྒྱ་མ་ནི་དཔེ་མཚོན་ཙམ་རེད། ཆོས་བརྒྱུད་སོ་སོར་བླ་མའི་རྣལ་འབྱོར་མི་འདྲ་བ་སྣ་ཚོགས་ཡོད་རེད། མདོ་དོན་བླ་མ་ཚོགས་ཞིང་གསལ་བཏབ། དེའི་མདུན་དུ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། གསོལ་བ་བཏབས་ནས་ཤར་སྒོམ་བྱེད་དགོས། དེ་ལས་ཀྱང་སྟབས་བདེ་བ་ནི། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་སྒོ་ནས་གནང་ནའང་མ་འགྲིག་པ་མེད། གལ་ཏེ་བླ་མ་མཆོད་པ་ལྟ་བུའི་སྟེང་ནས་གནང་བ་ཡིན་ན། དེའི་མཇུག་ཏུ་སྐྱེས་བུ་གསུམ་གྱི་ལམ་ཡོངས་སུ་རྫོགས་པར་ཤར་སྒོམ་ཆེད་ཞིང་མཆོག་དམ་པའི་ཆོ་གའི་ཚིག་གསལ་པོ་ཡོད་རེད། སྦྱོར་ཆོས་ལྟ་བུ་ཡིན་ན་ཡོན་ཏན་གཞི་གྱུར་མའི་སྟེང་ནས་གནང་ན་སྐྱེས་བུ་གསུམ་གྱི་ལམ་ཆ་ཚང་བསྟན་ཡོད། དགའ་ལྡན་ལྷ་བརྒྱ་མ་དང། ཐུན་དྲུག་བླ་མའི་རྣལ་འབྱོར་ལྟ་བུ་ལ་བརྟེན་ནས་ཤར་སྒོམ་གནང་བ་ཡིན་ན། ལམ་རིམ་ཉམས་མགུར་ལྟ་བུ་སྐྱེས་བུ་གསུམ་གྱི་ལམ་ཡོངས་རྫོགས་སྟོན་པའི་ཚིག་བརྗོད་ཅིག་དང་མཉམ་དུ་གནང་ན་སྟབས་བདེ།
དངོས་སུ་ཤར་སྒོམ་བྱེད་སྟངས་ཀྱི་རིམ་པ་ཞུས་ན། བླ་མའི་རྣལ་འབྱོར་སོགས་གང་རུང་གི་སྒོ་ནས་ཚོགས་ཞིང་ངམ། བླ་མ་ཡི་དམ་གསལ་བཏབ། དེའི་མདུན་དུ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ། ཤར་སྒོམ་དེ་རྒྱུད་ཁུལ་ངེས་ཡོང་བའི་གསོལ་བ་བཏབ་རྗེས་ཤར་སྒོམ་མགོ་འཛུགས་བྱེད་རྒྱུ་རེད། ཤར་སྒོམ་ནི་ཕལ་མོ་ཆེ་དཔྱད་སྒོམ་གྱི་ངོ་བོ་རེད། དོན་ཚན་སོ་སོའི་མཇུག་ཏུ་ཐག་བཅད་པའི་ཚུལ་དེར་ཡུད་ཙམ་བློ་བཞག་སྟེ། འཇོག་སྒོམ་ཡང་ཡོད་པ་ཞིག་བྱེད་ཐུབ་ན་གང་ལེགས་རེད། ལམ་རིམ་ལ་ཤར་སྒོམ་བྱེད་མཁན་ཡིན་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྣམས་རིམ་པས་འགྲོ་རྒྱུ་རེད། དེ་དག་གི་ས་བཅད་ཅིག་རང་གི་བློ་ངོའམ། མདུན་དུ་ཡོད་ན་ཤར་སྒོམ་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད།
རྩ་བའི་ས་བཅད་དང་པོ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ཤར་སྒོམ་བྱེད་རྒྱུའི་སྔོན་དུ་ཐོག་མར་བཤེས་གཉེན་བསྟེན་ཚུལ་འགྲོ་དགོས་པ་ནི་མེད་དུ་མི་རུང་བ་རེད། རྗེ་རིན་པོ་ཆེས་ལམ་རིམ་ཆེ་ཆུང་སོགས་སུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་པའི་རིམ་པའོ་ཞེས་བློ་སྦྱང་བའི་རིམ་པའི་སྔོན་དུ་བཤེས་གཉེན་བསྟེན་ཚུལ་གསུངས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། དེས་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་ཤར་སྒོམ་བྱེད་པ་ལ། དང་པོར་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་ལ་བསམ་བློ་གཏོང་དགོས། གལ་ཏེ་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་རྣམས་གཞུང་ནས་གསུངས་པ་ལྟར་བློ་ལ་མ་ངེས་པ་ཡིན་ནའང། གཙོ་ཆེ་བ་རྣམས་ངེས་པར་དུ་བསམ་དགོས། ཤར་སྒོམ་ཡང་དཔྱད་སྒོམ་གྱི་ངོ་བོ་ཡིན་ཙང་བསམ་བློའི་ནང་རང་གིས་རང་ལ་དྲི་བ་དང་རྒྱུ་མཚན་བཀོད་དེ་འགྲོ་དགོས་པ་གལ་ཆེ། དེ་ཡང་མི་ཚེ་དོན་ལྡན་ཞིག་བྱེད་པ་ལ་ཆོས་བྱེད་དགོས་ལ། ཆོས་བྱེད་པ་ལ་ཆོས་སྟོན་མཁན་གྱི་བླ་མ་མེད་ཐབས་མེད་པ་རེད་བསམས་ཏེ་མགོ་བཙུགས་པ་རེད།
དེ་ནས་བླ་མ་ཞིག་བསྟེན་ན་དེ་ལ་ཕན་ཡོན་ཅི་ཞིག་ཡོད་དམ་ཞེ་ན། བླ་མ་བསྟེན་པས་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་བ། བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཡིན་པས་བླ་མ་བསྟེན་ན་སངས་རྒྱས་ཐམས་ཅད་ཐུགས་མཉེས་པོ་ཡོང་བ། བླ་མས་སྡིག་སྤོང་གི་དགེ་སྒྲུབ་ཀྱི་ལམ་བསྟན་པས་སྐྱེ་བ་ཕྱི་མ་ངན་སོང་ངན་འགྲོར་མི་ལྟུང་བ། བདུད་དང་སྡིག་གྲོགས་ཀྱིས་མི་ཚུགས་པ། ཡོན་ཏན་སྔར་མེད་པ་རྣམས་གསར་དུ་སྐྱེས་ཤིང་ཡོད་པ་རྣམས་གོང་དུ་འཕེལ་བ། སངས་རྒྱས་སྒྲུབ་པའི་ཚོགས་མྱུར་དུ་རྫོགས་པ། སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་ནམ་བླ་མས་མི་ཕོངས་པ། མདོར་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བླ་མ་ཚུལ་བཞིན་བསྟེན་པ་ལས་འབྱུང་བར་བསམས་ཏེ་བཤེས་གཉེན་བསྟེན་པའི་ཕན་ཡོན་རྣམས་རགས་པ་ཙམ་བློ་ལ་ངེས་དགོས།
མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས་ནི་བསྟེན་པའི་ཕན་ཡོན་གྱི་ལྡོག་ཕྱོགས་རྣམས་རེད། དེ་ཡང་བླ་མ་མ་བསྟེན་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་མི་ཤེས་པ། ངན་འགྲོའི་གནས་ལོག་པར་ལྟུང་བ་སོགས་རྒྱུ་མཚན་རྣམས་བསམས་ཏེ། མཐར་དགེ་བའི་བཤེས་གཉེན་ངེས་པར་དུ་བསྟེན་དགོས་ཀྱི་འདུག ད་ལྟ་ཕན་ལ་རང་གིས་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ག་ཚོད་བསྟེན་པ་རྣམས་ཡིད་ལ་ཤར་བ་བྱས་ཏེ། བླ་མ་འདི་དང་འདི་བསྟེན་པ་ཡིན། ངའི་རྒྱུད་ལ་བཟང་པོའི་ཡོན་ཏན་འདི་དང་འདི་སྐྱེས་སོང་། ངན་པའི་སྐྱོན་འདི་དང་འདི་འགགས་སོང་ཞེས་བླ་མ་མ་བསྟེན་ཐབས་མེད་ཡིན་པ་ངེས་པའི་བློ་ཤུགས་ཆེན་པོ་སྐྱེ་བའི་ཐབས་ལ་འབད་བརྩོན་བྱེད་དགོས། གང་ལྟར་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་རྣམས་རགས་པ་ཙམ་བསམ་བློ་བཏང་བ་ལ་བརྟེན་ནས། ད་ལྟ་ཕན་ལ་བླ་མ་བསྟེན་པ་འགྲིག་འདུག་སྙམ་པའི་རྗེས་སུ་ཡི་རངས་དང། མ་འོངས་པར་ཡང་མུ་མཐུད་ནས་བསྟེན་དགོས་སྙམ་པའི་བློ་བསྐྱེད་དགོས། གལ་ཏེ་བླ་མ་གསར་པ་བསྟེན་དགོས་ན། མ་བསྟེན་པའི་སྔོན་དུ་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་རེད། བླ་མ་ལ་བསྟེན་བྱའི་བླ་མའི་མཚན་ཉིད་ཚང་གི་འདུག་གམ། རང་ཉིད་ལ་བསྟེན་བྱེད་སློབ་མའི་མཚན་ཉིད་ཚང་གི་འདུག་གམ། བསྟེན་པ་ཡིན་ན་བཤེས་གཉེན་བསྟེན་ཚུལ་མ་ལོག་པར་ཡག་པོར་འགྲོ་ཐུབ་ས་རེད་དམ་བཅས་ལ་ངེས་པར་བསམ་བློ་གཏོང་དགོས།
བཤེས་གཉེན་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་བསམས་པའི་རྗེས་སུ། བསྟེན་ཚུལ་དངོས་ལ་བསམ་པས་བསྟེན་ཚུལ་དང་སྦྱོར་བས་བསྟེན་ཚུལ་གཉིས་རེད། དེ་ཡང་བསམ་པ་དང་ལག་ལེན་གཉིས་ཀས་བླ་མ་ཇི་ལྟར་བསྟེན་ཚུལ་དེ་རེད། བསམ་པས་བསྟེན་ཚུལ་ལ། རྩ་བ་དད་པ་སྦྱངས་པ་དང་། བཀའ་དྲིན་རྗེས་སུ་དྲན་ནས་གུས་པ་བསྐྱེད་པ་གཉིས་རེད། བླ་མ་སངས་རྒྱས་ཡིན་པ་ཡིད་ཆེས་པའི་དད་པ་ལ་རྩ་བ་དད་པ་སྦྱངས་པ་དང་། བླ་མའི་བཀའ་དྲིན་རྣམས་རྟག་ཏུ་དྲན་ཏེ་སེམས་ནང་བླ་མའི་བཀའ་དྲིན་ཆེ་བའི་འདུ་ཤེས་མི་འདོར་བ་བྱེད་པ་གཉིས་ནི་བསམ་པའི་བསྟེན་ཚུལ་གཙོ་བོ་རེད། དེའི་ཕྱིར་དང་པོར་རྩ་བ་དད་པ་སྦྱངས་པ་ལ་ཤར་སྒོམ་བྱེད་པ་ལ། བླ་མ་དེ་སངས་རྒྱས་དངོས་ཡིན་སྙམ་པའི་འདུ་ཤེས་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱེད་དགོས། བླ་མ་སངས་རྒྱས་ཡིན་པའི་རྒྱུ་མཚན་མང་པོ་ཡོད་ཅིང་། བླ་མ་སངས་རྒྱས་ཡིན་པ་དེ་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་ཟིན་པ་དང་། དེ་ལས་རྒྱུ་མཚན་གལ་ཆེ་ཤོས་ནི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པ་པོ་ཆགས་ཀྱི་ཡོད། རང་ཉིད་ཀྱི་རྒྱུད་ལ་རྣམ་དཀར་གྱི་དགེ་བ་གང་ཡོད་པ་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་ལས་དང་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་བྱུང་བ་རེད། རང་ཉིད་ལས་ཉོན་མ་སྤངས་པའི་སེམས་ཅན་ཞིག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱ་ཡིན་པར་བརྟེན། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་དེ་ང་ཚོའི་རྒྱུད་ལ་ཡང་ནས་ཡང་དུ་འཇུག་པ་རེད། དཔེར་ན། མ་ཎི་ཚིག་གཅིག་བཏོན་པ་དང་། མཆོད་མེ་ཀོང་གཅིག་ཕུལ་བ། ཕྱག་ཐེངས་གཅིག་བཙལ་བའང་སངས་རྒྱས་ཀྱི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་རེད། ཡིན་ནའང་དེ་ལྟ་བུའི་སངས་རྒྱས་ཀྱི་འཕྲིན་ལས་དེ་རང་ལ་འཇུག་པའི་སྒོའམ། འཇུག་པར་བྱེད་མཁན་གྱི་བྱེད་པ་པོ་དེ་སུ་ཡིན་ཞེ་ན། རང་གི་དྲིན་ཆེན་རྩ་བའི་བླ་མ་མ་གཏོགས་གཞན་མེད། དེའི་ཕྱིར་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་བྱེད་པ་པོའམ། སངས་རྒྱས་ཀྱི་སྐུ་ཚབ་ལྟ་བུ་ནི་བླ་མ་ཆགས་ཀྱི་ཡོད་ཙང་བླ་མ་སངས་རྒྱས་དངོས་ཡིན། དེར་བརྟེན་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་དང་རྒྱལ་བ་རྡོ་རྗེ་འཆང་གིས་ལུང་གིས་བསྟན་པ་གཉིས་རྒྱུ་མཚན་གཙོ་ཆེ་བ་གཉིས་རེད། དེ་དག་ལ་ཡང་ཡང་བསམ་བློ་བཏང་སྟེ་བླ་མ་སངས་རྒྱས་ཡིན་པ་ཐག་བཅད་ནས་སངས་རྒྱས་ཡིན་པའི་འདུ་ཤེས་དེ་བློ་ལ་ཡང་ནས་ཡང་དུ་གོམས་པའི་ཐབས་ཤེས་བྱེད་པ་ནི་རྩ་བ་དད་པ་སྦྱངས་པའི་ཚུལ་རེད།
བར་ལམ་སྐྱེས་བུ་དམ་པ་ཁ་ཤས་ཀྱིས་བླ་མ་སངས་རྒྱས་སུ་བལྟ་དགོས་པའི་རྒྱུ་མཚན་དུ་ཁེ་འདོད་ལ་གྱོང་མི་འདོད་པའི་ཕྱིར་ཞེས་གསུངས་འདུག བླ་མ་སངས་རྒྱས་སུ་བལྟས་ན་རང་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་རྒྱུ་ཡིན་པ་བཤད་མ་དགོས། གལ་ཏེ་བླ་མ་བྱང་ཆུབ་སེམས་དཔར་བལྟས་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་འཇུག་པ་དང་། བླ་མ་གང་ཟག་ཐ་མལ་བ་ཞིག་ཏུ་བལྟས་ན་གང་ཟག་ཐ་མལ་བའི་བྱིན་རླབས་འཇུག་པ་རེད།
གལ་ཏེ་བླ་མ་སངས་རྒྱས་ཡིན་ན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་དགོས། འོན་ཀྱང་ངའི་བླ་མ་ལ་སྐྱོན་འདི་དང་འདི་འདུག་ཅེས་སྐྱོན་འདོགས་ཀྱི་བློ་ཤར་སྲིད། དེའི་སྐབས་སུ་རང་གི་སྣང་བ་ལ་ངེས་པ་མེད་པ་ཞེས་པ་དེ་ལ་བསམ་བློ་གཏོང་དགོས། དེ་ཡང་རང་བློའི་སྐྱོན་གྱིས་བླ་མར་སྐྱོན་མཐོང་བ་མ་གཏོགས་བླ་མར་སྐྱོན་ཡོད་ནས་མཐོང་བ་མིན། རང་ལ་གང་སྣང་བ་ལྟར་བླ་མའི་སྟེང་དུ་ཡོད་པའི་ངེས་པ་མེད་པ་བསམ་དགོས། སྤྱན་སྔ་པས། རང་རེའི་ལས་ངན་སྡིག་པ་ཆེ་ལུགས་ཀྱིས།། བླ་མ་མི་རུ་མཐོང་བ་དགའ་ཚད་ཡིན།། ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ།། མོས་གུས་སྙིང་ནས་སྐྱེད་ཅིག་ཤཱཀྱའི་སྲས།། ཞེས་གསུངས་པ་བཞིན་རང་གི་བློའི་སྐྱོན་ཁོ་ན་མ་གཏོགས་བླ་མར་སྐྱོན་ཡོད་པ་མིན་པས། རང་གི་སྣང་བ་ལ་ངེས་པ་མེད་པ་དེ་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས་ཤིང་། རྣས་གོ་བ་དང་མིག་གིས་མཐོང་བའི་འཇིག་རྟེན་ཕལ་བའི་བྱ་བ་དེ་དག་ལའང་བདེན་པ་མིན་པར་སོ་སོ་འཁྲུལ་བའི་རིགས་ཡང་ཡང་ཡོང་བཞིན་པ་ལྟར། སངས་རྒྱས་ལ་སངས་རྒྱས་སུ་མཐོང་ཐུབ་པའི་བསོད་ནམས་ཀྱི་བསགས་རྒྱབ་ཆེན་པོ་མེད་ན་ཧ་ཅང་ཁག་པོ་རེད། སྟོན་པ་ཤཱཀྱ་ཐུབ་པ་དངོས་སུ་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་ནས་བྱོན་པའི་སྐབས་སུའང། བདུད་ལྷས་སྦྱིན་ལ་སོགས་པས་སྐྱོན་ཤ་སྟག་མ་གཏོགས་ཡོན་ཏན་གང་ཡང་མ་མཐོང་བ་ལྟ་བུ་རེད། དེ་བཞིན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོ་ནད་པ་ཞིག་ཏུ་གཟིགས་པ་དང་། ན་རོ་པས་ཏེ་ལོ་པ་ཉ་འཇུ་མཁན་ཞིག་ཏུ་མཇལ་བ་བཅས་དཔེ་མང་པོ་ཡོད། མདོ་དོན་བླ་མར་སྐྱོན་མཐོང་བ་དེ་བླ་མའི་སྟེང་དུ་ཡོད་པ་མིན་པར། རང་གི་བློ་མ་དག་པའི་དབང་གིས་མཐོང་བ་ཡིན་པར་ཡང་ཡང་བསམ་བློ་བཏང་སྟེ་བླ་མ་སངས་རྒྱས་སུ་མཐོང་བའི་རྩ་བ་དད་པ་སྦྱང་དགོས། དེ་ལྟར་བླ་མ་སངས་རྒྱས་དངོས་ཡིན་སྙམ་པའི་བློ་བརྟན་པོ་ཞིག་སྐྱེས་ན། དེའི་སྟེང་དད་པ་བསྒོམས་ཏེ་ཕྲན་བུ་འཇོག་སྒོམ་གྱི་ཚུལ་དུ་བཞག་པ་རེད།
དེ་ནས་བཀའ་དྲིན་རྗེས་སུ་དྲན་ཚུལ་ནི། བཀའ་དྲིན་རྣམས་སྡོམ་བརྒྱབས་ཏེ་ཞུས་ན། བོད་པའི་ངག་རྒྱུན་དུ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཞེས་བརྗོད་སྲོལ་ཡོད་པ་ལྟར། ཆོས་གསུངས་པའི་བཀའ་དྲིན། ཤེས་རྒྱུད་བྱིན་གྱིས་བརླབས་པའི་བཀའ་དྲིན། ཟང་ཟིང་གིས་འཁོར་དུ་བསྡུས་པའི་བཀའ་དྲིན་ཞེས་གསུང་ཚུལ་དང་། རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་གནང་མཁན་ལ་གསུང་ཚུལ། སྔགས་ཀྱི་དབང་དུ་བྱས་ན། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་བཅས་ལ་གསུང་ཚུལ་རྣམ་གྲངས་མི་འདྲ་བ་སྣ་ཚོགས་རེད། དེ་དག་ལས་ཆོས་གསུངས་པའི་བཀའ་དྲིན་ནི་བཀའ་དྲིན་ཆེ་ཤོས་དེ་རེད། བླ་མས་ཆོས་མ་གསུངས་ན། ཆོས་དང་ཆོས་མིན་རྣམ་དབྱེ་འབྱེད་པའི་བློ་དེ་ང་ཚོའི་རྒྱུད་ལ་རང་བཞིན་གྱིས་སྐྱེ་ཁག་པོ་རེད། ལྷག་པར་དུ་ཐོག་མ་མེད་པ་ནས་མི་དགེ་བའི་བག་ཆགས་ཤུགས་ཆེན་པོ་ཡིན་ཙང། བློ་མི་དགེ་བའི་ཕྱོགས་སུ་འགྲོ་བ་དང་དགེ་བའི་ཕྱོགས་སུ་མི་འགྲོ་བ་རེད། ཚུལ་དེ་ལས་ལྡོག་པའི་ཕྱིར་ཆོས་ཀྱི་གནད་དོན་རྣམས་ཐོག་མར་ཐོས་བྱུང་དང། ་དེ་ནས་བསམས་བྱུང་གི་ཤེས་རབ་སྐྱེས་པ་དེ་བླ་མའི་བཀའ་དྲིན་ཡིན།
བླ་མ་དེའང་སྤྱིར་སངས་རྒྱས་ཐམས་ཅད་ལས་ལྷག་པའི་བཀའ་དྲིན་དང་། སྒོས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་ཆེན་པོ་ཡིན་པ་རེད། དེ་ཡང་སངས་རྒྱས་གྲངས་མེད་བྱོན་ཡང་ང་ཚོས་དེ་དག་གི་ཞབས་རྗེས་མ་ཟིན་ཅིང་། ང་ཚོ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པར་ཞུགས་ཀྱང་། སངས་རྒྱས་ཁོང་ཡང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་ཟིན་པར་བརྟེན། རང་ལ་ཆོས་སྟོན་མཁན་གྱི་བླ་མ་ནི་སྤྱིར་སངས་རྒྱས་ཐམས་ཅད་ལས་ལྷག་པའི་བཀའ་དྲིན་དང་། སྒོས་སངས་རྒྱས་ཤཱཀྱ་ཐུབ་པ་ལས་ལྷག་པའི་བཀའ་དྲིན་རྣམས་དྲན་དགོས། ཆོས་ཐོས་པ་ཙམ་མིན་པར་ཆོས་ལ་བློ་ཁ་ཕྲན་བུ་ཕྱོགས་པའང་བླ་མས་ཤེས་རྒྱུད་བྱིན་གྱིས་བརླབས་པ་ལས་བྱུང་། དེ་བཞིན་ང་ཚོ་བོད་མི་ཚོར་མཚོན་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་ཤ་སྟག་རེད། ཁོང་གིས་ཇི་ཙམ་གྱིས་བོད་མི་སྐྱབས་བཅོལ་བ་རྣམས་ཟང་ཟིང་གིས་འཁོར་དུ་བསྡུས་པ་ཧ་ཅང་གསལ་པོ་རེད། ང་ཚོར་རང་གི་ལུང་པ་མེད་ཀྱང་རྒྱལ་ཁབ་གཞན་གྱི་ནང་དུ་ལྟོ་གོས་ཀྱིས་མི་ཕོངས་པར་གནས་ཡོད་པའི་བཀའ་དྲིན་རྣམས་དྲན་ཏེ། བླ་མར་ཉེ་བའི་སེམས་དང་གུས་པ་བསྐྱེད་པ་ནི་བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་བསྐྱེད་པ་རེད། དེ་ལྟར་བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་དང་། བླ་མའི་བཀའ་དྲིན་དྲན་པའི་སྒོ་ནས་དགའ་བའི་བློ་དང་ཡིད་ཆེས་ཀྱི་བློ་བླ་མའི་ཕྱོགས་སུ་དྲངས་པ་ནི་བསམ་པའི་བསྟེན་ཚུལ་རེད།
སྦྱོར་བས་བསྟེན་ཚུལ་ནི། སེམས་ནང་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་ཞིག་ཡོད་ནའང་། དད་པ་དེས་དྲངས་པའི་བླ་མ་དང་མཉམ་དུ་གནས་པའི་སྐབས་སུ་ལུས་ངག་གི་སྤྱོད་པས་བླ་མ་ཇི་ལྟར་བསྟེན་ཚུལ་དེ་རེད། དེ་དག་ལམ་རིམ་ཁག་གི་ནང་དུ་རྙེད་པ་ཟང་ཟིང་འབུལ་བ། བཀུར་བསྟི་རིམ་གྲོ་ཞུ་བ། བཀའ་བཞིན་སྒྲུབ་པ་ཞེས་གསུམ་དུ་བསྡུས་ཡོད། བཀུར་བསྟི་རིམ་གྲོ་ནི་བླ་མ་ཞལ་བཞུགས་པ་ཞིག་ཡིན་ན་ཉིན་རེའི་ཞབས་ཞུ་བསྒྲུབ་རྒྱུ་དེ་རེད། ཞལ་བཞུགས་མེད་ན་རྒྱུན་དུ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་རྒྱུ་སོགས་རེད། བཀའ་བཞིན་སྒྲུབ་པ་ནི་སྦྱོར་བས་བསྟེན་ཚུལ་ནང་གལ་ཆེ་ཤོས་དེ་རེད། རྙེད་པ་ཟང་ཟིང་འབུལ་རྒྱུའི་དངོས་པོ་མེད་པ་དང་། བཀུར་བསྟི་རིམ་གྲོ་ཞུ་རྒྱུའི་གོ་སྐབས་མེད་ནའང་། བླ་མས་གང་གསུངས་པ་རྣམས་སེམས་ལ་བཞག་སྟེ་བཀའ་དང་མི་འགལ་བར་སྒྲུབ་པ་ནི་གཙོ་བོ་རེད། དེ་ཡང་བླ་མའི་གསུང་རྣམས་ལ་རང་གིས་དྲང་ངེས་ཀྱི་དབྱེ་བ་ཕྱེ་ཤེས་པ་ཞིག་དགོས། དཔེར་ན། ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ་ཞེས་འདུལ་བར་གསལ་བོ་གསུངས་ཡོད། བླ་མའི་ཆོས་དང་མཐུན་པའི་བཀའ་རྣམས་ཇི་བཞིན་དུ་སྒྲུབ་པ་དང་། ཆོས་དང་མི་མཐུན་པའི་བཀའ་གནང་ཚེ། རིག་པ་ཡིས་མ་ནུས་ན། མ་ནུས་དེ་ལ་ཚིག་གིས་སྦྱང་། ཞེས་པ་ལྟར་བཀའ་དེ་ནི་ངས་སྒྲུབ་ཐུབ་པ་མི་འདུག་ཅེས་ཞུ་ཐུབ་དགོས། འོན་ཀྱང་ལམ་མཐོན་པོར་སོན་པའི་སློབ་མ་ལ་བླ་མའི་བཀའ་དེ་སྐྱེ་བོ་ཕལ་བའི་སྣང་ངོར་ཆོས་དང་མི་མཐུན་པ་ལྟ་བུར་སྣང་ཡང་། བཀའ་དེ་ཇི་བཞིན་བསྒྲུབ་དགོས་པ་ན་རོ་པ་དང་མི་ལ་རས་པ་སོགས་ཀྱི་རྣམ་ཐར་དུ་གསལ་བར་བརྟེན། རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དབྱེ་བ་ཕྱེ་ཤེས་དགོས། རྙེད་པ་ཟང་ཟིང་འབུལ་བའི་ཚུལ་ནི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་མཆོད་པ་དང་། མཎྜལ་ལ་སོགས་འབུལ་བ་རྣམས་རེད། དངོས་སུ་བླ་མ་ཞལ་བཞུགས་པ་ཡིན་ན། མེ་ཏོག་ཅིག་ལས་མ་བྱུང་ཡང་འབུལ་དགོས། བླ་མ་ཟང་ཟིང་ལ་མཉེས་པ་ཡིན་ན་རྙེད་པ་ཟང་ཟིང་འབུལ་བ་དེ་འགྲིགས། གལ་ཏེ་བླ་མ་ཟང་ཟིང་ལ་མི་མཉེས་ན། ཡིད་ཀྱི་སྒོ་ནས་གཙོ་བོར་འབུལ་དགོས། དེ་ལྟར་བླ་མས་ཆོས་ཕྱོགས་ཀྱི་སྐོར་བཀའ་གནང་བ་རྣམས་ཡང་ཡང་དྲན་ཅིང་ལག་ཏུ་བླངས་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཚུལ་ལ་མདོར་བསྡུས་ཤར་སྒོམ་བྱེད་དགོས།
བསམ་པའི་བསྟེན་ཚུལ་གྱི་ཤར་སྒོམ་གྱི་མཐའ་མར་བླ་མ་སངས་རྒྱས་ཡིན་པར་ཐག་བཅད་དེ་དད་པ་བསྒོམ་དགོས། བླ་མའི་བཀའ་དྲིན་རྗེས་སུ་དྲན་ཚུལ་ནི་བླ་མས་གསུངས་པ་བཞིན་ཉམས་སུ་བླངས་ཏེ་རང་རྒྱུད་སྡུག་བསྔལ་ལས་སྒྲོལ་ངེས་ཡིན་པ་བསམ་དགོས། སྦྱོར་བས་བསྟེན་ཚུལ་གྱི་སྐབས་སུ་རྙེད་པ་ཟང་ཟིང་འབུལ་བ་དང་། བཀུར་བསྟི་རིམ་གྲོ་བྱེད་པ། བཀའ་བཞིན་སྒྲུབ་པའི་ཚུལ་རྣམས་ལས་དངོས་སུ་བྱེད་ནུས་པ་རྣམས་ལག་ཏུ་བླངས། བྱེད་མ་ནུས་པ་རྣམས་མོས་པ་ཡིད་བྱེད་དམ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བྱེད་དགོས། འདིའི་ཡན་གྱིས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་ཤར་སྒོམ་བྱེད་སྟངས་མདོར་བསྡུས་ཤིག་ཞུས་ཟིན་པ་ཡིན། ཤར་སྒོམ་བྱེད་མཁན་ཚོས་ངེས་པར་དུ་ས་བཅད་རྣམས་བློ་ལ་ངེས་པ་བྱུང་ན་ཤར་སྒོམ་བྱེད་བདེ་པོ་ཡོད། ངས་འདིར་ས་བཅད་ཆ་ཚང་ཞུས་མེད། འོན་ཀྱང་གལ་ཆེ་རིགས་ཞུས་པ་རྣམས་ཐོ་འགོད་ཀྱིས་མདུན་དུ་བཞག་སྟེ་སྒོམ་ན། མི་འཁྲུགས་ཤིང་གཅིག་མཇུག་གཉིས་མཐུད་བསམ་བློའི་ནང་ཤར་བར་ཕན་ཐོགས་ཡོད། དེ་ལྟར་བཤེས་གཉེན་བསྟེན་ཚུལ་ལ་ཤར་སྒོམ་བྱས་པའི་རྗེས་སུ། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བ་ཡིན་ཙང་། རང་གི་མདུན་གྱི་ནམ་མཁར་ཚོགས་ཞིང་ངམ། ཀུན་འདུས་ནོར་བུ་ལུགས་སུ་བླ་མ་གཅིག་པུ་སྒོམ་པ་གང་ཡིན་རུང་། ཤར་སྒོམ་རེ་རེ་གྲུབ་པའི་རྗེས་སུ། བཤེས་གཉེན་བསྟེན་ཚུལ་དང་འབྲེལ་བའི་ལམ་གྱི་རྟོགས་པ་རྣམས་རྒྱུད་ལ་སྐྱེ་བ་དང་། དེའིི་འགལ་རྐྱེན་རྣམས་སེལ་བའི་བླ་མར་གསོལ་བ་བཏབ། དེ་ནས་བདུད་རྩི་འབེབས་སྦྱང་བྱས་ནའང་འགྲིག
གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་སྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ།།
དང་པོ་དལ་བའི་རྟེན་ལ་སྙིང་བོ་ལེན་པའི་ཕྱིར་སྐུལ་བ་ལ། བཤེས་གཉེན་བསྟེན་དགོས་དོན་གང་རེད་ཅེ་ན། ད་ལྟ་ང་ཚོར་ཐོབ་པའི་ལུས་རྟེན་འདིའི་སྟེང་ནས་སྐྱེ་བ་གཏན་གྱི་འདུན་མ་སྒྲུབ་ཐུབ་པའི་སྙིང་བོ་ལེན་ཐབས་བྱེད་རྒྱུ་དེ་རེད། དེ་ལས་གཞན་པའི་དོན་ཆེན་པོ་བསྒྲུབ་རྒྱུ་མེད། དེ་མ་བྱུང་ན་དལ་འབྱོར་རྙེད་པ་སྟོང་ཟད་དུ་ཕྱིན་ནས་མི་ལུས་ལེན་པའི་གོ་མ་ཆོད་པར་འགྱུར་རྒྱུ་རེད། དལ་འབྱོར་དོན་ཆེ་རྙེད་དཀར་ཤར་སྒོམ་བྱེད་པའི་སྐབས་སུ་དང་པོ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་གྱི་ལུས་རྟེན་ངོས་བཟུང་བ་དང་། དེ་ནས་དོན་ཆེ་བ་ཡིན་པ་པ་དང་རྙེད་དཀའ་བ་ཡིན་པ་བཅས་ལ་ཤར་སྒོམ་མདོར་བསྡུས་རེ་བྱེད་དགོས།
དང་པོ་དལ་འབྱོར་ངོས་བཟུང་བ་ནི། ད་ལྟའི་ང་ཚོའི་ལུས་རྟེན་འདི་མི་ཁོམ་པ་བརྒྱད་དང་བྲལ་ཞིང་། མི་ཁོམ་པ་བརྒྱད་ནི་མིའི་མི་ཁོམ་པ་བཞི་དང་མི་མ་ཡིན་པའི་མི་ཁོམ་པ་བཞི་སྟེ་བརྒྱད་གསུང་སྲོལ་ཡོད། དམྱལ་བ་དང་། ཡི་དྭགས། དུད་འགྲོ། ལྷ་ཚེ་རིང་པོ་བཅས་སྐྱེ་གནས་བཞི་གང་རུང་ལ་སྐྱེ་བ་བླང་ན་ཆོས་བྱེད་པའི་གོ་སྐབས་རྩ་བྲལ་རེད། དལ་བ་ནི་དུས་ཚོད་དང་གོ་སྐབས་ལ་གོ་བ་རེད། བོད་སྐད་དུ་དལ་བ་ཞེས་བསྒྱུར་བ་མ་གཏོགས་ལེགས་སྦྱར་སྐད་དུ་གོ་སྐབས་དང་དུས་ལ་ཟེར་བ་རེད། དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་སུ་སྐྱེས་ན་དེ་དག་གི་སྡུག་བསྔལ་གྱི་དབང་གིས་ཆོས་ཐོས་པའི་ནུས་པ་དང་། ཆོས་ཤེས་པའི་ནུས་པ། ཆོས་སྒྲུབ་པའི་ནུས་པ་བཅས་མེད་པ་གསལ་པོ་རེད། ལྷ་ལ་སྐྱེས་ནའང་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་སྐྱེ་འཆིའི་སྐབས་སུ་སྐྱེས་སོང་ཤི་སོང་བསམ་པ་ཙམ་མ་གཏོགས། དེའི་བར་གྱི་ཚེ་རྣམས་ཏིང་ངེ་འཛིན་ལ་འབྱམས་པ་དང་། འདོད་ལྷ་རྣམས་འདོད་ཡོན་ལྔ་ལ་གཡེངས་ཏེ་ཆོས་སྒྲུབ་པའི་གོ་སྐབས་མེད། མི་ལའང་འདོད་པའི་ཡོན་ཏན་ཕུན་ཚོགས་ལ་གཡེངས་པ་རྣམས་ལ་ཆོས་བྱེད་པའི་ནུས་པ་ཆུང་བ་རེད། དེས་ན་ང་ཚོ་དམྱལ་བ་དང་། ཡི་དྭགས། དུད་འགྲོ། ལྷ་སོགས་སུ་མ་སྐྱེས་པར་མི་མ་ཡིན་པའི་མི་ཁོམ་པ་བཞི་དང་བྲལ་བ་རེད། མིའི་མི་ཁོམ་པ་བཞི་ནི། མིར་སྐྱེས་ཀྱང་སངས་རྒྱས་མ་བྱོན་པའི་ཡུལ་ལམ་སངས་རྒྱས་ཀྱི་བསྟན་པ་མ་དར་བའི་ཡུལ་དུ་སྐྱེས་ན་ཕན་ཐོགས་མེད། ད་ལྟ་རྣམ་འདྲེན་བཞི་པའི་བསྟན་པ་གནས་བཞིན་པའི་སྐབས་རེད། དེ་མིན་འཇིག་རྟེན་གྱི་ཁམས་འདི་གནས་པའི་བསྐལ་པའི་ནང་དུ་བལྟས་ན་སངས་རྒྱས་བྱོན་པའི་དུས་ལས་མ་བྱོན་པའི་དུས་དེ་ཧ་ཅང་རིང་བ་རེད། དེ་བཞིན་སངས་རྒྱས་སྔ་མའི་བསྟན་པ་ཉམས་པ་དང་སངས་རྒྱས་རྗེས་མས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་བར་དུའང་བསྟན་པ་མེད་པའི་དུས་སྐབས་ཧ་ཅང་རིང་པོ་རེད། དེས་ན་བསྟན་པ་དར་བའི་དུས་སྐབས་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན། སངས་རྒྱས་ཀྱི་བསྟན་པ་མེད་ས་ཞིག་ཏུ་སྐྱེས་ན་ཆོས་སྒྲུབ་པའི་གོ་སྐབས་མེད། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཡོད་ཀྱང་རང་ཉིད་སྐྱེ་སའི་ཡུལ་དེ་ཆོས་མ་དར་བའི་མཐའ་ཁོབ་ཅིག་ཡིན་ན་ཆོས་སྒྲུབ་པའི་གོ་སྐབས་བྲལ་བ་རེད། ཡང་སངས་རྒྱས་བྱོན་ཞིང་བསྟན་པ་གནས་པ་ཞིག་ཏུ་སྐྱེས་ནའང་། གླེན་ལྐུགས་དང་འོན་པ་སོགས་དབང་པོ་མ་ཚང་བར་སྐྱེས་ན་ཆོས་སྒྲུབ་པའི་གོ་སྐབས་མེད། དེ་དག་གང་ཡང་མིན་ཡང་ལོག་ལྟ་ཅན་དུ་སྐྱེས་ནའང་ཆོས་སྒྲུབ་པའི་གོ་སྐབས་བྲལ་བ་རེད། ད་ལྟའི་ང་ཚོའི་ས་ཡི་གོ་ལ་འདིའི་སྟེང་ལོག་ལྟ་ཅན་གྱི་མི་ཧ་ཅང་མང་པོ་རེད། ཆོས་ནི་རྨོངས་དད་དང་། དེ་ནི་འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་ལ་འགལ་རྐྱེན་དུ་ལྟ་མཁན་གྱི་གང་ཟག་ཅིག་ལ་སྐྱེས་ན། སངས་རྒྱས་བྱོན་པ་དང་། བསྟན་པ་གནས་པ། དབང་པོ་ཚང་བ། ཡུལ་དབུས་སུ་སྐྱེས་ཀྱང་དད་པ་མེད་པས་ཕན་ཐོགས་མ་བྱུང་བ་རེད། དེ་ལྟ་བུའི་འགལ་རྐྱེན་ཆེན་པོ་བརྒྱད་དང་བྲལ་བ་ཡིན་པས་ང་ཚོ་དལ་བ་དང་ལྡན་པ་རེད། ང་ཚོའི་སེམས་རྒྱུད་ལ་བརྟག་ན་ངན་སོང་ལོག་པར་ལྟུང་བའི་གནས་སུ་སྐྱེ་བའི་རྒྱུ་ཧ་ཅང་མང་ཞིང་། བདེ་འགྲོ་ལྷ་མིའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་ཧ་ཅང་ཉུང་བ་རེད། ང་ཚོས་ཉིན་ཞག་གཅིག་གི་ཆུ་ཚོད་ཉེར་བཞིའི་ནང་སྐྱེ་བ་ཕྱི་མ་མངོན་མཐོར་འཕེན་ཐུབ་པའི་ལས་ག་ཚོད་བསགས་འདུག སྐྱེ་བ་ཕྱི་མ་ངན་སོང་དུ་འཕེན་བྱེད་ཀྱི་ལས་ག་ཚོད་བསགས་འདུག་ཞུ་དག་ཅིག་བཏང་ན། བདེ་འགྲོར་འཕེན་བྱེད་ཉུང་ཞིང་ངན་སོང་ངུ་ལྟུང་བྱེད་ཧ་ཅང་མང་བ་ཡོད་རེད། འོན་ཀྱང་སྟབས་ཡག་ནས་ད་ལན་འགལ་རྐྱེ་ན་མི་ཁོམ་པ་བརྒྱད་ལས་ཐར་བ་མ་ཟད། མཐུན་རྐྱེན་འབྱོར་པ་བཅུའང་ཚང་ཡོད།
མཐུན་རྐྱེན་འབྱོར་པ་བཅུ་ནི། ཆོས་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཆགས་ཡོད། དེ་དག་ནི་མིར་སྐྱེས་པ། ཡུལ་མཐའ་འཁོབ་ཏུ་མ་སྐྱེས་པར་ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་ཀྱི་མཐའ་མ་ལོག་པ། ཆོས་ལ་དད་པ་བཅས་རང་འབྱོར་ལྔ་རེད། དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་མ་འགལ་རྐྱེན་དང་མཐུན་རྐྱེན་གྱི་ཁྱད་པར་ལས་དོན་མཚུངས་པ་རེད། དེས་ན་མི་ཡིན་པ་དང་། ཡུལ་དབུས་ཞེས་པ་ནི་གང་དུ་དགེ་སློང་ཕ་མ་གཉིས་དང་། དགེ་བསྙེན་ཕ་མ་གཉིས་བཅས་འཁོར་རྣམ་བཞི་རྒྱུ་བ་ལ་ཟེར། ད་ལྟ་སངས་རྒྱས་ཀྱི་བསྟན་པ་གནས་ས་ཚང་མར་འཁོར་རྣམ་བཞི་ཆ་ཚང་མེད་ཀྱང་། འཁོར་རྣམ་བཞིའི་དོད་ཐུབ་པ་ཞིག་ཡོད། དེ་འདྲའི་ཡུལ་དུ་སྐྱེས་པ་ལ་ཡུལ་དབུས་སུ་སྐྱེས་པ་ཟེར། དེ་ནས་དབང་པོ་ཚང་བ་ནི་ལུས་དང་ཡན་ལག་ལ་སྐྱོན་མེད་པ། ལས་ཀྱི་མཐའ་མ་ལོག་པ་ནི་མཚམས་མེད་ཀྱི་ལས་བྱས་པ་མ་ཡིན་པ་ལ་ཟེར། མཚམས་མེད་ཀྱི་ལས་བྱས་པའི་གང་ཟག་ཅིག་ཡིན་ན་ཚེ་དེར་ཆོས་ཡང་དག་པ་བྱེད་པའི་གོ་སྐབས་མེད། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ལོག་ལྟ་ཅན་མ་ཡིན་པར་དད་པ་ཡོད་པ་བཅས་རང་ངོས་ནས་འཛོམས་དགོས་པའི་མཐུན་རྐྱེན་ལྔ་ཚང་བ་རེད། གཞན་གྱི་ངོས་ནས་མཐུན་རྐྱེན་འཛོམས་དགོས་པ་ལ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གསུངས་ནས་བསྟན་པ་མ་ཉམས་པའི་སྐབས་ཡིན་པ། དཔེར་ན། ཤཱཀྱ་ཐུབ་པའི་བསྟན་པ་ལྟ་བུར་མཚོན་ནའང་ད་ལྟ་བསྟན་པའི་དཀྱིལ་ལྟ་བུ་ཞིག་རེད། ལྔ་བརྒྱ་ཐ་མའི་དུས་སུ་བསྟན་པ་ཉམས་ལ་ཁད་པའི་རྟགས་ཙམ་འཛིན་པའི་མཚམས་སུ་སླེབས་པ་ན། སངས་རྒྱས་བྱོན་པའི་སྐབས་ཡིན་རུང་། ཆོས་ཀྱི་རྒྱུན་ཕལ་ཆེར་ཉམས་ནས་ཆོས་མ་གསུངས་པ་དང་ཁྱད་པར་མེད། དེ་ནས་བསྟན་པའི་རྗེས་འཇུག་གང་ཟག་ཡོད་བཞིན་པའི་སྐབས་ཡིན་པ། དེ་ནི་བླ་མའི་མཐུན་རྐྱེན་འཛོམས་པ་སོགས། མཐའ་མ་བསྟན་པར་ཞུགས་མཁན་གྱི་གང་ཟག་ལ་འཚོ་བ་སྦྱོར་མཁན་གྱི་གཞན་ལ་སྙིང་བརྩེ་བའི་གང་ཟག་ཡོད་པ་བཅས་གཞན་འབྱོར་ལྔ་ལྡན་པ་རེད། དེ་ལྟར་འགལ་རྐྱེན་མི་ཁོམ་པ་བརྒྱད་དང་བྲལ་ཞིང་མཐུན་རྐྱེན་འབྱོར་པ་བཅུ་དང་ལྡན་པའི་ལུས་རྟེན་འདི་ལྟ་བུ་ཞིག་ཐོབ་པ་ཧ་ཅང་སྐལ་བ་བཟང་ངོ་སྙམ་ནས་དལ་འབྱོར་གྱི་ལུས་རྟེན་ངོས་གཟུང་དགོས།
དལ་འབྱོར་གྱི་ལུས་རྟེན་འདི་དོན་ཆེན་པོ་ཇི་ལྟར་རེད་ཅེ་ན། དེ་ནི་དལ་བ་བརྒྱད་དང་འབྱོར་བ་བཅུའི་ཚུལ་ལ་བསམ་བློ་བཏང་བའི་སྐབས་སུ་ཧ་གོ་ཐུབ་པ་ཞིག་རེད། གལ་ཏེ་དལ་བ་བརྒྱད་གང་རུང་མ་ཚང་བར་མི་ཁོམ་པའི་གནས་བརྒྱད་གང་རུང་ནང་ལྷུང་ཡོད་ན། གང་ཡང་བྱེད་མི་ཐུབ། དཔེར་ན། མི་དང་མཉམ་སྡོད་ཀྱི་ཁྱི་དང་ཞི་མི་སོགས་དུད་འགྲོ་ཚོར་བལྟས་པ་ཡིན་ནའང་། ཆོས་ཀྱི་ཚིག་ཙམ་གོ་བ་དང་ཆོས་ཀྱི་དོན་ཡིད་ལ་བསམ་རྒྱུའི་ནུས་པ་མེད་པ་དེ་མངོན་སུམ་མིག་མཐོང་རེད། འོན་ཀྱང་ང་ཚོ་ཆོས་ལ་ཐོས་བསམ་བྱེད་འདོད་ཡོད་ན་བྱེད་རྒྱུའི་ནུས་པ་ཡོད་པ་དང་ལུས་སེམས་གཉིས་ཀའི་མཐུན་རྐྱེན་ཚང་བས་དོན་ཆེན་པོ་དང་ལྡན་པ་རེད། གང་ཡིན་ཞེ་ན། གཞན་གང་གིས་ཀྱང་སྒྲུབ་མི་ཐུབ་པའི་དོན་ཞིག་མིའི་ལུས་རྟེན་འདིས་སྒྲུབ་ཐུབ་པ་ཡིན། དཔེར་ན། ལྟོ་འཚོལ་བ་དང་། གནས་བཅའ་བ། ཕྲུ་གུ་གསོ་སྐྱོང་བྱེད་པ་བཅས་དམྱལ་བ་པས་སྒྲུབ་དཀའ་བ་མ་གཏོགས། དུད་འགྲོ་དང་། ཡི་དྭགས། ལྷ་ཚེ་རིང་པོ་སོགས་ཀྱིས་སྒྲུབ་ཐུབ་པ་ཞིག་རེད། དུད་འགྲོ་ཡང་ལྟོགས་ཤི་ཐེབས་མཁན་ཉུང་ཉུང་རེད། དེ་བཞིན་སོ་སོའི་ལུས་མི་གྲང་བའི་ཐབས་སུ་ཚང་ལྟ་བུ་ཞིག་འབུ་དང་བྱེའུ་ཚུན་ཆད་ཀྱིས་བཟོ་ཐུབ་ཅིང། ཕྲུ་གུ་ཡང་གསོ་སྐྱོང་བྱེད་ཐུབ། འོན་ཀྱང་དུད་འགྲོ་དང་དམྱལ་བ་པ་ལ་སོགས་པ་མི་ཁོམ་པའི་གནས་སུ་སྐྱེ་མཁན་ཚོས་བྱེད་མི་ཐུབ་པ་དང་དལ་བརྒྱད་འབྱོར་བཅུ་ཚང་བའི་མིའི་ལུས་རྟེན་གྱིས་བྱེད་ཐུབ་པ་དེ་གང་རེད་ཅེ་ན། སྐྱེ་བ་ཕྱི་མ་ངན་སོང་དུ་འགྲོ་མི་དགོས་པར་བདེ་འགྲོ་ལྷ་མིའི་གོ་འཕང་ལུས་རྟེན་འདིའི་ཐོག་ནས་ལས་སླ་པོའི་ངང་སྒྲུབ་ཐུབ་པ་དང་། དེ་ལས་མཐོ་རུ་སོང་ན་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཁམས་གསུམ་འཁོར་བ་འདི་སྤངས་ནས་ཐར་པ་ཐོབ་པའི་ཐབས་ཀྱང་སྒྲུབ་ཐུབ་པ། དེ་ཙམ་དུ་མ་ཟད་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་གཉིས་ཀ་སྤངས་པའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཡང་སྒྲུབ་ཐུབ་པ་དེ་རེད། ལྷག་པར་དུ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡིན་པར་བརྟེན། བྱང་ཆུབ་སེམས་དཔའ་ཚོས་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་བསྐལ་པ་གྲངས་མེད་གསུམ་གྱི་རིང་མགོ་དང་རྐང་ལག་སྦྱིན་པ་སོགས་སྒྲུབ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་བསླབས་ནས་བསྒྲུབ་དགོས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྒྲུབ་ཐུབ་པའི་ནུས་པའང་མིའི་ལུས་རྟེན་འདི་ལ་ཡོད་རེད། དེར་བརྟེན་མིའི་ལུས་རྟེན་འདིའི་སྟེང་ནས་སྒྲུབ་མི་ཐུབ་པ་འདི་ཡིན་ཟེར་བ་ཞིག་མེད། ཚེ་འདི་སྣང་གི་བྱ་བའི་དབང་དུ་བྱས་ཀྱང་ག་རེ་ཡིན་ཡང་སྒྲུབ་ཐུབ་པ་ཞིག་རེད། ལྷག་པར་དུ་ཆོས་ཀྱི་ཐོག་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་ག་རེ་སྒྲུབ་དགོས་ཀྱང་སྒྲུབ་ཐུབ་པ་ཡིན་ཙང་ཧ་ཅང་དོན་ཆེ་བ་རེད། དེས་ན་ལུས་རྟེན་འདིས་བྱེད་ཐུབ་པའི་ནུས་པ་དེ་བེད་སྤྱོད་མ་བཏང་བར་ཆུད་ཟོས་སུ་སོང་ན་ཧ་ཅང་ཕངས་པོ་རེད།
དེ་ཧ་ཅང་ཕངས་པོ་ཡིན་པའི་རྒྱུ་མཚན་ནི་རྙེད་དཀའ་བ་དེ་རེད། ད་ལན་སྟབས་ཡག་ནས་བླ་མ་དཀོན་མཆོག་གི་བཀའ་དྲིན་དང་། སྐྱེ་བ་སྔོན་མའི་ཚོགས་བསགས་པ་ལ་བརྟེན་ནས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་པ་དེས་སྐྱེ་བ་གཏན་གྱི་འདུན་མ་ཞིག་སྒྲུབ་མ་ཐུབ་པར། ཡང་བསྐྱར་ངན་སོང་ངན་འགྲོའི་གནས་སུ་ལྷུང་ན་སླར་མི་ལུས་འདི་ལྟ་བུ་འཐོབ་རྒྱུ་ཧ་ཅང་ཁག་པོ་རེད། ཁག་པོ་ཡིན་པའང་རྒྱུ་སྒྲུབ་དཀའ་བ་དང་། ངོ་བོ་འཛོམས་དཀའ་བ། དཔེ་སྲིད་དཀའ་བ་བཅས་ཀྱིས་རེད། རྒྱུ་སྒྲུབ་དཀའ་བ་ནི་དལ་འབྱོར་ཚང་བའི་མི་ལུས་འདི་འདྲ་ཞིག་ཐོབ་པ་ལ་ཉུང་མཐར་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཏེ་ལས་སྟོབས་ཆེན་ཞིག་བསགས་དགོས་པ་རེད་མ་གཏོགས་རྣམ་དཀར་གྱི་ལས་ཆུང་ཆུང་ཞིག་གིས་ཐོབ་མི་ནུས་པ་རེད། ངོ་བོ་འཛོམས་དཀའ་བ་ནི་དལ་བ་བརྒྱད་དང་འབྱོར་བ་བཅུ་སོགས་མཐུན་རྐྱེན་རྣམ་གྲངས་བཅོ་བརྒྱད་ཚང་དགོས། ད་རེས་ལན་ཅིག་མི་ལུས་ཐོབ་པའི་སྐབས་འདིར་ཆུད་ཟོས་སུ་མ་སོང་བར་གལ་ཆེན་པོར་བསམས་ཏེ། ཐོག་མར་དལ་འབྱོར་ངོས་བཟུང་། དེ་ནས་དོན་ཆེ་ཚུལ་རྣམས་བསམས། ད་ཐེངས་མ་བྱུང་ན་ཡང་ཡང་ཐོབ་དཀའ་བ་ཡིན་པ་གསུམ་བློ་ལ་རིམ་པས་བསམས་རྗེས། ལུས་རྟེན་འདིའི་ཐོག་ནས་དོན་ཆེན་པོ་ཞིག་སྒྲུབ་པ་དང་། མཐའ་མ་མ་བྱུང་ནའང་སྐྱེ་བ་ཕྱི་མ་མངོན་མཐོའི་གོ་འཕང་ཐོབ་པ་ཞིག་བྱེད་ཀྱི་ཡིན་སྙམ་པའི་བློའི་ཐག་གཅོད་བརྟན་པོ་ཞིག་བྱས་ཏེ་དེ་ནས་འཇོག་སྒོམ་ལ་ཞུགས་དགོས།
གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ།། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་བསྟན་པ་གཉིས། དང་པོ་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་ལ། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་གཉིས་ལས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་ཞེས་པ་ནི་འཆི་བ་མི་རྟག་པ་སྒོམ་ཚུལ་དེ་རེད། དལ་འབྱོར་དོན་ཆེན་པོ་དང་རྙེད་དཀའ་བ་ཡིན་པ་ཤེས་ནའང་། དེས་མི་རྟག་པ་ཡིན་པ་དང་འཆི་བ་ངེས་པར་དུ་ཡོང་བ། དེ་ཡང་ནམ་ཡོང་ཆ་མེད་ཡིན་པར་བརྟེན། དོན་ཆེན་པོ་ཞིག་བསྒྲུབ་རྒྱུ་དེ་ཡང་སང་བྱ་གནང་བྱའི་ངང་དུ་མ་ལུས་པར་ད་ལྟ་ལམ་སེང་ལག་ལེན་བསྟར་དགོས་པ་དང་། ལག་ལེན་བསྟར་ཚུལ་ཡང་སྐྱེ་བ་ཕྱི་མའི་དོན་བསྒྲུབ་དགོས་ན། སྐྱེ་བ་ཕྱི་མར་འགྲོ་ས་གང་དང་གང་ཡོད་མེད་སོགས་ལ་འབྲེལ་བ་ཆགས་ཀྱི་ཡོད། དལ་འབྱོར་ཚང་བའི་མི་ལུས་འདི་མི་རྟག་པ་ཡིན་པས། མི་རྟག་པའི་ངང་ཚུལ་དེ་གསལ་པོ་ཤེས་དགོས། ད་ལྟ་ང་ཚོའི་བསམ་བློའི་ནང་རྟག་འཛིན་གྱི་བློ་དེ་ཤུགས་ཆེན་པོ་ཡོད་ཙང་། ག་དུས་ཡིན་ནའང་ཤི་ཡོང་བསམ་པའི་མི་རྟག་པ་ཡིན་པའི་འདུ་ཤེས་དང་། དེ་ལ་བརྟེན་ནས་འཕྲལ་མ་ཉིད་དུ་ཆོས་བསྒྲུབ་དགོས་པ། དལ་བའི་རྟེན་ལ་སྙིང་པོ་ལེན་དགོས་པའི་ཛ་དྲག་གི་བློ་དེ་སྐྱེས་ཀྱི་མེད། དེས་ན་རྟག་འཛིན་གྱི་བློ་དེ་ལྡོག་ནས། ངེས་པར་འཆི་བ་དང་ནམ་འཆི་ངེས་མེད་བློ་ལ་ཡག་པོ་ཞིག་ངེས་ན། དོན་དག་གང་ཞིག་ཡིན་ཡང་འཕྲལ་མ་ཉིད་དུ་ལག་ལེན་ཏུ་བསྟར་ཐུབ་པ་དང་། མི་ཚེ་དོན་ཆེན་པོ་དེ་ཆུད་ཟོས་སུ་མི་གཏོང་བའི་ཁྱད་པར་ཡོད། དེར་བརྟེན་ཐོག་མར་མི་རྟག་པ་བསྒོམ་དགོས། མི་རྟག་པ་སྒོམ་ཚུལ་ལའང་ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པ་བསམ་པ་ཞེས་ས་བཅད་གསུམ་གྱི་ཐོག་ནས་དགོངས་པ་བཞེས་དགོས། ངེས་པར་འཆི་བ་བསམ་པ་ཞེས་པ་དེ་ང་ཚོའི་བསམ་བློའི་ནང་རྟག་འཛིན་གྱི་བློ་དེ་ལྡོག་པའི་ཆེད་དུ་རེད། དེ་ཡང་སྔ་ཕྱི་མ་ལྟོས་པར་མཐའ་མ་ཤི་རྒྱུ་ཡིན་པ་དེ་བློ་ལ་ངེས་པོ་དང་། རྒྱུད་ཁུལ་ངེས་ཤེས་པ་ཞིག་ཡོང་དགོས་པ་དེ་གལ་ཆེན་པོ་རེད། དེས་ན་སྐྱེ་བ་བླངས་ཕྱིན་ཆད་མ་ཤི་བ་སུའང་མེད། བསྐལ་པ་ཐོག་མ་མེད་པ་ནས་འཇིག་རྟེན་འདིའི་ནང་དུ་སྐྱེ་བ་ལེན་མཁན་གྲངས་ལས་འདས་པ་བྱུང་མོད། དེའི་ནང་འདི་མ་ཤི་བ་རེད་ཟེར་བ་གཅིག་ཀྱང་བསྟན་རྒྱུ་མེད། སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་མི་བཤིག་རྡོ་རྗེའི་སྐུ་བརྙེས་པ་དེ་ཚོ་གནས་ཚུལ་ཐ་དད་རེད། ལར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྗེས་སུའང་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་ནས་མིའི་རྣམ་པར་བྱོན་པ་རྣམས་སྐུ་ཚེ་མཐའ་མ་མྱ་ངན་ལས་འདས་པའི་མཛད་པ་བསྟན་དགོས་ཀྱི་ཡོད། གང་ལྟར་སངས་རྒྱས་ཡིན་ནའང་མིའི་ལུས་རྟེན་བཞེས་པའི་སྐབས་སུ་མཛད་པ་བཅུ་གཉིས་ཀྱི་མཐའ་མ་མྱ་ངན་ལས་འདས་པའི་མཛད་པ་བསྟན་དགོས་ཀྱི་ཡོད། དེར་བརྟེན་ང་ཚོར་ཤི་རྒྱུའི་བསམ་བློ་མེད་པ་དེ་ཕྱི་བཤོལ་ཡོང་བའི་རྒྱུ་གཙོ་བོ་ཞིག་ཡིན་ཙང་ངེས་པར་འཆི་བ་བསམ་པ་དེ་གལ་ཆེན་པོ་རེད། དེ་ཡང་ལྐོག་གྱུར་གྱི་གནས་ལུང་རིགས་ཀྱིས་བསྒྲུབ་དགོས་པ་ཞིག་མིན། གུང་ཐང་གིས། ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱས་ནས།། མངོན་གྱུར་འཆི་བ་མ་མཐོང་ཡིད་རེ་རྨོངས།། ཞེས་གསུངས་པ་དེ་ཧ་ཅང་བདེན་པ་རེད། ངེས་པར་འཆི་བ་དེ་ནམ་རྒྱུན་ནས་ང་ཚོས་ཧ་གོ་དོན་གསལ་ཞིག་རེད། སྐྱེ་བ་ཞིག་ལེན་ཕྱིན་ཆད་མཐའ་མ་ལུས་དེ་འདོར་དགོས་ཀྱི་ཡོད་པ་བཤད་མ་དགོས་པ་རེད། ཡིན་ནའང་རྟག་འཛིན་གྱི་བློ་དེས་ག་རེ་བྱེད་ཀྱི་ཡོད་ཅེ་ན། མགྱོགས་པོར་ཤི་སྲིད་བསམ་པའི་བློ་དེ་སྐྱེས་མ་བཅུག་པར་དུས་ཚོད་ཡོད་མདོག་ཁ་པོ་དང་། ཁོམ་ལོང་ཡོད་མདོག་ཁ་པོ། ཤི་བ་ཟེར་བ་དེ་ཐག་རིང་པོ་ཞིག་ཡིན་པའི་བསམ་ཚུལ་སྐྱེས་སུ་བཅུག་པ་རེད། རྗེ་བདག་ཉིད་ཆེན་པོས། ནམ་ཞིག་ལ་འཆི་ཡོང་བསམ་པ་ཀུན་ལ་ཡོད་ཀྱང་། ད་ལྟ་མི་འཆི་སྙམ་པ་ནད་པ་འཆི་ཁ་མ་ཚུན་ལ་ཡོང་ཞེས་གསུངས་པ་བཞིན་ང་ཚོ་ཚང་མས་ནམ་ཡང་མི་ཤི་བསམ་པ་དྲན་གྱི་མེད་ཀྱང་། ད་ལྟ་མི་ཤི། གནས་སྐབས་མི་ཤི་སྙམ་པ་དང་། ཐ་ན་ནད་པ་འཆི་ཁ་མ་དེ་ཚོས་ཀྱང་དེ་རིང་མི་ཤི། སང་ཉིན་མི་ཤི་སྙམ་པའི་རྟག་འཛིན་གྱི་བློ་དེ་མུ་མཐུད་དེ་ཡོང་གི་ཡོད་ཙང། ངེས་པར་འཆི་བ་དང་ནམ་འཆི་ངེས་མེད་གཉིས་བསམས་དགོས་པ་དེ་གལ་ཆེན་པོ་རེད། འདིར་ས་བཅད་བཞིན་ཞུ་ན། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་སོགས་ཡོད་ཀྱང། འདིར་ཤར་སྒོམ་བྱེད་སྟངས་མདོར་བསྡུས་ཡིན་པས་དེ་དག་མི་དགོས་པ་བྱ་རྒྱུ་ཡིན།
མདོ་དོན་སུ་དང་སུ་ཡིན་ནའང་འཆི་དགོས་ཀྱི་ཡོད་པ་དེ་གཏན་འཁེལ་བ་ཡིན་ཙང་། དེ་ལ་སྒྲུབ་བྱེད་མང་པོ་བཏང་དགོས་དོན་མེད་ཀྱང་བསམ་བློའི་ནང་ཚོར་སྣང་བསྐྲུན་རྒྱུ་ཞིག་རེད། དེ་བཞིན་ནམ་འཆི་ངེས་མེད་མ་བསམ་ན། སང་ཉིན་དང་འཇིག་རྟེན་ཕྱི་མ་གཉིས་ལས་སྔོན་དུ་གང་ཡོང་གཏོལ་མེད་ཀྱང་། ད་ལྟ་མི་ཤི། སང་ཉིན་མི་ཤི་བསམ་པའི་རྟག་འཛིན་གྱི་བློ་དེས་ང་ཚོར་ཆོས་བྱེད་རྒྱུར་བར་ཆད་བྱེད་ཀྱི་ཡོད། དེ་ལྟར་ནམ་འཆི་ལ་ངེས་པ་མེད་པའི་ཚུལ་ལ་རྒྱུ་མཚན་མང་པོའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་ཅིང་། འཆི་བའི་རྐྱེན་མང་བ་དང་། གསོན་པའི་རྐྱེན་ཉུང་བ། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ། གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་ལ་འགྱུར་ཉེན་ཡོད་པ་བཅས་བསམ་དགོས། དེ་ཡང་ང་ཚོས་ལུས་འཚོ་བའི་ཆེད་དུ་ཟས་ཟ་བ་དང་། ནད་དྲག་པའི་ཆེད་དུ་སྨན་བཅོས་བྱེད་པ། འཚོ་བ་དང་འཕྲོད་བསྟེན་གྱི་ཆེད་དུ་ཁང་པའི་ནང་དུ་སྡོད་པ་སོགས་རིང་པོར་འཚོ་བའི་མཐུན་རྐྱེན་དུ་འགྱུར་དགོས་ཀྱང་། ཟ་མ་ཟ་སྟངས་མ་འགྲིག་ནས་ཤི་བ་དང་། སྨན་ལོག་ཐེེབས་ནས་ཤི་བ། ས་ཡོམ་བརྒྱབས་ནས་ཁང་པ་རྡིབ་སྟེ་ཤི་བ། ལམ་བར་སྣུམ་འཁོར་བརྡབས་སྐྱོན་གྱིས་ཤི་བ་སོགས་ཤི་རྐྱེན་མང་ཞིང་། གསོན་རྐྱེན་ཉུང་བ་རེད། དེའི་སྟེང་དུ་ང་ཚོའི་ལུས་འདིའང་ཧ་ཅང་གི་ཉམས་ཆུང་བ་ཡིན། ལྷག་པར་དུ་དེང་སང་འཇིག་རྟེན་སྤྱི་ཡོངས་ལ་ནད་ཡམས་ཁྱབ་པར་བརྟེན། ཇི་ཙམ་གཟབ་གཟབ་བྱས་ཀྱང་སུ་དང་སུ་ལ་ནད་ཕོག་གི་ཡོད་མེད་མི་ཤེས་པ་དང་། རྒན་བྱིས་བར་གསུམ། ཕྱུག་འབྲིང་དབུལ་གསུམ། དྲག་ཞན་བར་གསུམ་སུའང་སྨན་དང་མཐུན་རྐྱེན་ཡོད་མེད་ལ་མ་ལྟོས་པར་འཆི་བ་སླེབས་ཚེ་ཡིབ་ས་དང་ལྷག་འགྲོ་ས་གང་ཡང་མེད་པར་བརྟེན། ནམ་འཆི་ངེས་པ་མེད་པ་དང་འཆི་རྐྱེན་མང་བ་ཉིན་ལྟར་བསམ་དགོས། སྲོག་ཟེར་བ་དེ་དབུགས་འབྱུང་རྔུབ་ཙམ་ཞིག་ཡིན། དབུགས་དེ་ཕར་བཏང་ནས་ཚུར་མ་སླེབས་ན་ཚར་བ་རེད། ཧ་ཅང་མཁྲེགས་པོ་ཞིག་མེད། དེས་ན་ཉི་མ་རེ་རེ་བཞིན་དུ་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ་ད་ལྟ་ཤི་ནའང་འགྱོད་པ་མེད་པ་ཞིག་བཟོ་དགོས།
ཤི་བའི་སྐབས་སུ་རང་དང་མཉམ་དུ་འགྲོ་མཁན་དེ་གང་རེད་ཅེ་ན། སོ་སོས་བསགས་པའི་ལས་དགེ་བ་དང་མི་དགེ་བ་གཉིས་མ་གཏོགས་གཞན་གང་ཡང་མེད། ལས་མི་དགེ་བས་ནི་རང་ལ་གནོད་པ་བྱེད་ཅིང་། ཕྱི་མ་ངན་སོང་དུ་འཕེན་པ་དང་སྡུག་བསྔལ་མུ་མཐའ་མེད་པ་མྱོང་བ་རེད། ལས་དགེ་བ་ཞིག་བསགས་ཡོད་ན་དེའི་དབང་གིས་མངོན་མཐོ་ལྷ་དང་མིའི་སྐྱེ་བ་ལེན་པར་ཕན་ཐོགས་པ་རེད། དེས་ན་ཤི་བའི་སྐབས་སུ་ལོངས་སྤྱོད་དང་། གཉེན་ཉེ་དུ། སྟོབས་འབྱོར་མངའ་ཐང་། དབང་ཆ། མང་ཚོགས་དགའ་པོ་ཡོད་པ་སོགས་གང་གིས་ཀྱང་ཕན་མི་ཐོགས་ཤིང་། འཇིག་རྟེན་འདིའི་ཕུན་ཚོགས་ག་རེ་ཡོད་ཀྱང་ཚང་མ་བཞག་སྟེ་འགྲོ་རྒྱུ་རེད། འོན་ཀྱང་སྐབས་དེར་མཉམ་དུ་འཁྱེར་ཐུབ་པ་ནི་ཆོས་དང་དགེ་བ་བསྒྲུབས་པ་རྣམས་རེད། མདོ་དོན་ཤི་བའི་གྲ་སྒྲིག་ལ་ཆོས་ཡང་དག་པ་ཞིག་ད་ལྟ་ནས་བྱེད་དགོས་ཀྱི་འདུག་སྙམ་པའི་བློ་ལ་ངེས་ཤེས་ལྷང་ལྷང་མ་སྐྱེས་ཀྱི་བར་དུ་ངེས་པར་འཆི་བ་དང་ནམ་འཆི་ངེས་མེད་ལ་བསམ་བློ་གཏོང་དགོས། དེ་ལྟར་གནང་ན་འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དེའི་དབང་གིས་ཕྱི་མ་དོན་གཉེར་གྱི་བློ་ཞིག་སྐྱེ་བ་དང་། དེ་ལ་བརྟེན་ནས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དེ་ཉམས་སུ་བླང་དགོས།
གལ་ཏེ་ཤི་བའི་རྗེས་སུ་མར་མེ་ཤི་བ་ལྟར་རིག་པའི་རྒྱུན་འགགས་ཀྱི་ཡོད་ན་སེམས་ཁྲལ་གང་ཡང་མེད། དཔེར་ན། འཇིག་རྟེན་རྒྱང་འཕེན་པས་རྣམ་ཤེས་དེ་ལུས་ལ་བརྟེན་ནས་གྲུབ་པ་དང་། ལུས་ཀྱི་ཡོན་ཏན་ལྟ་བུ་ཞིག་ཏུ་འདོོད་ནས། ཚེ་འདི་ལ་འབྱུང་བ་འདུས་པ་ལ་བརྟེན་ནས་ཕུང་པོ་གྲུབ་པ་དང་མཉམ་དུ་རྣམ་ཤེེས་སྐྱེ་བ་དང་། ཕུང་པོ་ཉམས་པའི་རྗེས་སུ་རྣམ་ཤེས་ཀྱང་རྒྱུད་ཆད་པར་འདོད་པ་ལྟ་བུ་ཡིན་ན་སྟབས་བདེ་པོ་རེད། དེས་ན་ཚེ་འདི་ལ་གང་འདོད་པ་དེ་བྱེད་ཆོག་པ་དང་། སྐྱེ་བ་ཕྱི་མར་ལས་དང་འབྲས་བུའི་རྣམ་བཞག་ལ་བསམ་བློ་གཏོང་མི་དགོས་པ་ཡིན་ན་དེ་ག་ཡིན་མོད། དངོས་དོན་ནི་དེ་ལྟར་མིན་ལ། སྐྱེ་བ་ཕྱི་མ་ཡོད་པ་ནི་ཧ་ཅང་གསལ་པོ་དང་ར་འཕྲོད་པོ་ཞིག་རེད། དེ་ལ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་མང་པོ་ཡོད་མོད། དེ་ཚོའི་ནང་ནས་གལ་ཆེ་ཤོས་ནི་རིགས་འདྲ་སྔོན་སོང་གི་རིགས་པ་དང་། མྱོང་བ་སྔོན་སོང་གི་རིགས་པ། དངོས་སུ་དྲན་པ་ཡོད་པ་དེ་ཚོའི་ཐོག་ནས་སྒྲུབ་ཀྱི་ཡོད། རིགས་འདྲ་སྔོན་སོང་རིག་པ་དེ་གང་རེད་ཅེ་ན། ད་ལྟའི་ང་ཚོའི་རྣམ་རྟོག་གི་བློ་ཐམས་ཅད་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་གསལ་རིག་གི་སེམས་དེ་རང་ཉིད་སྐྱེད་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་མཐུན་པ་ཞིག་ལས་བྱུང་བ་མ་གཏོགས། བེམ་པོའི་དངོས་པོས་གསལ་རིག་གི་སེམས་བསྐྱེད་མི་ཐུབ་པ་དེ་རིགས་པའི་སྒོ་ནས་སྒྲུབ་ཐུབ་ཅིང་། ད་བར་ཚོད་བལྟ་བྱས་པ་བྱུང་མེད་ཀྱང་མངོན་སུམ་དུ་ཚན་རིག་གིས་ཚོད་བལྟ་བྱེད་ནའང་སྒྲུབ་ཐུབ་ཀྱི་རེད་སྙམ། གང་ལྟར་གསལ་རིག་མ་ཡིན་པའི་བེམ་པོའི་ཆོས་ཤིག་གསལ་རིག་གི་ངོ་བོར་འགྲོ་མི་ཐུབ་པ་ནི་མིག་མཐོང་གཟུགས་གྲུབ་ལྟ་བུ་ཞིག་རེད། དེར་བརྟེན་ད་ལྟ་སྐྱེས་མ་ཐག་པའི་བྱིས་པའི་རྒྱུད་ལ་ཡོད་པའི་གསལ་རིག་གི་སེམས་དེ། དེ་དང་འདྲ་བའི་གསལ་རིག་གི་སེམས་ཤིག་སྔོན་དུ་སོང་བའི་རྒྱུ་དེ་ལ་བརྟེན་ནས་སྐྱེས་པ་མ་གཏོགས། དེ་ལས་གཞན་པའི་ཉེར་ལེན་ལས་མི་སྐྱེས་པ་ཧ་ཅང་གསལ་པོ་རེད། མྱོང་བ་སྔོན་སོང་གི་རིགས་པ་དེ་གང་རེད་ཅེ་ན། འབུ་སྲིན་ཡན་ཆད་སེམས་ལྡན་སྐྱེས་མ་ཐག་པ་ཡོད་ཚད་ཀྱིས་རང་གི་ལུས་ཇི་ལྟར་འཚོ་དགོས་པ་དང་། ཨ་མའི་ནུ་མ་ཇི་ལྟར་ནུ་དགོས་པ། རང་གི་ཁ་ཟས་ཇི་ལྟར་འཚོལ་དགོས་པ་སོགས་བསླབ་མི་དགོས་པར་རང་བཞིན་གྱིས་ཤེས་པ་ནི་སྐྱེ་བ་སྔོན་མ་རྣམས་སུ་དེ་འདྲ་མང་པོ་བྱས་པའི་མྱོང་བ་ཡོད་པ་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་སྐྱེ་བ་སྔ་མ་གསལ་པོ་དྲན་མཁན་ཡང་མང་པོ་ཡོང་དང་བཞིན་པ་རེད། དྲན་མཁན་དེ་ཚོའའང་བློ་འཁྲུལ་བ་མ་ཡིན་པར་དྲན་པ་བཞིན་མངོན་སུམ་གཟུགས་གྲུབ་ཏུ་རྭ་འཕྲོད་པའི་གནས་ཚུལ་མང་པོ་རེད། དེ་དག་བསྡུ་རུབ་བྱས་ཏེ་ཡི་གེར་འཁོད་པའང་མང་པོ་འདུག དེ་ཡང་ཆོས་ལ་དད་པ་ཡོད་མིན་དང་། སྐྱེ་བ་སྔ་ཕྱི་ཁས་ལེན་དང་མི་ལེན་གྱི་ཡུལ་ལུང་ཅི་རིགས་ནང་བྱུང་ཡོད། དེ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པ་མངོན་སུམ་གཟུགས་གྲུབ་རེད།
སྐྱེ་བ་ཕྱི་མ་ཡོད་ན་ཤི་བའི་རྗེས་སུ་ག་རེ་ཡོང་གི་རེད་ཅེ་ན། ཤི་བ་ལ་རང་དབང་མེད་ལ། ཤི་བའི་རྗེས་སུ་སྐྱེ་བ་བླང་རྒྱུ་ལའང་རང་དབང་མེད། དེ་སུས་དེད་ནས་འགྲོ་འམ་ཞེ་ན། ལས་དང་ཉོན་མོངས་པས་དེད་པ་ཡིན། དེ་ལས་གཙོ་བོ་འདེད་མཁན་ནི་ལས་དང་། དེ་ལ་གསོས་འདེབས་མཁན་ནི་ཉོན་མོངས་རེད། དེར་བརྟེན་རང་གི་རྒྱུད་ལ་ལས་དགེ་བ་སྟོབས་ཆེ་བ་ཞིག་འདུག་གམ་ལས་མི་དགེ་བ་སྟོབས་ཆེ་བ་འདུག དེ་གཉིས་ལ་ཞིབ་འཇུག་དང་ཞུ་དག་ཡག་པོ་ཞིག་བྱེད་ན། མཐོ་རིས་དང་ངན་སོང་གང་དུ་འགྲོ་མིན་སོ་སོས་ཚོད་དཔག་ཙམ་མིན་པར་ཉམས་མྱོང་གི་ཐོག་ནས་བཤད་ཐུབ་པ་ཞིག་རེད།
གཉིས་པ་འཇིག་རྟེན་ཕྱི་མ་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ནི། ངན་སོང་དུ་སྐྱེས་ན་ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད་པའི་ཚུལ་ལ་བསམ་བློ་གཏང་དགོས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པའི་རྗེས་སུ་སྐྱེ་བ་ཕྱི་མ་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ཞེས་པ་དེ་འབྲེལ་ཆགས་ནས་ཡོང་བ་རེད། གལ་ཏེ་དེ་རིང་ཤི་བ་ཡིན་ན། གང་དུ་སྐྱེ་བ་འདུག རང་གིས་བསགས་པའི་ལས་བཟང་པོ་དང་ངན་པ་གཉིས་ལས་གང་སྟོབས་ཆེ་བ་ཆགས་ཀྱི་འདུག དེ་ལ་ཞུ་དག་ཅིག་བཏང་ན། ག་དུས་ཡིན་ཡང་ང་ཚོའི་ལས་ངན་པ་དེ་སྟོབས་ཆེ་བ་ཡོད་ཙང་། ངན་འགྲོར་ལྷུང་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་རེད། ངན་སོང་དུ་སྐྱེས་ན། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་གྱི་སྡུག་བསྔལ་ཤེས་ནས་དེ་དག་ལ་འཇིགས་སྐྲག་བསྐྱེད་དགོས། གལ་ཏེ་སྡུག་བསྔལ་དེ་དག་ལ་འཇིགས་སྐྲག་མ་བསྐྱེད་ན་དེར་མི་སྐྱེ་བའི་ཐབས་འཚོལ་གྱི་མ་རེད་ལ། མཐོ་རིས་ལ་སྐྱེ་བའི་ཐབས་བསྟེན་གྱི་མ་རེད།
དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་སོ་སོའི་སྡུག་བསྔལ་ཞིབ་ཕྲ་ས་སྡེ་དང་། ལམ་རིམ་སོགས་སུ་གཟིགས་ན་ཤེས་ཐུབ། དེ་ལྟར་མ་བྱུང་ཡང་རགས་པ་ཙམ་བཤད་ན། དམྱལ་བ་ལ་དམྱལ་བ་ཆེན་པོའམ་ཚ་དམྱལ་དང་། ཉེ་འཁོར་གྱི་དམྱལ་བ། གྲང་བའི་དམྱལ་བ། ཉི་ཚེ་བའི་དམྱལ་བ་བཅས་བཞི་རེད། ཚ་དམྱལ་ལ་དབྱེ་ན་བརྒྱད་དང་། གྲང་དམྱལ་ལའང་དབྱེ་ན་བརྒྱད་ཡོད། ཉི་ཚེ་དང་ཉེ་འཁོར་གྱི་དམྱལ་བ་ནི་ས་སྟེང་སོགས་གནས་ངེས་མེད་དུ་ཡོད་པ་སོགས་ལ་རིམ་པར་ཞིབ་ཚགས་པོས་བསམ་བློ་གཏོང་དགོས། ད་ལྟ་ང་ཚོའི་ལུས་ལ་རྨ་ཆུང་ངུ་ཞིག་བྱུང་ནའང་། ན་ཟུག་དེས་མི་བཟོད་པར་དེ་ལས་གང་མྱུར་ཐར་འདོད་བྱེད་ཀྱི་ཡོད། འོན་ཀྱང་བསྐལ་པ་ནས་བསྐལ་པའི་བར་དུ་ཚ་དམྱལ་ནང་མེས་འཚིགས་པ་དང་། གྲང་དམྱལ་ནང་འཁྱག་སྐད་བརྒྱབས་ཏེ་བསྡད་དགོས་བྱུང་ན་སྡུག་བསྔལ་བཟོད་གླགས་མེད་པ་ཇི་ཙམ་ཡོད་པ་ཤེས་ཐུབ་པ་ཞིག་རེད། དེ་ཡང་དམྱལ་བའི་ཚེ་ཚད་ནི་ཧ་ཅང་རིང་པོ་རེད། ཡི་དྭགས་ལ་སྐྱེ་བ་ཡིན་ན་བསྐལ་པའི་བར་དུ་ཟས་སྐོམ་ཆུ་ཐིགས་ཙམ་ཡང་མ་རྙེད་པའི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ། དུད་འགྲོ་ལ་སྐྱེ་བ་ཡིན་ན་བྱིང་ན་གནས་པ་དང་ཁ་འཐོར་བའི་དུད་འགྲོ་གཉིས་རེད། ཁ་འཐོར་བའི་དུད་འགྲོ་ནི་ནམ་རྒྱུན་ང་ཚོས་མཐོང་མུས་རེད། བྱིང་ན་གནས་པའི་དུད་འགྲོ་ནི་ས་འོག་དང་རྒྱ་མཚོའི་གཏིང་དུ་གྲངས་ལས་འདས་པ་གཅིག་ཏུ་སྤུངས་ཏེ་སྐྱེས་ཤིང་། ལག་པ་བརྐྱང་རྐུམ་དང་ལུས་གཡོ་འགུལ་ཙམ་ཡང་མི་ཐུབ་པར་གནས་པའི་སྡུག་བསྔལ་མྱོང་བ་རེད། མདོར་ན་དམྱལ་བ་ལ་ཚ་གྲང་བཙོ་སྲེག་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གླེན་ཞིང་གཏི་མུག བཀོལ་ཞིང་སྤྱོད་པ། གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བཅས་ངན་སོང་གསུམ་གྱི་སྡུག་བསྔལ་དེ་དག་ལ་བསམ་བློ་བཏང་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་རགས་པ་ཙམ་ཞིག་ཤར་སྒོམ་ཐུབ་ན་སེམས་ལ་འགྱུར་བ་ཐེབས་པའི་ཁྱད་པར་ཆེན་པོ་ཡོད། དེ་ལྟར་བསམ་ན་ཕྱི་མ་ངན་འགྲོར་མི་སྐྱེ་ཞིང་། མཐོ་རིས་སུ་སྐྱེ་བའི་འདུན་པ་སོགས་ཕྱི་མ་དོན་གཉེར་རང་ཤུགས་ཀྱིས་སྐྱེས་ཡོང།
གཉིས་པ་འཇིག་རྟེན་ཕྱི་མ་བདེ་བའི་ཐབས་བསྟན་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་སྦྱང་བ་དང་། བདེ་ལེགས་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་གཉིས་ལས། དང་པོ་སྐྱབས་འགྲོ་ནི། དེ་ལྟར་ནམ་ཞིག་འཆི་བའི་ཚེ་ངན་སོང་གི་གནས་སུ་མི་སྐྱེ་བའི་གདེང་ཚོད་ཅིག་འདུག་གམ་མི་འདུག་རང་གིས་རང་ལ་བརྟག་པ་ཡིན་ན། གདེང་ཚོད་མེད་པར་བརྟེན། དེ་ལས་སྐྱོབ་པའི་སྐྱབས་གནས་ཤིག་བཙལ་ཏེ་སྐྱབས་སུ་འགྲོ་དགོས་པ་རེད། སྐྱེ་བ་ཕྱི་མ་ངན་སོང་དུ་འགྲོ་ངེས་པའི་འཇིགས་སྣང་ཞིག་རང་བློར་སྐྱེས་ན། ངན་སོང་དེ་ལས་སྐྱོབ་པའི་སྐྱབས་ཤིག་འཚོལ་འདོད་རང་བཞིན་གྱིས་སྐྱེ་བ་རེད། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དངོས་ནི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་རྒྱུད་ལ་བསྐྱེད་པ་དང་། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་རྙེད་དེ་ལས་འབྲས་ཚུལ་བཞིན་སྲུང་བ་བཅས་གཉིས་རེད། མདོར་ན་ངན་སོང་གི་སྡུག་བསྔལ་བསམ་པ་དང་། དེ་ལ་འཇིགས་པའི་འཇིགས་སྐྲག་སྐྱེ་བ། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པ་ཡིད་ཆེས་ནས་དཀོན་མཆོག་ལ་སྐྱབས་སུ་སོང་བ། སྐྱབས་འགྲོ་ལ་བརྟེན་ནས་སྐྱབས་འགྲོའི་བསླབ་བྱ་དང་ཆབས་ཅིག་ཏུ་ལས་འབྲས་ཚུལ་བཞིན་དུ་སྲུང་བ། མི་དགེ་བའི་ལས་བསགས་ཟིན་པ་རྣམས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ། དགེ་བའི་ལས་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པ། མི་དགེ་བའི་ལས་སྤངས་བ་བཅས་ནི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་རེད། དེ་ལྟར་ངན་སོང་གི་སྡུག་བསྔལ་བསམས་པའི་རྗེས་སུ་སྐྱབས་འགྲོ་སླེབས་པ་རེད། སྐྱབས་འགྲོའི་སྔོན་འགྲོའི་རྒྱུ་མེད་དུ་མི་རུང་བ་འཇིགས་པ་དང་ཡིད་ཆེས་གཉིས་ལས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སོ་སོར་སྐྱབས་འགྲོའི་ངོ་བོའི་མི་འདྲ་བ་ཡོད་ཙང་། འཇིགས་པའང་མི་འདྲ་བ་ཡོད། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱོང་བའི་སྐབས་སུ། འཇིགས་པ་གཙོ་བོ་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་པའི་འཇིགས་པ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པའི་ཡིད་ཆེས་ཡོང་བ་ལ་ཐོག་མར་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་གཟུང་དགོས། དེ་ཡང་སངས་རྒྱས། ཆོས། དགེ་འདུན་གསུམ་གྱི་ངོ་བོ་རགས་པ་ཙམ་ངོས་ཟིན་དགོས་པ་གལ་ཆེན་པོ་རེད། ནམ་རྒྱུན་གཞུང་ཆེན་མོར་ཐོས་བསམ་མེད་པའི་གང་ཟག་དེ་ཚོས་སངས་རྒྱས་ཟེར་དུས་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་གྱི་བྱུང་རབས་ནང་ཡོད་པའི་སངས་རྒྱས་འཁོར་བ་འཇིགས་དང་། སངས་རྒྱས་གསེར་ཐུབ། སངས་རྒྱས་འོད་སྲུང་། སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་ཞིག་ལ་གོ་བ་མ་གཏོགས། སྐུ་གསུམ་མམ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་དེ་གོ་བ་ཁག་པོ་རེད། གང་ལྟར་སངས་རྒྱས་ངོས་འཛིན་ཞུ་སྐབས་གང་ཟག་ཕལ་པས་མཇལ་དུ་ཡོད་པ་ནི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་དེ་ཚོ་རེད། རང་ལ་དངོས་སུ་མཇལ་དུ་ཡོད་པ་ནི་སངས་རྒྱས་ཀྱི་ངོ་བོར་གྱུར་པའི་བླ་མ་དེ་ཚོ་རེད།
སྤྱིར་བཏང་སངས་རྒྱས་ཞེས་པ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ལ་བརྗོད། སྐྱོན་ཀུན་ཟད་ནི་སྤང་བྱ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཟིན་པས་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པ་དང་། སྒྲིབ་པ་གཉིས་སྤངས་པའི་རྐྱེན་གྱིས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་འབད་རྩོལ་མེད་པར་མངོན་སུམ་དུ་མཁྱེན་པ་རེད། སློབ་པ་འཕགས་པ་རྣམས་ཀྱིས་དོན་དམ་པར་མཉམ་པར་བཞག་དུས་ཀུན་རྫོབ་ཀྱི་སྣང་བ་མི་ཡོང་བ་དང་། ཀུན་རྫོབ་ཀྱི་སྣང་བ་སླེབས་སྐབས་དོན་དམ་པའི་མཉམ་བཞག་མི་ཡོང་བས་མཉམ་རྗེས་རེས་འཇོག་བྱས་ཏེ་འགྲོ་བ་རེད། འོན་ཀྱང་སངས་རྒྱས་ཀྱི་ས་ལ་མཉམ་རྗེས་དབྱེར་མེད་ཡིན་ཞིང་། ཇི་ལྟ་བ་སྟོང་པ་ཉིད་ཀྱི་དོན་དང་ཇི་སྙེད་པ་ཀུན་རྫོབ་ཀྱི་ཆོས་ཡོངས་སུ་རྫོགས་པ་ཅིག་ཅར་དུ་གཟིགས་པ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་ཞེས་བརྗོད། གང་ལྟར་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་དག་ཆ་དེར་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཟེར། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེན་སྟོང་གི་ངོ་བོ་དེ་ངོ་བོ་ཉིད་སྐུ་ཡིན། ཆོས་སྐུ་ལ་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་ཡོད། འོག་མིན་གྱི་ཞིང་དུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་དཀྱིལ་འཁོར་སོགས་སུ་བཞུགས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་དང། དེ་ནས་གདུལ་བྱ་ཐུན་མོང་བས་མཇལ་དུ་རུང་བའི་སངས་རྒྱས་ཀྱི་སྤྲུལ་པ་དེ་ཚོར་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་ཅན་ཞིག་ལ་སངས་རྒྱས་ཟེར། མདོར་ན་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དང་། དེ་ཡང་རེས་འཇོག་གི་ཚུལ་དུ་མ་ཡིན་པར་ཀུན་རྫོབ་དང་དོན་དམ་པའི་ཆོས་གཉིས་ཅིག་ཅར་དུ་གཟིགས་པ་ལ་སངས་རྒྱས་ཞེས་བརྗོད། དེར་བརྟེན་སངས་རྒྱས་ནི་རང་འཇིགས་པ་ཐམས་ཅད་ལས་གྲོལ་བ་དང་། གཞན་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཡིན་པས་སྐྱབས་སྟོན་པ་པོ་དེ་ཡིན། སངས་རྒྱས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་ཡིན་ཙང་། གང་གསུངས་པ་དེ་བདེན་པ་དང་ཚད་མ་ཡིན་པ་ལས་འཁྲུལ་པ་མེད་པས་ཚད་མའི་སྐྱེས་བུ་རེད།
འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་དངོས་དེ་ཆོས་དཀོན་མཆོག་ཡིན། ཆོས་དཀོན་མཆོག་ནི་ལམ་ཉམས་སུ་ལེན་པའི་ལམ་གྱི་བདེན་པ་དེ་རེད། སློབ་པ་ལམ་གྱི་གནས་སྐབས་ལ་མཚོན་ན། སྟོང་ཉིད་རྟོགས་པའི་བློ་དང་དེའི་རྗེས་ཐོགས་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབ་པའི་བློ་རྣམས་ལམ་གྱི་ངོ་བོ་དེ་རེད། དཔེར་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ་ལ་མཚོན་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་སྲུང་བ་དེ་ལམ་གྱི་ངོ་བོ་རེད། དེ་ལྟ་བུར་ཆོས་དཀོན་མཆོག་ཟེར། དགེ་འདུན་དཀོན་མཆོག་ནི་ཆོས་དཀོན་མཆོག་ལ་སྐྱབས་སུ་མཆིས་ནས་ཆོས་དཀོན་མཆོག་དེ་རང་རྒྱུད་ལ་སྐྱེ་དགོས། ཆོས་དཀོན་མཆོག་གིས་སྐྱོབ་སྟངས་ནི་རང་གི་རྒྱུད་ལ་བསྐྱེད་ནས་སྐྱོབ་དགོས་མ་གཏོགས། ཆོས་དཀོན་མཆོག་དེ་གཞན་ཞིག་ཏུ་བཞག་ནས་དེ་ལ་ཕྱག་དང་མཆོད་པ་ཕུལ་ནས་བྱེད་རྒྱུ་གང་ཡང་མེད། དེས་ན་ཆོས་དཀོན་མཆོག་རང་རྒྱུད་ལ་སྐྱེ་བ་ལ་གྲོགས་ཤིག་དགོས་ཤིང་། བླ་མ་གོང་མ་ཚོས་སྐྱབས་གནས་དཀོན་མཆོག་གསུམ་པོ་སྨན་པ་དང་། སྨན། ནད་གཡོག་གསུམ་ལ་དཔེ་སྦྱར་ནས་གསུངས་དགོས་དོན་དེ་རེད། ནད་པ་ཚབས་ཆེན་འགུལ་བསྐྱོད་ཙམ་ཡང་མི་ཐུབ་པ་ཞིག་ལ་ཐོག་མར་སྨན་བཅོས་ཇི་ལྟར་བྱེད་དགོས་མིན་གྱི་བསླབ་བྱ་རྒྱག་མཁན་སྨན་པ་ཚད་ལྡན་ཞིག་དགོས། འཁོར་བ་དང་ངན་སོང་དུ་ལྷུང་བ་རྣམས་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། དེ་བཟློག་པའི་ཐབས་གང་ཡིན་པ་སྟོན་མཁན་ནི་སངས་རྒྱས་མ་གཏོགས་མེད། སངས་རྒྱས་སྨན་པ་དང་མཚུངས་པར་བརྟེན་སྐྱབས་སྟོན་པ་པོ་ཞུ་བ་རེད། དེ་ནི་ནད་ཀྱི་རྒྱུ་རྐྱེན་དང་ངོ་བོ་མཁྱེན་ནས་སྨན་ག་རེ་བཏང་དགོས་མིན་གསུང་མཁན་དེ་རེད། ནད་ལས་གྲོལ་བར་བྱེད་པའི་རྒྱུ་དངོས་དེ་སྨན་རེད། སྨན་པ་མཁས་ཤིང་སྨན་ཡག་པོ་ཡོད་ནའང་། ནད་པས་སྨན་མ་ཟོས་པ་ཡིན་ན་སྨན་དེས་ཕན་ཐོགས་མེད་པ་བཞིན་ཆོས་དཀོན་མཆོག་སེམས་རྒྱུད་དུ་སྐྱེད་པར་བྱེད་དགོས་ཤིང་། དཔེར་ན། ངན་སོང་དུ་སྐྱེ་བའི་རྒྱུ་མི་དགེ་བའི་ལས་རང་རྒྱུད་ལ་བསགས་ལ་མ་ཉམས་པ་ཡོད་ན་འབྲས་བུ་མ་སྨིན་གོང་དུ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་བྱེད་པའི་རིམ་པ་དེ་ངན་སོང་ལས་ལྡོག་པའི་ལམ་དངོས་སམ་ཆོས་དཀོན་མཆོག་དེ་རེད། མི་དགེ་བའི་ལས་ལ་མི་འཇུག་པའི་སྤོང་སེམས་དང་དེས་དྲངས་པའི་མི་དགེ་བའི་ལས་ལས་ལྡོག་པ་དེ་ཆོས་དཀོན་མཆོག་དངོས་དེ་རེད། སྨན་པ་ཡག་པོ་དང་སྨན་ཡག་པོ་ཡོད་ཀྱང་། རྒྱུན་དུ་ལྟ་རྟོག་བྱེད་མཁན་ནད་གཡོག་ཅིག་མེད་ན་མི་འགྲིག་པ་རེད། དེ་བཞིན་སྐྱབས་འགྲོ་ལས་འབྲས་ལ་སོགས་པའི་ལམ་གང་འདྲ་ཞིག་ཉམས་སུ་ལེན་པ་ཡིན་ནའང་། བཀའ་འདྲི་ཞུ་ས་དང། མིག་དཔེ་བལྟ་ས། རོགས་རམ་ཞུ་སའི་དགེ་འདུན་དཀོན་མཆོག་ཅིག་མེད་ན་མི་འགྲིག། གང་ལྟར་དགེ་འདུན་དཀོན་མཆོག་ནི་འཕགས་ལམ་ཐོབ་པའི་གང་ཟག་རྣམས་ལ་བརྗོད། གལ་ཏེ་འཕགས་ལམ་མ་ཐོབ་པ་ཡིན་ནའང་དགེ་སློང་ཕ་མ་དང་དགེ་ཚུལ་ཕ་མ་བཞི་གྲྭ་ཡན་ཆད་ཚོགས་པ་ལ་དགེ་འདུན་དཀོན་མཆོག་ཏུ་བརྩི།
དེ་ལྟར་སྐྱབས་ཡུལ་ངོས་བཟུང་བའི་རྗེས་སུ་དེ་ལྟ་བུའི་སྐྱབས་ཡུལ་རྣམས་ལ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་ཡོད་པའི་ཡིད་ཆེས་བསྐྱེད་དགོས། དེ་ཡང་ནུས་པ་ཡོད་པ་ཇི་ལྟར་ཤེས་སམ་ཞེ་ན། གོང་དུ་ཞུས་པ་བཞིན་སངས་རྒྱས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པར་བརྟེན། སྐྱབས་སྟོན་པ་པོའི་གང་ཟག་དེ་ཚད་མའི་སྐྱེས་བུ་ཡིན་པ་ལས་སླ་པོས་ཤེས་ཐུབ། སྐྱབས་དངོས་ཆོས་དཀོན་མཆོག་ནི་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་རྣམས་རེད། ལས་འབྲས་མི་བསླུ་བ་ཡིན་ཙང་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་དེ་ལ་བརྟེན་ནས་ཆོས་དཀོན་མཆོག་སྐྱབས་དངོས་ཡིན་པ་ཤེས་ཐུབ། འཕགས་པའི་དགེ་འདུན་དང་དེ་དང་ཕྱོགས་མཚུངས་དགེ་འདུན་ཚང་མ་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད། དེ་གསུམ་ལ་སྐྱབས་སུ་འོས་པ་དང་སྐྱོབ་པའི་ནུས་པ་ཡོད་པ་ཤེས་ན། རང་གི་བསམ་བློའི་ནང་སངས་རྒྱས་ཀྱིས་གང་གསུངས་པ་དེ་དང་མ་འགལ་བར་སྒྲུབ་ཀྱི་ཡིན། ཆོས་ཀྱི་རིམ་པ་དེ་ཉམས་སུ་བླངས་ནས་སྡིག་སྤོང་དགེ་སྒྲུབ་བྱེད་ཀྱི་ཡིན། འཕགས་པ་དང་སོ་སྐྱེའི་དགེ་འདུན་རྣམས་རང་ཉིད་ལ་གྲོགས་མཛད་མཁན་དང་སྐྱབས་ཀྱི་ཟླ་གྲོགས་ཡིན་པ་ངོ་ཤེས་ནས་སྐྱབས་སུ་འགྲོ་བ་ཡིན། དཀོན་མཆོག་ལ་བློ་ལིང་གིས་བཀལ་ཏེ་སངས་རྒྱས་ལ་སྐྱབས་སྟོན་པ་པོའི་འདུ་ཤེས། ཆོས་ལ་སྐྱབས་དངོས་ཀྱི་འདུ་ཤེས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཀྱི་འདུ་ཤེས་ལྡོག་མེད་མི་འབྲལ་བ་ཞིག་སྐྱེས་ན་དེ་ལ་སྐྱབས་འགྲོ་ཟེར།
བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་སྐྱབས་འགྲོའི་ཚིག་རྣམས་རེ་རེ་བཞིན་ངག་ནས་འདོན་པ་དང་། བསམ་བློའི་ནང་སྐྱབས་སུ་མཆིའོ་བསམ་པ་ཡིན་ན་སྐྱབས་འགྲོའི་ཤར་སྒོམ་བྱེད་སྟངས་རེད། དེ་དག་ཡང་ནས་ཡང་དུ་ཡིད་ལ་ངེས་པ་རྙེད་པ་ཞིག་ཡོང་བའི་ཆེད་དུ་སྐྱབས་འགྲོའི་ཚིག་རྣམས་འབུམ་ཐེར་སོགས་བསགས་པའི་སྲོལ་ཡོད་ཅིང། ཚིག་ངག་ནས་བརྗོད་རྒྱུ་ནི་དོན་ཡིད་ལ་དྲན་པའི་ཆེད་དུ་རེད། དོན་ལ་བསམ་བློ་མ་བཏང་བར་ཚིག་གཅིག་པུ་བརྗོད་ན་ཕན་ཡོན་ཕྲན་བུ་ལས་སྐྱབས་འགྲོ་ཡང་དག་པ་རྒྱུད་ལ་སྐྱེས་པ་མི་ཡོང།
སྤྱིར་བཏང་སྐྱབས་ཡུལ་དཀོན་མཆོག་གསུམ་བརྩི་མོད། འོན་ཀྱང་ང་ཚོ་བོད་ཀྱི་སྐྱབས་འགྲོའི་ནང་སྐྱབས་འགྲོ་བཞི་སྐོར་ཞེས་སངས་རྒྱས་ཀྱི་ནང་ནས་བླ་མ་ཁྱད་དུ་བཏོན་པ་དེ་རྒྱུད་སྡེ་ནས་གསུང་ཚུལ་ཞིག་རེད། ཐེག་པ་ཐུན་མོང་བའི་དབང་དུ་བྱས་ན་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདོན་པ་ལས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་འདོན་གྱི་མེད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་སྔགས་དང་འབྲེལ་བའི་སྐྱབས་འགྲོ་བྱེད་ཚུལ་ནི་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཚུལ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། རང་ལ་དངོས་སུ་ལམ་སྟོན་མཁན་གྱི་བླ་མ་གཉིས་དབྱེ་བ་ཕྱེ་ནས་བླ་མ་སྐྱབས་སུ་མཆིའོ་ཞེས་དང་པོར་བཏོན། དེ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་གཉིས་པར་འདོན་པ་རེད། ཡིན་ནའང་དཀོན་མཆོག་གསུམ་དུ་བརྩི་བའི་སྐབས་སུ་བླ་མ་དང་སངས་རྒྱས་གཉིས་ཀ་སངས་རྒྱས་དཀོན་མཆོག་ཏུ་བརྩི་བ་ལས་བླ་མ་སངས་རྒྱས་དཀོན་མཆོག་ལས་ལོགས་སུ་མི་བརྩི།
སྐྱབས་འགྲོའི་ནང་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་ཟུར་དུ་བཏོན་པ་ཡིན་ཙང་བར་ལམ་ནུབ་ཕྱོགས་པ་དང་ཐེག་པ་ཐུན་མོང་བའི་མི་མང་པོས་བོད་ཀྱི་ཆོས་དེ་བླ་མའི་ཆོས་རེད་ཅེས་བཤད་པའི་རྒྱུ་མཚན་གཅིག་དེ་ལྟར་ཆགས་པ་རེད། འོན་ཀྱང་བླ་མ་དང་སངས་རྒྱས་གཉིས་དབྱེར་མེད་པ་དེ་ཤེས་དགོས། དེ་ཡང་སྐྱབས་འགྲོ་བྱེད་ཚུལ་ཁ་ཤས་ལ་ཡི་དམ་གྱི་ལྷ་ཁྱད་པར་བ་ལ་ཟུར་དུ་སྐྱབས་འགྲོ་བྱེད་ཚུལ་གྱི་ཆོ་ག་མང་པོ་ཡོད་རེད། དཔེར་ན། རྗེ་བཙུན་སྒྲོལ་མའི་ཉམས་ལེན་ལྟ་བུ་ལ་མཚོན་ན། བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ་ཞེས་གསུངས་པ་ལྟ་བུ་དང་། དེ་བཞིན་བླ་མེད་ཀྱི་ཡི་དམ་ལྟ་བུ་ཡིན་ན། བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ་ལྟ་བུ་སོགས་ནི་རང་རང་གི་ལྷ་ཡི་རྣལ་འབྱོར་སྒོམ་པའི་སྐབས་ཀྱི་སྐྱབས་འགྲོ་བྱེད་སྟངས་ཤིག་རེད། དེ་མཚུངས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པའི་སྐབས་སུ་སངས་རྒྱས་བྱེ་བྲག་པའི་མཚན་ཟུར་དུ་བཏོན་ནས་སྐྱབས་འགྲོ་བྱེད་མི་ཆོག་པའང་མེད། གང་ལྟར་སྐྱབས་དེ་རྣམས་སྐྱབས་གནས་དཀོན་མཆོག་གསུམ་དུ་འདུས་པ་མ་གཏོགས། དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་ཤིག་མེད། དེ་བཞིན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་སོགས་པ་ལམ་མམ་ལམ་བདེན་གྱི་ནང་དུ་འདུས་པ་དང་། སྐྱོན་སྤངས་པའི་སྤངས་པ་དེ་ཚོ་འགོག་བདེན་དངོས་སམ་ཆར་གཏོགས་ཀྱི་ནང་འདུས་པ་ཡིན། འཕགས་པའི་དགེ་འདུན་དང་སོ་སྐྱེའི་དགེ་འདུན་ཐམས་ཅད་དགེ་འདུན་དཀོན་མཆོག་ནང་འདུས་པར་བརྟེན། སྐྱབས་གནས་ལ་གསུམ་དུ་གྲངས་ངེས་པ་རེད། དེ་ལྟར་ཡང་ནས་ཡང་དུ་སྐྱབས་འགྲོ་སེམས་རྒྱུད་ལ་འདྲེས་ངེས་པ་ཞིག་བྱེད་པ་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པའི་ཉམས་ལེན་གཙོ་ཆེ་བ་ཞིག་རེད། མདོར་ན་འཇིགས་པ་ཡང་ཡང་བསམས་ནས་ཡིད་ཆེས་ཡང་ཡང་སྐྱེས་སུ་བཅུག རྒྱུ་མཚན་ལ་བསམ་བློ་བཏང་ནས་བློ་ལ་ངེས་པ་རྙེད་པ་ཞིག་བྱུང་ན། དེ་ལ་བློ་ལིང་འགེལ་གྱིས་སངས་རྒྱས་སྐྱབས་སྟོན་པ་པོར་བསྟེན་ནས་སངས་རྒྱས་ཀྱི་བཀའ་ལས་མི་འདའ་བར་བྱེད་ཀྱི་ཡིན། ཆོས་དེ་རང་རྒྱུད་དུ་སྐྱེ་བར་བྱེད་ཀྱི་ཡིན། དགེ་འདུན་དེ་རང་གི་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བསྟེན་གྱི་ཡིན་ཞེས་བློ་ལ་ངེས་པ་རྙེད་པ་བྱེད་རྒྱུ་དེ་སྐྱབས་འགྲོའི་ངོ་བོ་ཡིན།
དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླངས་པའི་རྗེས་སུ་སྒྲིག་ལམ་སྲུང་དགོས་པ་མང་པོ་ཡོད་པ་དེ་དག་ལ་སྐྱབས་འགྲོའི་བསླབ་བྱ་ཟེར། སྐྱབས་འགྲོའི་བསླབ་བྱ་ཡག་པོ་མ་སྲུང་ན། སྐྱབས་འགྲོ་བྱེད་པའི་དགོས་པ་མ་ཚང་བ་རེད། གང་ལྟར་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་རྒྱུ་མཚན་གྱིས་ཆོས་རང་རྒྱུད་ལ་སྐྱེད་པར་བྱེད་ཚུལ་དེ་སྐྱབས་འགྲོའི་བསླབ་བྱ་ཉམས་སུ་ལེན་ཚུལ་ནས་མགོ་ཚུགས་པ་རེད། སྐྱབས་འགྲོའི་བསླབ་བྱ་ལ་གཞུང་ནས་གསུང་ཚུལ་སྣ་ཚོགས་ཡོད་ཀྱང་། འདིར་དཀོན་མཆོག་གསུམ་རེ་རེར་དགག་སྒྲུབ་བསླབ་བྱ་རེ་རེ་གསུངས་པའི་དབང་དུ་བྱས་ན། སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་དགག་པའི་བསླབ་བྱར་འཇིག་རྟེན་པའི་ལྷ་སྐྱབས་གནས་སུ་མི་འཛིན་པ་ཡིན། འཇིག་རྟེན་པའི་ལྷ་ནི་འཕགས་ལམ་མ་ཐོབ་པའི་སྲུང་མ་དང་གཞི་བདག་རིགས་ཡིན། ང་ཚོ་ནང་པའི་ཆོས་སྐྱོང་སྲུང་མའི་ནང་དུའང་འཇིག་རྟེན་པའི་ངོ་བོར་གྱུར་པའི་ཆོས་སྐྱོང་སྲུང་མ་དང་། འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་སྲུང་མ་ཞེས་དབྱེ་བ་གཉིས་སུ་ཕྱེ། ཆོས་སྐྱོང་སྲུང་མ་ཁ་ཤས་ངོ་བོ་འཇིག་རྟེན་ལས་འདས་པ་ཡིན་ནའང་། རྣམ་པ་འཇིག་རྟེན་པའི་ཚུལ་བཟུང་སྟེ་བཞུགས་པ་རྣམས་ཀྱང་འཇིག་རྟེན་པའི་གྲས་སུ་བརྩི་དགོས། དེ་དག་ལ་ཕྱག་འཚལ་བ་དང་སྐྱབས་འགྲོ་མི་བྱེད་ཀྱང་། བསངས་མཆོད་དང་གཏོར་འབུལ་སོགས་བྱས་ཏེ་འཕྲིན་ལས་བཅོལ་རུང་བ་ཡིན། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་དགག་པའི་བསླབ་བྱར་སེམས་ཅན་ལ་འཚེ་བ་སྤོང་བ། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་དགག་པའི་བསླབ་བྱར་སྡིག་པའི་གྲོགས་པོ་དང་མི་འགྲོགས་པ། དེ་ཡང་སྡིག་པའི་གྲོགས་པོའམ་ཆོས་དང་མི་མཐུན་པའི་གྲོགས་པོར་བློས་མི་འགེལ་བ་བཅས་ནི་སྐྱབས་གསུམ་གྱི་དགག་པའི་བསླབ་བྱ་རྣམས་རེད།
སངས་རྒྱས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱར་སངས་རྒྱས་ཀྱི་སྐུ་གཟུགས་གང་འདྲ་ཞིག་ཡིན་རུང་རྒྱུ་ནོར་གྱི་འདུ་ཤེས་མེད་པར་སྐྱབས་གནས་སུ་བཟུང་སྟེ་ཕྱག་དང་མཆོད་པ་འབུལ་ཡུལ་དུ་བྱེད་པ། བཟང་ངན་གྱི་དབྱེ་བ་མི་འབྱེད་པ་སོགས་རེད། ཆོས་ལ་སྐྱབས་སུ་སོང་བའི་སྒྲུབ་པའི་བསླབ་བྱར་ཆོས་ཀྱི་ཚིགས་བཅད་གཅིག་གམ། ཐ་ན་ཡིག་འབྲུ་ཁ་ཤས་ཡིན་ཡང་འགོམ་ཡུག་སོགས་མི་བྱེད་པར་རྩ་ཆེར་བརྩི་བ། དགེ་འདུན་ལ་སྐྱབས་སོང་བའི་སྒྲུབ་པའི་བསླབ་བྱར་རབ་བྱུང་ཚུལ་ཁྲིམས་འཆལ་བ་དང་རྟགས་ཙམ་འཛིན་པ་ལའང་བརྙས་དམོད་མི་བྱེད་པར་གུས་ཞབས་ཞུ་བ་སོགས་སྐྱབས་འགྲོའི་སྒྲུབ་པའི་བསླབ་བྱ་རྣམས་བསྲུང་དགོས།
སྤྱི་ཡོངས་ཀྱི་བསླབ་བྱའི་དབང་དུ་བྱས་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ནས་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་གྱི་བཀའ་དྲིན་དྲན་ནས་ཅི་བཟའ་ཅི་བཏུང་གི་ཕུད་ཀྱིས་མཆོད་པ། དཔེར་ན། བོད་ཆོས་ལྡན་གྱི་ཞིང་གི་ལེགས་བྱང་དང་སྲོལ་རྒྱུན་གྱི་ནང་དུ་ཇ་མཆོད་དང་ཟས་མཆོད་ཕུལ་བ་དེ་སྐྱབས་འགྲོའི་བསླབ་བྱའི་གྲས་རེད། གང་ཟག་གཞན་ལ་སྐྱབས་འགྲོ་བསླབ་པ་དང་སྐྱབས་འགྲོར་འགོད་པ། ཐུན་དྲུག་བླ་མའི་རྣལ་འབྱོར་ནང་སྐྱབས་འགྲོ་ཉུང་མཐར་ཉིན་ལན་གསུམ་མཚན་ལན་གསུམ་འདོན་པའང་སྐྱབས་འགྲོའི་བསླབ་བྱའི་ཆེད་དུ་རེད། དེ་བཞིན་སྲོག་དང་བཞད་གད་ཀྱི་ཕྱིར་དུའང་དཀོན་མཆོག་གསུམ་མི་སྤོང་བ། དཔེར་ན། དཀོན་མཆོག་བློས་མ་བཏང་ན་གསོད་ཀྱི་ཡིན་ཞེས་བཤད་ནའང་སྲོག་གཏོང་བ་འདེམས་པ་དང་། རྩེད་མོའི་རྣམ་པ་དང་བཞད་གད་ཀྱི་ཕྱིར་དུའང་དཀོན་མཆོག་མི་གཏོང་བ་ཡིན། གང་ལྟར་བྱ་བ་གང་བྱེད་ཀྱང་དཀོན་མཆོག་ལ་བློས་བཀལ་ནས་བྱེད་པ་ཡིན། འོན་ཀྱང་བློས་བཀལ་ནས་བྱེད་པའི་ལས་དོན་དེ་ཆོས་དང་མཐུན་པ་དགོས་པ་ལས། ཆོས་དང་མི་མཐུན་པ་ཡིན་ན་ཆོས་དཀོན་མཆོག་གི་བསླབ་བྱ་དང་འགལ་བ་རེད།
དེ་ལྟ་བུའི་སྐྱབས་འགྲོའི་བསླབ་བྱ་ལ་སྦྱང་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་འགོ་འཛུགས་ལྟ་བུ་བྱུང་། སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་ན། མི་དགེ་བའི་ལས་མང་པོ་ཞིག་རང་བཞིན་གྱིས་འགགས་པ་དང་། དགེ་བའི་བྱ་བ་མང་པོ་ཞིག་རང་བཞིན་གྱིས་འགྲུབ་རྒྱུ་རེད། ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་འགྲོ་བྱས་པས་བསོད་ནམས་ཀྱི་ཕུང་པོ་རླབས་པོ་ཆེ་བསགས་པ་རེད། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན།། སྟོང་གསུམ་འདི་ཡང་སྣོད་དུ་ཆུང།། ཞེས་གསུངས་པ་ལྟར་སྐྱབས་འགྲོའི་ཚིག་ཙམ་བརྗོད་པ་ལའང་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་ཡོད།
གཉིས་པ་བདེ་ལེགས་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ནི། སྐྱབས་འགྲོ་བྱས་པའི་རྗེས་སུ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་ཆ་ཤས་གཞན་ཞིག་གང་ཡོད་དམ་ཞེ་ན། ལས་དང་ལས་ཀྱི་འབྲས་བུའི་རྣམ་བཞག་ལ་ཡིད་ཆེས་ཀྱིས་ངེས་པ་རྙེད་པ་དེ་རེད། ལས་དགེ་བ་ལས་འབྲས་བུ་བདེ་བ་དང་། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ཡོང་བ་རིགས་པའི་ལམ་ནས་ཐག་ཆོད་པ་ཞིག་ཤེས་པའི་ཐོག་ནས་ལས་འབྲས་ཀྱི་རྣམ་བཞག་བསམ་བློའི་ནང་འཁོར་ཐུབ་པ་བྱེད་རྒྱུ་དེ་རེད། ལས་འབྲས་ཚུལ་བཞིན་དུ་མ་སྲུང་ན་ཕྱི་མ་མངོན་མཐོ་ཐོབ་པ་དང་ངན་སོང་ལས་གྲོལ་བའི་རེ་བ་མེད། ངན་སོང་ལས་ཐར་བ་དང་མངོན་མཐོ་ཐོབ་བྱེད་ཀྱི་ཐབས་དངོས་དེ་གང་རེད་ཅེ་ན། ལས་འབྲས་ཚུལ་བཞིན་དུ་བསྲུང་རྒྱུ་དེ་རེད། དེ་ཡང་ལས་དགེ་བ་བྲེ་གསོག་ཕུལ་གསོག་ཚུལ་དུ་སྒྲུབ་པ་དང་། ལས་མི་དགེ་བ་ཕྲ་མོ་ཙམ་ཡང་མི་བྱེད་པ་གཙོ་འདོན་བྱེད་རྒྱུ་དེ་རེད། གལ་ཏེ་ལས་མི་དགེ་བ་བསགས་པ་བྱུང་ཚེ་སྡིག་ལྟུང་དང་ཞག་ཏུ་མི་འགྲོགས་པར་འཕྲལ་དུ་བཤགས་སྡོམ་བྱེད་པ་ནི་ལས་འབྲས་ཚུལ་བཞིན་ཉམས་སུ་ལེན་ཚུལ་རེད། དེ་ཡང་ཐོག་མར་ལས་འབྲས་ཀྱི་རྣམ་བཞག་དེ་ཞིབ་ཚགས་པོས་མཁྱེན་དགོས།
དེ་ཡང་ལས་འབྲས་ལ་ཤར་སྒོམ་བྱེད་ཚུལ་མདོར་བསྡུས་ཤིག་ཞུ་ན། ལས་འབྲས་ཀྱི་རྣམ་བཞག་གཞུང་ཆེན་མོ་ནས་རྣམ་གྲངས་བཞིར་གསུངས་ཡོད། ལས་ངེས་པ་དང་། ལས་འཕེལ་ཆེ་བ། ལས་མ་བྱས་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བ་བཅས་རེད། དང་པོ་ལས་ངེས་པའི་ཚུལ་ནི། དགེ་བའི་ལས་ཤིག་བསགས་པ་ཡིན་ན་ཁོང་ཁྲོས་བཅོམ་པ་དང་། མི་དགེ་བའི་ལས་ཤིག་བསགས་པ་ཡིན་ན་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ནས་དག་པ་བཅས་མ་བྱུང་བར། དུས་ལ་བབས་པ་དང་རྒྱུ་རྐྱེན་ཚང་ན་འབྲས་བུ་ངེས་པར་དུ་འབྱིན་པ་ཡིན། དཔེར་ན། ས་བོན་ཞིག་ལ་མཚོན་ན། ས་བོན་དེ་འཕྲོ་བརླག་མ་ཕྱིན་གྱི་བར་དུ་ཆུ་ལུད་སོགས་ཀྱི་མཐུན་རྐྱེན་འཛོམས་ན་མྱུ་གུ་སྐྱེས་པ་ལྟ་བུ་རེད། དེ་བཞིན་དུ་ལས་དགེ་བ་དང་མི་དགེ་བ་གང་ཡིན་ཡང་མེད་པ་མ་བཟོས་ཀྱི་བར་དུ་འབྲས་བུ་ངེས་པར་འབྱིན་པ་རེད། ལས་ངེས་པའི་དོན་གཙོ་བོ་ནི་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་ཡིན་པ་ངེས་པ། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཡིན་པ་ངེས་པ། ལས་དགེ་སྡིག་འདྲེས་མ་ཡིན་ནའང་འབྲས་བུ་སོ་སོ་ཐ་དད་དུ་སྨིན་པ་བཅས་ཀྱི་ཚུལ་ནི་འདུལ་བ་ལུང་དང་རྣམ་ཐར་མང་པོའི་ནང་དུ་གསལ་བ་ལྟར་རེད། གཉིས་པ་ལས་འཕེལ་ཆེ་བ་ནི། ལས་ཆུང་ཆུང་ཞིག་བསགས་ནའང་འབྲས་བུ་ཆེན་པོར་འཕེལ་བ་དེ་རེད། དཔེར་ན། ནྱགྲོདྷའི་ཤིང་སྡོང་ཆེན་པོ་དེའི་ས་བོན་ཆུང་ཆུང་ཡུང་འབྲུ་ཙམ་ཞིག་མ་གཏོགས་མེད་ཀྱང་ལྗོན་པ་དཔག་ཚད་ཙམ་དུ་འཕེལ་བ་ལྟ་བུ་རེད། ཕྱིའི་རྒྱུ་འབྲས་ལ་དེ་ཙམ་གྱིས་འཕེལ་ཆེ་བ་ཡོད་པ་བཞིན་ནང་གི་ལས་འབྲས་ལ་ཚིག་རྩུབ་རེ་ཟུང་སྨོས་པ་དང་འཚེ་བ་ཕྲན་བུ་བྱས་པ་ལ་བརྟེན་ནས་སྐྱེ་བ་མང་པོར་ངན་སོང་དུ་ལྷུང་བ་ཡོད། གསུམ་པ་ལས་མ་བྱས་དང་མི་འཕྲད་པ་ནི། རང་གིས་ལས་ཤིག་བསགས་མེད་ན་འབྲས་བུ་འབྱིན་རྒྱུ་མེད། དཔེར་ན། དམག་འཁྲུག་སྐབས་སུ་མི་མང་པོ་བསྡེབས་ཤི་སོང་ཡང་རེ་གཉིས་རྨ་ཙམ་ཡང་མེད་པར་ཐར་བ་དང། རླངས་འཁོར་བརྡབ་སྐྱོན་ནང་མང་ཆེ་བ་ཤི་ཡང་རེ་ཟུང་མ་ཤི་བར་ལྷག་པ་ལྟ་བུ་རེད། བཞི་པ་ལས་བྱས་པ་ཆུད་མི་ཟ་བ་ནི། ལས་ཤིག་བསགས་ཡོད་ན་ཆུད་ཟོས་སུ་འགྲོ་རྒྱུ་གང་ཡང་མེད། འབྲས་བུ་སྨིན་པའི་དུས་སུ་བབས་ན་ངེས་པར་དུ་སྨིན་པ་ཡིན།
གང་ལྟར་ལས་འབྲས་ལ་ངེས་པ་བརྟན་པོ་རྙེད་ན་དགེ་བའི་ལས་སྒྲུབ་པ་དང་མི་དགེ་བའི་ལས་སྤོང་རྒྱུ་ནི་ཉམས་ལེན་གྱི་གཙོ་བོ་རེད། དེ་ཡང་དགེ་སྒྲུབ་སྡིག་སྤོང་བྱེད་པ་ལ་ཐོག་མར་དགེ་སྡིག་གི་ལས་ཀྱི་རྣམ་བཞག་རགས་པ་ཙམ་ངོས་མ་ཟིན་ན། གང་སྤོང་དགོས་པ་དང་གང་བླང་དགོས་པ་ཤེས་དཀའ་བར་བརྟེན། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ནས་དགེ་བ་དང་མི་དགེ་བའི་ལས་ཀྱི་ས་མཚམས་འབྱེད་བྱེད་ནི་ལས་གང་ཞིག་ལ་རང་དང་གཞན་ལ་འཚེ་བའི་རྐྱེན་ཡོད་ན་མི་དགེ་བའི་ལས་དང་། རང་དང་གཞན་ལ་འཚེ་བའི་ཉེན་ཁ་མེད་པའམ་རྐྱེན་དུ་མི་འགྲོ་བར་ཕན་པའི་རྐྱེན་དུ་འགྲོ་བ་ནི་དགེ་བའི་ལས་ཡིན། མི་དགེ་བའི་ལས་ཁ་ཤས་གཞན་ལ་ཐད་ཀར་མི་འཚེ་ཡང་བརྒྱུད་ནས་འཚེ་བ་ཡོང་ཞིང་། དཔེར་ན། ལོག་ལྟ་དང་མ་དད་པ་སོགས་པ་ནི་དངོས་སམ་ལམ་སེང་གཞན་ལ་འཚེ་བ་མིན་ཡང་། དེའི་རྐྱེན་གྱིས་རང་གིས་ལས་ངན་བསགས་པ་དང་གཞན་ལ་ལས་ངན་གསོག་ཏུ་བཅུག་པ་སོགས་ཡོད་པར་བརྟེན། དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བ་ཡོད་ན་མི་དགེ་བའི་ལས་ཡིན།
གཞུང་ཆེན་མོའི་ནང་ལས་རྣམས་བསྡོམས་པའི་སྐབས་སུ། ལས་བསག་སའི་བརྒྱུད་ལམ་མམ་སྒོ་ལྟ་བུ་གསུམ་རེད། དེ་ནི་ལུས་ངག་ཡིད་གསུམ་རེད། དེ་ལ་སྒོ་གསུམ་ཞེས་པའི་དོན་ནི་ལས་བསག་སའི་སྒོ་དང་འབྲས་བུ་མྱོང་བའི་སྒོ་ཡིན་ཙང་རེད། ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་རགས་པ་ཙམ་བསྡུས་ན། ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ་བཅས་གསུམ་དང་། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་བཅས་མི་དགེ་བ་བཅུ་ཡོད། མི་དགེ་བའི་རིགས་མང་ཆེ་བ་མི་དགེ་བ་བཅུར་དངོས་ཤུགས་བརྒྱུད་གསུམ་ནས་འདུས་པ་ཡིན། དཔེར་ན། ལུས་ཀྱི་ལས་ནང་སྲོག་གཅོད་དངོས་སུ་སྨོས་ཀྱང་། གཞན་གྱི་སྲོག་དང་འཚོ་བ། ལུས་སོགས་ལ་གནོད་པའི་བྱ་བ་ཐམས་ཅད་ལུས་ཀྱི་མི་དགེ་བའི་གྲས་སུ་ཚུད་པ་དང་། དེ་བཞིན་གཞན་དགུ་པོ་ལའང་སྦྱར་དགོས། དེ་ལྟར་མི་དགེ་བའི་ལས་ཀྱི་རྣམ་གྲངས་ཡག་པོ་བློ་ལ་ངེས་ཏེ། དེའི་སྤང་བླང་གི་ལག་ལེན་ཚུལ་བཞིན་དུ་བྱེད་ཐུབ་པའི་ཆེད་དུ་ལས་རེ་རེའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཤེས་དགོས། ལས་དགེ་སྡིག་གང་བསགས་ཀྱང་ལས་གང་དུ་བརྩམ་པའི་གཞི་དང། བསམ་པ་གང་གིས་བརྩམས་པ། སྦྱོར་བ་གང་གིས་བརྩམས་པ། ལས་ཀྱི་མཐར་ཐུག་གྲུབ་པ་སྟེ་ཡན་ལག་བཞི་རེ་ངེས་པར་དུ་ཚང་དགོས། དེ་ཡང་བསྡུས་ན་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་བཅས་བཞི་རེད། དང་པོ་གཞི་ནི། དཔེར་ན། སྲོག་གཅོད་ཀྱི་ལས་ལྟ་བུ་ལ་མཚོན་ན། སྲོག་གཅོད་ཀྱི་ལས་དེའི་གཞི་ནི་རང་ལས་རྒྱུད་ཐ་དད་པའི་སྲོག་ཆགས་ཤིག་ཡིན་དགོས། གལ་ཏེ་རང་གིས་རང་སྲོག་བཅད་ན་སྲོག་གཅོད་ཀྱི་ཆར་གཏོགས་ཀྱི་ཉེས་པ་ལས། སྤྱིར་བཏང་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་རྫོགས་མེད། གཉིས་པ་བསམ་པ་ལ་ནང་གསེས་གསུམ་སྟེ། ཀུན་སློང་དང་། འདུ་ཤེས། ཉོན་མོངས་བཅས་ཡིན། མི་དགེ་བའི་ལས་ཤིག་ཡིན་ཕྱིན་བསམ་པའི་ནང་ཉོན་མོངས་ཤིག་ཡོད་པ་གཏན་འཁེལ་བ་རེད། དེ་ཡང་ཀུན་སློང་ཟེར་བ་དེ་སྲོག་གཅོད་འདོད་ཀྱི་ཀུན་སློང་རེད། སྲོག་གཅོད་པའི་འདུན་པ་མེད་པར་ནོར་ནས་བསད་པ་ཡིན་ན་ཀུན་སློང་གི་ཡན་ལག་ཚང་མེད་པས། སྲོག་གཅོད་པའི་སྡིག་པ་ཆ་ཚང་བ་ཞིག་མི་འབྱུང་། དེ་ལྟར་ཀུན་སློང་ལ་གསོད་འདོད་ཡོད་པ་དང་། དེ་ནས་འདུ་ཤེས་ལ་གསད་བྱ་དེ་མི་ཡིན་ན་མི་ཡིན་པའི་འདུ་ཤེས། དུད་འགྲོ་ཡིན་ན་དུད་འགྲོ་ཡིན་པའི་འདུ་ཤེས། འདུ་ཤེས་འཁྲུལ་དང་མ་འཁྲུལ་གྱི་ཁྱད་པར་ཡོད་དམ་ཞེ་ན། དཔེར་ན། ལྷས་བྱིན་ལ་མཆོད་སྦྱིན་དུ་འཁྲུལ་ནས་བསད་ན་འདུ་ཤེས་འཁྲུལ་ནའང་ལས་ལམ་རྫོགས་པ་རེད། གལ་ཏེ་སྲོག་ལྡན་དེ་བེམ་པོར་འཁྲུལ་ནས་སྲོག་བཅད་ན་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་མ་རྫོགས་པ་ལྟ་བུ་རེད། དེས་ན་འདུ་ཤེས་འཁྲུལ་དང་མ་འཁྲུལ་གྱི་ཁྱད་པར་གྱིས་ལས་ལམ་རྫོགས་མིན་གྱི་ཁྱད་པར་ཡོད། ཉོན་མོངས་ལ་དུག་གསུམ་ག་ཡོད་ཅིང་། འདོད་ཆགས་ཀྱི་སྒོ་ནས་ཤ་དང་པགས་པའི་ཆེད་སྲོག་བཅད་པ་དང་། ཞེ་སྡང་གི་སྒོ་ནས་དགྲ་བསད་པ། གཏི་མུག་གི་སྒོ་ནས་ཉེས་མེད་དུ་རློམ་སྟེ་མཆོད་སྦྱིན་ལ་དུད་འགྲོ་སོགས་བསད་པ་ལྟ་བུའོ།། གསུམ་པ་སྦྱོར་བ་ནི་མཚོན་དང་དུག་སོགས་སྣ་ཚོགས་སྤྱད་ནས་བསད་པ་དང་། བཞི་པ་མཐར་ཐུག་ནི་གསད་བྱའི་གཞི་དེའི་སྲོག་གི་དབང་པོ་འགགས་པ་དེ་རེད། དེ་བཞིན་མ་བྱིན་ལེན་དང་ལོག་གཡེམ་དང་། ངག་དང་ཡིད་ཀྱི་ལས་དེ་ཚོར་གཞི་བསམ་པ་སྦྱོར་བ་མཐར་ཐུག་ཚང་དགོས་པ་གཅིག་མཚུངས་རེད། དེ་ལྟར་རིམ་པ་བཞིན་དུ་བློ་ལ་ངེས་པ་བྱས་ཏེ་འགྲོ་དགོས། ལུས་ངག་གི་རྣམ་རིག་དུ་མ་ཐོན་པའི་གོང་ནས་བསམ་བློའི་ནང་གསོད་འདོད་ཀྱི་ཀུན་སློང་སྐྱེས་པ་ཙམ་གྱིས་བསམ་པའི་མི་དགེ་བའི་ལས་དེ་མགོ་བཙུགས་པ་ཡིན། དེས་ན་ཐོག་མའི་ཀུན་སློང་ནས་སྤང་དགོས།
གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཀྱི་རྣམ་གྲངས་བཤད་དགོས་པ་ནི་སྲོག་གཅོད་པའི་ལས་ལམ་དངོས་གཞི་ལག་ཏུ་མི་ལེན་པ་ཙམ་དུ་མ་ཟད། སྲོག་གཅོད་འདོད་ཀྱི་ཀུན་སློང་བློ་ལ་མི་སྐྱེ་བའི་ཕྱིར་རེད། སྤྱིར་བླང་དོར་ཚུལ་བཞིན་དུ་བྱེད་པ་དེ་ལུས་ངག་ཡིད་གསུམ་གྱི་བྱ་བའི་ནང་འདུ་བ་རེད། ཤར་སྒོམ་བྱེད་པའི་སྐབས་སུ་ག་རེ་བྱས་ན་ལས་ལམ་མཐར་ཐུག་རྫོགས་ཀྱི་ཡོད་པ་རེད། ག་རེ་བྱས་ན་རྫོགས་ཀྱི་ཡོད་པ་མ་རེད། རྫོགས་པ་ཡིན་ན་དགེ་བ་དང་མི་དགེ་བའི་ལས་སྟོབས་ཆེ་ཆུང་ཇི་ཙམ་ཡོང་གི་ཡོད་མེད་ཐོག་ཞིབ་ཏུ་བསམ་ཐུབ་ན། རྒྱུན་དུ་སྡིག་སྤོང་དགེ་སྒྲུབ་བྱེད་སྟངས་ཀྱི་གཤིས་ཀ་ཚད་ལྡན་ཞིག་འཇགས་པ་མ་ཟད། སྡིག་སྤོང་དགེ་སྒྲུབ་ལ་འཇུག་སྟངས་ཀྱང་སླ་རུ་འགྲོ་རྒྱུ་རེད། དེ་ལྟར་དགེ་སྡིག་གི་ལས་ངོས་བཟུང་བ་དང། ལས་རྣམས་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ཚུལ་རྣམས་མཁྱེན་པ་གནང་སྟེ། དགེ་བའི་བྱ་བ་ཕྲ་མོ་ཞིག་ཡིན་ཡང་ཁྱད་གསོད་མི་བྱེད་པར་བསྒྲུབ་དགོས་པ་དང་། མི་དགེ་བའི་བྱ་བ་ཕྲ་མོ་ཞིག་ཡིན་ཡང་ཁྱད་གསོད་མ་བྱས་པར་སྤང་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱངས་པར་བརྟེན། མི་ཚེའི་ནང་འགྱུར་བ་འགྲོ་བའི་མགོ་ཞིག་ཚུགས་པ་རེད།
དེ་ཡང་གོང་ཞུས་ལྟར། ངན་སོང་གི་སྡུག་བསྔལ་དང་། ལས་འབྲས་ཀྱི་རྣམ་གཞག་ལ་བློ་གོམས་ན་སྡིག་པ་བཤགས་འདོད་དང་། དགེ་བ་སྒྲུབ་འདོད་ངང་གིས་འབྱུང་། སྡིག་པ་རྣམས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ན་འདག་རྒྱུ་མེད་པའི་སྡིག་པ་མེད། སྡིག་བཤགས་བྱེད་སྐབས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ཁུལ་ངེས་ཤིག་བྱེད་པ་ནི་རྟེན་གྱི་སྟོབས་དང་། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱེད་སྙམ་པའི་སྡོམ་སེམས་བསྐྱེད་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས། སྡིག་བཤགས་ལ་དམིགས་ཏེ་དགེ་བའི་བྱ་བ་སྒྲུབ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་བྱེད་དགོས། དེ་ཡང་ལྟུང་བཤགས་དང་ཡིག་བརྒྱ་སོགས། མདོ་སྡེ་དང་གཟུངས་སྔགས་ཕྱག་མཆོད་ལྟ་བུ་སྡིག་པ་སྦྱོང་བའི་ཐབས་གང་ཐུབ་ཅི་ཐུབ་སྡིག་པ་དག་པའི་མཚན་མ་བརྟན་པོ་མ་བྱུང་བར་བྱེད་དགོས།
གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནི། དེ་ལྟར་དགེ་བའི་ལས་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པ་དང། མི་དགེ་བའི་ལས་གང་ཐུབ་ཅི་ཐུབ་ཀྱིས་སྤངས་ཏེ་སྐྱེ་བ་ཕྱི་མ་དམྱལ་བ་དང་། ཡི་དྭགས། དུད་འགྲོ་སོགས་ངན་སོང་གི་གནས་སུ་མི་སྐྱེ་ཞིང་། བདེ་འགྲོ་ལྷ་དང་མིའི་ལུས་རྟེན་ཞིག་ཐོབ་ནའང་། དེས་གཏན་གྱི་འདུན་མ་འགྲུབ་མེད། ཚེ་འདིའི་དགེ་བའི་དབང་གིས་སྐྱེ་བ་ཕྱི་མ་མངོན་མཐོའི་གོ་འཕང་ཞིག་ཐོབ་ཀྱང། མངོན་མཐོའི་གནས་གང་དུ་སྐྱེས་ཀྱང་དེ་ཚད་ཡོད་པ་ཞིག་རེད། ལྷ་ལ་སྐྱེས་ནས་ཚེ་རིང་ཡང་མཐའ་མར་འཆི་རྒྱུ་རེད། མི་ལ་སྐྱེས་ན་ནི་ང་ཚོས་མཐོང་བཞིན་པ་རེད། མི་ཚེ་ཟེར་བ་ཐུང་ཐུང་མ་གཏོགས་མེད། ཚེ་འདིའི་བྱེད་བབས་ལ་བལྟས་ན་སྐྱེ་བ་ཕྱི་མ་དལ་འབྱོར་ཚང་བའི་མི་ལུས་ཤིག་ཐོབ་ཀྱང་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་མིན་ཐེ་ཚོམ་རེད། དེས་ན་གནས་སྐབས་ཤིག་མངོན་མཐོའི་ལུས་བླངས་པ་དེ་ནག་ཅན་སྲོག་ཁྲིམས་བབས་པ་ཞིག་ཉིན་ཁ་ཤས་འགྱངས་པ་ལྟ་བུ་མ་གཏོགས། གཏན་དུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་མེད། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བརྟེན་ནས་ངན་སོང་དུ་གནས་སྐབས་སྐྱེ་མི་དགོས་པ་བྱུང་ཡོད་ཀྱང་། སླར་ཡང་ལས་ཉོན་གྱིས་འཁོར་བའི་ནང་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་པར་བརྟེན། ངན་སོང་གི་སྡུག་བསྔལ་ལས་གཏན་དུ་ཐར་བ་ཞིག་བྱེད་དགོས་པ་ནི་མེད་དུ་མི་རུང་བ་རེད། དེས་ན་ངན་སོང་དུ་གཏན་དུ་མི་སྐྱེ་བ་ཞིག་དགོས་ན། འཁོར་བ་ལ་ཡང་བསྐྱར་སྐྱེ་བ་ལེན་མི་དགོས་པ་ཞིག་དགོས་པར་བརྟེན། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་སྦྱང་དགོས། དེ་ལྟར་ཕྱི་མ་ངན་སོང་གི་སྡུག་བསྔལ་བསམས་ནས་སྐྱབས་འགྲོ་ཚད་ལྡན་དང་། སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བའི་སྒོ་ནས་ལས་འབྲས་ཀྱི་རྣམ་བཞག་ཚུལ་བཞིན་བསྲུངས་ཏེ་སྐྱེ་བ་ཕྱི་མར་བདེ་འགྲོའི་གོ་འཕང་ཐོབ་པའི་གདེང་ཚོད་རྙེད་ཟིན་ཀྱང་། བདེ་འགྲོའི་གོ་འཕང་དེ་རྟག་པ་བརྟན་པ་མེད་ཙང། འཁོར་བའི་སྡུག་བསྔལ་ལས་ཐར་བ་བྱེད་དགོས་སྙམ་པ་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་འཕོས་པ་རེད། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པར་སློབ་པ་ལ་ས་བཅད་ཀྱི་སྒྲོམ་གཞི་ནི། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ། ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པ་བཅས་གསུམ་རེད།
དང་པོ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་ལ། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང་། འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་གཉིས་ལས། བྱེ་བྲག་གི་སྡུག་བསྔལ་བསམ་པ་ལས་དམྱལ་བ་དང། ཡི་དྭགས། དུད་འགྲོའི་སྡུག་བསྔལ་བསམ་པ་རྣམས་སྐྱེས་བུ་ཆུང་ངུའི་སྐབས་སུ་སོང་ཟིན་པས་བསྐྱར་དུ་ཤར་སྒོམ་བྱེད་མི་དགོས་པར་དྲན་ཙམ་གནང་ན་འགྲིགས། དེ་ནས་མི་ལ་སྐྱེ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། ལྷ་ལ་སྐྱེ་ན་འཆི་འཕོ་ལྟུང་བའི་སྡུག་བསྔལ། ལྷ་མ་ཡིན་ལ་སྐྱེ་ན་ཕྲག་དོག་དང་འཁྲུག་རྩོད་ཀྱི་སྡུག་བསྔལ་ཡོད་ཅིང་། གང་ལྟར་བདེ་འགྲོའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་བཅས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སོ་སོར་བསམ་པ་ཡིན།
འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ནི་གལ་ཆེ་བ་ཡིན། དེ་ལ་སངས་རྒྱས་ཀྱི་འཁོར་ལོ་དང་པོས་མཚོན་མདོ་ནས་འཁོར་བའི་སྡུག་བསྔལ་བརྒྱད་གསུངས་པ་དེ་ཤར་སྒོམ་བྱེད་བདེ་པོ་དང་བློ་ལ་ངེས་སླ་བ་ཡོད། དེ་ལ་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ལ་སྡུག་བསྔལ་བརྒྱད་བསམ་པ་དང་། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པ་གསུམ་ལས། སྡུག་བསྔལ་བརྒྱད་བསམ་པ་ནི། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པ། སྡུག་པ་དང་བྲལ་བ། འདོད་པའི་དངོས་པ་བཙལ་ཀྱང་མི་རྙེད་པ། མདོར་ན་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་བ་བཅས་ཡིན། དེ་ཡང་མངལ་སྐྱེས་ལྟ་བུར་མཚོན་ན། ཟླ་དགུ་ངོ་བཅུའི་རིང་མངལ་དུ་གནས་པའི་སྡུག་བསྔལ་དང་། བཙའ་བའི་སྡུག་བསྔལ། ཕྲུ་གུ་ཆུང་ཆུང་སྐབས་རང་མགོ་མི་ཐོན་པའི་སྡུག་བསྔལ། མི་ཚེའི་གཅིག་གི་རིང་ཡང་ནས་ཡང་དུ་ན་བའི་སྡུག་བསྔལ། སྐད་ཅིག་ཀྱང་མི་སྡོད་པར་རྒ་བའི་སྡུག་བསྔལ། མཐའ་མར་ཤི་བའི་སྡུག་བསྔལ་བཅས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ཙང་རྒྱུ་མཚན་བརྗོད་དགོས་པ་དང་། སྒྲུབ་བྱེད་བཀོད་དགོས་དོན་མེད། བརྫུས་སྐྱེས་ལ་སྐྱེ་བའི་སྐབས་སུ་དམིགས་བསལ་སྡུག་བསྔལ་དྲག་པོ་མེད་ཀྱང་། སྐྱེས་པའི་རྗེས་སུ་རྒ་བ་དང་ན་བ་འཆི་བའི་སྡུག་བསྔལ་ཡོད་མུས་རེད། དེ་ལྟར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དེ་ནས་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ནི། རྟག་ཏུ་སེམས་མི་དགའ་བ་དང་འཇིགས་སྣང་ཡོང་གཞིའི་རྐྱེན་དང་མ་འཕྲད་ན་ཆོག་བསམ་པའི་དགྲ་དང་གཅན་གཟན། འབྱུང་བའི་འཇིགས་པ་སོགས་ཡང་ཡང་འཕྲད་ཅིང་། ཞིབ་ཚགས་པོས་བལྟས་ན། ང་ཚོའི་ཉིན་རེའི་འཚོ་བའི་ནང་མི་སྡུག་པ་དང་མ་འཕྲད་པའི་སྐབས་མེད་པ་ལྟ་བུ་རེད། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི། སོ་སོས་དགའ་པོ་དང་འདོད་པ་ཡོད་པའི་ཕ་མ་གཉེན་ཉེ་དུ་སོགས་དང་། རྒྱུ་ནོར་ཅ་དངོས་སོགས་དང་བྲལ་བ་རྣམས་ཡིན། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་ནི། མི་ཚེ་གཅིག་རིང་འདོད་པ་ཁེངས་རྒྱུ་མེད་པར་བརྟེན། འདོད་རྔམས་ཀྱིས་མ་ཤི་བར་དང་། རྒས་འཁོགས་ཆགས་ནས་འགྲོ་ཐུབ་ལ་མ་ཐུབ་པའི་སྐབས་སུའང་ད་དུང་ཚོང་གི་འདུ་འགོད་དང་། མངའ་ཐང་ལོངས་སྤྱོད། མིང་དང་གོ་གནས་སོགས་ལ་རྔམས་ནས་བསྡད་པ་ལྟ་བུ་རེད། མདོར་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་རྣམས་སྡུག་བསྔལ་བ་ནི། མདོར་ན་གོང་དུ་བཤད་པའི་སྡུག་བསྔལ་གཞན་བདུན་པོ་རྣམས་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཕུང་པོ་འདིའི་དབང་གིས་མྱོང་གི་ཡོད་རེད། ལས་དང་ཉོན་མོངས་པས་འཕངས་པའི་རྣམ་སྨིན་གྱི་ཕུང་བོ་འདི་འདྲ་ཞིག་མེད་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོང་སྟངས་མེད་ཅིང་། དེ་བཞིན་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་འཕྲད་པ། འདོད་པ་བཙལ་ཀྱང་མི་རྙེད་པ་བཅས་ཀྱང་ཡོང་གཞི་མེད། དེས་ན་འཁོར་བའི་སྡུག་བསྔལ་བརྒྱད་རེ་རེ་བཞིན་དུ་སྡུག་བསྔལ་ཆེན་པོའི་རང་བཞིན་ཡིན་ཚུལ་ད་ལྟ་ཕན་ཆད་རང་གིས་མྱངས་པ་ཤ་སྟག་ཡིན་པ་རང་གིས་རང་ལ་གོ་བརྡ་སྤྲད་དགོས་ཤིང་། དེ་ཡང་སྐྱེ་བའི་སྡུག་བསྔལ་རང་གིས་མ་དྲན་པ་མ་གཏོགས་མྱངས་ཟིན་པ་དང་། རྒ་བའི་སྡུག་བསྔལ་ནི་མྱོང་བཞིན་པ་རེད། མི་ཁ་ཤས་མེ་ལོང་ནང་རང་གི་གདོང་གི་གཉེར་མ་དང་མགོའི་སྐྲ་དཀར་མཐོང་བ་ན་སེམས་ལ་སྡུག་བསྔལ་བྱུང་བའང་ཡོད། ན་བའི་སྡུག་བསྔལ་ནི་ན་ཟུག་གི་སྡུག་བསྔལ་ཙམ་དུ་མ་ཟད། སེམས་ཀྱི་སྡུག་བསྔལ་དྲག་པོ་མྱོང་བའང་ཡོད། དཔེར་ན། དེང་སང་ནད་ཧ་ཅང་ཚབས་ཆེན་དེ་འདྲ་ངོས་ཟིན་དུས་དེའི་སྡུག་བསྔལ་གྱིས་ཤི་བའི་རྐྱེན་བྱེད་པའང་མང་པོ་རེད། འཆི་བའི་སྡུག་བསྔལ་ནི་བཤད་མ་དགོས་པ་ཡིན། སྡུག་པ་དང་བྲལ་བ་དང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི་རང་གི་འདོད་པར་བབས་པའམ་ཡིད་དུ་འོང་བ་དང་བྲལ་བ་དང་། རང་གི་འདོད་པར་མ་བབས་པའམ་ཡིད་དུ་མི་འོང་བ་དང་ཕྲད་པའི་སྡུག་བསྔལ་ནི་ང་ཚོས་མྱངས་དང་མྱོང་བཞིན་པ་ཤ་སྟག་ཡིན། དེ་དག་ཀྱང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་བརྟེན་ནས་མྱངས་པ་རེད།
སྡུག་བསྔལ་དྲུག་བསམ་པ་ནི། བཤེས་སྤྲིངས་ལ་སོགས་པའི་བསྟན་བཅོས་རྣམས་སུ་གསུངས་ཤིང་། དེ་ནི་ངེས་པ་མེད་པའི་ཉེས་པ། ངོམས་པ་མེད་པའི་ཉེས་པ། ལུས་ཡང་ཡང་འདོར་བའི་ཉེས་པ། ཡང་ཡང་ཉིང་མཚམས་སྦྱར་བའི་ཉེས་པ། ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ། གྲོགས་མེད་པའི་ཉེས་པ་བཅས་ཡིན། ངེས་པ་མེད་པའི་ཉེས་པ་ནི། འཁོར་བའི་གནས་འདིར་བང་སྒྲིག་པ་བཞིན་ཏག་ཏག་ཅིག་མེད། ད་ལྟ་མིར་སྐྱེས་ན་དེའི་རྗེས་ལ་དམྱལ་བར་སྐྱེ་བ་དང་། ད་ལྟ་ལྷར་སྐྱེས་ན་རྗེས་ལ་དུད་འགྲོར་སྐྱེ་བ་ལྟ་བུ་སྐྱེ་བ་དང་སྐྱེས་གནས་ལ་ངེས་པ་མེད་ཅིང་། སྐྱེས་གནས་མི་ལྟ་བུ་གཅིག་གི་ནང་དུའང་སྐབས་རེ་དབུལ་པོ་དང་། སྐབས་རེ་ཕྱུག་པོ། སྐབས་རེ་ཀུན་གྱི་བསྟོད་ས་དང་། སྐབས་རེ་ཀུན་གྱི་སྨོད་ས་སོགས་ངེས་པ་མེད། བྱ་བ་གང་ཞིག་ཡིན་ཡང་བློའི་ནང་བང་སྒྲིག་པ་བཞིན་ཡོང་བའི་ངེས་པ་རྩ་བ་ནས་མེད་ཅིང་། སང་ཉིན་འཆར་གཞི་གང་བཀོད་པ་ལྟར་འགྲུབ་དང་མི་འགྲུབ་པའི་ངེས་པ་མེད་པ་ལྟ་བུ་རེད། ངོམས་པ་མེད་པའི་ཉེས་པ་ནི། འཁོར་བའི་གནས་སུ་ཟག་བཅས་ཀྱི་ཚོར་བ་བདེ་བ་གང་ལ་སྤྱད་ཀྱང་ད་འགྲིག་སོང་། ད་ཚིམས་སོང་བསམས་པའི་ངོམས་པ་མེད། ལྷག་པར་དུ་ཟག་བཅས་ཀྱི་དངོས་པོར་ཇི་ཙམ་སྤྱད་ཀྱང་ངོམས་པ་མེད་པ་དེས་འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་ཡང་བསྐྱེད་པ་རེད། ལུས་ཡང་ཡང་འདོར་བའི་ཉེས་པ་ནི། ལུས་ཡག་ཉེས་གང་ཐོབ་ཀྱང་སྐྱེ་རྒ་ན་འཆི་ལས་མ་འདས་པས་དུས་ཚོད་ངེས་ཅན་ནང་ཤི་དགོས། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། ལུས་གཅིག་དོར་ནས་རྫོགས་པ་མིན་པར། ཡང་བསྐྱར་ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླང་དགོས། ལུས་ཡང་ཡང་འདོར་བའི་ཉེས་པས་ནི་འཆི་བའི་སྡུག་བསྔལ་གཙོ་བོར་བསྟན་པ་དང་། ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པས་སྐྱེ་བའི་སྡུག་བསྔལ་གཙོ་བོར་བསྟན་པ་རེད། ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།། འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་།། འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་གྱུར།། ཅེས་གསུངས་པ་བཞིན་སྐབས་རེ་ལྷ་ཡི་དབང་པོ་བརྒྱ་བྱིན་སོགས་སུ་སྐྱེ་བ་བླངས་ཏེ་ཧ་ཅང་མཐོ་བ་དང་། སྐབས་རེ་འཁོར་བའི་ནང་བྲན་གྱི་ཡང་བྲན་ནམ་གཡོག་པོའི་གཡོག་པོ་ལྟ་བུར་སྐྱེས་ཏེ་ཧ་ཅང་དམའ་བ། དེ་རིང་ཡག་པོ་ཡོད་ན་སང་ཉིན་ཡག་པོ་མེད་པ། དེ་རིང་སྐྱིད་པོ་ཡོད་ན་སང་ཉིན་སྐྱིད་པོ་མེད་པ། དེ་རིང་སྟོབས་འབྱོར་མངའ་ཐང་ཆེ་ཡང་སང་ཉིན་སྟོབས་འབྱོར་མངའ་ཐང་མེད་པ་ལྟ་བུ་རེད། གྲོགས་མེད་པའི་ཉེས་པ་ནི། འདི་ལ་ཧོབ་སྟེ་བལྟས་ན་དེ་ཙམ་གནད་འགག་ཡོད་པ་ཞིག་མིན་པ་ལྟ་བུ་མཐོང་སྲིད། ཡིན་ནའང་དེང་སང་མིའི་འགྲོ་བའི་ནང་གྲོགས་མེད་པའི་ཉེས་པ་ནི་འཁོར་བའི་སྡུག་བསྔལ་ཆེ་ཤོས་ལྟ་བུ་འདུག། གཞུང་ནས་བཤད་པ་ལྟར་ན་སྐྱེ་དུས་གཅིག་པུ་དང་། ཤི་དུས་གཅིག་པུ། ངན་འགྲོའི་སྡུག་བསྔལ་མྱོང་དུས་ཀྱང་གཅིག་པུས་མྱོང་བ་ལས། སྐལ་བ་ལེན་མཁན་གཞན་མེད་པ་ནི་གྲོགས་མེད་པའི་ཉེས་པ་རེད། དེ་བཞིན་དེང་རབས་ཀྱི་སྤྱི་ཚོགས་ནང་སྡོད་མཁན་ཚོ་ལ་གྲོགས་མེད་པའི་སྡུག་བསྔལ་རྟག་ཏུ་བྱུང་ཞིང་། དེ་ལ་བརྟེན་ནས་སེམས་མ་སྐྱིད་པ་དང་སེམས་ཁམས་སྨན་བཅོས་བྱེད་དགོས་པ་མང་པོ་ཡོང་མུས་བཅས་རེད།
སྡུག་བསྔལ་གསུམ་བསམ་པ་ལ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རེད། སྡུག་བསྔལ་གྱི་སྡུག་བསྔལ་ནི་གཞུང་ལུགས་ལྟར་བཤད་ན། ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་གང་ཡིན་པ་དེ་རྣམས་རེད། དཔེར་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལྟ་བུ། དེ་བཞིན་མགོ་ན་བ་དང་རྐང་པ་ཆག་པ་ལྟ་བུ་ནི་སྡུག་བསྔལ་ཡིན་པ་ཚང་མས་ཤེས་ཤིང་། དུད་འགྲོས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་པ་མ་ཟད། དེ་ལ་མི་འདོད་པའང་ཡོད་པ་རེད། འགྱུར་བའི་སྡུག་བསྔལ་ནི་ངོ་སྤྲད་ན་མ་གཏོགས་གང་ཟག་ཕལ་པས་ཤེས་དཀའ་བ་ཡིན། དེ་ལ་བསྟན་བཅོས་ཀྱི་ཐ་སྙད་ལྟར་ཞུས་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་ཞེས་བརྗོད། ཟག་བཅས་ཞེས་པ་ནི་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་ལ་ཟེར། ལས་དང་ཉོན་མོངས་པའི་འབྲས་བུའི་དབང་གིས་བྱུང་བའི་ལྷ་དང་མིའི་ཚོར་བ་བདེ་བ་ཐམས་ཅད་དོན་དུ་སྡུག་བསྔལ་ཡིན་རུང་། སྡུག་བསྔལ་ཡིན་པ་མ་ཤེས་པར་བརྟེན་བདེ་བར་འཁྲུལ་བ་རེད། གང་ལྟར་སྡུག་བསྔལ་མངོན་གྱུར་བ་ཞིག་ཡལ་ནས་སྡུག་བསྔལ་མངོན་གྱུར་བ་གཞན་ཞིག་མགོ་བཙུགས་པའམ། བརྗེ་པོ་རྒྱག་དུས་བསམ་བློའི་ནང་བདེ་བ་ཚོར་བ་རེད། དཔེར་ན། ཧ་ཅང་འཁྱག་པའི་སྐབས་སུ་གློ་བུར་དུ་དྲོ་ས་ཞིག་ཏུ་སླེབས་ན། གྲང་བའི་སྡུག་བསྔལ་དེ་ཡལ་ནས་ཚ་བའི་སྡུག་བསྔལ་མགོ་བཙུགས་པ་དེ་སྡུག་བསྔལ་ཡིན་པ་མ་ཤེས་པར་བདེ་བར་བསམ་པ་ལྟ་བུ་རེད། དེ་བཞིན་རྐང་ཐང་དུ་ཕྱིན་ནས་ཐང་ཆད་པའི་སྡུག་བསྔལ་གྱི་ཚོར་བ་དེ་སྡུག་བསྔལ་གྱི་སྡུག་བསྔལ་རེད། འོན་ཀྱང་ས་ཆ་ཞིག་ཏུ་བསྡད་དེ་ངལ་གསོ་བའི་ཚེ་བདེ་བ་ཞིག་ཡོང་བ་དེས་སྡུག་བསྔལ་གསར་པ་ཞིག་མགོ་འཛུགས་ཀྱི་ཡོད། གལ་ཏེ་དེ་ནི་དངོས་ཡོད་བདེ་བ་ཡིན་ན་ཇི་ཙམ་བསྡད་ཀྱང་སྡུག་བསྔལ་མི་སྐྱེ་བ་ཞིག་དགོས་ཀྱང་། ཚོུད་ཁ་ཤས་ས་ཆ་གཅིག་ཏུ་བསྡད་ན་སྡུག་བསྔལ་གཞན་ཞིག་བྱུང་ནས་ལངས་འདོད་སྐྱེ་བ་རེད། གང་ལྟར་ཟག་བཅས་ཀྱི་ཚོར་བ་བདེ་བ་རྣམས་མི་རྟག་པ་རེད། མི་རྟག་པ་ཡིན་པར་བརྟེན་་རྫོགས་རྒྱུ་ཡོད། རྫོགས་རྒྱུ་ཡོད་ཕྱིན་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་བ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་ཞིག་ཀྱང་ཆབས་ཅིག་ཡོང་། མདོར་ན་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་རྣམས་དོན་དུ་བདེ་བ་དང་སྡུག་བསྔལ་གྱི་དབྱེ་བ་ཕྱེ་བ་ཙམ་མ་གཏོགས། རྒྱུན་རིང་པོར་བསྟེན་ན་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་བའམ། ཡང་ན་མི་རྟག་པའི་རང་བཞིན་གྱིས་མེད་པར་འགྱུར་བས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་རེད། དེས་ན་བདེ་བ་ལ་དགའ་པོ་བྱེད་རྒྱུའི་གཞི་རྩ་མེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཉེར་ལེན་གྱི་ལུས་རྟེན་དེ་ཡིན། ཁྱབ་པ་ཞེས་པ་ནི་འགྲོ་བ་རིགས་དྲུག་ཡོངས་རྫོགས་ལ་ཁྱབ་པའི་དོན་རེད། དཔེར་ན། གཟུགས་མེད་ཀྱི་ཁམས་སུ་སྐྱེ་བ་བླང་ན་གཟུགས་རགས་པ་མེད་ཀྱང་ལས་ཉོན་གྱིས་འཕངས་པའི་གཟུགས་མེད་ཁམས་ཀྱི་ཕུང་པོ་དེ་ཡོད་པར་བརྟེན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མྱོང་བ་ཡིན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ནི་ལས་ཉོན་གྱིས་འཕངས་པར་བརྟེན་དེ་ལ་འདོད་དང་མི་འདོད་པའི་གདམ་ག་བྱ་ས་མེད། གལ་ཏེ་དུད་འགྲོ་ལ་སྐྱེས་ན། དུད་འགྲོའི་ཕུང་པོ་འདི་ཡག་པོ་མི་འདུག་བརྗེ་པོ་བརྒྱབ་རྒྱུ་ཡིན་ཞེས་ལབ་ས་མེད། ཇི་སྲིད་ལས་ཉོན་གྱི་འཕེན་པ་མ་རྫོགས་བར་མྱངས་ནས་བསྡད་པ་མ་གཏོགས་རང་འདོད་ཀྱིས་འཇོག་ཐབས་མེད། ཚེ་མ་ཟད་ན་རང་ཤི་བརྒྱབས་ཀྱང་ཤི་མ་ཐུབ་པ་མཐོང་རྒྱུ་ཡོད། གང་ལྟར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེས་འཁོར་བ་ལས་མ་གྲོལ་བའི་སྐྱེ་བོ་ཐམས་ཅད་ལ་ཁྱབ་པར་བརྟེན་ཁྱབ་པ་ཞེས་དང། འདུ་བྱེད་ཅེས་པ་ནི་ལས་དང་ཉོན་མོངས་པས་འདུ་བྱེད་པ་ཡིན་པས་སྡུག་བསྔལ་གྱི་རང་བཞིན་ཡིན།
འཁོར་བ་ལ་ཡིད་འབྱུང་བའི་ངེས་འབྱུང་གི་བསམ་པ་ཡག་པོ་ཞིག་འབྱོང་བ་ལ་ཁྱབ་པ་འདུ་བྱེད་དམ་ལས་ཉོན་གྱི་གཞན་དབང་གི་ཚུལ་ལ་ཡིད་འབྱུང་བ་དེ་གལ་ཆེན་པོ་རེད། སྡུག་བསྔལ་གྱི་སྡུག་བསྔལ་ལ་ཡིད་འབྱུང་བ་དེ་དུད་འགྲོ་ལའང་ཡོད། འགྱུར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་དེ་ཕྱི་རོལ་པ་ལའང་ཡོད། ཕྱི་རོལ་པ་དེ་ཚོའང་ཟག་བཅས་ཀྱི་ཚོར་བ་བདེ་བ་ལ་ཡིད་འབྱུང་ནས་གཟུགས་མེད་ལ་སོགས་པའི་ཏིང་འཛིན་བསྒྲུབས་ཏེ་ཚོར་བ་བཏང་སྙོམས་མ་གཏོགས་མེད་སར་སྐྱེ་བ་ལེན་ཐབས་བྱེད་མཁན་མང་པོ་ཡོད་རེད། ང་ཚོ་ཐར་པའི་གོ་འཕང་དོན་དུ་གཉེར་མཁན་ཚོས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་བའི་བསམ་པ་སྐྱེས་ན་འཁོར་བ་ལས་གྲོལ་བའི་ངེས་པར་འབྱུང་བའི་ཐར་པ་ཐོབ་འདོད་ཀྱི་འདུན་པ་གཞི་ནས་སྐྱེ་རྒྱུ་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་མ་མཐོང་ན་དེ་སྤང་བའི་ཐར་པའི་རང་བཞིན་མཐོང་མི་ཐུབ། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ལ་ཡིད་འབྱུང་བའམ་མི་དགའ་བ་བྱུང་ན། དེའི་རྟེན་གཞིར་གྱུར་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་རང་བཞིན་གྱིས་བློ་ལོག་རྒྱུ་རེད།
ཐོག་མར་འཁོར་བའི་སྡུག་བསྔལ་བརྒྱད་དང། བར་དུ་སྡུག་བསྔལ་དྲུག མཐའ་མར་སྡུག་བསྔལ་གསུམ་བསམ་དགོས། སྡུག་བསྔལ་དྲུག་ནི་སྡུག་བསྔལ་བརྒྱད་དང་མི་འདྲ་བའི་ཁྱད་པར་གང་ཡོད་ཅེ་ན། དེ་ནི་འཁོར་བ་དང་སྤྱི་ཚོགས་ཀྱི་གནས་བབ་ལ་བརྟེན་ནས་འབྱུང་བའི་སྡུག་བསྔལ་གཙོ་བོར་བཏོན་ནས་གསུངས་པ་ཞིག་རེད། སྡུག་བསྔལ་གསུམ་གྱི་ནང་གོང་དུ་བཤད་པའི་སྡུག་བསྔལ་བརྒྱད་དང་སྡུག་བསྔལ་དྲུག་མ་འདུས་བ་མེད། དེའི་ནང་ནས་ཚབས་ཆེ་ཤོས་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པ་རྭ་འཕྲོད་དགོས། དེ་ལྟར་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པའི་སྡུག་བསྔལ་བདེན་པའི་རང་བཞིན་གྱི་འཁོར་བ་དེ་ལ་བསྡོམས་བརྒྱབ་ན། ༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་སྐྱེ་བའི་གནས། ཡུལ་གང་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་སྐྱེ་བའི་ལོངས་སྤྱོད། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་སྐྱེ་བའི་གྲོགས། བྱ་བ་ཅི་ཞིག་བརྩམས་ཀྱང་སྡུག་བསྔལ་སྐྱེ་བའི་བྱ་བ་ཞེས་གསུངས་པ་བཞིན་ལས་ཉོན་གྱི་གཞན་དབང་ལས་མ་ཐར་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་ཡིན་ཙང། འཁོར་བའི་ཕུན་ཚོགས་ཇི་འདྲ་ཞིག་མཐོང་ཡང་སྐྱུགས་ནད་ཅན་ལ་ཟས་བསྟན་པ་ལྟར་མི་རྟག་པ་དང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེ་བློ་ལ་ལིང་ལིང་མ་ཤར་བར་དུ་བསྒོམ་ན། འཁོར་བ་ལས་འགྲོལ་འདོད་ཀྱི་ངེས་འབྱུང་སྐྱེ་ཐུབ།
གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ནི། གོང་དུ་བཤད་པའི་སྡུག་བསྔལ་དེ་དག་ཇི་ལྟར་ཡོང་གི་ཡོད་དམ་ཞེ་ན། ལས་ཀྱི་དབང་གིས་བྱུང་ཞིང་། སྡུག་བསྔལ་གྱི་སྡུག་བསྔལ་ནི་ལས་མི་དགེ་བའི་འབྲས་བུ་དང། འགྱུར་བའི་སྡུག་བསྔལ་མང་ཆེ་བ་ལས་དགེ་བའི་འབྲས་བུ་རེད། ཟག་བཅས་ཀྱི་ལས་དགེ་བ་ལ་བརྟེན་ནས་མཐོ་རིས་ཀྱི་གནས་སྐབས་ཀྱི་བདེ་བ་རྣམས་བྱུང། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ལས་ཀྱིས་འཕངས་པའི་ཉེར་ལེན་གྱི་ཕུང་པོ་དེ་རེད། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གི་སྡུག་བསྔལ་དེ་དག་ཐད་ཀར་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བ་ཅི་རིགས་པས་སྐྱེད། ལས་དེ་ཇི་ལྟར་ཡོང་གི་ཡོད་ཅེ་ན། ཉོན་མོངས་ཀྱི་དབང་གིས་བསགས་པ་དང་། ཉོན་མོངས་མེད་པ་མ་བཟོས་བར་དུ་ལས་མེད་པ་བཟོ་མི་ཐུབ། ཉོན་མོངས་ཡོད་ཕྱིན་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ་འཁོར་བར་འཕེན་བྱེད་ཀྱི་ལས་ཤིག་མ་གཏོགས། ཐར་པ་འགྲུབ་བྱེད་ཀྱི་ལས་ཤིག་བསགས་མི་ཐུབ། ངེས་འབྱུང་གི་བསམ་པ་མ་སྐྱེས་བར་དུ་དགེ་མི་དགེའི་བྱ་བ་རྣམས་ཟག་བཅས་ཀྱི་ལས་ཤིག་ཏུ་འགྱུར། དེ་འདྲ་བའི་ཟག་བཅས་ཀྱི་ལས་དེ་ཉོན་མོངས་པའི་དབང་གིས་བསགས་ཤིང་། ཉོན་མོངས་ནི་བདག་འཛིན་མ་རིག་པ་ལ་བརྟེན་ནས་བྱུང་། བདག་འཛིན་མ་རིག་པ་ལ་འཁོར་བའི་རྩ་བའང་ཟེར། དེ་ལ་འཇིགས་ལྟའམ་བདག་འཛིན་མ་རིག་པ། ཡན་ལག་བཅུ་གཉིས་ཀྱི་ནང་གི་མ་རིག་པ་ཞེས་བརྗོད་ནའང་འགྲིགས། གང་ལྟར་གནས་ལུགས་ལ་གང་ཟག་རང་ངོས་ནས་མ་གྲུབ་པའམ་གང་ཟག་བདེན་པར་མ་གྲུབ་པ་ཡིན་པ་ལ། མ་རིག་པས་གང་ཟག་བདེན་པར་གྲུབ་པའམ་གང་ཟག་རང་རྐྱ་བའི་བདེན་པར་གྲུབ་པ་ཞིག་འཛིན་གྱི་ཡོད། ཕྱིའི་དངོས་པོའི་ཚོགས་ཀྱང་རྟེན་འབྱུང་བཏགས་ཡོད་ཙམ་མ་གཏོགས་བདེན་པར་གྲུབ་པ་མེད་ནའང་། བདེན་གྲུབ་ཏུ་འཛིན་པའི་འཁྲུལ་པའི་བློ་དེ་བདག་འཛིན་མ་རིག་པ་རེད། གང་མ་རིག་པ་རེད་ཅེ་ན། དངོས་པོའི་གནས་ལུགས་མ་རིག་པ་རེད། དངོས་པོའི་གནས་ལུགས་ལ་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་ནའང་། ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པར་མཐོང་གི་ཡོད། འཛིན་གྱི་ཡོད། ཞེན་གྱི་ཡོད་ཙང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་དེ་རེད། ཉོན་མོངས་ཐམས་ཅད་ཀྱི་རྩ་བ་དེ་ཡིན་དགོས་དོན་གང་རེད་ཅེ་ན། བདག་ཏུ་འཛིན་པའི་བློ་དེས་གཞན་དེ་བདག་ལས་ཐ་དད་དུ་ཕྱེ་ཞིང་། བདག་གཞན་གཉིས་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མཐོང་གི་ཡོད། དེ་ནས་བདག་ལ་ཆགས་པ་དང་། གཞན་ལ་སྡང་བ། རང་གཅེས་འཛིན་དང་། གཞན་ཡལ་བར་འདོར་བའི་ཆགས་སྡང་གི་བློ་དེ་རང་བཞིན་གྱིས་སྐྱེ་བ་ཡིན། དེ་བཞིན་བདག་མེད་པ་ལ་ཡོད་པར་བཟུང་བ་ཡིན་པར་བརྟེན་རྨོངས་པའི་བློ་ཡང་རང་བཞིན་གྱིས་སྐྱེ་བ་ཡིན། དེ་ལ་བརྟེན་ནས་ལས་བསགས་ཀྱི་ཡོད། དེས་ན་འཁོར་བར་འཇུག་པའི་རིམ་པ་ནི། མ་རིག་པའི་དབང་གིས་ཆགས་སྡང་སྐྱེ་བ་དང། ཆགས་སྡང་གི་དབང་གིས་ལས་བསགས། ལས་བསགས་པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་བླངས། བདེ་འགྲོ་དང་ངན་འགྲོར་སྐྱེ་བ་བླངས་པའི་ཕུང་བོ་དེའི་སྟེང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོང་བ་ནི་ཀུན་འབྱུང་འཁོར་བའི་འཇུག་རིམ་རེད།
ཀུན་འབྱུང་འཁོར་བའི་འཇུག་རིམ་ཐོག་བློའི་ནུས་པ་ཡོད་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་ན་ཧ་ཅང་གསལ་བ་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་དང་པོ་མ་རིག་པ་དེ་ཉོན་མོངས་ཀྱི་རྩ་བ་རེད། མ་རིག་པ་ལ་བརྟེན་ནས་ཆགས་སྡང་སྐྱེ། ཆགས་སྡང་གི་དབང་གིས་འདུ་བྱེད་ཀྱི་ལས་བསགས། ལས་དེས་ཚེ་ཕྱི་མར་འགྲོ་མཁན་གྱི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག་སྟེ་སྐྱེ་བ་ཕྱི་མར་འབྲས་བུ་མྱོང་བ་བཅས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་ཚུལ་དེ་རེད། དེ་ཡང་མདོར་བསྡུས་ན། མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་བསགས། འདུ་བྱེད་ཀྱི་ལས་དེས་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་བཞག བག་ཆགས་དེ་ལ་ཉོན་མོངས་པས་གསོས་བཏབ་ནས་ཚེ་འདིའམ་སྐྱེ་བ་ཕྱི་མར་འབྲས་བུ་སྨིན་པ་བཅས་རྒྱུ་དང་འབྲས་བུའི་རྣམ་བཞག་དེ་ལྟར་འགྲོ་བ་ཡིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་ན་གལ་གནད་ཆེ་ཤོས་ཤིག་གང་རེད་ཅེ་ན། འདུ་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ལུས་རྟེན་གཅིག་གི་སྟེང་དུ་སྐྱེ་བ་ཁྲི་ཕྲག་མང་པོ་ལེན་པའི་འདུ་བྱེད་ཀྱི་ལས་གསར་པ་མང་པོ་བསགས་ཤིང། བུ་ལོན་བཞིན་འཇལ་ཐུབ་པ་ཁྱོན་ནས་མེད་པར་ག་དུས་ཡིན་ནའང་སྐོར་བ་བརྒྱབས་ནས་འགྲོ་བསྡད་པ་ལྟ་བུ་རེད། ལས་གཅིག་གི་འབྲས་བུས་ལུས་རྟེན་གཅིག་གི་སྟེང་དུ་ཡང་བསྐྱར་ལུས་རྟེན་དེ་འདྲ་ཁྲི་ཕྲག་འབུམ་ཕྲག་མང་པོ་ལེན་པའི་རྒྱུ་བསགས་ནས་ཇེ་མང་ཇེ་མང་དུ་འཕེལ་བ་མ་གཏོགས། ཇེ་ཉུང་དུ་ཕྱིན་ནས་ཐར་བ་ཞིག་མེད། བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ།། རྣམ་པ་ཀུན་ཏུ་ཡོད་མིན་ན།། ཞེས་གསུངས་པ་བཞིན་མཐའ་མེད་པ་དེ་ལས་གསོག་སྟངས་དང་འབྲས་བུ་མྱོང་སྟངས་ཀྱི་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་ན་ཧ་ཅང་གསལ་པོ་ཡིན་ཙང། ངེས་པར་ཡིད་ཐང་ཆད་པ་ཞིག་ཡོད། གང་ལྟར་འཁོར་བ་འདི་ལས་མ་ཐར་ན་སྡུག་བསྔལ་ལས་ཐར་ཐབས་མི་འདུག་བསམ་པའི་བློ་ཞིག་སྐྱེས་ཏེ་ཀུན་འབྱུང་འཁོར་བའི་འཇུག་རིམ་ཤེས་དགོས།
གསུམ་པ་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ནི། དེ་ནས་འཁོར་བ་ལས་ལྡོག་པ་ལ་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་དགོས། ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་ཇི་ལྟར་ཡོད་དམ་ཞེ་ན། འདུ་བྱེད་ཀྱི་ལས་ཀུན་ནས་སློང་མཁན་གྱི་ཉོན་མོངས་དེ་མེད་པ་བཟོ་དགོས། འདུ་བྱེད་ཀྱི་ལས་གསོག་འཇུག་མཁན་གྱི་ཉོན་མོངས་དེ་ཇི་ལྟར་མེད་པ་བཟོ་དགོས་ཤེ་ན། ཉོན་མོངས་ཀྱི་རྩ་བ་མ་རིག་པ་དེ་མེད་པ་བཟོ་དགོས། ཇི་ལྟར་ཞེ་ན། མ་རིག་པ་ནི་རང་གི་ཞེན་ཡུལ་ལ་ལོག་པར་ཞུགས་པའམ་འཛིན་སྟངས་ལ་ལོག་པར་རྟོག་པ་སྟེ། བློ་དེས་ཇི་ལྟར་མཐོང་བ་དང་འཛིན་པ་བཞིན་དོན་ལ་གནས་མེད། དཔེར་ན། རགས་པ་ཙམ་བཤད་ན། མདུན་གྱི་གཞི་འདིར་བུམ་པ་ཞིག་ཡོད་པ་དེ་མིག་གིས་མཐོང་། མཐོང་བ་བཞིན་བུམ་པ་ཞིག་ཡོད་ན་མཐོང་ཚུལ་དང་གནས་ཚུལ་མཐུན་པ་རེད། གང་ལྟར་མིག་གིས་བུམ་པ་མཐོང་བ་བཞིན་དངོས་སུ་ལག་པ་འཆང་རྒྱུ་ཡོད། དེ་ལྟར་མ་ཡིན་པར་བུམ་པ་མེད་པ་ཞིག་ལ་མིག་འཁྲུལ་ཏེ། དཔེར་ན། ཟླ་བ་གཅིག་ལ་ཟླ་བ་གཉིས་མཐོང་བ་དང་། ཅ་ལག་གཅིག་ལ་ཅ་ལག་གཉིས་སུ་མཐོང་བ། མཁྲིས་ནད་ཅན་ལ་དཀར་པོ་སེར་པོར་མཐོང་བ། དེས་སེར་པོ་མཐོང་ཡང་། དོན་ལ་སེར་པོ་མེད་པས་མཐོང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡིན། འོན་ཀྱང་མཁྲིས་པའི་ནད་དེ་དྲག་ན་སེར་པོ་མཐོང་བའང་མེད་པ་ཆགས་རྒྱུ་རེད། གལ་ཏེ་སྣང་ཚུལ་དང་གནས་ཚུལ་མཐུན་པ་ཡིན་ན། བུམ་པ་ཡོད་པ་ལ་བུམ་པ་ཡོད་པར་འཛིན་པའི་བློ་དེ་མེད་པ་བཟོ་མི་ཐུབ། དེ་ནི་མཐོང་བ་བཞིན་དོན་ལ་གནས་པ་ཡིན་ཙང་དེ་རྩ་མེད་གཏོང་ཐབས་མེད། འོན་ཀྱང་འཁྲུལ་སྣང་གི་བློ་རྣམས་དངོས་ཡོད་གནས་ཚུལ་མཐོང་བའི་བློ་ཡིས་མེད་པ་བཟོ་ཐུབ། དེས་ན་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གྱིས་ཆོས་དང་གང་ཟག་ལ་བདག་ཏུ་སྒྲོ་འདོགས་པའི་ཚུལ་དེ་ལོག་ཤེས་ཡིན་པ་དང་། དོན་ལ་མ་གནས་པ་ཡིན་པ། དེ་དང་འཛིན་སྟངས་དངོས་འགལ་ལམ་ཁ་གཏད་ཐུབ་མཁན་གྱི་བདག་མེད་པ་མཐོང་བའི་བློ་ཡོད་པ་ཡིན་ཙང། དེ་ལྟ་བུའི་བདག་མེད་པ་མཐོང་བའི་བློ་དེ་རང་གི་རྒྱུད་ལ་སྐྱེས་ཏེ་དེའི་དབང་གིས་བདག་ཏུ་འཛིན་པའི་བློ་དེ་མེད་པ་བཟོ་ཐུབ་པ་ཡིན།
ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་དེ་ཇི་ལྟར་གཏན་ལ་ཕབ་དགོས་ཤེ་ན། འཁོར་བའི་རྩ་བ་མ་རིག་པ་ངོས་ཟིན་པ་ན་དེ་སྤོང་ནུས་ཡིན་པ་མཐོང་བ་དང་། དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་བདག་འཛིན་སྤངས་པ། བདག་འཛིན་སྤངས་པས་དེས་བསྐྱེད་པའི་ཉོན་མོངས་ཐམས་ཅད་འགགས་པ། ཉོན་མོངས་འགགས་པས་ཟག་བཅས་ཀྱི་ལས་མི་བསགས་པ། ཟག་བཅས་ཀྱི་ལས་མ་བསགས་ན་འཁོར་བར་རང་དབང་མེད་པར་སྐྱེ་བ་ལེན་མི་དགོས་པར་བརྟེན། འཁོར་བར་སྐྱེ་བ་རང་བཞིན་གྱིས་ལྡོག་སྟེ་འཁོར་བ་ལས་གྲོལ་བ་རེད། དེས་ན་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་བམ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ཐུག་པ་ཡིན། དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བརྗོད། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི་ཐར་པ་སྒྲུབ་བྱེད་ཀྱི་ལམ་ངོ་མ་དེ་ཡིན། འཁོར་བའི་འཇིགས་པ་ལས་སྐྱོབ་བྱེད་ཀྱི་ལམ་གྱི་བདེན་པ་དངོས་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། དེའི་ནང་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན། དེ་རྒྱུད་ལ་སྐྱེས་ན་མཐོང་ལམ་གྱི་གནས་སྐབས་སུ་དེའི་འགལ་ཟླར་གྱུར་པའི་བདག་འཛིན་གྱི་བློ་སྤངས་པ་རེད།
སྤྱིར་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སྐབས་ནས་བདག་འཛིན་གྱི་ནུས་ཤུགས་དེ་ཧ་ཅང་བཅག་ཚར་བ་རེད། ཡིན་ནའང་རྒྱུན་རིང་ནས་གོམས་པའི་ལྷན་སྐྱེས་ཀྱི་བློ་དེ་སུན་མི་ཕྱུང་ཞིང་། དེ་སུན་ཕྱུང་བ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལ་བརྟེན་དགོས། དེ་ལྟ་བུའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལ་ལམ་གྱི་བདེན་པ་ཟེར། ཆོས་དཀོན་མཆོག་ལ་ལམ་བདེན་དང་འགོག་བདེན་གཉིས་ལས་ལམ་གྱི་བདེན་པ་ནི་སྤང་བྱ་གང་དང་གང་དེའི་དངོས་གཉེན་བྱེད་མཁན་དེ་རེད། དཔེར་ན། མ་རིག་པ་ལྟ་བུ་ཡིན་ན། མ་རིག་པའི་དངོས་གཉེན་བྱེད་མཁན་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ལ་ལམ་གྱི་བདེན་པ་དང། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེས་བདག་འཛིན་སྤངས་པའི་ཆ་དེ་ལ་འགོག་པའི་བདེན་པ་སྟེ་དེ་གཉིས་ཆོས་དཀོན་མཆོག་དངོས་གནས་དེ་རེད། དེས་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་དེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན། དེ་ཡང་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་བློ་སྔོན་དུ་འགྲོ་དགོས།
དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་བློ་དེ་སྒོམ་བྱུང་གི་ངོ་བོར་འགྲོ་བའམ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེད་བྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ནི་ཞི་གནས་མཚན་ཉིད་པ་ཞིག་ཐོབ་དགོས། ཞི་གནས་མཚན་ཉིད་པ་ཞིག་མ་ཐོབ་ན་ལམ་བདེན་གྱི་སེམས་རྟེན་བྱེད་པའི་བསམ་བློའི་གཞི་རྩ་མ་ཚང་བ་རེད། གང་ལྟར་དམིགས་ཡུལ་གཅིག་ལ་བློ་རྩེ་གཅིག་ཏུ་བཞག་སྟེ་རྒྱུན་རིང་པོའི་བར་དུ་འཇོག་སྒོམ་བྱེད་ཐུབ་པའི་ཞི་གནས་ཤིག་དགོས། ཞི་གནས་ནི་སྤྱིར་བཏང་འཇིག་རྟེན་པའི་ལམ་ཡིན་མོད། ཡིན་ནའང་འཇིག་རྟེན་ལས་འདས་པའི་ལམ་ཚང་མའི་མེད་དུ་མི་རུང་བའི་སེམས་རྟེན་དེ་རེད། དེར་བརྟེན་བསླབ་པ་ཏིང་ངེ་འཛིན་སྔོན་དུ་འགྲོ་དགོས། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་མེད་པར་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོང་སྟངས་མེད། བསླབ་པ་གསུམ་ལ་ལྷག་པ་ཞེས་པ་ནི་ཕྱི་རོལ་པས་བཤད་པའི་བསླབ་པ་དང་མི་འདྲ་བ་བསྟན་པའི་ཆེད་དུ་རེད། ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་ནམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་རང་གི་རྒྱུད་དུ་སྐྱེད་པར་བྱེད་པའི་སྔོན་འགྲོ་ལྟ་བུ་ནི་ཏིང་ངེ་འཛིན་གྱི་བསླབ་པའམ། ཁམས་གོང་མའི་སེམས་ཀྱི་ངོ་བོར་གྱུར་པའི་ཞི་གནས་མཚན་ཉིད་པ་ཞིག་འགྲུབ་དགོས། དེ་ལྟ་བུའི་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་སྐྱེད་པར་བྱེད་པ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གོམས་དགོས། ཏིང་ངེ་འཛིན་གྱི་བསླབ་པར་ཉམས་ལེན་བྱེད་མཁན་གྱི་གང་ཟག་དེ་ཉུང་མཐར་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སམ། ཡང་ན་བསླབ་པ་ལྔའི་ཚུལ་ཁྲིམས་ཉམས་སུ་ལེན་པ་ཞིག་དགོས། སེམས་ཕྱི་རོལ་གྱི་གཡེང་བ་རགས་པ་ལས་བཟློག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རང་རྒྱུད་ལ་མེད་ན་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ་བའི་མཐུན་རྐྱེན་ཚང་གི་མེད། ལྷག་པའི་བསླབ་པ་གསུམ་ལས་འཁོར་བའི་རྩ་བ་གཅོད་མཁན་གྱི་ལམ་ངོ་མ་དེ་ཤེས་རབ་ཀྱི་བསླབ་པ་རེད། ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེ་བར་ཏིང་ངེ་འཛིན་གྱི་བསླབ་པ་མེད་དུ་མི་རུང་བ་དང་། ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་སྐྱེ་བར་ཚུལ་ཁྲིམས་ཀྱི་བསླབ་པ་མེད་དུ་མི་རུང་བ་ཡིན་པས་སངས་རྒྱས་ཀྱིས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཞེས་གསུངས་དགོས་དོན་དེ་ལྟར་རེད།
ཐར་པ་སྒྲུབ་པའི་ལམ་གཏན་ལ་ཕབ་ཚུལ་དེ་ཐོག་མར་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་བརྟེན་ནས། འཁོར་བ་ལ་འཇུག་པ་དང་འཁོར་བ་ལས་ལྡོག་པའི་རིམ་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གི་ཚུལ་རྣམས་ཤེས་པ་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་ཤེས་ན་ཐར་པ་སྒྲུབ་པའི་ལམ་གྱི་རང་བཞིན་དེ་འབད་མེད་ལྷུན་གྲུབ་ཏུ་གཏན་ལ་ཕབ་ཐུབ། དེ་ཡང་མ་རིག་པས་འཛིན་སྟངས་ལྟར་མ་གྲུབ་པའི་སྟོང་པ་ཉིད་ཀྱི་དོན་དེ་རིགས་པས་སྒྲུབ་པ་དང་། རིགས་པའི་སྒོ་ནས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྗེས་དཔག་དེ་ཡང་ནས་ཡང་དུ་གོམས་པ་ལ་བརྟེན་ནས་མངོན་སུམ་དུ་རྟོགས་པའི་ངོ་བོར་འགྲོ་བ། མངོན་སུམ་དུ་རྟོགས་པའི་ངོ་བོར་འགྲོ་བའི་ཆེད་དུ་དེའི་སེམས་རྟེན་གྱི་ངོ་བོར་ཏིང་ངེ་འཛིན་ཞི་གནས་མཚན་ཉིད་དང་ལྡན་པ་ཞིག་དགོས། ཞི་གནས་མཚན་ཉིད་དང་ལྡན་པ་ཞིག་སྒྲུབ་པ་ལ་ཚུལ་ཁྲིམས་ཀྱི་ཕུང་བོ་ཡང་དག་པ་ཞིག་དགོས་པ་བཅས་བསླབ་པ་གསུམ་གྱི་ལམ་གྱི་རིམ་པ་ལ་བརྟེན་ནས། སྡུག་བསྔལ་གྱི་ཕུང་བོ་མཐའ་དག་རང་བཞིན་གྱིས་འགག་རྒྱུ་རེད། དེ་དག་ནི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་མདོར་བསྡུས་ཤིག་ཞུས་པ་ཡིན། དེ་ལྟ་བུའི་སྒོ་ནས་ཤར་སྒོམ་བྱེད་དགོས།
གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནི། འོ་ན་དེ་ཙམ་གྱིས་གཏན་གྱི་འདུན་མ་ཡོངས་སུ་རྫོགས་པ་གྲུབ་པ་རེད་དམ། དལ་བའི་རྟེན་ལ་སྙིང་པོ་ལེན་ཚུལ་དེ་ལས་ལྷག་པ་མེད་དམ་ཞེ་ན། རང་ཉིད་འཁོར་བ་ལས་གྲོལ་བའི་ཐར་པ་ཙམ་ཐོབ་པ་དེས་རང་གི་དོན་ཡང་མཐར་ཕྱིན་མེད་ལ། གཞན་དོན་སྒྲུབ་པའི་ནུས་པའང་མེད། དེས་ན་ངེས་པར་དུ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་བསླབ་དགོས་པ་དེ་མེད་དུ་མི་རུང་བ་ཡིན། སེམས་ཅན་ཐམས་ཅད་སྐྱེ་འཆི་འཕོས་པས་ངོ་མི་ཤེས་པ་མ་གཏོགས། དོན་དུ་རང་གི་གཉེན་དང་དེའི་ནང་ནས་མ་མ་བྱས་པ་གཅིག་ཀྱང་མེད། ང་ཚོའི་ཆོས་སྐད་ནང་མ་རྒན་སེམས་ཅན་ནམ་མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཞེས་སེམས་ཅན་ཐམས་ཅད་མར་ལྟ་གི་ཡོད་ཙང་། མ་སྡུག་བསྔལ་གྱིས་མནར་བ་ཡལ་བར་དོར་ནས་བུ་རང་ཉིད་ཐར་བ་ཐོབ་ཐབས་བྱེད་པ་དེས་འགྲིག་གི་མི་འདུག སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བའི་ཐབས་ཤིག་བྱེད་དགོས། དེའི་ཆེད་དུ་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་དགོས་ཀྱི་འདུག་ཅེས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ནས་སྐྱེས་བུ་ཆེན་པོའི་ལམ་དུ་འཕོས་སྟངས་དེ་ལྟར་རེད།
གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གཉིས། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། སེམས་བསྐྱེད་ནས་སྤྱོད་པ་ལ་བསླབ་ཚུལ་ལོ།། དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ནི། སྐྱེས་བུ་འབྲིང་ནས་སྐྱེས་བུ་ཆེན་པོའི་ལམ་ལ་ཞུགས་པའི་འཇུག་སྒོ་དེ་གང་རེད་ཅེ་ན། སངས་རྒྱས་ཀྱི་བསྟན་པར་འཇུག་པའི་སྒོ་སྐྱབས་འགྲོ་ཡིན་པ་བཞིན་ཐེག་པ་ཆེན་པོའམ་སྐྱེས་བུ་ཆེན་པོའི་ལམ་ལ་འཇུག་པའི་སྒོ་སེམས་བསྐྱེད་རེད། སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་བྱང་ལ་དམིགས་ནས་རང་གི་གྲོགས་སུ་གྱུར་པའི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་གཙོ་བོའི་ཡིད་ཀྱི་རྣམ་རིག་ལ་ཟེར། དེའི་བསྒྲུབ་བྱའི་གཙོ་བོ་གཞན་དོན་དང་། དེ་ཡང་སེམས་ཅན་གཞན་གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་རྒྱུ་ནི་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་མཁན་གྱི་མཐར་ཐུག་གི་དམིགས་ཡུལ་དེ་རེད། གལ་ཏེ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་ཆེད་རང་དོན་དུ་རྫོགས་བྱང་དོན་དུ་གཉེར་ན་དེ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཆགས་ཀྱི་མེད། འོན་ཀྱང་སེམས་ཅན་གྱི་གཞན་དོན་སྒྲུབ་པ་ལ་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མེད་ན་གཞན་དོན་ཆ་ཚང་སྒྲུབ་མི་ཐུབ་པ་མཐོང་ནས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ན་འགྲིགས་པ་རེད། དེས་ན་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པས། ཐོག་མར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་ཐབས་ཤེས་བྱེད་པ་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་ཉམས་སུ་ལེན་བྱ་གཙོ་བོ་དེ་རེད།
བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ལ་ལམ་ག་འདྲ་ཞིག་སྒོམ་དགོས་ཤེ་ན། དེ་ལ་ཐབས་ཚུལ་མི་འདྲ་བ་གཉིས་ཏེ། རྗེ་བཙུན་བྱམས་པ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་དང་། རྗེ་བཙུན་འཇམ་པའི་དབྱངས་ནས་མགོན་པོ་ཀླུ་སྒྲུབ་ལ་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་བཅས་ཡིན། ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཀྱི་ནང་དུ་བྱང་སེམས་དབང་པོ་འབྲིང་དང་རྟུལ་བོ་གཙོ་བོར་བཟུང་སྟེ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དང་། བྱང་སེམས་དབང་རྣོན་ལ་ཆེད་དུ་དམིགས་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ཞེས་མི་འདྲ་བ་གཉིས་ཡོད། འཕགས་པ་ཐོགས་མེད་ལ་བརྒྱུད་པ་དེ་དཔལ་མཉམ་མེད་ཇོ་བོ་ཆེན་པོ་སོགས་ནས་བརྒྱུད་ཡོང་བ་དང། ཀླུ་སྒྲུབ་ལ་བརྒྱུད་པ་དེ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་སོགས་ནས་བརྒྱུད་ཡོང་བ་དེ་རེད། དེས་ན་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་ཤུགས་དྲག་པོ་ཞིག་སྐྱེས་པ་ན་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་ཇི་ལྟར་མནར་བ་བཞིན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་མནར་བ་གཅིག་གྱུར་ཡིན་པ་ངོ་འཕྲོད་སྐབས་སེམས་ཅན་གཞན་ལ་དམིགས་པའི་སྙིང་རྗེ་ཞིག་རང་ཤུགས་ཀྱིས་སྐྱེ་དགོས། གལ་ཏེ་མ་སྐྱེས་ན་དེ་སྐྱེ་བའི་ཐབས་ལ་འབད་དགོས། ཐབས་ལ་འབད་ཚུལ་ནི་གོང་ཞུས་ལྟར་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གཉིས་རེད།
དང་པོ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་གྱི་ཤར་སྒོམ་ཞིག་གནང་ན། སྙིང་རྗེ་ཆེན་པོ་དེ་དབུས་སུ་བཞག་པའམ་དམིགས་ཡུལ་གཙོ་བོར་བཟུང་སྟེ་དེ་སྐྱེ་བའི་ཐབས་སུ་མར་ཤེས་དང་། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ་རྣམས་ལ་བློ་སྦྱང་དགོས། སྙིང་རྗེ་ཆེན་པོ་སྐྱེས་ན་ལྷག་བསམ་རང་བཞིན་གྱིས་ཡོང་བ་དང་། ལྷག་བསམ་བྱུང་ན་བྱང་ཆུབ་ཀྱི་སེམས་ཀྱང་འབད་མེད་དུ་ཡོང་བས། དེ་ལྟའི་བློ་སྦྱོང་ཚུལ་ལ་མན་ངག་རྒྱུ་འབྲས་བདུན་ཞེས་ཟེར། གཉིས་པ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་ནི། བདག་གཞན་མཉམ་བརྗེ་ཞེས་པ་ནི་བདག་དང་གཞན་གྱི་གོ་ས་བརྗེས་ནས་རང་གཅེས་འཛིན་གྱི་ཚབ་ཏུ་གཞན་གཅེས་པར་བཟུང་ཞིང་། གཞན་ཡལ་བར་དོར་བའི་ཚབ་ཏུ་རང་ཡལ་བར་དོར་བ་རེད། ཐབས་གཉིས་ཀའི་སྒོ་ནས་བློ་སྦྱོང་བའི་སྐབས་སུ་ཐོག་མར་བཏང་སྙོམས་ཀྱི་སེམས་སྦྱང་དགོས། ཚད་མེད་བཞིའི་བཏང་སྙོམས་དང་སྐབས་འདིའི་བཏང་སྙོམས་གཅིག་པ་རེད། དེ་ལྟར་ལམ་གྱི་རིམ་པ་སྔ་མ་དག་ལ་ཤར་སྒོམ་ཟིན་རྗེས་བྱང་ཆུབ་ཀྱི་སེམས་འབྱོང་བའི་ཆེད་དུ་སེམས་ཅན་ལ་མཉམ་པའི་སེམས་སྦྱོང་ཐབས་བྱེད་དགོས་པ་དེ་མེད་དུ་མི་རུང་བ་རེད། མཉམ་པའི་སེམས་ཞེས་པ་ནི་ད་ལྟའི་སྐབས་སུ་མེད་ཅིང་། རང་གཙོ་ཆེ་བ་དང་གཞན་གཙོ་ཆུང་བའི་བསམ་ཚུལ་དེ་རིང་ནས་གོམས་པའི་བློ་ལྷན་སྐྱེས་ཀྱི་ངོ་བོར་ཡོད། དཔེར་ན། འཇིགས་སྐྲག་དང་ཛ་དྲག་སོགས་བྱུང་བའི་སྐབས་སུ་ཐོག་མར་རང་ཉིད་སྐྱོབ་ཐབས་བྱེད་པ་ལས་གཞན་སྐྱོབ་ཐབས་མི་བྱེད་པ་དེ་སྐྱེ་བ་ཐོག་མ་མེད་པ་ནས་གོམས་པའི་ཉོན་མོངས་པའི་བློའི་བག་ཆགས་ལ་བརྟེན་ནས་རེད། དེ་བཞིན་རང་གིས་སེམས་ཅན་གཞན་རྣམས་ལ་བལྟས་པའི་སྐབས་སུ་མཐོང་ཚུལ་གཅིག་གྱུར་ཞིག་མེད། གཅིག་གྱུར་མེད་པ་དེ་ལ་བཏང་སྙོམས་མེད་པ་ཟེར། གཅིག་གྱུར་ཅིའི་ཕྱིར་མེད་པ་རེད་ཅེ་ན། རང་གི་གཉེན་དང་གྲོགས་ལ་ཆགས་པའི་སྒོ་ནས་ཉེ་བའི་འདུ་ཤེས་དང་། རང་ལ་མི་དགའ་བ་དང་དགྲ་ལ་སྡང་བའི་སྒོ་ནས་རིང་བའི་འདུ་ཤེས། དགྲ་གཉེན་གང་ཡང་མིན་པའི་ངོ་མི་ཤེས་པ་རྣམས་ལ་ཡལ་བར་བོར་བའམ་དོ་སྣང་མེད་པའི་འདུ་ཤེས་འོང་། དཔེར་ན། ཁྲོམ་ཆེན་པོ་ཞིག་ཏུ་ཕྱིན་ཚེ། མི་དང་སེམས་ཅན་རྣམ་པ་སྣ་ཚོགས་ཤིག་མཐོང་བའི་ནང་རང་གི་ཕ་མ་དང་གཉེན་ཉེ་གྲོགས་པོ་གྲོགས་མོ་སོགས་མཐོང་སྐབས་ལམ་སེང་དེ་ལ་དགའ་བ་དང་ཉེ་བའི་སེམས་སྐྱེས་ཏེ་ལྟ་སྟངས་ཐ་དད་ཅིག་ཡོད། གལ་ཏེ་དེ་ལ་དཀའ་ངལ་ཞིག་བྱུང་ན་ལམ་སེང་རོགས་བྱེད་ཀྱི་རེད། རང་ལ་མི་དགའ་མཁན་ཞིག་མཐོང་ན། ལམ་སེང་ཚོར་བ་མི་བདེ་བ་དང་མི་དགའ་བ་ཁོང་ཁྲོ་སོགས་ལངས་ཏེ་གཡོལ་འགྲོ་བའམ་སྐད་ཆ་བཤད་མི་དགོས་པ་གཙོ་འདོན་བྱེད་ཅིང། གལ་ཏེ་བཤད་ནའང་ཚིག་རྩུབ་པོ་བཤད་པ་སོགས་འདུ་ཤེས་རྦད་དེ་མི་འདྲ་བ་ཞིག་རེད། དེ་བཞིན་ངོ་མི་ཤེས་པའི་མི་དེ་ཚོ་མཐོང་ན་ཁྱད་པར་གང་ཡང་མེད་ཅིང་། དེ་དག་ལ་བདེ་སྡུག་ག་རེ་བྱུང་ཡང་སེམས་ཚོར་གང་ཡང་མེད་ཙང། སེམས་ཅན་ལ་མཉམ་པའི་སེམས་དེ་མེད་པ་གསལ་པོ་རེད། གལ་ཏེ་སེམས་ཅན་ལ་མཉམ་པའི་སེམས་མེད་ན་སྙིང་རྗེ་དང་བྱམས་པ་སོགས་ཀྱང་ཕྱོགས་རེ་བ་ཞིག་མ་གཏོགས། སེམས་ཅན་ཐམས་ཅད་ལ་དམིགས་པ་ཞིག་ཡོང་ཐུབ་ཀྱི་མེད་པར་བརྟེན། བྱམས་པ་དང་སྙིང་རྗེ་མ་སྒོམ་པའི་སྔོན་དུ་བཏང་སྙོམས་ཀྱི་བློ་སྦྱོང་དགོས་པ་མེད་དུ་མི་རུང་བ་རེད། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱི་ཐོག་ནས་བྱམས་པ་དང་སྙིང་རྗེ་ག་རེ་བསྒོམས་ཀྱང་ཕྱོགས་རེ་བ་ཙམ་མ་ཡིན་པར། སེམས་ཅན་ཡོངས་ལ་གཅིག་གྱུར་གྱི་བློ་ཞིག་འོང། སྙིང་རྗེ་ཆེན་པོ་ཞེས་པའི་དོན་ནི་སེམས་ཅན་གང་ལ་དམིགས་ཀྱང་སྙིང་རྗེ་གཅིག་གྱུར་ཡོད་ཅིང་། ཁ་ཤས་ལ་སྙིང་རྗེ་ཆེ་བ་དང། ཁ་ཤས་ལ་སྙིང་རྗེ་ཆུང་བ་མེད་པ་ལ་ཟེར། ཉན་རང་ལ་སྙིང་རྗེ་ཚད་མེད་ཡོད་ཅིང་། སྡུག་བསྔལ་གྱིས་མནར་པའི་སེམས་ཅན་ཚོར་སྙིང་རྗེ་ཚད་མེད་པ་སྐྱེ་རུང་། སེམས་ཅན་ཡིན་ནོ་ཅོག་ལ་སྙིང་རྗེ་དེའི་དམིགས་འོག་ཏུ་བཟུང་མི་ཐུབ། དེས་ན་སེམས་ཅན་ཡིན་ནོ་ཅོག་སྙིང་རྗེ་ཆེན་པོའི་དམིགས་འོག་ཏུ་འཇུག་པ་ལ་ཐོག་མར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཞིག་དགོས།
དེས་ན་བཏང་སྙོམས་སྒོམ་པའི་སྐབས་སུ་ཐོག་མར་རང་གི་མདུན་དུ་རང་གི་གཉེན་གྱི་དྭངས་མ་རང་གི་ཚེ་འདིིའི་ཨ་མ་དང་། དེ་བཞིན་ཁོང་ཁྲོ་ཆེས་ཆེར་ཟ་ཡུལ་དགྲ་བོའམ་ཧ་ཅང་མི་དགའ་བའི་མི། དེ་ནས་ངོ་མི་ཤེས་པའི་མི་ཞིག་བཅས་ཡོད་པ་བསམ་དགོས། དེ་རྗེས་གཉེན་མཐོང་བ་དང་། དགྲ་མཐོང་བ། ངོ་མི་ཤེས་པའི་མི་མཐོང་བ་ན་ཉེ་རིང་གི་ལྟ་ཚུལ་མི་འདྲ་བ་ཡོད་པ་གསལ་པོ་མཐོང་མཚམས་ཉེ་རིང་ཆགས་སྡང་གི་བློའི་དགག་བྱ་ངོས་ཟིན་པ་ལྟ་བུ་རེད། དེ་ནས་གཉེན་ལ་དགའ་བ་དང་། དགྲ་ལ་སྡང་བ། བར་མ་ཡལ་བར་འདོར་བ་བཅས་ཀྱི་རྒྱུ་མཚན་རྣམས་ལ་དཔྱད་དགོས་ཤིང་། དགྲ་གཉེན་བར་མ་གསུམ་པོ་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་གཅིག་པ་ཡིན་པའི་ཆ་ནས་མི་འདྲ་བ་གང་ཡང་མེད། གསུམ་པོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། བླ་མ་མཆོད་པའི་ཆོ་ག་ལས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།། བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།། བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།། གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས།། ཞེས་གསུངས་པ་བཞིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ནུས་པ་ཡོད་པ་གཅིག་པ་ཡིན་པ་བཅས་ཀྱིས་སེམས་ཅན་གསུམ་པོར་ཁྱད་པར་གང་ཡང་མེད། དེ་ལྟ་བུ་རང་གི་ངོས་ནས་ལྟ་ཚུལ་མི་འདྲ་བ་གསུམ་ཡོང་བའང་གནས་སྐབས་ཀྱི་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཡོང་གི་ཡོད། དཔེར་ན། དགྲ་ལྟ་བུ་ཞིག་ལ་མཚོན་ན། ཚེ་འདི་ལ་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་དགྲ་ཆགས་པ་མ་གཏོགས། སྐྱེས་མ་ཐག་ནས་དགྲ་ཡི་ངོ་བོར་སྐྱེས་པ་ཞིག་མེད། གང་ལྟར་ཚེ་འདིའི་ལས་ཀ་བྱེད་སྟངས་དང་སྐད་ཆ་མཐོ་དམན་གྱི་དབང་གིས་མི་དགའ་བར་གྱུར་སོང་བ་རེད། གཉེན་རྣམས་ཀྱང་དེ་བཞིན་རེད། རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་གནས་སྐབས་གཉེན་ཆགས་པ་རེད། བར་མ་དེ་ཡང་དེ་བཞིན་རེད། དེ་བཞིན་ཚེ་འདིའི་དགྲ་བོ་དེ་ཐོག་མ་མེད་པ་ནས་དགྲ་བོ་ཡིན་པའི་ངེས་པ་གང་ཡང་མེད། སྐྱེ་བ་གཞན་དང་གཞན་དུ་རང་གི་ཕ་མ་གྲོགས་གཉེན་སོགས་མང་པོ་བྱས་ཟིན་པ་བཤད་མ་དགོས། ཚེ་འདིར་ཆ་བཞག་ནའང་དགྲ་དེ་ཐོག་མར་དགའ་པོ་བྱེད་ས་དང་། དེ་ནས་རྐྱེན་ཞིག་ལ་བརྟེན་ནས་དགྲར་གྱུར་པ་སྲིད། དེ་བཞིན་མ་འོངས་པ་ཚེ་མཇུག་ལ་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས་གཉེན་དུའང་འགྱུར་སྲིད། དེས་ན་དགྲ་ལ་སྡང་བའི་འདུ་ཤེས་སྐྱེ་བ་དེ་དགྲ་ཡི་ངོ་བོར་རང་བཞིན་གྱིས་གྲུབ་པ་ཞིག་མིན་པ་དེ་བརྟག་དཔྱད་བྱེད་ན་གསལ་པོ་མཐོང་ཐུབ། དེ་དག་ལ་བསམ་བློ་ཡག་པོ་བཏང་ན་བརྒྱ་ཆ་བརྒྱ་ཐམ་པ་དགྲ་ཡི་ངོས་ནས་ནོར་བ་ཞིག་ཡིན་མི་སྲིད། རང་གི་ངོས་ནས་ཀྱང་དགྲ་ཆགས་རྒྱུའི་རྒྱུ་རྐྱེན་ལ་བསྡུ་ཆ་ཏན་ཏན་བརྒྱབས་ཡོད། དེ་བཞིན་ཚེ་འདིའི་མ་ལ་ཆ་བཞག་ནའང་སྐྱེ་བ་མང་པོར་དགྲ་ཡི་དྭངས་མ་བྱས་ཏེ་རང་སྲོག་གཅོད་མཁན་ཡང་ཡིན་སྲིད། དེ་མཚུངས་ང་ཚོས་ངོ་མི་ཤེས་པའི་སེམས་ཅན་བར་མ་དེ་དག་གིས་ཀྱང་རང་ལ་ཕན་གནོད་ཀྱི་ལས་སྣ་ཚོགས་ཤིག་བྱས་ཡོད་སྲིད། དེས་ན་གནས་སྐབས་དགྲ་གཉེན་བར་མ་ཡིན་པའི་སེམས་ཅན་ལ་ཉེ་རིང་བར་མ་བཅས་བྱེད་མི་རུང་། གལ་ཏེ་ཕན་བཏགས་པའམ་གནོད་ལན་ཞིག་འཇལ་དགོས་ན། གསུམ་གར་གཅིག་མཚུངས་འཇལ་དགོས་པ་ལས་ཁྱད་པར་འབྱེད་རྒྱུའི་རྒྱུ་མཚན་མེད། དེ་ལྟར་དགྲ་གཉེན་བར་མ་གསུམ་ལ་སེམས་མི་སྙོམས་པའམ་ཆགས་སྡང་རྨོངས་གསུམ་གྱི་ཁྱད་པར་རྣམས་མེད་པ་བཟོས་ཏེ། སེམས་ཅན་སུ་ཞིག་མཐོང་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་གཅིག་གྱུར་ལས། འདི་དགྲ་རེད། འདི་གཉེན་རེད། འདི་བར་མ་རེད་བསམ་པའི་བློ་མེད་པ་བཟོ་དགོས་པ་དེ་མན་ངག་བདུན་བསྒོམ་པའི་སྔོན་འགྲོ་རེད།
དེ་ལྟར་སེམས་སྙོམས་པའམ་ཀུན་ལ་ལྟ་ཚུལ་མཉམ་པ་ཞིག་བྱུང་ན། དེའི་རྗེས་སུ་མར་ཤེས་པའི་ཚུལ་བསམ་དགོས། གཉེན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་མ་རེད། ཚེ་འདིར་ཆ་བཞག་ནའང་ཨ་མས་ཕྲུ་གུ་སྐྱེས་མ་ཐག་ནས་ཡལ་བར་བོར་ན་སྲོག་འཚོ་ཐབས་མེད་ཅིང་། ཨ་མས་ཆུང་དུས་ནས་ནུ་མ་བླུད། ཁ་ཟས་སྤྲད། རང་གི་སྡུག་བསྔལ་རྣམས་ཁྱད་དུ་བསད་ནས་གསོ་སྐྱོང་བྱས་ཡོད། དེ་ལྟར་སྐྱེ་བ་གྲངས་མེད་པ་ཡོད་དུས་སེམས་ཅན་གཅིག་གིས་སྐྱེ་བ་ཐམས་ཅད་དུ་མ་བྱེད་ཐབས་མེད་པར་བརྟེན། ཚེ་འདིའི་མས་དྲིན་གྱིས་བསྐྱངས་པ་ལྟར་སེམས་ཅན་གཞན་རྣམས་ཀྱིས་ཀྱང་མ་བྱས་མ་མྱོང་བ་གཅིག་ཀྱང་མེད་པ་ནི་རིགས་པའི་ལམ་ནས་སྒྲུབ་ཐུབ། སེམས་ཅན་གཞན་རྣམས་ཀྱིས་རང་གི་མ་བྱས་མྱོང་བ་རྣམས་མཐོང་ན། མ་བྱེད་པའི་སྐབས་སུ་ཇི་ཙམ་གྱི་བློ་ཐག་ཉེ་བ། ཇི་ཙམ་གྱི་དྲིན་གྱིས་བསྐྱངས་པ་རྣམས་ཤེས་ཐུབ། དེ་ལྟར་སྐྱེ་བ་ཐོག་མ་མེད་པ་རྒྱུ་མཚན་དུ་བཀོད་ནས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མ་མྱོང་བ་མེད་པ་དེ་བློ་ལ་ངེས་པར་བྱས་པ་ནི་མན་ངག་དང་པོ་རེད། དེ་ནས་རང་གི་ཚེ་འདིའི་མས་མངལ་དུ་ཆགས་པ་ནས་མ་སྐྱེས་བར་དུ་དཀའ་ལས་ཇི་ཙམ་མྱངས་པ། མར་འབྱར་ནས་རང་མགོ་མ་ཐོན་བར་དུ་ཉིན་རེར་ཇི་ཙམ་བརྩེ་བས་བསྐྱངས་པ་རྣམས་ཞིབ་ཏུ་བསམ་དགོས་ཤིང་། དེ་ལྟའི་དྲིན་གྱིས་སྐྱོང་མཁན་ཚེ་འདིའི་མ་ཁོ་ན་མིན་པར། སྐྱེ་བ་ཐམས་ཅད་དུ་མས་དྲིན་གྱིས་བསྐྱངས་པ་ཤེས་ནས་དྲིན་དྲན་པ་དེ་གཉིས་པ་རེད། དྲིན་དྲན་པ་བྱུང་ན་དྲིན་གཟོ་བའི་བསམ་པ་དེ་ཤུགས་ཀྱིས་འོང་། དེ་ལྟར་དྲིན་གཟོ་བའི་འདུན་པ་དེ་གསུམ་པ་རེད། དེ་ནས་ཚེ་འདིའི་མ་ལ་ཡིད་དུ་འོང་བའི་རྣམ་པ་དང་བྱམས་པའི་བློ་ཇི་ཙམ་ཡོད་པ་བཞིན། སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་བྱམས་པའི་བློ་དེ་རང་བཞིན་གྱིས་སྐྱེས་ཐུབ། ཡིད་འོང་གི་བྱམས་པ་ཞེས་པ་ནི་སེམས་ཅན་དེ་དག་ལ་བདེ་བ་དང་ལྡན་པ་ཞིག་བྱུང་ན་སྙམ་པའི་སྨོན་པའི་ཡིད་རེད། མར་ཤེས་དང་དྲིན་དྲན་གཉིས་ཀྱི་བློ་སྐྱེ་ན་ཡིད་འོང་གི་བྱམས་པ་ཡོང་གི་རེད། དེ་འདྲའི་བྱམས་པ་དེ་མན་ངག་བཞི་པ་རེད། ཐོག་མར་ངེས་འབྱུང་ལ་བློ་སྦྱོང་བའི་སྐབས་སུ་རང་ཉིད་སྡུག་བསྔལ་གྱིས་མནར་ཚུལ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཡག་པོ་བསམས་ཡོད་ན། སྐབས་འདིར་སྙིང་རྗེ་སྒོམ་པའི་སྐབས་སུ་སེམས་ཅན་སྡུག་བསྔལ་གྱིས་མནར་ཚུལ་ཡིད་ལ་འཆར་སླ་བ་ཡོད་ཅིང་། ངན་སོང་གསུམ་དུ་སྡུག་བསྔལ་ག་ཚོད་ཡོད་མེད། སྡུག་བསྔལ་བརྒྱད་དང་སྡུག་བསྔལ་དྲུག སྡུག་བསྔལ་གསུམ་གྱི་ཚུལ་རྣམས་ལས་ཉོན་གྱི་གཞན་དབང་གིས་སྐྱེ་བ་བླངས་པའི་སེམས་ཅན་ཐམས་ཅད་ལ་གཅིག་གྱུར་ལས། ཁ་ཤས་ལ་སྡུག་བསྔལ་མེད་པ། ཁ་ཤས་སྡུག་བསྔལ་ཡོད་པ་དེ་འདྲ་གཏན་ནས་མིན་པ་སོགས་བསམས་ཏེ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་རང་ཤུགས་ཀྱིས་མི་བཟོད་པའི་བློ་ཞིག་སྐྱེ་ན། སྡུག་བསྔལ་འདི་ལས་ཐར་བའི་ཐབས་ཤིག་ངས་ངེས་པར་དུ་བྱེད་དགོས་སྙམ་པ་དེ་རང་བཞིན་གྱིས་ཡོང་བ་རེད། སྙིང་རྗེ་ཆེན་པོ་དེའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་ཚུལ་བསམ་པ་དང། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་རང་གི་མ་མ་བྱས་པ་མེད་པ། རང་ལ་ཧ་ཅང་དྲིན་ཆེ་བ་ཡིན་པ་ཤེས་པར་བརྟེན། སྡུག་བསྔལ་གྱི་རང་བཞིན་མཐོང་བ་ཙམ་ནས་སྙིང་རྗེ་རང་བཞིན་གྱིས་སྐྱེ་བ་རེད། སྐབས་འདིར་སེམས་ཅན་སྡུག་བསྔལ་གྱིས་མནར་ཚུལ་ཞིབ་ཚགས་པོས་བསྒོམ་ན། གོང་དུ་སྐྱེས་བུ་འབྲིང་གི་སྐབས་ཞུས་པ་ལྟར་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་ལ་སོགས་པས་མནར་ཚུལ་དང་། དེ་བཞིན་དམྱལ་བ། ཡི་དྭགས། དུད་འགྲོ་ལ་སོགས་པ་འཁོར་བ་སྤྱི་དང་བྱེ་བྲག་པའི་སྡུག་བསྔལ་རྣམས་ཞིབ་ཚགས་བསམ་ན་སྙིང་རྗེ་སྐྱེ་བར་ཕན་ཤུགས་ཆེ། དེ་འདྲའི་སྙིང་རྗེ་ཆེན་པོ་དེ་མན་ངག་ལྔ་པ་དང་། སེམས་བསྐྱེད་ཀྱི་རྒྱུའི་གཙོ་བོ་དེ་རེད། དེ་ལྟ་བུའི་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་མཐོང་ནས་དེ་ལས་སྒྲོལ་བའི་ཁུར་སུ་ལ་བབས་ཀྱི་ཡོད་དམ་ཞེ་ན། རང་ཉིད་ལ་བབས་པ་བཤད་མ་དགོས་པ་རེད། གང་ལགས་ཤེ་ན། རང་ལ་དྲིན་གྱིས་བསྐྱངས་པ་རྣམས་ལ་དྲིན་མ་བསབ་པར་བཞག་ན་ཡ་རབས་ཀྱི་སྤྱོད་ཚུལ་དང་མི་མཐུན་པ་རེད། ད་ལྟ་རང་ཉིད་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ། བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། སངས་རྒྱས་ཀྱི་གོ་འཕང་སྒྲུབ་ན་སྒྲུབ་པའི་ནུས་པ་ཡོད་པའི་སྐབས་འདིར་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཁུར་རང་ལ་བབས་པ་གསལ་པོ་ཡིན་པར་བརྟེན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འགྲོལ་བ་བྱེད་དགོས། དེ་ངས་བྱེད་ཀྱི་ཡིན་བསམ་པ་ལ་ལྷག་བསམ་ཟེར། དེ་ནི་མན་ངག་དྲུག་པ་རེད། ལྷག་བསམ་དེ་སྐྱེས་ན། ངས་ཇི་ལྟར་སེམས་ཅན་སྡུག་བསྔལ་ལས་སྒྲོལ་ཐུབ་བམ། ད་ལྟའི་རང་གི་ཁ་ཐབས་ལ་བལྟས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་རྒྱུ་ལྟ་ཞོག། སེམས་ཅན་གཅིག་ཀྱང་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མེད། ཚེ་འདིའི་འཕྲལ་སེལ་གྱི་བཀྲེས་སྐོམ་ཅན་ལ་ཟས་སྦྱིན་པ་དང་། ནད་པ་ལ་སྨན་སྦྱིན་པ་ལྟ་བུ་ལས། སྡུག་བསྔལ་གྱི་རྒྱུ་སྤོང་བར་བྱེད་པའི་ཐབས་བསྟན་ནས་སྡུག་བསྔལ་སྤོང་བཅུག་པའི་ལས་དེ་བྱེད་མི་ཐུབ་ཅིང་། དེ་ལྟ་བུ་ནི་སངས་རྒྱས་ཉག་ཅིག་གིས་གནང་ཐུབ། དེས་ན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པ་ཐབས་མི་འདུག སངས་རྒྱས་ཀྱི་གོ་འཕང་ཐོབ་ན་འཕྲིན་ལས་འབད་མེད་ལྷུན་གྱིས་འགྲུབ་པའི་དབང་གིས་བློ་ཡི་རྟོག་པ་སྔོན་དུ་བཏང་བ་དང་འབད་རྩོལ་བྱས་པ་སོགས་མི་དགོས་པར་ཉི་མ་ཤར་བའི་ཚེ་ན་འོད་ཟེར་གྱིས་ཁྱབ་པ་ལྟར་སེམས་ཅན་གྱི་དོན་རང་བཞིན་ལྷུན་གྲུབ་ཀྱིས་སྒྲུབ་ཐུབ།
དེ་ལྟར་མན་ངག་རྒྱུ་འབྲས་བདུན་སྒོམ་པའི་སྐབས་སུ་བཏང་སྙོམས་ཟུར་དུ་བསྣན་དགོས། དེ་ནས་མར་ཤེས་པ་དེ་མ་མ་བྱས་པ་མེད་པ་རིགས་པས་གྲུབ། དྲིན་དྲན་དེ་དྲིན་གང་བསྐྱངས་ཚེ་འདིའི་མ་ལ་དཔེར་བླངས་ཏེ་བློ་སྦྱངས། འོན་ཀྱང་དྲིན་དྲན་ཁྱད་པར་བ་ཟེར་བ་ཞིག་དེའི་བར་དུ་མན་ངག་གི་ཚུལ་དུ་སྒོམ་པའི་སྲོལ་ཡོད། དེ་ནི་སེམས་ཅན་ཐམས་ཅད་མ་བྱས་པའི་གནས་སྐབས་སུ་དྲིན་ཆེ་བ་མ་ཟད། མ་མ་བྱས་པའི་གནས་སྐབས་སུའང་དྲིན་ཆེ་བ། ཐ་ན་དགྲར་གྱུར་པའི་གནས་སྐབས་སུ་དྲིན་ཆེ་བ་ཡིན་ཞིང་། ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པ་ན་དགྲ་ཡོད་པས་བཟོད་པ་སྒོམ་པ་དང་། དགྲ་ཡོད་པས་གནོད་ལན་གནོད་པས་མི་འཇལ་བ་སོགས་བྱུང་། དེ་བཞིན་ཚེ་འདིའི་གྱོན་གོས་དང་ཟས་ཁམ་གང་སོགས་ལ་ཞིབ་ཏུ་བལྟས་ན་སེམས་ཅན་ཧ་ཅང་མང་པོས་དཀའ་ལས་བརྒྱབས་པ་དང་མཐུན་འགྱུར་གྱིས་བསྐྲུན་པ་ཞིག་རེད། དཔེར་ན། ཇ་ཕོར་པ་གང་ལ་མཚོན་ན། ཐོག་མ་ཇ་ཞིང་ནས་བརྩམས་ཏེ་མཐའ་མ་ང་ཚོའི་ཁའི་ནང་མ་བྱུང་བར་དུ་སེམས་ཅན་སྟོང་ཕྲག་མང་པོའི་མཐུན་འགྱུར་ལས་གྲུབ་པ་མ་གཏོགས་རང་བཞིན་གྱིས་གྲུབ་པ་ཞིག་མེད། དེ་ལྟར་མ་མ་བྱས་པའི་གནས་སྐབས་སུའང་དྲིན་ཆེ་བའི་ཚུལ་རྣམས་བསམས་ཏེ་དྲིན་དྲན་ཁྱད་པར་བ་བསྒོམ་དགོས། མར་ཤེས་དང་དྲིན་དྲན་བློ་ལ་ཡག་པོ་ངེས་་ན་བྱམས་པ་དང་སྙིང་རྗེ་སྐྱེ་བར་འབད་བརྩོན་ཕྲན་བུ་ལས་མི་དགོས། དེ་ལྟར་ལྷག་བསམ་གྱི་རྗེས་སུ་སངས་རྒྱས་ཐོབ་འདོད་ཀྱི་བློ་སྟེ་ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ཀྱི་ཡིན་ཞེས་དམ་བཅའ་བའི་བློ་དེ་བྱང་ཆུབ་ཀྱི་སེམས་ཡིན།
བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་རིམ་པ་དེ་ཤར་སྒོམ་བྱེད་པའི་སྐབས་སུའང་ཐོག་མར་བཏང་སྙོམས་ཀྱི་སེམས་བསྒོམ་རྒྱུ་དེ་མཚུངས་པ་རེད། གལ་ཏེ་མན་ངག་རྒྱུ་འབྲས་བདུན་གྱི་སྐབས་སུ་བཏང་སྙོམས་ཀྱི་སེམས་ཡག་པོ་བསྒོམས་ཟིན་ན། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་སྐབས་སུ་དམིགས་བསལ་ཟུར་དུ་སྦྱང་མི་དགོས། དེའི་རྗེས་སུ་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་ནི། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་བར་དུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱངས་དགོས་པའི་རྒྱུ་ཐུག་ས་དེ་རང་གཅེས་འཛིན་ལ་བརྟེན་ནས་བྱུང་བ་ཤ་སྟག་མ་གཏོགས། གཞན་གཅེས་འཛིན་ལ་བརྟེན་ནས་བྱུང་བ་གཅིག་ཀྱང་མེད། བླ་མ་མཆོད་པའི་ཆོ་ག་ལས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། ཞེས་གསུངས་པ་བཞིན་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཐུག་ས་དེ་རང་གཅེས་འཛིན་དང་། དེ་ཡང་བདག་འཛིན་མ་རིག་པས་བདག་མེད་པ་ལ་བདག་ཏུ་བཟུང་བའི་འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་དེའི་དབང་གིས་རང་གཅེས་འཛིན་ཡོང་གི་ཡོད། བདག་འཛིན་དེ་ཡོད་ཕྱིན་རང་གཅེས་འཛིན་གྱི་བློ་དེ་མཉམ་དུ་ཡོང་ཤག་རེད། རང་གཅེས་འཛིན་གྱི་བློ་ཡོད་ཕྱིན་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བ་སྣ་ཚོགས་ཆགས་སྡང་གི་བློ་ལ་བརྟེན་ནས་གསོག་རྒྱུ་ཡིན་པ་བཤད་མ་དགོས། དེས་ན་སྐྱེས་བུ་འབྲིང་གི་སྐབས་སུ་བཤད་པའི་འཁོར་བའི་སྡུག་བསྔལ་ཐམས་ཅད་གང་ནས་ཡོང་བ་རེད་ཅེ་ན། རང་ཉིད་གཅེས་པར་འཛིན་པའི་བློ་ལ་བརྟེན་ནས་བྱུང་། ཚེ་འདིའི་བདེ་བ་ཕྲན་ཚེགས་དང་། བདེ་འགྲོ་ལྷ་མིའི་གོ་འཕང་ཐོབ་པ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བར་ཚང་མ་གཞན་གཅེས་འཛིན་ལ་བརྟེན་ནས་བྱུང་། སངས་རྒྱས་ཀྱི་གོ་འཕང་ཞེས་པ་སྒྲུབ་ཐུབ་པ་དེ་གང་ལ་བརྟེན་ནས་འབྱུང་ངམ་ཞེ་ན། སྙིང་རྗེ་ཆེན་པོ་ལ་བརྟེན་ནས་བྱུང་། སྙིང་རྗེ་ཆེན་པོའང་སེམས་ཅན་ལ་བརྟེན་ནས་བྱུང་། དེ་ལྟར་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་དེ་གཞན་གཅེས་པར་བཟུང་བ་ལ་བརྟེན་ནས་བྱུང་བ་རེད། བླ་མ་མཆོད་པའི་ཆོ་ག་ལས། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་གསུངས་པ་བཞིན་སངས་རྒྱས་ཀྱི་གོ་འཕང་ནས་བཟུང་སྟེ་ཚེ་འདིའི་བདེ་སྐྱིད་ཕྲན་བུ་ཇ་ཕོར་པ་གང་འཐུང་བའི་བར་གྱི་བདེ་བ་ཡོད་ཚད་གཞན་གཅེས་པར་བཟུང་བ་ལ་བརྟེན་ནས་བྱུང་བར་བརྟེན། གཞན་གཅེས་པར་བཟུང་ཐུབ་ན། སྡུག་བསྔལ་ཐམས་ཅད་སེལ་ཐུབ་པ་དང་བདེ་བ་ཐམས་ཅད་སྒྲུབ་ཐུབ། དེ་ལྟའི་བློ་ཡག་པོ་འབྱོངས་ན། རང་གཅེས་པར་འཛིན་པའི་བློ་དེ་སྐྱོན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་། གཞན་གཅེས་པར་འཛིན་པའི་བློ་དེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེ་ངེས་པ་རྙེད་ཐུབ། དེ་ནས་བདག་གཞན་མཉམ་པར་བློ་སྦྱོང་དགོས། བདག་གཞན་མཉམ་པ་ནི་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་མཉམ་པ་དང་། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་རྒྱུའི་ཐོབ་ཐང་ཡོད་པ་མཉམ་པ་རེད། དེར་བརྟེན་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བསམས་པའི་རྗེས་སུ་བདག་གཞན་ལ་ཁྱད་པར་མེད་པར་བདག་གཞན་མཉམ་པའི་བློ་ཞིག་སྐྱེ། དེ་ནས་བདག་གཞན་བརྗེ་རྒྱུ་དེ་རེད། བདག་གཞན་བརྗེ་བ་ཞེ་ན། ང་ཁྱོད་དང་ཁྱོད་ང་ལ་འགྱུར་རྒྱུ་མ་རེད། དེ་ནི་འཁོར་བ་ཐོག་མ་ནས་གོམས་པའི་བློ་ལྷན་སྐྱེས་དེས་རང་གཅེས་པར་བཟུང་བ་དང་། གཞན་ཡལ་བར་དོར། རང་དང་གཞན་གཉིས་གདམ་པའི་སྐབས་སུ་རང་འདེམས་རྐྱང་དང་། གཞན་གཡུགས་རྐྱང་བྱེད་པའི་བློ་དེ་བརྗེ་དགོས་པའི་དོན་རེད། དེ་ཡང་རང་གཅེས་པར་བཟུང་བའི་ཚབ་ཏུ་གཞན་གཅེས་པར་བཟུང་བ་དང་། གཞན་ཡལ་བར་དོར་བའི་ཚབ་ཏུ་རང་ཡལ་བར་དོར། རྟག་ཏུ་གཞན་གྱི་ཕན་བདེ་སྒྲུབ་པའི་དོན་དེ་འདེམས་པ་མ་གཏོགས། རང་དོན་སྒྲུབ་པའི་དོན་མི་འདེམས་པ་བྱེད་རྒྱུ་ནི་བདག་གཞན་བརྗེ་པའི་ཚུལ་དངོས་རེད། དེ་ལྟའི་བདག་གཞན་བརྗེ་བའི་ཚུལ་ལ་བརྟེན་ནས་གང་ཡོང་གི་ཡོད་ཞེ་ན། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་སྙིང་རྗེ་ཆེན་པོ་སྐྱེ་བ་ཡིན།
སྙིང་རྗེ་ཆེན་པོ་ནི་གཞན་གཅེས་འཛིན་གྱི་བློ་སྟེ་གཞན་ལ་དམིགས་པའི་བྱམས་པ་དང་། གཞན་ལ་དམིགས་པའི་སྙིང་རྗེ་གཉིས་ཡིན། གཞན་གཅེས་པར་འཛིན་ཚུལ་ནི་གཞན་སྡུག་བསྔལ་ལས་འགྲོལ་བར་བྱེད་རྒྱུ་དེ་རེད། གཞན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་མེད། དེ་ནས་སྡུག་བསྔལ་ལས་སྒྲོལ་པའི་ཁུར་དེ་ངས་ལེན་གྱི་ཡིན་སྙམ་པའི་ལྷག་བསམ་དེ་ངེས་པར་དུ་དགོས། ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྔོན་དུ་ལྷག་བསམ་དེ་རང་བཞིན་གྱིས་སླེབས་ཀྱི་རེད། ལྷག་བསམ་ནི་སྡུག་བསྔལ་ལས་སྒྲོལ་ཐབས་ངས་བྱེད་ཀྱི་ཡིན་བསམ་པ་དང། དེ་ལ་བརྟེན་ནས་ངས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཀྱི་ཡིན་ཞེས་ཐག་བཅད་པའི་བློ་དེ་རེད།
བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་སྐབས་སུ་མན་ངག་བདུན་ནང་མེད་པ་དེ་གཏོང་ལེན་སྒོམ་ཚུལ་རེད། དེ་ནི་རང་གི་ལུས་དང་ལོངས་སྤྱོད་དང་། བདེ་བ་དང་དགེ་བ་རྣམས་གཞན་ལ་གཏོང་བའི་མོས་པ་དང། གཞན་གྱི་སྡུག་བསྔལ་དང་སྡིག་པ་རྣམས་རང་གིས་ལེན་པའི་མོས་པ་གཉིས་དབུགས་འབྱུང་རྔུབ་ཀྱི་རླུང་ལ་བརྟེན་ནས་སྒོམ་པ་ཡིན། བླ་མ་མཆོད་པའི་ཆོ་ག་ལས། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་པ་ནི་སྙིང་རྗེ་ཁྱད་པར་བའི་བློ་སྦྱང་ཚུལ་ཞིག་མ་གཏོགས། དངོས་སུ་རང་གི་དགེ་བ་དང་བདེ་བ་གཞན་ལ་བཏང་བ་དང་། གཞན་གྱི་སྡུག་བསྔལ་དང་མི་དགེ་བ་རང་གིས་ལེན་པ་ཟེར་བ་དེ་རྒྱུ་རྐྱེན་མང་པོ་འཛོམས་ནས་ལམ་གྱི་ཉམས་རྟོགས་མཐོན་པོར་སླེབས་ན་སྐབས་རེ་ཡོང་སྲིད། སྤྱིར་ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མ་ཟ་བའི་རྣམ་གཞག་ལ་བརྟེན་ན། དགེ་སྡིག་ཕར་ཚུར་བརྗེ་པོ་རྒྱག་ཚུལ་མེད། འོན་ཀྱང་གནས་སྐབས་དང་རྒྱུ་རྐྱེན་ཁྱད་པར་བ་འཛོམས་པའི་སྐབས་སུ་ཕ་རོལ་པོའི་སྡུག་བསྔལ་དངོས་སུ་རང་སྟེང་ལེན་ཐུབ་པ་དང་། རང་གི་བདེ་བ་དངོས་སུ་གཞན་ལ་ཕར་གཏོང་ཐུབ་པ་བྱུང་བའི་རྣམ་ཐར་མང་པོ་ཡོད། གང་ལྟར་མོས་པ་ཡིད་བྱེད་ཀྱི་སྒོ་ནས་རང་གི་བདེ་དགེ་གཏོང་བ་དང་། གཞན་གྱི་སྡུག་སྡིག་ལེན་པ་བཅས་ཀྱི་བསམ་པ་སྤེལ་བ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་རླབས་ཆེན་བསགས་པ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཁྱད་པར་ཆེན་པོ་ཡོད། བླ་མ་མཆོད་པ་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་ཤར་སྒོམ་བྱེད་མཁན་ཡིན་ན། གཏོང་ལེན་སྒོམ་པའི་ཚུལ་དེ་ཆོ་གའི་ཚིག་རིས་ནང་ཡོད་པས་དེ་ལྟར་དགོངས་པ་བཞེས་དགོས།
དེ་ལྟར་མན་ངག་བདུན་དང་། བདག་གཞན་མཉམ་བརྗེའི་བློ་གོམས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་ཤུགས་དྲག་གིས་དྲངས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བ་བདག་གིས་བྱའོ་སྙམ་པའི་ལྷག་བསམ་སྐྱེ་བ་ན། སེམས་ཅན་རྣམས་སྡུག་བསྔལ་མཐའ་དག་ལས་སྒྲོལ་བ་ལ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཐབས་མེད་ཡིན་པར་ཤེས་ནས་རྫོགས་པའི་བྱང་ཆུབ་ཐོབ་པ་བྱེད་ཀྱི་ཡིན་སྙམ་པའི་ཆོད་སེམས་དེ་བྱང་ཆུབ་ཀྱི་སེམས་རེད། དེ་ནི་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་གཙོ་སེམས་ཤིག་རེད། དེ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་བསམ་པའི་འདུན་པ་ཤུག་དྲགས་དེ་ལ་བྱང་ཆུབ་སྨོན་པའི་སེམས་ཞེས་ཟེར། སྨོན་སེམས་དེ་འཇུག་སེམས་ལ་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཚུལ་དངོས་སུ་ལག་ལེན་བསྟར་ཏེ། སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པར་ཉམས་སུ་ལེན་པ་ན་སྨོན་སེམས་དེ་འཇུག་སེམས་སུ་འགྱུར་ཞིང་། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི།། བྱེ་བྲག་ཇི་ལྟར་ཤེས་པ་ལྟར།། དེ་བཞིན་མཁས་པས་འདི་གཉིས་ཀྱི།། བྱེ་བྲག་རིམ་བཞིན་ཤེས་པར་བྱ།། ཞེས་གསུངས་པ་ལྟ་བུ་རེད། དཔེར་ན། ང་རང་ས་གནས་དེར་འགྲོ་དགོས་ཀྱི་འདུག་སྙམ་པ་དེ་སྨོན་སེམས་ཀྱི་དཔེ་ལ་བཞག་པ་དང་། དེའི་རྗེས་སུ་ལམ་སེང་ཡར་ལངས་ནས་དངོས་སུ་གོམ་པ་སྤོས་ཏེ་ཕྱིན་པ་ནི་འཇུག་སེམས་ཀྱི་དཔེ་ལ་བཞག་པ་རེད། འཇུག་པའི་སེམས་ནི་སངས་རྒྱས་སྒྲུབ་པའི་ཐབས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པར་དངོས་སུ་ཞུགས་པ་ལ་ཟེར་ཞིང་། དེ་ཡང་ཞིབ་ཏུ་བཤད་ན། འཇུག་སྡོམ་མམ་བྱང་ཆུབ་སེམས་དཔའི་སྡོམ་པ་དེ་བླ་མའམ་རྟེན་གྱི་དྲུང་ནས་སྨོན་སེམས་ཆོ་གས་བཟུང་བ་དང་། འཇུག་སྡོམ་བླངས་པ་བཅས་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་ཚུལ་ལ་སྔ་ཕྱི་གཉིས་རེད། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།། ཅེས་པ་དེ་སྨོན་སེམས་ཆོ་གས་བཟུང་བ་དང་། དངོས་སུ་བླ་མ་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ་དེའི་མདུན་དུ་འཇུག་སྡོམ་ལེན་པའི་ཆོ་ག་སྣ་ཚོགས་ཡོད། ང་ཚོས་ཉིན་ལྟར་འདོན་པ་ནི། བླ་མ་རྒྱལ་བ་སྲས་བཅས་རྣམས།། བདག་ལ་དགོངས་པར་མཛད་དུ་གསོལ།། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། བདག་ཀྱང་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། བདག་ཀྱང་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། རིམ་པ་བཞིན་དུ་བསླབ་པར་བགྱི།། ཞེས་སོགས་རང་ཉིད་གང་ལ་གོམས་པ་དེ་བཏོན་ནས་བླ་མ་རྒྱལ་བ་སྲས་བཅས་དང་ཚོགས་ཞིང་གི་ལྷ་ཚོགས་གསལ་བཏབ་པ་དེའི་མདུན་དུ་སྔོན་གྱི་སངས་རྒྱས་དེ་ཚོས་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཇི་ལྟར་བསླབ་པ་བཞིན་ངས་ཀྱང་དེ་ལྟར་བསླབ་ཀྱི་ཡིན་ཞེས་དམ་བཅའ་བ་ལ་འཇུག་སྡོམ་ལེན་པ་ཟེར། འཇུག་སྡོམ་བླངས་ཟིན་པའི་གང་ཟག་གི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ནི་འཇུག་སེམས་རེད། སྡོམ་པ་བླངས་པའི་སྐབས་སུ་ཇི་ལྟར་དམ་བཅས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་དགོས།
གཉིས་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལ་གཉིས། ཕར་ཕྱིན་དྲུག་ལ་སློབ་ཚུལ་དང་། བསྡུ་བའི་དངོས་པོ་བཞི་ལ་སློབ་ཚུལ་ལོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཚུལ་ནི་སྡོམ་བརྒྱབ་ན། རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་དང་། གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་རེད། དང་པོ་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་ལ་བསླབ་ཚུལ་ལས། དང་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། སྦྱིན་པ་ཞེས་པ་ནི་གཙོ་བོ་གཏོང་སེམས་རེད། རང་གི་ལུས་སྲོག་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཞན་ལ་གཏོང་བར་འཇིགས་ཞུམ་མེད་པ་དང་གཏོང་བ་ལ་དགའ་བ་ཡིན། དངོས་སུ་གཏོང་བའི་ཡུལ་ཡོད་ཀྱང་རུང་མེད་ཀྱང་རུང་། གཏོང་བའི་སེམས་དེ་ཕ་རོལ་དུ་ཕྱིན་པའི་བར་དུ་སྒོམ་པ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཉམས་ལེན་ཟེར། བཀའ་གདམས་པ་གོང་མ་ཚོས། ངས་སྦྱིན་པའི་ཕན་ཡོན་བཤད་ཀྱི་མེད། འཇུངས་པའམ་སེར་སྣའི་ཉེས་དམིགས་བཤད་ཀྱི་ཡོད། ཅེས་གསུངས་པ་བཞིན་དངོས་སུ་སྦྱིན་རུང་བ་དང་མི་རུང་བ། སྦྱིན་པའི་སྐབས་སོགས་དབྱེ་བ་མང་པོ་ཡོད་ཀྱང་། བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་།། དུས་གསུམ་དགེ་ཚོགས་ཕུང་པོ་ཅི་མཆིས་པ།། མ་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། དེང་ནས་ཕངས་པ་མེད་པར་གཏང་བར་བྱ།། ཞེས་གསུངས་པ་ལྟར། གཏོང་བའི་བློ་ཧ་ཅང་བརྟན་པོ་ཞིག་སྐྱེ་བ་དེ་ལ་སྦྱིན་པའི་ཕར་ཕྱིན་ཟེར། དེ་ལ་ནང་གསེས་དབྱེ་ན། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་གསུམ་རེད། ཟང་ཟིང་གི་སྦྱིན་པ་ནི་ཟས་གོས་དང་ཅ་ལག་སོགས་དངུལ་དངོས་དབུལ་པོར་སྦྱིན་པ་ལ་ཟེར། ཆོས་ཀྱི་སྦྱིན་པ་ནི་ཆོས་མི་ཤེས་མཁན་ཚོར་ཆོས་བཤད་དེ་སྡིག་པ་ལས་ལྡོག་སྟེ་དགེ་བའི་ལས་ལ་བཀོད་པ་ལ་ཟེར། མི་འཇིགས་པའི་སྦྱིན་པ་ནི་འཇིགས་པ་ལས་གྲོལ་བའི་ཐབས་ཤེས་བྱེད་པ་སྟེ། དཔེར་ན། ནད་པར་སྨན་དང། ཆུར་ལྷུང་བའི་སྲོག་ཆགས་བསྐྱབས་པ། སྲོག་བླུ་སོགས་ལ་ཟེར། གང་ལྟར་གཙོ་བོ་གཏོང་སེམས་ལྡན་ཞིང་སྦྱིན་པ་རྣམ་པ་གསུམ་པོ་ཡིད་ལ་སྒོམ་པ་དང་དངོས་སུ་ལག་ལེན་བསྟར་བ་བཅས་ནི་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་བྱེད་སྟངས་ཡིན།
གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཚུལ་ཁྲིམས་ནི་གཙོ་བོ་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་པའི་ཉེས་པ་རྣམས་སྤོང་པའི་སྤོང་སེམས་ལ་བརྗོད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་ནི་མི་དགེ་བཅུ་ལ་ཞུགས་ཀྱི་མིན་ཞེས་བློའི་ཐག་གཅོད་དང། མི་དགེ་བཅུའི་ལས་ལ་ཞུགས་རྒྱུའི་ཉེན་ཁ་སླེབས་པ་དེ་ལས་སྲུང་བར་བྱེད་པའམ་ལྡོག་པར་བྱེད་པའི་བློ་ལ་ཚུལ་ཁྲིམས་ཟེར། ཚུལ་ཞེས་པ་ནི་ཡང་དག་པའི་སྤྱོད་ཚུལ་དང། ཁྲིམས་ཞེས་པ་ནི་འདའ་མི་རུང་བར་སྲུང་དགོས་པའི་དོན་རེད། དེ་ལ་ནང་གསེས་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་གསུམ་རེད། སྤྱིར་དགེ་བའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་འདུ་ཚུལ་ཡོད་ཅིང་། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བསམ་གཏན་ཞེས་པ་རྣམས་བྱེད་ལས་ཁྱད་པར་ཅན་གྱི་དབང་གིས་དབྱེ་བ་ཐ་དད་དུ་ཕྱེ་བ་མ་གཏོགས། ནང་ཕན་ཚུན་གཅིག་ཡིན་ན་གཅིག་མིན་པའི་འགལ་བའི་རྣམ་ཅན་དུ་བསམ་བློ་གཏོང་མི་དགོས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སམ་ཡོངས་གྲགས་ཀྱི་ཚུལ་ཁྲིམས་ནི། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྲུང་བའི་ཁྱིམ་པ་ཡིན་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་ཡན་ལག་ལྔའི་ཚུལ་ཁྲིམས་སོགས་དང། རབ་བྱུང་ཡིན་ན་དགེ་ཚུལ་གྱི་བླངས་འདས་སོ་དྲུག དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་མ་གོས་པར་སྲུང་བ་ལ་ཟེར། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་དང་ལྡན་པའི་གང་ཟག་གིས་བྱས་པའི་དགེ་བ་དེ་སྟོབས་ཆེ་བ་དང་རླབས་ཆེ་བ་རེད། སྤྱིར་བསྟན་པ་ལ་འཇུག་རིམ་གྱི་དབང་དུ་བྱས་ན། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ལ་གནས་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་བྱས་ཏེ་བསྟན་པར་འཇུག་པ་རེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཉན་རང་ལ་ཡོད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཉན་རང་ལ་མེད་པ་མིན་རུང་། གཙོ་བོ་བྱང་ཆུབ་སེམས་དཔས་ཉམས་སུ་བླང་བྱ་ཞིག་རེད། ཚུལ་ཁྲིམས་ཀྱི་ཉམས་ལེན་གྱིས་གཙོས་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཡོངས་རྫོགས་མཐར་ཐུག་དམིགས་ས་དེ་སེམས་ཅན་གྱི་དོན་ལ་དམིགས་པ་ཡིན། ཚུལ་ཁྲིམས་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའམ་སེམས་ཅན་ཚུལ་ཁྲིམས་ལ་འགོད་པ། ཚུལ་ཁྲིམས་ཀྱི་དགེ་བ་སེམས་ཅན་ལ་བསྔོས་པ་སོགས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རེད།
གསུམ་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི། བཟོད་པ་ཞེས་པ་ནི་མི་ཁྲོ་པ་དང་མི་ཞུམ་པ་རེད། བཟོད་ཅེས་པ་ནི་ནུས་པ་ལ་གོ དཔེར་ན། ན་བའི་སྐབས་སུ་བཟོད་གླགས་མི་འདུག ཨར་བརྟན་གྱི་མི་འདུག་ཟེར་བ་དང་། ན་ཚ་ཆེན་པོ་འདུག་སྟེ་བཟོད་ཙམ་ཞིག་འདུག བསྒོམས་ནས་བསྡད་ན་ན་ཟུག་བཟོད་ཀྱི་འདུག་ཅེས་པའི་ལབ་སྲོལ་ལྟར་རེད། བཟོད་པ་ནི་གཙོ་བོ་མི་ཁྲོ་བ་རེད། གནོད་ལན་གནོད་པས་མི་འཇལ་བ་དང་། ཚུར་གནོད་པ་བྱས་ཀྱང་ཕར་ཁོང་ཁྲོ་མི་བྱེད་པ་ལ་བཟོད་པ་ཟེར། དེ་ལ་ནང་གསེས་དབྱེ་ན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བཅས་གསུམ་རེད། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། ཡོངས་གྲགས་ཀྱི་བཟོད་པའི་ཉམས་ལེན་གཙོ་བོ་དེ་རེད། རང་གི་སྲོག་འཕྲོག་མཁན་དང་། རྒྱུ་ནོར་ལོངས་སྤྱོད་འཕྲོག་མཁན། མིང་ཆད་བཟོ་མཁན་སོགས་རང་ལ་གནོད་པ་བྱེད་མཁན་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་བསམ་པ་མ་གཏོགས། ཁོང་ཁྲོ་བྱས་ཏེ་མི་བཟོད་པ་མི་བྱེད་པ་རེད། གནོད་བྱེད་ལ་ཇི་མི་སྙམ་པ་ཞེ་ན་གནོད་བྱེད་ནི་རང་ལ་གནོད་པ་བྱེད་མཁན་དང་། ཇི་མི་སྙམ་པ་ནི་སྣང་བ་རྣམ་རྟོག་མ་བྱས་པར། ཚུར་གཅིག་གཞུས་ན་ཕར་གཉིས་གཞུས་བསམ་པའི་གནོད་ལན་གནོད་འཇལ་གྱི་བློ་རྩ་བ་ནས་མེད་པ། ག་ཚོད་ཚུར་སྡུག་པོ་དང་མ་དྲང་བ། མི་འོས་པ་བྱས་པ་ཡིན་ནའང་། དེ་ལ་བཟོད་བསྲན་བྱས་ཏེ་བསྡད་པ་རེད། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། བརྩོན་འགྲུས་ཀྱི་ཉམས་ལེན་དང་འདྲ་བ་རེད། ཆོས་ཀྱི་ཆེད་དུ་དཀའ་བ་སྤྱད་པ་དང་། གཞན་གྱིས་གཅར་རྡུང་སོགས་བྱེད་པའི་སྐབས་སུ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་ཆབས་ཅིག་ཏུ་རང་གི་སེམས་མི་གཡོ་བ་ལ་ཟེར། ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི། ཆོས་ཉམས་སུ་ལེན་པ་ན་ཟས་གོས་སོགས་འབྱོར་པས་ཕོངས་སྐབས་སྙིང་རུས་དང་སྡུག་རུས་བྱས་ཏེ་ཆོས་ཉམས་ལེན་བར་ཆད་ཀྱི་དབང་དུ་མི་གཏོང་བ་ལ་ཟེར།
བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བ་འོ།། ཞེས་གསུངས་པ་ལྟར། དགེ་བའི་བྱ་བ་ལ་སྤྲོ་བ་མ་གཏོགས་མི་སྤྲོ་བ་མེད་པ། སྤྲོ་སེམས་སྒོ་ནས་བྱ་བ་གང་བྱས་ཀྱང་ངལ་བའི་སྣང་བ་མི་ཡོང་། དེ་ལ་ནང་གསེས་དབྱེ་ན། གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་བཅས་གསུམ་རེད། བརྩོན་འགྲུས་ཕྱི་མ་གཉིས་ནི་ཚུལ་ཁྲིམས་ཀྱི་སྐབས་ཀྱི་དབྱེ་བ་གཉིས་དང་དོན་གཅིག་པ་རེད། དེ་ཡང་ཚུལ་ཁྲིམས་ལ་སྲུང་སེམས་དང་། བརྩོན་འགྲུས་ལ་སྤྲོ་སེམས་ལྡན་པའི་ཆ་ནས་བཞག་པ་རེད། བརྩོན་འགྲུས་ཀྱི་སྐབས་སུ་གོ་ཆའི་བརྩོན་འགྲུས་དེ་གཙོ་བོ་རེད། དེ་ནི་གོ་ཆ་བགོས་པ་དང་། ཡིད་དམ་བཅས་པ། སེམས་ཐག་བཅད་པ། སེམས་ཤུགས་འཁྱེར་བ་ལ་སོགས་པའི་བློ་དང་གཅིག་པ་རེད། བླ་མ་མཆོད་པའི་ཆོ་ག་ལས། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།། མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་།། སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི།། བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས།། ཞེས་གསུངས་པ་ལྟར། གྲངས་མེད་སེམས་ཅན་རེ་རེའི་ཕྱིར་དུའང་བསྐལ་པ་གྲངས་མེད་པའི་བར་དུ་དམྱལ་བར་བསྡད་དེ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་བྱུང་ནའང། སྒྱིད་ལུག་པ་དང་། ཞུམ་པ། དཀའ་ལས་ཁག་སྣང་མི་བྱེད་པར། ད་དུང་མུ་མཐུད་ནས་གནས་ཐུབ་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཏེ། ནམ་ཡང་མི་སྤྲོ་བའི་སེམས་སྐད་ཅིག་ཀྱང་སྐྱེ་རུ་མི་འཇུག་པ་རེད། མདོར་ན་དུས་ཀྱི་ཆ་ནས་ཇི་ཙམ་འགོར་ནའང་རེད། ངོ་བོའི་ཆ་ནས་ཇི་ཙམ་གྱི་དཀའ་སྡུག་ཡོད་ནའང་རེད། རྣམ་གྲངས་ཀྱི་ཆ་ནས་སྡུག་བསྔལ་གྲངས་མེད་ཇི་ཙམ་ཡོད་ནའང་རེད། དེ་དག་ཐམས་ཅད་ལ་འཇིགས་ཞུམ་མི་བྱེད་པ་རེད། ལར་ནས་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་དགོས་ཤེ་ན། བློ་ཆུང་བ་མང་པོ་ཞིག་ཞུམ་པ་ཡིན། མི་ཞུམ་པ་དེ་བརྩོན་འགྲུས་ཀྱི་ཉམས་ལེན་གྱི་དགོས་པ་གཙོ་བོ་ཞིག་རེད། དེ་ལྟར་ནམ་ཡང་མི་ཞུམ་པ་ལ་གོ་ཆའི་བརྩོན་འགྲུས་ཟེར། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་ནི་དགེ་བའི་ཆོས་ལ་གཅིག་ཏུ་བརྩོན་པ་དང་། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི་སེམས་ཅན་གྱི་དོན་ལ་ནམ་ཡང་ཞུམ་པ་མེད་པ་ལ་ཟེར།
ལྔ་པ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི། བསམ་གཏན་གྱི་ངོ་བོ་ནི་ཞི་གནས་ཡིན། སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་ཐུབ་པའི་ཡུལ་གྱི་གཡེང་བ་ལས་ཞི་བའི་སེམས་གནས་པར་སྒྲུབ་པའི་བསམ་གཏན་གྱི་ས་ཡིས་བསྡུས་པའི་སེམས་ཞི་གནས་མཚན་ཉིད་པ་ཞིག་སྒྲུབ་པ་དེ་བསམ་གཏན་ཕར་ཕྱིན་གྱི་ཉམས་ལེན་དང་། ཞི་གནས་མཚན་ཉིད་པ་ཞིག་ཐོབ་ན། དཔྱད་སྒོམ་གྱི་ཐོག་ནས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་བསྒྲུབ་དགོས།
དྲུག་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཤེས་རབ་ཀྱི་ངོ་བོ་ནི་ལྷག་མཐོང་རེད། སྤྱིར་བཏང་ཤེས་རབ་ལ་གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་དང་། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་བཅས་གཉིས་བཞག་རུང་། སྐབས་འདིར་གཙོ་ཆེ་བ་ནི་གནས་ལུགས་རྟོགས་པའི་དོན་དམ་པའི་ཤེས་རབ་དེ་རེད།
གོང་གི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་བཅས་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་བླ་ན་མེད་པ་ཡིན་པ་དང་། བསམ་གཏན་གྱི་ཕར་ཕྱིན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀར་དགོས་མཁོ་ཡོད་པ་ཞིག་རེད། དེ་ནས་ཤེས་རབ་ཕར་ཕྱིན་གྱིས་ཡེ་ཤེས་ཀྱི་ཚོགས་གསོག་ཅིང་། སངས་རྒྱས་ཀྱི་གོ་འཕང་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཡོད་པ་བཞིན་དེ་འགྲུབ་བྱེད་ཀྱི་རྒྱུ་ལའང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་དགོས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པའི་ཆེད་དུ་ཕ་རོལ་དུ་ཕྱིན་པ་དྲུག་ཡོང་བ་རེད།
དེ་ཡང་ཕར་ཕྱིན་དྲུག་ལས་གཙོ་བོ་ནི་བསམ་གཏན་གྱི་ཕར་ཕྱིན་དང་། ཤེས་རབ་ཀྱི་ཕར་ཕྱིན་གཉིས་རེད། ལམ་རིམ་ཆེན་མོར་ཕར་ཕྱིན་དྲུག་གི་ཉམས་ལེན་སྐོར་ཆ་ཚང་གསུངས་རྗེས་ཁྱད་པར་ཕར་ཕྱིན་མཐའ་མ་གཉིས་ལ་བསླབ་ཚུལ་ཞེས་ཞི་གནས་དང་ལྷག་མཐོང་གི་སྐོར་ཟུར་དུ་གསུངས་པ་རེད། ཤར་སྒོམ་བྱེད་པའི་སྐབས་སུ་ཞི་གནས་ཀྱི་སྒོམ་ལ་ཉམས་མྱོང་ཡོད་པ་ཞིག་ཡིན་ན་མ་གཏོགས་སེམས་རྩེ་གཅིག་པ་རང་ལ་དུས་ཚོད་ཐུང་ཐུང་ནང་ཉམས་ལེན་བྱེད་སྟབས་དེ་ཙམ་བདེ་པོ་མེད། ཡིན་ནའང་དམིགས་ཡུལ་གཅིག་ལ་སེམས་དུས་ཡུན་གནས་སྐབས་རེ་འཇོག་པ་དང་། སྐབས་དེར་བྱིངས་རྒོད་ཀྱི་སྐྱོན་ཡོང་གི་ཡོད་མེད་ཞིབ་འཇུག་གིས་སྐྱོན་ཡོད་ན་སེལ་ཐབས་བཅས་ཤར་སྒོམ་མདོར་བསྡུས་རེ་བྱེད་ཆོག་པ་ཞིག་རེད།
བརྩོན་འགྲུས་ཀྱི་ཕར་ཕྱིན་ཡན་ཆད་སྔོན་དུ་སོང་ཟིན་པ་དང་། བསམ་གཏན་དང་ཤེས་རབ་གཉིས་མདོར་བསྡུས་རེ་ཞུ་ན། བསམ་གཏན་གྱི་ངོ་བོ་ནི་སེམས་རྩེ་གཅིག་པའི་རྣམ་པ་ཅན་གྱི་དགེ་སེམས་ཤིག་ལ་ཟེར་ཞིང་། འདོད་པའི་སེམས་ལ་རྩེ་གཅིག་པ་ཡོང་ཁག་པོ་རེད། སེམས་རྩེ་གཅིག་པ་ནི་སེམས་གནས་དགུ་པ་ཐོབ་པའི་རྗེས་སུ་ཉིན་གཅིག་གི་བཞི་ཆ་གཅིག་ལ་སེམས་དམིགས་གཏད་ལ་རྩེ་གཅིག་ཏུ་གནས་ཐུབ་པ་ཞིག་ཆགས་པ་དང་། དེ་རྒྱུན་དུ་གོམས་པ་ལ་བརྟེན་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པ་ན་ཞི་གནས་མཚན་ཉིད་པར་འགྱུར། བསམ་གཏན་གྱི་ངོ་བོར་གྱུར་པའི་ཞི་གནས་མཚན་ཉིད་པ་ལ་དབྱེ་ན། ཞི་གནས། ལྷག་མཐོང། ཞི་ལྷག་ཟུང་འབྲེལ་བཅས་གསུམ་དུ་དབྱེ་སྲོལ་དང་། འཇིག་རྟེན་པའི་བསམ་གཏན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ཞེས་གཉིས་སུ་དབྱེ་སྲོལ་ཡང་ཡོད། ཞི་གནས་ནི་འཇོག་སྒོམ་གཙོ་བོར་གྱུར་པ་དང་། ལྷག་མཐོང་ནི་དཔྱད་སྒོམ་གཙོ་བོར་གྱུར་པ་ཡིན། ཞི་ལྷག་ཟུང་འབྲེལ་ནི་ཞི་གནས་ལ་གནས་བཞིན་པའི་ངང་ནས་ལྷག་མཐོང་མཚན་ཉིད་པ་རྒྱུད་ལ་སྐྱེ་བའི་སྐབས་སུ་ཡོང་གི་ཡོད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ཞེ་ན། འཕགས་ལམ་མ་ཐོབ་པའི་སྔོན་ལ་འཇིག་རྟེན་པའི་བསམ་གཏན་དང་། འཕགས་ལམ་ཐོབ་རྗེས་འཇིག་རྟེན་ལས་འདས་པའི་བསམ་གཏན་ཡིན། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཐོབ་པ་ན་འཕགས་ལམ་གྱི་སེམས་རྟེན་བྱེད་པའི་འོས་སུ་གྱུར་པ་རེད། སྤྱིར་བཏང་བསམ་གཏན་ལ་བསམ་གཏན་བཞི། གཟུགས་མེད་བཞི་ཞེས་ཕྱི་ནང་ཐུན་མོང་པའི་བཤད་སྲོལ་ཡོད་རུང་། དེའི་ནང་ནས་མཐོ་ཤོས་དེ་གཟུགས་མེད་བཞི་པ་སྲིད་རྩེའི་བསམ་གཏན་དེ་རེད། འོན་ཀྱང་དེ་དག་འཇིག་རྟེན་ལས་འདས་པའི་ལམ་ལ་དེ་ཙམ་དགོས་མཁོ་མེད།
ཤེས་རབ་ཀྱི་བསླབ་པའི་ངོ་བོ་དེ་གང་རེད་ཅེ་ན། བལྟ་བྱའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རང་བཞིན་ཞིག་སྟེ། དེ་ཡང་དངོས་པོ་དེ་སྤོམ་ཚོད་ཙམ་དུ་བཞག་པ་མ་ཡིན་པར་དེར་རྟོག་དཔྱོད་གཉིས་ཀྱི་སྒོ་ནས་ཞིབ་ཚགས་པོས་རྣམ་པར་འབྱེད་ཅིང་། ཆ་ཤས་དང་། ཡིན་ལུགས། ཚུལ་དང་ཚུལ་མ་ཡིན་པ་བཅས་སོ་སོར་རྣམ་པར་འབྱེད་པ་ཡིན། གང་ལྟར་དངོས་པོ་གང་ཡིན་ཡང་ཞིབ་ཚགས་པོས་དབྱེ་བ་ཕྱེ་བ་ལ་ཤེས་རབ་དང་། མདོ་དོན་ཤེས་རབ་ཀྱི་ངོ་བོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བྱེད་ལས་ཅན་གྱི་སེམས་བྱུང་ཞིག་ལ་ཟེར། ཤེས་རབ་ལ་དབྱེ་ན། དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་དོན་བྱེད་པ་རྟོགས་པའི་ཤེས་རབ་བཅས་གསུམ་དང་། ཡང་སྐབས་རེ་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་ཅེས་གཉིས་སུ་ཕྱེ་བ་ཡོད་ཅིང། སྐབས་དེར་སེམས་ཅན་དོན་བྱེད་རྟོགས་པའི་ཤེས་རབ་ནི་གཉིས་ཀའི་ནང་ཡོང་བ་རེད།
ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རེད། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་མི་དགོས་པ་མིན་ལ། དེ་ནི་ཐབས་ཤེས་གཉིས་ཀྱི་ནང་དུའང་ཡོད་མོད། མདོ་དོན་ཉོན་མོངས་པའི་གཉེན་པོ་བྱེད་མཁན་གྱི་ཤེས་རབ་དེ་གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་ཡིན་པར་བརྟེན། དེ་ནི་སྦྱང་བྱ་གཙོ་བོ་རེད། དེས་ན་ཕར་ཕྱིན་དྲུག་གི་སྐབས་སུ་གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་དེ་གཙོ་བོ་སྦྱང་རྒྱུ་རེད། དེ་སྦྱངས་པའི་སྐབས་སུ་བདག་མེད་པའི་དོན། ཆོས་ཀྱི་གནས་ལུགས། སྟོང་པ་ཉིད་ཀྱི་དོན་བཅས་ལ་བརྟག་དཔྱད་བྱས་ཏེ་སྒོམ་པ་རེད། དེ་ཐལ་འགྱུར་བའི་ལུགས་བཞིན་ཞུ་ན། སྟོང་གཞི་ཆོས་ཅན་གང་ཟག་གི་སྟེང་དུ་བདག་མེད་པར་རྟོགས་པའི་བློ་དེ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་། སྟོང་གཞི་ཆོས་ཅན་གང་ཟག་ལས་གཞན་པའི་ཕུང་སོགས་ཀྱི་ཆོས་ཀྱི་སྟེང་དུ་སྟོང་པ་ཉིད་སྒོམ་པ་དེ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཡིན། དབུ་མ་འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར།། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས།། ཞེས་གསུངས་པ་བཞིན་ཆོས་དང་གང་ཟག་གཉིས་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་ཕྱེ་བ་མ་གཏོགས་དགག་བྱ་ལ་ཁྱད་པར་མེད།
ཐོག་མར་བདག་མེད་ཀྱི་དོན་བསྒོམ་པར་བྱ་བ་ལ་གང་མེད་རྒྱུའི་བདག་དེ་ངོས་ཟིན་དགོས་པ་གལ་ཆེ། དགག་བྱ་ཁྱབ་ཆེ་དྲགས་ན་ཆད་མཐར་ལྷུང་བ་དང་། དགག་ཁྱབ་ཆུང་དྲགས་ན་རྟག་མཐར་ལྷུང་རྒྱུའི་ཉེན་ཁ་ཡོད་ཙང། དགག་བྱ་ཁྱབ་ཆེ་ཆུང་དུ་མ་ཤོར་བར་དགག་བྱའི་གནད་ཡག་པོ་ཞིག་ངོས་ཟིན་ཐུབ་དགོས་པ་མེད་དུ་མི་རུང་བ་རེད། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར།། དེ་ཡི་དངོས་མེད་འཛིན་མ་ཡིན།། ཞེས་གསུངས་པ་བཞིན་རེད། དགག་བྱ་ངོས་འཛིན་དེ་ཁག་པོ་ཡིན་པ་ང་ཚོས་ནམ་རྒྱུན་བཤད་ཀྱི་ཡོད་རུང་། དངོས་སུ་ལག་ལེན་བྱེད་པའི་སྐབས་སུ་ཇི་ཙམ་གྱི་ཁག་པོ་ཡིན་པ་ཉམས་མྱོང་ཡོང་དཀའ་བ་རེད། ང་ཚོ་ཚང་མ་སྐྱེ་བ་ཐོག་མ་མེད་པ་ནས་བདེན་འཛིན་ལྷན་སྐྱེས་ལ་ཤིན་ཏུ་གོམས་པ་ཡིན་ཙང། ཆོས་དང་གང་ཟག་གང་འདྲ་ཞིག་སྣང་ནའང་། བདེན་སྣང་དང་བཅས་ཏེ་སྣང་བ་དང་། གང་འདྲ་ཞིག་འཛིན་ནའང་བདེན་འཛིན་དང་བཅས་ཏེ་འཛིན་པ་མ་གཏོགས། ཆོས་ཅན་འཛིན་ཚུལ་དང་དགག་བྱ་འཛིན་ཚུལ་གཉིས་ཀ་བློ་གཅིག་གི་སྟེང་ནས་དབྱེ་བ་ཕྱེ་མི་ཐུབ་པ་ཞིག་ཡོད། དཔེར་ན། བུམ་པ་འཛིན་པའི་བློ་དེས་བུམ་པ་བདེན་པར་གྲུབ་པ་འཛིན་གྱི་ཡོད། བུམ་པ་བདེན་གྲུབ་ཏུ་འཛིན་ཚུལ་དང་ཐ་སྙད་དུ་ཡོད་པའི་བུམ་པ་འཛིན་ཚུལ་གཉིས་རྟོག་པ་གཅིག་གི་སྟེང་དུ་མཉམ་དུ་ཡོད་ཙང། དེ་གཉིས་དབྱེ་བ་ཕྱེ་རྒྱུ་དཀའ་ལས་ཁག་པོ་རེད། གང་ཟག་གི་བདག་འཛིན་ལྷན་སྐྱེས་དེས་གང་ཟག་ཇི་ལྟར་འཛིན་གྱི་ཡོད་ཅེ་ན། ཆོས་ཅན་གང་ཟག་དེ་དང་དེའི་སྟེང་གི་དགག་བྱ་རང་ངོས་ནས་གྲུབ་པའམ་རང་བཞིན་གྱིས་གྲུབ་པ་གཉིས་ཀ་བསྲེས་ནས་སྣང་བ་དང་། བསྲེས་ནས་འཛིན་པ་མ་གཏོགས། འདི་ཆོས་ཅན་འཛིན་ཚུལ་རེད། འདི་དགག་བྱ་འཛིན་ཚུལ་རེད་ཅེས་ལྡོག་པ་ཙམ་གྱི་དབྱེ་བ་ཕྱེ་རྒྱུ་མ་གཏོགས། ཤེས་པ་དེའི་སྟེང་དུ་གསལ་པོ་བྱས་ཏེ་དབྱེ་བ་ཕྱེ་རྒྱུ་དཀའ་ལས་ཁག་པོ་རེད། དེའི་དབང་གིས་བོད་སྔ་མ་ཚོར་དགག་བྱ་ཁྱབ་ཆེ་བའི་སྐྱོན་དེ་འཇུག་ཅིང་། དེའི་རྒྱུ་མཚན་གཙོ་བོ་ནི་ཆོས་ཅན་འཛིན་ཚུལ་ལས་ཐ་དད་པའི་དགག་བྱའི་འཛིན་ཚུལ་གྱི་ཚུལ་དེ་ངོས་བཟུང་ནས་དེའི་འཛིན་སྟངས་དང་དེའི་ཞེན་ཡུལ་དེ་དགག་བྱའི་ངོ་བོར་ཏག་ཏག་རྭ་འཕྲོད་པ་ཞིག་མ་བྱུང་བ་དང། ཆོས་ཅན་ཐ་སྙད་པ་འཛིན་ཚུལ་དང་དེའི་སྟེང་གི་དགག་བྱའི་འཛིན་ཚུལ་གཉིས་མཉམ་དུ་བློ་གཅིག་གི་སྣང་ངོ་དང་ཞེན་ངོ་གཉིས་ཀར་ཡོད་པའི་དབྱེ་བ་མ་ཕྱེ་བར་བརྟེན། བུམ་པ་བདེན་པར་འཛིན་པའི་བློའི་ཞེན་ཡུལ་བཀག་པའི་སྐབས་སུ་ལྷག་རྒྱུའི་བུམ་པ་དེ་བཞག་མ་ཤེས་པར། ཐ་སྙད་ཀྱི་བུམ་པ་དེ་མཉམ་དུ་འཁྱེར་ཕྱིན་པ་རེད། དེ་ནི་བོད་སྔ་མ་རྐྱང་པ་མིན་པར། ལྟ་བའི་ཐོག་ནོར་འཁྲུལ་ཡོད་པ་ཚང་མའི་གོལ་ས་དེ་ལ་ཐུག་པ་རེད། ཐ་སྙད་ཚད་གྲུབ་འཇོག་མ་ཤེས་པའི་གནད་འགག་དེ་གང་དུ་ཐུག་པ་རེད་ཅེ་ན། ཐ་སྙད་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་དགོས་པ་དང་དཔྱད་མི་བཟོད་པ་ཡིན་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་དགོས་ན་དགག་བྱའི་དོན་དེར་རིགས་པས་དཔྱད་བྱ་རེད་མ་གཏོགས། ལྷག་རྒྱུའི་ཐ་སྙད་ཀྱི་དོན་དེར་རིགས་པའི་དཔྱད་པ་འཇུག་མི་དགོས་པ་དེ་ཟུར་དུ་བཏོན་མ་ཤེས་པ་རེད། དེས་ང་བྱ་བ་བྱེད་པ་པོ་ཡིན། ང་སྒོམ་པ་པོ་ཡིན། ང་བསོད་ནམས་གསོག་པ་པོ་ཡིན་བསམ་པའི་བློ་དེའི་ངར་འཛིན་ཚུལ་དེ་གདགས་གཞི་དང་འདོགས་བྱེད་ཀྱི་ཚད་མ་སོགས་གང་ལའང་མ་ལྟོས་པར། རང་གི་ངོ་བོའི་སྒོ་ནས་ཚུགས་ཐུབ་ཏུ་གྲུབ་པ་ཞིག་སྣང་བ་དང་ཞེན་པ་རེད། དེའི་སྣང་ཚུལ་དང་ཞེན་ཚུལ་ལྟར་རང་གི་ངོ་བོས་གྲུབ་པ་ཞིག་ཡོད་དགོས་ན། བཏགས་དོན་བཙལ་བའི་སྐབས་སུ་རྙེད་དགོས་ཀྱི་ཡོད་པ་རེད། དཔེར་ན། ད་ལྟའི་ང་ཚོའི་ཕུང་བོ་ལྔ་ཡི་སྟེང་དུ་ང་ལྟ་བུ་ཞིག་རང་གི་ངོ་བོས་གྲུབ་པ་དང་བདེན་པར་གྲུབ་པ་སྣང་བ་བཞིན་གྲུབ་ན། གཟུགས་ཀྱི་ཕུང་པོ་འདི་རེད་དམ། ཚོར་བའི་ཕུང་པོ་འདི་རེད་དམ། ཡང་ན་ཕུང་པོ་ཐམས་ཅད་ལས་དོན་གཞན་པའི་བདག་རང་ག་བ་ཞིག་ཡོད་དམ་ཞེས་བཙལ་བའི་ཚེ་ན་རྙེད་ཀྱི་མེད། དོན་དམ་དུ་ཡོད་ན་རྙེད་དགོས་ཀྱི་ཡོད་ཙང། མ་རྙེད་པ་དེ་སྟོང་པ་ཉིད་ཀྱི་དོན་རེད། དེས་ན་ཤར་སྒོམ་བྱེད་པའི་སྐབས་སུའང་ཐོག་མར་དགག་བྱ་དེ་ཡག་པོ་ཞིག་ངོས་ཟིན་པའི་རྗེས་སུ་དགག་བྱ་དེ་ག་འདྲ་ཞིག་འདུག གང་དུ་འདུག གང་རེད་ཅེས་རིགས་པས་བརྟག་དཔྱད་བྱེད་དགོས། རིགས་པས་བརྟག་དཔྱད་བྱེད་ཚུལ་ལའང་མུ་བཞི་སྐྱེ་བ་འགོག་པའི་རིགས་པ་དང་། གཅིག་དུ་བྲལ་གྱི་རིགས་པ། རྟེན་འབྲེལ་གྱི་རིགས་པ་སོགས་རྣམ་གྲངས་མང་པོ་གསུངས་པའི་ནང་ནས་ང་ཚོ་ལས་དང་པོ་བས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རིགས་པ་དེ་གཙོ་བོར་བཟུང་ན། མཐའ་གཉིས་ཅིག་ཅར་དུ་སེལ་བའི་ཁྱད་ཆོས་ཡོད་ཅེས་གསུངས་ཡོད།
མཐའ་གཉིས་ཅིག་ཅར་དུ་སེལ་ཚུལ་གང་རེད་ཅེ་ན། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ཐ་སྙད་དུ་ཡོད་པར་གྲུབ་པ་དང་། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ལྟོས་མེད་དུ་མ་གྲུབ་པ། མིང་དང་བརྡས་བཏགས་པ་ཙམ་ལས་རང་ངོས་ནས་མ་གྲུབ་པའི་ཚུལ་ཡང་རྟེན་འབྲེལ་གྱིས་སྒྲུབ་ནུས་པ། གཏན་ནས་མེད་པའང་མ་ཡིན་པར་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་འདོགས་བྱེད་ཀྱི་མིང་དང་རྟོག་པས་བཏགས་པ་ཙམ་ཡིན་པ་གོ་ནུས་པ་བཅས་རྟེན་འབྲེལ་གྱི་གཏན་ཚིགས་ལ་བརྟེན་ནས་བསམ་བློ་བཏང་ན་ཡག་པོ་ཡོད་རེད། གཞན་ཡང་གཅིག་དུ་བྲལ་སོགས་ཀྱི་གཏན་ཚིགས་རྣམས་ཀྱང་སོ་སོའི་བློ་ལ་འཆར་བདེ་བ་ཡོད་ན་དེ་ཚོར་བསམ་བློ་གཏོང་དགོས། གང་ལྟར་དགག་བྱའི་དོན་ངོ་མ་ཐ་སྙད་པའི་ཆོས་ཀྱི་འཛིན་ཚུལ་དང་། དགག་བྱའི་འཛིན་ཚུལ་གཉིས་ཀྱི་བར་དུ་འཛིན་སྟངས་ཀྱི་ཁྱད་པར་ཤེས་པར་བྱས་ཏེ། དགག་བྱ་འགོག་པའི་རིགས་པས་ཆོས་ཅན་མི་འགོག་པ་ཞིག་དགོས། དཔེར་ན། སྒྲ་མི་རྟག་པ་སྒྲུབ་པའི་སྐབས་སུ་ཡིན་ན། སྒྲ་ཡི་སྟེང་གི་རྟག་པ་འགོག་པའི་རིགས་པ་དེས་སྒྲ་མི་འགོག་པ་ཞིག་དགོས། སྒྲ་རྟག་པ་བཀག་པའི་སྐབས་སུ་སྒྲ་ཡང་བཀག་ན། དགག་བྱ་ཁྱབ་ཆེ་བ་ལྟ་བུ་རེད། དེས་ན་གང་ཟག་བདག་ཏུ་ཡོད་པ་འགོག་པའི་རིགས་པ་དེས་ཐ་སྙད་པའི་གང་ཟག་དེར་མི་གནོད་པ་དང་། ལས་འབྲས་ཀྱི་རྟེན་གཞིར་གྱུར་པའི་ཐ་སྙད་དུ་ཡོད་པའི་གང་ཟག་དེ་གནོད་མེད་དུ་བཞག་ཐུབ་པ། དེ་བཞག་པའི་སྐབས་སུ་རིགས་པས་བཙལ་ནས་འཇོག་མི་དགོས་པར་འཇིག་རྟེན་གྲགས་པ་ཙམ་གྱིས་བཞག་པ་དང། མིང་དང་ཐ་སྙད་ཙམ་གྱིས་བཞག་པ་ཡིན་པ་བཅས་ཀྱི་གནས་ཚུལ་གསལ་པོ་ཤེས་དགོས་པ་གལ་ཆེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེར་སྟོང་ཕྱོགས་དང་སྣང་ཕྱོགས་གཉིས་ནས་སྣང་ཕྱོགས་ལ་གཙིགས་སུ་བྱེད་དགོས་ཞེས་གསུངས་པ་ལྟར། སྣང་ཕྱོགས་ལ་གཙིགས་སུ་མ་བྱེད་ན་དགག་བྱ་འགོག་པའི་རིགས་པ་དེ་དག་ནུས་པ་ཆེན་པོ་ཡིན་པར་བརྟེན། ཆོས་ཅན་ཡང་འགོག་པའི་ཉེན་ཁ་དེ་ག་དུས་ཡིན་ཡང་ཡོད་མུས་རེད། དེས་ན་ཐོག་མར་དགག་བྱ་ངོས་འཛིན་ཚུལ་ཡག་པོ་བསམ་དགོས་པ་དང། དགག་བྱ་ངོས་ཟིན་མཚམས་དགག་བྱ་འགོག་པའི་སྐབས་སུ་ཆོས་ཅན་མི་འགོག་པ་དགོས་པ་གལ་ཆེ། དེ་ལྟར་ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་བཞིན་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་མི་འདུག་སྙམ་པའི་སྟོང་ཆམ་མེ་ཞིག་མཐོང་བའི་སྐབས་སུ་དེའི་སྟེང་དུ་སེམས་ཕྲན་བུ་བཞག་ནས་འཇོག་སྒོམ་བྱེད་པ་བཅས་ནི་ཤེས་རབ་ཀྱི་ཕར་ཕྱིན་སྐོར་ལ་ཤར་སྒོམ་བྱེད་ཚུལ་རེད།
སྤྱིར་བཏང་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་སྐབས་སུ་ཕར་ཕྱིན་རེ་རེའི་ནང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ནི་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཉམས་ལེན་གྱི་གནད་ཅིག་རེད། དཔེར་ན། སྦྱིན་པའི་ཕར་ཕྱིན་ལྟ་བུར་མཚོན་ན། སྦྱིན་པའི་ངོ་བོ་དང་། གཞན་ལ་སྦྱིན་པའི་ཕན་ཡོན་བཤད་པ་སོགས་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་དང་། སྦྱིན་འོས་པ་དང་སྦྱིན་མི་འོས་པའི་དངོས་པོ་གང་ཡིན་པ་དང་། སྦྱིན་ཡུལ་ཚད་དང་ལྡན་པ་དང་ཚད་དང་མ་ལྡན་པ་གང་ཡིན་པ་རྣམས་དབྱེ་བ་ཕྱེ་སྟེ་ཚུལ་དང་མཐུན་པར་འགྲོ་བ་དེ་སྦྱིན་པའི་ཉམས་ལེན་གྱི་ཆ་ཤས་སུ་གྱུར་པའི་ཚུལ་ཁྲིམས་ཀྱི་ཉམས་ལེན། སྦྱིན་པའི་ཡུལ་གྱིས་རང་ལ་གནོད་པ་སོགས་བྱས་ཚེ་དེ་ལ་ཇི་མི་སྙམ་པ་ནི་སྦྱིན་པའི་ཉམས་ལེན་གྱི་ཆ་ཤས་སུ་གྱུར་པའི་བཟོད་པའི་ཉམས་ལེན། སྦྱིན་པའི་བྱ་བ་ལ་ནམ་ཡང་སྤྲོ་བ་མི་ལྷོད་པ་དེ་སྦྱིན་པའི་ཉམས་ལེན་གྱི་ཆ་ཤས་སུ་གྱུར་པའི་བརྩོན་འགྲུས་ཀྱི་ཉམས་ལེན། སྦྱིན་བྱའི་དངོས་པོ་དེ་དག་བསམ་གཏན་གྱི་ཐོག་ནས་མཐོང་ཐུབ་པའམ། སྦྱིན་པའི་དོན་བསམ་གཏན་གྱི་བློའི་འཇོག་སྒོམ་ལྟ་བུ་བྱེད་པ་ནི་སྦྱིན་པའི་ཉམས་ལེན་གྱི་ཆ་ཤས་སུ་གྱུར་པའི་བསམ་གཏན་གྱི་ཉམས་ལེན། སྦྱིན་པ་སྦྱིན་བྱ་སྦྱིན་ཡུལ་སོགས་རང་བཞིན་གྱིས་མ་གྲུབ་པ་འཁོར་གསུམ་མི་དམིགས་པར་རྟོག་པ་ནི་སྦྱིན་པའི་ཉམས་ལེན་གྱི་ཆ་ཤས་སུ་གྱུར་པའི་ཤེས་རབ་ཀྱི་ཉམས་ལེན་ཡིན། དེས་རིགས་བསྒྲེས་ཏེ་ཕར་ཕྱིན་གཞན་ལྔ་པོར་སྦྱར་ནས་ཤར་སྒོམ་མདོར་བསྡུས་རེ་བྱེད་ཐུབ་ན་དོན་དང་ལྡན་པ་ཡོང་བའི་རེ་བ་ཡོད།
དེ་ནས་གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་ནི། སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་གྱི་དོན་བྱེད་པའི་ཚུལ་དེ་བསྡོམས་ན། བསྟོད་པ་སུམ་ཅུ་པ་ལས། མཁོ་བ་སྦྱིན་དང་སྙམ་པར་སྨྲ་བ་དང་།། འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།། ཅེས་གསུངས་པ་ལྟར། མཁོ་བ་སྦྱིན་པ་དང་། སྙན་པར་སྨྲ་བ། འཇིག་རྟེན་གྱི་དོན་མཐུན་པ། འཇིག་རྟེན་གྱི་དོན་ལ་སྤྱོད་པ་བཅས་བཞི་རེད། གཞན་རྗེས་སུ་གཟུང་བའི་ཕྱིར་མཁོ་བ་སྦྱིན་པ་དེ་དང་པོ་རེད། དེ་ནི་ཟང་ཟིང་གི་རྒྱུ་དངོས་པོ་སྦྱིན་པ་ཙམ་ལ་ངེས་པར་དུ་གོ་མི་དགོས། དེའི་ནང་མི་འཇིགས་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་སོགས་ཀྱང་འདུ། མཁོ་བ་ཞེས་པ་ནི་སྦྱིན་པའི་དངོས་པོའམ་རྫས་དེ་སྦྱིན་ཡུལ་གྱི་གང་ཟག་དེར་དགོས་མཁོ་ཡོད་པ་ཞིག་དགོས། དགོས་མཁོ་མེད་ཀྱང་དགོས་མཁོ་ཡོད་པ་ལྟར་སྣང་བ་དང་། དགོས་མཁོ་མེད་པ་ཞིག་སྦྱིན་པ་བཏང་ན་སྦྱིན་པ་གོ་ལོག་རེད། གཞན་ལ་དངོས་པོའི་སྦྱིན་པ་བཏང་བ་ཐམས་ཅད་མཁོ་བ་སྦྱིན་པའི་གྲས་སུ་ཚུད་པའི་ངེས་པ་མེད། ལྷག་པར་དུ་དེང་རབས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ནང་མཁོ་མི་མཁོ་ལྟ་བའི་གནས་སྟངས་ཕལ་ཆེར་ཉམས་ཟིན། སངས་རྒྱས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་གསུངས་པ་དེ་བག་མེད་ལོངས་སྤྱོད་ཀྱི་འགྲོ་སྟངས་དེ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པའི་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་པར་གཟིགས་ཏེ་ནན་པོས་གསུངས་པ་ཞིག་རེད། གང་ལྟར་མཁོ་བ་སྦྱིན་པ་ནི་ཆོས་དང་ཟང་ཟིང་ཤེས་ཡོན་སོགས་གང་ཡིན་ཡང་རུང། དཔེར་ན་ཤེས་ཡོན་ལྟ་བུར་མཚོན་ན། མཁོ་བའི་ཤེས་ཡོན་ཞིག་བསླབ་དགོས་པ་རེད་མ་གཏོགས། གཞན་ལ་འཚེ་བ་བྱེད་སྟངས་དང་། དམག་རྒྱག་ཚུལ། གཡོ་སྒྱུ་བྱེད་སྟངས་སོགས་མི་མཁོ་བ་ཡིན་པས་བསླབ་ཏུ་མི་རུང་བ་རེད། ཟས་ལྟ་བུ་ལ་མཚོན་ན། ལུས་ལ་འཕྲོད་པ་དང་གྲོད་ཁོག་འགྲངས་པ་ཙམ་ནི་མཁོ་བ་རེད། དེ་མིན་ཧ་ཅང་རྒྱས་སྤྲོས་རིགས་ནི་འདོད་རྔམས་ལས་མཁོ་བ་མིན། དེས་ན་མཁོ་ངེས་ཅན་ཡིན་མིན་ཞིབ་འཇུག་ཚད་ལྡན་བྱེད་དགོས། སྙན་པར་སྨྲ་བ་ནི་གཙོ་བོ་ཆོས་སྟོན་པའི་སྐབས་རེད། དེ་ནི་ཁ་སྙན་པོ་དང་མཛེས་པོ་བྱོས་ཞེས་ཟེར་གྱི་མེད། དེ་ལ་ཚིག་རྩུབ་དང་ངག་འཆལ་སོགས་ངག་གི་ཉེས་པ་དང་བྲལ་བ་དགོས་པ་ནི་ཞུ་མ་དགོས། ཆོས་སྟོན་པའི་སྐབས་སུ་ཆོས་སྟོན་པའི་ངག་དེ་གདུལ་བྱའི་བློ་ལ་འཇུག་པོ་དང་གོ་བདེ་པོ། གདུལ་བྱ་སོ་སོའི་བློ་དང་འཚམས་པ་ལས་མི་གོ་བ་མ་ཡིན་པ་དང་དཀའ་ལས་ཁག་པོ་མ་ཡིན་པ་བཅས་ལ་སྙན་པར་སྨྲ་བ་ཟེར། འཇིག་རྟེན་དོན་མཐུན་ནི་ཆོས་དང་བསླབ་བྱ་སོགས་སྟོན་པའི་སྐབས་སུ་འོས་པ་འདི་དང་མ་འོས་པ་འདི་རེད། བླང་དོར་གྱི་གནས་འདི་རེད་ཅེས་གང་གསུངས་ནའང་དེ་དག་རང་གི་སྤྱོད་ལམ་གྱི་ནང་དུ་ཉམས་སུ་ལེན་གྱི་ཡོད་པ་ཞིག་དགོས། དེ་མིན་སོ་སོ་བག་མེད་ལོངས་སྤྱོད་བྱེད་མཁན་ཞིག་གིས་མི་ལ་འདོད་ཆུང་ཆོག་ཤེས་བྱེད་དགོས་ཞེས་བཤད་ན་ཕན་ཐོགས་གང་ཡང་མེད། དེ་ལ་གཞན་གྱིས་བརྩི་འཇོག་མི་བྱེད་པས་ནུས་པའང་མི་ཐོན་པ་རེད། དེས་ན་གཞན་ལ་གང་སློབ་སྟོན་བྱས་པ་དེ་རང་གིས་ཉམས་སུ་ལེན་བཞིན་པ་ཞིག་ལ་དོན་མཐུན་པ་ཟེར། དོན་སྤྱོད་པ་ནི་མ་སྨིན་པ་སྨིན་པར་བྱེད་པ་དང་། སྨིན་པ་གྲོལ་བར་བྱེད་པ་སོགས་གང་ལ་གང་འཚམས་པ་དེ་སྟོན་དགོས། དཔེར་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པར་བློ་འཚམས་པ་ཞིག་ལ་ལམ་གྱི་རིམ་པ་བསྟན་ཏེ་རྩོལ་བཅས་རྩོལ་མེད་ཀྱི་མྱོང་བ་ཐོན་ན། དེར་མཚམས་མ་བཞག་པར་རིམ་བཞིན་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ལམ་གྱི་རིམ་པར་འཁྲིད་པ་དང་། དེ་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པར་མྱོང་བ་ཐོན་ན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་འཁྲིད་པ་སོགས་གདུལ་བྱའི་བློ་ཇི་ཙམ་འཕེལ་བ་དེའི་ཚོད་ཀྱིས་ཡར་ནས་ཡར་འཁྲིད་པར་བྱེད་པ་ལ་དོན་སྤྱོད་པ་ཟེར། རང་གིས་ཉམས་སུ་བླངས་པའི་ཆོས་རྣམས་གདུལ་བྱ་སོ་སོའི་དགོས་མཁོ་དང་འཚམས་པར་ངོ་སྤྲོད་པ་དང་། དེ་བཞིན་ཆོས་སྒྲུབ་པའི་མཐུན་རྐྱེན་ཡང་གང་མཁོ་བ་རྣམས་སྦྱིན་པའི་འབད་བརྩོན་བྱེད་པ། ཆོས་སྟོན་སྐབས་སྨྲ་བརྗོད་འཇམ་པོའི་སྟེེང་ནས་གཞན་གྱི་སེམས་འགུགས་ཤིང་ཉན་སྤྲོ་བར་སྨྲ་བ། གང་སྨྲས་པ་རྣམས་རང་གིས་ཉམས་སུ་ལེན་བཞིན་པ་ཞིག་དགོས་པས་དོན་མཐུན་པ། གཞན་རྒྱུད་གོང་ནས་གོང་དུ་འཕེལ་བར་རྒྱུན་དུ་རྟོག་ཞིབ་བྱས་ཏེ་གདུལ་བྱའི་རྒྱུད་སྨིན་ཐབས་དང་། ལམ་ཉམས་སུ་ལེན་པ་ལ་རང་མགོ་ཐོན་པ་ཞིག་མ་བྱུང་གི་བར་དུ་རྗེས་སུ་བཟུང་ནས་རོགས་རམ་བྱེད་པ་ལ་དོན་སྤྱོད་པ་ཟེར། དེ་ལྟར་བསྡུ་བའི་དངོས་པོ་བཞི་ལ་ཤར་སྒོམ་གནང་དགོས།
མཐའ་མ་གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་ཚུལ་ནི། ཆོས་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པར་བསླབས་པའི་རྗེས་སུ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ནས་སྔགས་ལ་འཇུག་པའི་སྣོད་དུ་རུང་བ་གྱུར་ན་སྔགས་ལ་ཞུགས་དགོས་པ་དེ་གལ་ཆེན་པོ་རེད། རྟོགས་བརྗོད་འདུན་ལེགས་མ་ལས། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག།།ཅེས་གསུངས་པ་ལྟར། སྔགས་ཀྱི་ཆོས་དེ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་མ་དར་བ་རེད། བསྐལ་པ་བཟང་པོ་འདིའི་ནང་སངས་རྒྱས་སྟོང་ཕྲག་གཅིག་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རུང་། སྔགས་ཀྱི་བསྟན་པ་ཡོད་པའི་སངས་རྒྱས་གསུམ་ལས་མེད། དེ་ནི་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་དང་། རྣམ་འདྲེན་བཅུ་གཅིག་པ་སྤྱན་ལེགས། རྣམ་འདྲེན་མཐའ་མ་མོས་པ་སྣང་མཛད་བཅས་རེད། ད་ལྟ་ང་ཚོ་སྔགས་ཀྱི་བསྟན་པ་དར་ས་ཞིག་ཏུ་སྐྱེ་བ་བླངས་པར་བརྟེན། བག་ཆགས་ཚུན་ཆད་ཅིག་འཇོག་པའི་འབད་བརྩོན་མ་བྱས་ན་ཧ་ཅང་ཕངས་པོ་རེད།
སྔགས་ཀྱི་ལམ་དུ་ཞུགས་པར་ལམ་ཐུན་མོང་པའི་རྒྱུད་སྦྱང་དགོས་པ་དེ་མེད་དུ་མི་རུང་བ་རེད། ལམ་ཐུན་མོང་བའི་རྒྱུད་སྦྱང་བ་ནི་གོང་དུ་ཞུས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བློ་སྦྱངས་ནས་བློ་འབྱོངས་པའམ་བློ་ཚད་ལྡན་ཞིག་ཆགས་པ་ལ་ཟེར། ཡོན་ཏན་གཞིར་གྱུར་མ་ལས། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན།། ཞེས་གསུངས་པ་ལྟར་རེད། ལམ་ཐུན་མོང་བ་དེ་བསྡུས་ན། སྐྱེས་བུ་གསུམ་མམ། ཡང་ན་ངེས་འབྱུང། བྱང་སེམས། ཡང་དག་པའི་ལྟ་བ་བཅས་སུ་འདུ་བ་ཡིན། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྩོན་འགྲུས་ཕར་ཕྱིན་གྱི་ཉམས་ལེན་ལྟ་བུ་ལ་སློབ་པའི་སྐབས་སུ་བསྐལ་བ་གྲངས་མེད་གསུམ་ཙམ་མིན་པར། བསྐལ་པ་གྲངས་མེད་ནས་གྲངས་མེད་བར་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་བྱུང་ནའང་སྒྲུབ་ཀྱི་ཡིན་བསམ་པའི་གོ་ཆའི་བརྩོན་འགྲུས་ཀྱི་ཉམས་ལེན་དེ་བསྟེན་གྱི་ཡོད། རང་གི་ངོས་ནས་དེ་ལྟའི་རྒྱུན་རིང་པོའི་བར་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་ནུས་པ་དང་སྤྲོ་བ་ཡོད་ནའང་། དེའི་རིང་རང་ཉིད་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བར་མ་བཟོད་པར་བརྟེན། སངས་རྒྱས་ཀྱི་གོ་འཕང་མགྱོགས་པོ་འཐོབ་དགོས་པའི་འདུན་པ་ཤུགས་དྲག་བསྐྱེད་པ་རེད། དེ་ནི་སོ་སོ་དཀའ་ལས་ཆུང་བ་དང་སྟབས་བདེ་བའི་ཆེད་མིན། གང་ལྟར་ཕར་ཕྱིན་ཐེག་པ་ནས་བཤད་པའི་སྙིང་རྗེ་ཆེན་པོ་ལས་ཀྱང་སྟོབས་ཤུགས་ཆེ་བའི་སྙིང་རྗེ་ཆེན་པོ་ཞིག་བསྐྱེད་དེ། སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་ཚུལ་ལ་བལྟས་ན་བསྐལ་པ་གྲངས་མེད་མང་པོར་སྒུག་ཐུབ་པ་མི་འདུག མགྱོགས་ནས་མྱུར་དུ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དགོས་འདུག་བསམ་པ་རེད། དེ་ཡང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ན་མ་གཏོགས་ལམ་གཞན་མེད་པར་བརྟེན། སྔགས་ཀྱི་ལམ་ལ་ཞུགས་ཀྱི་ཡིན་བསམ་པའི་སེམས་བསྐྱེད་ཁྱད་པར་བ་དེ་བསྐྱེད་པ་རེད། དེ་ནི་སྔགས་ལམ་དུ་ཞུགས་པར་སྔོན་འགྲོའི་སེམས་བསྐྱེད་མེད་དུ་རུང་བ་དེ་རེད། དེ་ལྟ་བུའི་སེམས་བསྐྱེད་ཁྱད་པར་བ་རྒྱུད་ལ་སྐྱེས་ན། སྔགས་ལམ་དུ་ཞུགས་པའི་སྣོད་རུང་ཆགས་པ་རེད།
སྔགས་ལམ་དུ་འཇུག་པའི་རིམ་པ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་ནས་དབང་བཞི་རྣམ་པར་དག་པ་ཐོབ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་སྲུང། ཡི་དམ་གྱི་ལྷ་ཡི་བསྙེན་སྒྲུབ་དང་བཟླས་བརྗོད་སོགས་གཞུང་ནས་གསུངས་པ་བཞིན་ཆ་ཚང་སྒྲུབ། དེ་ནས་སོ་སོའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་བྱེད་པ་ནི་སྔགས་ལམ་དུ་འཇུག་པའི་ཚུལ་རེད།
སྔགས་ཞེས་པ་དེ་གསང་ནས་སྒྲུབ་དགོས་པ་ཡིན་ཙང་གསང་སྔགས་ཞེས་བརྗོད། དེ་ལ་ཡིད་སྐྱོབ་ཀྱང་བརྗོད། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་ལ་མི་འདྲ་བའི་ཁྱད་པར་གཙོ་བོ་ནི། ཕར་ཕྱིན་ཐེག་པའི་ནང་སངས་རྒྱས་ཀྱི་སའི་འབྲས་བུ་ཡེ་ཤེས་ཆོས་ཀྱི་སྐུའམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་རགས་པ་ཙམ་ཞིག་གསུངས་ཀྱང་། གཟུགས་སྐུ་འགྲུབ་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་དེ་གསུངས་མེད། དེས་ན་སྔགས་ཀྱི་ཟབ་ཁྱད་དེ་ལུས་ལ་གནད་དུ་བསྣུན་པ་སྟེ་མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་ལ་ཡོད་པའི་རྩ་དང་རླུང་དང་ཐིག་ལེ་སོགས་བེད་སྤྱོད་བཏང་ནས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་རྣམས་དུས་ཡུན་ཐུང་ངུ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་གི་ནང་དུ་བསགས་ཐུབ་པ་རེད། དེ་ལྟ་བུ་བསགས་ཐུབ་པའི་ཐབས་ཤེས་ཀྱི་འཕྲུལ་དེ་གང་ལ་བརྟེན་ནས་རེད་ཅེ་ན། ལྷ་ཡི་རྣལ་འབྱོར་ལ་བརྟེན་ནས་རེད། དེ་ཡང་འབྲས་བུ་སངས་རྒྱས་ཀྱི་སའི་དག་པ་བཞི་ད་ལྟ་ནས་རྗེས་སུ་མཐུན་པ་བྱས་ཏེ་འབྲས་བུ་ལམ་བྱེད་ཀྱི་ཚུལ་ཉམས་སུ་ལེན་པ་དེའི་དབང་གིས་རེད། སྔགས་ཀྱི་སྐོར་ལ་རྒྱུས་ཡོད་པ་དང་ཁྲིད་སོགས་ཐོབ་མཁན་ཚོས་ཐོག་མར་ལྷ་ཡི་རྣལ་འབྱོར་མདོར་བསྡུས་ཤིག་བྱས་རྗེས་རྫོགས་རིམ་རིམ་པ་གང་ཡང་རུང་བ་ཞིག་ཤར་སྒོམ་ཕྲན་བུ་བྱེད་ན་འགྲིག་གི་རེད། དུས་ཚོད་ཐུང་ངུའི་ནང་དེའི་ཤར་སྒོམ་བྱེད་སྟངས་ཞུ་ཁག་པོ་རེད། ཡིན་ཡང་སྔགས་ཀྱི་ས་བཅད་མ་སྟོང་ཙམ་ཞུ་ན། ཤེས་རབ་ཕར་ཕྱིན་ཉམས་ལེན་གྱི་སྐོར་ཤར་སྒོམ་བྱས་རྗེས་རང་གི་རྒྱུད་ལ་ཉུང་མཐར་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ལ་རྩོལ་བཅས་ཀྱི་མྱོང་བ་ཡོད་པའི་ཐོག་ཏུ་སྙིང་རྗེ་ཆེན་པོ་དམིགས་བསལ་བ་ཞིག་བསྐྱེད། ཚད་དང་ལྡན་པའི་བླ་མའི་དྲུང་ནས་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ་དབང་ཞུས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་སྡོམ་པ་རྣམས་ཚུལ་བཞིན་སྲུང། དེ་ནས་བསྐྱེད་རིམ་དང་རྫོགས་རིམ་གྱི་ཉམས་ལེན་རྣམས་ཚུལ་བཞིན་བྱེད་ཀྱི་ཡིན་བསམ་པའམ་བྱེད་ནུས་པར་ཤོག་ཅེས་སྨོན་ལམ་ཙམ་བཏབ་ནའང། སྔགས་ཀྱི་ས་བཅད་མ་སྟོང་ཙམ་ཆགས་རྒྱུ་རེད།
སྔགས་ཀྱི་དོན་ཕྲན་བུའི་ཤེས་མཁན་ཡིན་ན། ཐོག་མར་བསྐྱེད་རིམ་གྱི་ཤར་སྒོམ་གྱི་ཚུལ་དུ་སྐད་ཅིག་དཀྲོང་སྐྱེད་ཀྱི་སྒོ་ནས་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བ་ཞིག་བྱས་ནའང་འགྲིགས། དེ་རྗེས་རྫོགས་རིམ་གྱི་ཤར་སྒོམ་ལས་དང་པོ་བར་དཀའ་ལས་ཁག་པོ་རེད། དེས་ན་ཐོག་མ་བསྐྱེད་རིམ་གྱི་ཤར་སྒོམ་མདོར་བསྡུས་དང་། ལམ་འཁྱེར་གསུམ་གྱི་ཐོག་མ་སྟོང་པར་སྦྱངས་པའི་སྐབས་སུ་འཆི་བ་ཆོས་སྐུའི་ལམ་འཁྱེར། སྟོང་པའི་ངང་ལས་ས་བོན་ལ་སོགས་པ་བསྐྱེད་པའི་སྐབས་སུ་བར་དོ་ལོངས་སྐུའི་ལམ་འཁྱེར། དེ་ནས་ལྷའི་ཞལ་ཕྱག་ཡོངས་རྫོགས་བསྐྱེད་པའི་སྐབས་སུ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བཅས་སྒོམ། དེ་རྗེས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཉམས་ལེན་ལ་བརྟེན་ནས་རྫོགས་རིམ་གྱི་རྟོགས་པ་རྣམས་སྐྱེ་བར་ཤོག་སྙམ་པའི་སྨོན་པ་བྱེད་ན་སྔགས་ཀྱི་ས་བཅད་དེ་མ་སྟོང་ཙམ་ཡོང་རྒྱུ་རེད།
དེ་ལྟར་ཐུན་གཅིག་ལ་མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་བ་བློའི་ནང་དུ་ཤར་ཙམ་བྱས་ཏེ་ཤར་སྒོམ་བྱེད་ཐུབ་པ་ཡིན་ན། ལམ་རིམ་ཉམས་མགུར་ལས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།། ཞེས་གསུངས་པ་ལྟར་གསུང་རབ་ཐམས་ཅད་ཀྱི་དོན་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་བསོད་ནམས་ཐོབ་པ་དང་། རང་གི་རྒྱུད་ལ་ལམ་གྱི་རྟོགས་པ་དོན་དང་ལྡན་པ་ཞིག་སྐྱེ་བའི་རེ་བ་ཡོད། གལ་ཏེ་ཚེ་འདིར་མ་སྐྱེས་ཀྱང་སྐྱེ་བ་ཕྱི་མར་ལམ་དེ་དང་མྱུར་དུ་ཕྲད་ནས་གོང་ནས་གོང་དུ་འགྲོ་ཐུབ་པའི་རེ་བ་ཡོད་རེད།
ཤར་སྒོམ་དེ་ལྟ་བུ་ཞིག་བྱེད་པའི་སྐབས་སུ་དཔེ་ཆ་ཞིག་དང་བསྟུན་ན་སྟབས་བདེ་བ་ཡོད། དཔེར་ན། བླ་མ་མཆོད་པའི་ཞིང་མཆོག་དམ་པ་ལྟ་བུ་དང་། སྦྱོར་ཆོས་ནང་གསུངས་པའི་ཡོན་ཏན་གཞི་གྱུར་མ་ལྟ་བུ། དེ་ལས་རྒྱས་ཙམ་ལམ་རིམ་ཉམས་མགུར་ལྟ་བུ་སོགས་གང་རུང་གི་ས་བཅད་ལ་བརྟེན་ན་སླ་བ་ཡོད། དེ་ཡང་ཉི་མ་ནས་ཉི་མ་དང་། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་དེ་ཕྱིན་ན་ག་ལེར་སེམས་ལ་འགྱུར་བ་འགྲོ་ཞིང་། དེ་ནས་གང་མཚམས་ནས་ལམ་གྱི་རིམ་པ་རྒྱས་པ་ལ་བསྒོམ་རྒྱུའི་སྤྲོ་སྣང་ཡོང་རྒྱུ་རེད། གལ་ཏེ་ལམ་རིམ་རྒྱས་པ་བསྒོམ་རྒྱུ་མ་བྱུང་ཡང་། ལམ་གྱི་རིམ་པ་ཡོངས་སུ་རྫོགས་པའི་ཤར་སྒོམ་ཙམ་བྱེད་ཐུབ་ནའང་། དེའི་དབང་གིས་ཉོན་མོངས་མངོན་གྱུར་བ་མང་པོ་གནས་སྐབས་མགོ་ནོན་ཐུབ་པ་དང་། བླང་དོར་གྱི་བྱ་བ་མང་པོར་ལམ་སྟོན་ཐོབ་ཐུབ་པའི་ཁྱད་པར་ཡོད། དེས་ན་སྔགས་བགྲང་བ་དང་ཁ་བཏོན་འདོན་པ་སོགས་མང་པོ་ཞིག་བྱེད་པ་ལས། བསམ་བློ་དེ་ཤར་སྒོམ་ཐོག་གཏོང་ཐུབ་ན་ས་ཆོད་ཆེ་བ་དང་། དགེ་བ་ཆེ་བ་ཡོང་རྒྱུ་རེད། ཅེས་གསུངས།། །།
(འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་ཡམས་ཀྱིས་ཆེས་ཆེར་གཙེས་པའི་སྐབས་སུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ ༢༠༢༠ ཕྱི་ཟླ་ ༡༠ ཚེས་ ༢༤ ནས་ཕྱི་ཟླ་ ༡༡ ཚེས་ ༢ བར་གོ་སྐབས་ནམ་ཐོབ་ལ་ཚོུད་ཕྱེད་ཙམ་རེ་བྱང་ཆུབ་ལམ་གྱི་རིམ་པ་ལ་ཤར་སྒོམ་བྱེད་ཚུལ་སྐོར་དྲྭ་ཐོག་ཏུ་གསུངས་པ་དེ་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)