བོད་མི་མང་སྤྱི་འཐུས་ཀྱི་ཐུགས་རྗེ་ཆེ་ཞུའི་གྲོས་འཆར།

༄༅། །ལྷ་བཅས་སྲིད་ཞིའི་རྣམ་འདྲེན། ས་སྟེང་ྋརྒྱལ་བསྟན་ཡོངས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ཁ་བ་རི་པའི་ལྷ་སྐལ་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གུས་པ་སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་དམ་འབུལ་ཟིན་ནས་ལྷན་ཚོགས་ཚོགས་ཐེངས་དང་པོར་ྋཞབས་སོར་འཁོད་དེ།

བཀའ་སློབ་ཟབ་རྒྱས་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་བསྡུར་དང༌། གཏན་འབེབས་ཞུ་རྒྱུར་གསོལ་བསྩལ་བཀའ་དྲིན་ཆེ་བ་འདི་ལ་གུས་སྤྱི་འཐུས་ཡོངས་རྫོགས་དང༌། གུས་པ་རྣམས་བརྒྱུད་གཞིས་བྱེས་བོད་མི་ཡོངས་རྫོགས། འབྱུང་འགྱུར་བོད་ཀྱི་མི་རབས་དང་བཅས་པའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུའི་གྲོས་འཆར་ཞིག་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་གྱི་གྲོས་འཆར་དང་པོའི་ཚུལ་དུ་འདོན་གྱི་ཡིན།

དེ་རིང་གི་ཉི་མ་འདི་བོད་ཀྱི་ལོ་རྒྱུས་ནང་ཧ་ཅང་གལ་གནད་ཆེ་བའི་ཉི་མ་ཞིག་རེད། དེ་ང་ཚོ་སྤྱི་འཐུས་འགའ་ཤས་ཀྱི་དམ་བཅའ་ཕུལ་བའི་ཉི་མ་ཡིན་ཙང་གལ་ཆེན་པོ་རེད་ཞུ་གི་མེད། དེ་ལས་གཞན་དུ་དེ་རིང་གི་ཉིན་མོ་འདི་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་ཆེན་པོ་ཞིག་དངོས་སུ་འགྲོ་གི་ཡོད་པའི་ཉི་མ་ཞིག་ཡིན་ཙང༌། འཕྲལ་སེལ་གྱི་ལས་དོན་ཙམ་ལ་གྲོས་མོལ་དང་རྒྱབ་གཉེར་ཞུ་མཁན་གྱི་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་མཚན་ཉིད་པ་ཞིག་ལ་གྱུར་པའི་ཉིན་མོ་ཡིན་ཙང༌། སྤྱི་འཐུས་དང་བཀའ་བློན་ལྟ་བུ་གང་ཟག་གིས་དབང་བསྒྱུར་བྱས་པའི་དུས་རབས་ནས་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བྱེད་པའི་དུས་རབས་སུ་འཕོ་འགྱུར་འགྲོ་བའི་ཉི་མ་ཞིག་ཡིན་ཙང༌། དེ་རིང་གི་ཉི་མ་འདི་བོད་ཀྱི་ལོ་རྒྱུས་ནང་ད་ཕན་བྱུང་མ་མྱོང་བ་ཞིག་དང༌། ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲའི་གལ་གནད་ཆེ་བའི་ཉི་མ་འདི་ཤར་ཐུབ་པ་དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཉིད་རང་གི་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ངོ་ཤེས་པ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་རྒྱ་མིའི་བཙན་འོག་ཏུ་སྡུག་བསྔལ་ཉིན་མཚན་མི་འཁྱོལ་བའི་འོག་ལུས་བསྡད་པའི་གཞིས་ལུས་བོད་མི་ཡོངས་ལ་བརྩེ་གདུང་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་དང༌། དེ་དང་ཕྱོགས་མཚུངས་བཙན་བྱོལ་བོད་མི་ཡོངས་ལའང་མཛའ་བརྩེའི་འཚམས་འདྲི་ཞུ་གི་ཡིན། བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བྱེད་མཁན་གྱི་རྒྱལ་གཅེས་སྐྱེས་བུ་སྤྱི་དང༌། ད་ལམ་དམིགས་བསལ་ཉེ་ཆར་བདུན་ཕྲག་སྔོན་མའི་ནང་ལྷ་སར་ངོ་རྒོལ་གྱེན་ལངས་གནང་མཁན་ཚོ་དང་བཅས་པར་རྗེས་དྲན་དང༌། གུས་འདུད་ཞུ་གི་ཡོད།

ང་ཚོའི་དེ་རིང་གི་རླབས་ཆེན་གྱི་ལས་དོན་འདིའང་རང་གི་ཡུལ་དུ་མ་ཡིན་པར་ང་ཚོར་སྐྱབས་བཅོལ་གནང་མཁན་གྱི་རྒྱལ་ཁབ་རྒྱ་གར་གྱི་ཡུལ་དུ་བྱེད་ཀྱི་ཡོད་པ་རེད། འདས་པའི་ལོ་ངོ་སུམ་ཅུ་བརྒལ་བའི་རིང་མཛའ་བརྩེའི་སྒོ་ནས་ང་ཚོར་མཐུན་འགྱུར་ཕན་གྲོགས་བྱེད་མཁན་མ་འོངས་བོད་དོན་བདེན་མཐའ་གསལ་རྗེས་སུའང་ཁྱིམ་མཚེས་སུ་གནས་རྒྱུའི་རྒྱ་གར་གྱི་མང་ཚོགས་ལའང་ད་རེས་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང༌། མཛའ་བརྩེའི་འཚམས་འདྲི་ཞུ་གི་ཡིན། ང་རང་གི་ཚོད་དཔག་ལྟར་བྱས་ན་རྒྱ་གར་གྱི་མང་ཚོགས་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ལས་མི་ཉུང་བ་ཞིག་བོད་དོན་ལ་དངོས་ཤུགས་བརྒྱུད་པ་གང་རུང་ནས་རྒྱབ་སྐྱོར་དང་སེམས་ཁུར་བརྩེ་གདུང་ཡོད་མཁན་གྲས་རེད། དེ་བཞིན་རྒྱལ་སྤྱིའི་ནང་བོད་མིར་བརྩེ་གདུང་གི་སེམས་ཁུར་མཉམ་བསྐྱེད་བྱེད་མཁན་མི་མང་ཡོངས་རྫོགས་ལ་འཚམས་འདྲི་དང་རྗེས་དྲན་ཞུ་གི་ཡིན།

རྒྱ་ཆེ་མང་ཚོགས་ནས་ང་ཚོར་ཡིད་ཆེས་གནང་སྟེ་སྤྱི་འཐུས་སུ་འོས་འདེམས་བྱས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ང་ཚོར་ཐུགས་བློས་བཀལ་ཏེ། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ཙམ་དུ་མ་ཟད། བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ཡང་གནང་བ་འདི་ལ་བརྟེན་ནས་ང་ཚོར་བློ་སྤོབས་དང༌། ཡིད་འགུལ་ལྷག་པར་ཆེ་བ་ཞིག་ཐེབས་བྱུང་བ་དང་ཆབས་ཅིག ང་ཚོར་ཁུར་དུ་བབས་པའི་ཆེས་ལྕི་བའི་ལས་འགན་དེའི་སེམས་ཚོར་ཡང་ཡོད་བཞིན་པ་ཡིན། གདུག་རྩུབ་ཆེ་བའི་རྒྱ་དམར་གྱི་བཙན་འོག་ཏུ་ཚུད་པའི་བོད་མི་སྤུན་ཟླ་རྣམས་ཀྱི་སྡུག་བསྔལ་སེལ་ཐབས། བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་སྟོན་བྱེད་རྒྱུ། བོད་ཀྱི་རྩ་དོན་བདེན་མཐའ་གསལ་ཐབས་བཅས་ལས་དོན་ཕྱོགས་གང་འདྲ་ཞིག་ལ་བལྟས་ཀྱང་སོ་སོའི་ཁ་སྟབས་ལ་གཞིགས་ན་འགྲུབ་ཐབས་དཀའ་བ་ཞིག་རེད་དེ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་བཟང་པོ་དེ་ང་ཚོར་ཡོད་པ་སོང་ཙང༌། ལས་དོན་ཕྱོགས་གང་འདྲ་ཞིག་ཡིན་ནའང་སྒྲུབ་ཐུབ་པའི་སྤོབས་པ་དང་ཡིད་ཆེས་ཡོང་གི་འདུག

ད་ལྟའི་དུས་རབས་འདི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཐོག་གལ་གནད་ཆེ་བ་ཞིག་ཡིན་པ་མ་ཟད། བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐོག་ལའང་གལ་གནད་ཆེ་ས་ཞིག་ལ་སླེབས་ཡོད་པ་དེ་ང་ཚོས་ཤེས་ཀྱི་འདུག ྋགོང་ས་ཆེན་པོའི་སྐུ་དྲིན་ལ་བརྟེན་རྒྱལ་སྤྱིའི་མང་ཚོགས་ཀྱི་སེམས་ཤུགས་དང་དངོས་པོའི་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེར་ཕྱིན་པ་དང༌། རྒྱ་ནག་ནང་གི་སྲིད་དོན་གྱི་འགྱུར་བ། གཞིས་ལུས་བོད་མྀའི་སྙིང་སྟོབས་བཅས་གང་ལ་བལྟས་ནའང༌། བོད་དོན་བདེན་མཐའ་གསལ་རྒྱུའི་དུས་ཚོད་དེ་ཉིན་རེ་བཞིན་ཐག་ཉེ་རུ་འགྲོ་གི་ཡོད་པ་དེ་དངོས་མཐོང་རེད། ལྷག་པར་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་ལ་བལྟས་ན། དྲང་བདེན་ཆུང་ལ་རང་འདོད་ཆེ་བའི་འཇིག་རྟེན་འདིའི་ནང་རྒྱལ་ཁབ་མང་པོ་ཞིག་གིས་ངོ་ཚ་མེད་པར་རྒྱ་དམར་དེ་ཁོང་ཚོའི་དཔལ་འབྱོར་གྱི་ཁྲོམ་རྭ་ཆེན་པོ་ཞིག་ཡོང་རེས་འཚང་ཀ་བརྒྱབས་ནས་སྤྲེལ་ལད་བཤད་མཁན་དེ་ཚོར་ལོ་འགའ་ཤས་རྗེས་ལ་རྒྱ་ནག་གི་དཔལ་འབྱོར་བོང་བུ་འདོན་རྒྱུ་ཡིན་པའི་གནས་ཚུལ་ངེས་གཏན་དེ་ཤེས་པའི་ཉིན་མོ་དེར། ཁོང་ཚོའི་ལོག་རྟོག་སངས་ནས་ཡང་བསྐྱར་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་གྱི་གདོང་ལེན་མདུན་བསྐྱོད་པ་ཡིན་མདོག་མདོག་བྱེད་རྒྱུ་ཐག་ཆོད་པ་རེད། དེའི་ཉིན་མོ་དེར་རྒྱ་དམར་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་རང་འཚོ་མ་ཟིན་པ་ཞིག་ཆགས་རྒྱུ་ཉག་གཅིག་རེད་ལ། ཆབ་སྲིད་ཀྱི་འགྱུར་འགྲོས་ད་ལྟ་ང་ཚོའི་ཚོད་དཔག་ལས་བརྒལ་བ་ཞིག་ཡོང་རྒྱུ་གཏན་འཁེལ་རེད། སྐབས་དེར་བོད་པའི་རང་ཐག་དེ་བོད་མིས་གཅོད་དགོས་ཤིག་ཡོང་རྒྱུ་ལ་བརྟེན། དེའི་གྲ་སྒྲིག་ད་ལྟ་ནས་བྱེད་དགོས་ཀྱི་ཡོད་པ་ང་ཚོའི་ཚོར་སྣང་ལ་ཡོད།

བདག་ཉིད་ཆེན་པོ་གྷན་རྡིས་ཕྱི་ལོ་ ༡༩༢༢ ལོར་རྒྱ་གར་རྩ་ཁྲིམས་ཁྲིམས་བཟོ་ཚོགས་པ་འཛུགས་དགོས་འབོད་བསྐུལ་གནང་བའི་སྐབས་ཕྱག་བྲིས་ནང༌། ༼རྒྱ་གར་རང་སྲིད་རང་སྐྱོང་དེ་དབྱིན་ཇིའི་གྲོས་ཚོགས་ནས་རིན་མེད་དུ་གནང་རྒྱུའི་གསོལ་རས་ཤིག་ཆགས་ཐབས་མེད། དེ་ནི་རྒྱ་གར་རང་གི་མང་ཚོགས་ཀྱི་འདུན་པ་དེ་རང་གིས་འོས་འདེམས་བྱས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་གི་བརྒྱུད་ནས་གསལ་བར་བྱེད་པའི་ལམ་ནས་ཡོང་དགོས་རྒྱུ་ཞིག་དང༌། དེ་འདྲའི་གསལ་བར་བྱས་པའི་མང་ཚོགས་ཀྱི་འདུན་པ་དེ་ལ་དབྱིན་ཇིའི་གྲོས་ཚོགས་ནས་ངོས་ལེན་དང་འདྲ་མཉམ་གྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད།༽ཅེས་གསུངས་པ་ལྟར། དངོས་སུ་རྒྱ་གར་གྱི་རང་བཙན་ཡང་ཁོང་གི་གསུང་དོན་ཇི་བཞིན་གྱི་གོ་རིམ་ནས་བྱུང་བ་རེད། བྱས་ཙང་ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཡང་མ་འོངས་བོད་ཀྱི་རང་སྲིད་རང་སྐྱོང་གི་གནས་སྐབས་གལ་ཅན་ཞིག་ལ་དམིགས་ནས་བཟོ་དགོས་བྱུང་བ་མ་གཏོགས་སྐྱབས་བཅོལ་བའི་སྒྲིག་འཛུགས་རྐྱང་པ་ཞིག་གི་ཆེད་ཡིན་ན་གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་དེབ་སྐྱེལ་བྱས་པའི་ཚོགས་པའི་སྒྲིག་འཛུགས་ཤིག་གིས་མི་འཐུས་པ་མེད། བྱས་ཙང་ད་ལན་གྱི་ཁྲིམས་བཟོ་ལྷན་ཚོགས་འདི་བོད་ཀྱི་རྒྱལ་ཁམས་ཡོངས་རྫོགས་ཀྱི་ངོ་བོ་མཚོན་ནུས་པ་ཞིག་དགོས་ཀྱི་ཡང་རེད་ལ། ཡོད་ཀྱང་ཡོད་བསམ་གྱི་ཡོད་ཅིང༌། སྤྱི་འཐུས་ཚང་མ་བསམ་བློ་གསོས་པ་གུ་ཡངས་ཤིག་འཁྱེར་ནས་ཡོང་ཁུལ་ཡིན། ད་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་དྲིན་བསྩལ་བའི་བཅའ་ཁྲིམས་འཆར་ཟིན་འདིའི་ནང་འཚེ་མེད་ཞི་བའི་ལམ་དང༌། སྤྱི་ཚོགས་བདེ་དོན། ཆོས་ལུགས་རིས་མེད་བཅས་འཁོད་པ་དེ་དག་ཧ་ཅང་གཟི་བརྗིད་ཆེ་བའི་ལམ་བཟང་རེད། ད་ལྟ་འཕྲལ་དུ་བོད་མི་ཚང་མས་དེ་ཚོའི་གོ་དོན་ཇི་བཞིན་རྟོགས་ཐུབ་མིན་དང༌། མོས་མཐུན་ཞུ་ཐུབ་མིན་མ་ཤེས་ཀྱང༌། དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་མར་འགྲོ་དུས་སྔ་ཕྱི་ཙམ་མ་གཏོགས་འགྲོ་ལམ་དེ་ལས་གཞན་རྩ་བ་ནས་མེད་པ་དེ། དངོས་ཡོད་ཀྱི་གནས་ཚུལ་འདོད་ཀྱང་རུང་མ་འདོད་ཀྱང་རུང་ངོས་ལེན་བྱེད་དགོས་པ་དེ་རེད། བྱང་ཙང་སྔ་ཕྱི་ཙམ་མ་གཏོགས་མཐའ་དོན་བོད་མི་ཡོངས་རྫོགས་ལམ་སྟོན་དེའི་ཐོག་ཤར་བསྐྱོད་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

བོད་ཀྱི་རྩ་དོན་སྒྲུབ་ཐབས་ལ་ཛ་དྲག་ཆེ་བའི་གལ་གནད་ཆེ་ཤོས་ཀྱི་ཆ་རྐྱེན་ནི་ཆོས་ལུགས་དང༌། ཆོལ་གསུམ་སོགས་ནང་ཁུལ་སྡེ་ཚན་རྣམས་ཀྱི་དབར་ཁ་ཙམ་མ་ཡིན་པའི་སེམས་གཏིང་གི་ཆིག་བསྒྲིལ་བྱ་རྒྱུ་དེ་རེད། དེ་ཡོང་ཐབས་ལ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་དམིགས་བསལ་གྱིས་དོ་ཁུར་དང་འབད་བརྩོན་ཞུ་འདོད་ཡོད་ཅིང༌། དེ་ལ་ྋགོང་ས་མཆོག་གིས་ཀྱང་སྔར་བཞིན་ཐུགས་སྣང་ཆེན་པོའི་ཐོག་ནས་ལམ་སྟོན་དང་དབུ་ཁྲིད་གནང་བའི་གསོལ་འདེབས་ཞུ་གི་ཡིན།

གཞུང་གི་འགན་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས་གཉིས་ནི་མགོ་དཔུང་འབྲལ་ཐབས་མེད་པའི་ཆབ་སྲིད་ཀྱི་ཡན་ལག་གལ་ཆེ་ཤོས་གཉིས་པོ་དེ་རེད། སྤྱི་འཐུས་ཀྱིས་ྋགོང་ས་མཆོག་དང༌། མང་ཚོགས་ལ་འགན་ཁུར་དགོས་པ་དང༌། གཞུང་གི་འགན་འཛིན་གྱིས་སྤྱི་འཐུས་ལ་འགན་ཁུར་དགོས་པ་སོང་ཙང༌། ལས་དོན་མང་པོ་ཞིག་གི་ཐོག་ཕན་ཚུན་ཤད་སྦྱང་མང་པོ་རྒྱག་དགོས་ཡོང་རྒྱུ་ཐག་ཆོད་པ་དེ་རེད། དེ་ལ་ཁ་གཏད་ཀྱི་དགོངས་ཚུལ་མེད་པར་མཉམ་རུབ་དང་མཐུན་འབྲེལ་གྱི་དགོངས་ཚུལ་ཐོག་ནས་འབྲེལ་བ་བཟང་པོ་ཡོང་རྒྱུའི་ཡིད་ཆེས་ཡོད།

མང་གཙོའི་ལམ་སྲོལ་བཟང་པོ་ཡོང་བ་རང་དབང་ཅན་གྱི་གསར་ཤོག་དང༌། དུས་དེབ་སོགས་སུ་སྨྲ་བརྗོད་ཀྱི་རང་དབང་ལ་བེད་སྤྱོད་གནང་སྟངས་ལ་ཧ་ཅང་རག་ལུས་པ་ཡིན་ཙང༌། དེ་འདྲའི་བརྒྱུད་ལམ་པ་ཚང་མས་འཇིགས་སྣང་དང༌། འཛེམས་ཟོན་མེད་པར། ལྷག་བསམ་རྣམ་དག་དང༌། བདེན་པའི་གཞི་རྩ་མ་འཕྱུག་པའི་ཐོག་ནས་བཙན་བྱོལ་གཞུང་དང༌། ཁྱད་པར་སྤྱི་འཐུས་ལྷན་ཁང་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་དང༌། འགྲེལ་བཤད་བསམ་འཆར་ཆད་མེད་ཡོང་བའི་རེ་བ་ཞུ་གི་ཡོད།

ད་ཆ་བཅའ་ཁྲིམས་གཏན་འབེབས་ཀྱི་ཁྲིམས་བཟོའི་ལས་དོན་གྲུབ་མ་ཐག སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐོག་འདི་མ་གྲོལ་གོང༌། ད་ལྟ་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་པ་བཞིན་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་གསུང་བཤད་དང་འབྲེལ་བའི་རྒྱ་བོད་ཀྱི་འབྲེལ་ལམ་དེར་མ་འོངས་མཛད་བྱུས་ཇི་དགེ དེ་མིན་རྒྱལ་ཁབ་རེ་ཟུང་དང་འབྲེལ་ལམ་བསུན་འཚེར་ཆེ་བ་ཡོད་རིགས་གཙང་ཐག་ཆོད་པའི་མཛད་ཕྱོགས། འཛམ་གླིང་མང་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཆེ་ཡོད་མུས་དེ་རྣམས་ཕྱོགས་བསྒྲིལ་གྱིས་ནུས་ཤུགས་གསལ་སྟོན་ཐུབ་ཐབས། ཆབ་སྲིད་ཀྱི་མཐུན་རྐྱེན་དཔལ་འབྱོར་འདུ་འགོད་ལོག་འཚོ་དང་མ་འདྲེས་པ་གཙང་མ་ཡོང་ཐབས་དང༌། རྩིས་ཞིབ་དང༌། སྔོན་རྩིས་སོགས་ཀྱི་ལམ་སྲོལ་ཚད་ལྡན་ཐོག ལོ་བརྒྱ་ཕྲག་གི་རྗེས་སུ་ཕྱི་བལྟས་སློག་ནའང༌། ད་ལྟའི་སྲི་ཞུ་བ་རྣམས་དྲང་བདེན་རྣམ་དག་ཡིན་པ་ཡིག་ཆའི་ཐོག་ནས་ར་འཕྲོད་ཐུབ་པ་དང༌། གནས་སྐབས་སུའང་ཁུངས་སྐྱེལ་བྱེད་དུས་མནའ་སྐྱེལ་ཐོ་བཙུག་བྱེད་མི་དགོས་པར་ཡིག་ཆའི་ཐོག་ནས་ཁ་གྲག་ཐུབ་པ། ཆབ་སྲིད་སྲི་ཞུ་བ་རྣམས་ཀྱི་ཁེ་ཕན་དང༌། སྲི་ཞུའི་ལས་དོན་གྱི་སྒྲིག་འཛུགས་སོགས་གང་ཅིའི་ཐད་ཁྲིམས་སྲོལ་སྒྲིག་གཞི་གསལ་འགོད་ཡོང་ཐབས་བཅས་གལ་འགངས་དང་ཛ་དྲག་ཆེ་བའི་ལས་དོན་རྣམས་འགོ་འཛུགས་ཐུབ་པ་ཞིག་ཡོང་བའི་རེ་བ་ཡོད།

མཐའ་དོན་སྤྱི་འཐུས་ལྷན་ཚོགས་འདི་ཡར་ལ་ྋགོང་ས་ཆེན་པོར་འགན་ཁུར་ཡོད་པ་ཡིན་ཙང་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཞུ་ཕྱོགས་འགྲིག་མིན་ཇི་བྱུང་ལ་ཐད་ཀར་ཉེས་འགོག་ལེགས་སྤེལ་གྱི་བཀའ་སློབ་རྗེན་སྩོལ་ཡོང་བ་ཞུ་རྒྱུ་དང༌། མར་ལ་བོད་མི་མང་ཚོགས་ལ་འགན་ཁུར་ཡོད་པ་སོང་ཙང་བོད་ཀྱི་ཡུལ་མི་སུ་འདྲ་ཞིག་ཡིན་ནའང་ང་ཚོའི་ཐོག་ལ་དགེ་འདོན་སྐྱོན་བསྲང་གི་དགོངས་འཆར་གནང་རྒྱུའི་ཐོབ་ཐང་དང༌། འགྲིག་གི་མི་འདུག་ན་རྣ་ཅོག་ནས་བཟུང་སྟེ་མར་འདོན་རྒྱུ་དང༌། ཚབ་གསར་འོས་འདེམས་བྱེད་རྒྱུའི་ཐོབ་ཐང་མང་ཚོགས་ལ་ཡོད་པ་དེ་ངེས་པར་བེད་སྤྱོད་གནང་བའི་རེ་འདུན་ཞུ་གི་ཡིན།

ད་ལྟ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་འདོན་མཁན་གྱི་སྤྱི་འཐུས་བྱེ་བྲག་པ་དེས་གོང་དུ་ཞུས་པའི་བསམ་ཚུལ་དེ་ཚོ་ལ་བཀུར་འོས་སྤྱི་འཐུས་ཡོངས་རྫོགས་ཀྱི་ཐུགས་མོས་མཐུན་ཡོད་པའི་རེ་བ་ཡོད། ཡིན་ནའང་དགོངས་ཚུལ་མི་མཐུན་པ་ཡོད་ན་ཚོགས་ཐེངས་རྗེས་མ་ཚོའི་ནང་གྲོས་འཆར་འདི་ཐོག་གྲོས་བསྡུར་གནང་རྒྱུའི་གོ་སྐབས་ངེས་པར་དུ་ཡོང་རྒྱུ་ལ། དེ་སྐབས་ད་ལྟའི་སྨྲ་བ་པོའི་སྤྱི་འཐུས་འདིའི་བསམ་ཚུལ་ལ་དགག་བྱ་གང་ཡོད་གསུང་ཆོག་གི་རེད། ང་རང་སྒེར་ལ་ཆ་མཚོན་ན་ད་ལམ་སྤྱི་འཐུས་སུ་སྐོ་བཞག་བསྩལ་སྐབས་སེམས་ཀྱི་ཚོར་བ་དེ་སྡེ་ཁྲི་ཡོངས་འཛིན་བློ་བཟང་རྒྱ་མཚོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ནོར་གླིང་ཕོ་བྲང་དུ་བཀའ་འགུག་གནང་སྐབས་བྱུང་བའི་ཐུགས་ཚོར་དང་མཚུངས་པ་ཞིག་བྱུང་ནའང༌། བོད་ཀྱི་མང་ཚོཌ་ལ་ཞབས་འདེཌ་ཕྲན་བུ་འགྲུབ་རེས་བཀའ་གསུང་དང་ལེན་ཞུས་པ་ལཌ་ཤིང༌། རང་ནུས་ཀྱིས་གང་ལྕོཌ་བར་ཁུར་ལེན་ཞུ་རྒྱུ་ཡིན་ལཌ།།

འདིའི་ཐོག་སྤྱི་ལྷན་ནས་ ༡༩༩༡ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་སྤྱི་མོས་གྲོས་ཆོད་བཞག་འདུག