བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ཡོངས་ལ་གལ་གནད་ཆེ་བའི་སྐོར།
༄༅། །བོད་ཀྱི་སྐད་ཡིག་འདི་བཞིན་འཇིག་རྟེན་ཡོངས་ཀྱི་དོན་ལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་དམ་མ་རེད་ཅེས་པ་འདི་དེ་རིང་གི་ང་ཚོའི་བརྗོད་གཞི་རེད། དེ་འདྲ་སོང་ཙང་ཐོག་མར་ང་ཚོས་གལ་ཆེ་ཆུང་བརྩི་རྒྱུའི་བོད་ཀྱི་སྐད་ཡིག་དེ་གང་འདྲ་ཞིག་ལ་ངོས་གཟུང་དགོས་ཀྱི་ཡོད་པ་དང༌། དེ་ནས་ངོས་བཟུང་བའི་སྐད་ཡིག་དེ་གལ་ཆེན་པོ་ཡིན་མིན་གྱི་ཁྱད་པར་འབྱེད་ཀྱི་ཡོད་པ་དེ་ལ་བསམ་ཞིབ་གནང་དགོས་ཀྱི་ཡོད་རེད།
དེང་སང་སྐད་ཡིག་ལ་དབྱེ་བ་འབྱེད་པའི་སྐབས་སུ། སྐད་ཡིག་དང་ལུང་ཚན་གཉིས་པོ་སྦྲེལ་ནས་བལྟ་བ་འདི་ཡོངས་གྲགས་ཤིག་ཆགས་བསྡད་ཡོད་རེད། སྔོན་གྱི་རིག་གཞུང་རྙིང་པ་ནང་བཞིན་བྱས་པ་ཡིན་ན། སྐད་ཡིག་སོ་སོའི་ལུང་དུ་སྟོན་ཚུལ་གྱི་ཁྱད་པར་གྱི་ཐོག་ནས་དབྱེ་བ་ཕྱེ་བ་མ་གཏོགས། ལུང་ཚན་སོ་སོའི་ནང་བེད་སྤྱོད་བྱས་མ་བྱས་ཀྱི་དབང་གིས་སྐད་ཡིག་གི་དབྱེ་བ་ཕྱེ་བ་ཉུང་ཉུང་ཆགས་བསྡད་ཀྱི་ཡོད་རེད། མདོ་ཡི་ནང་དུ་འགྲོ་བ་རིགས་མི་འདྲ་བའི་དབང་གིས་སྐད་རིགས་མི་འདྲ་བའི་དབྱེ་བ་ཕྱེ་བ་ཞིག་ཀྱང་གསུངས་ཡོད་པ་རེད། ལྷ་ཡི་སྐད་དང༌། ཀླུ་ཡི་སྐད། གནོད་སྦྱིན་གྱི་སྐད་ཟེར་བ་སོགས་འགྲོ་བ་རིགས་མཚུངས་པ་ལ་སྐད་ཀྱང་མཚུངས་པའི་བཟོ་འདྲ་ཞིག་གསུངས་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་སྟོན་པའི་སྐབས་ལ་ཡང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།། ཞེས་མི་ཡི་སྐད་ཅེས་གཅིག་གི་ནང་དུ་བགྲངས་ཡོད་པ་མ་གཏོགས། དེ་ལ་རྒྱལ་ཁབ་མི་འདྲ་བའི་དབྱེ་བ་ཕྱེ་ནས་བཤད་ཡོད་མ་རེད། དེ་འདྲའི་བསམ་ཚུལ་ཞིག་རིག་གཞུང་རྙིང་པའི་ནང་ལ་ཡོད་རེད།
རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་སྐད་མང་པོ་ཞིག་གི་རྣམ་གཞག་བཤད་ཡོད་པ་རེད། གཞོན་ནུ་དོན་གྲུབ་ཁྱིམ་དུ་བཞུགས་པའི་སྐབས་སྐད་དང་ཡི་གེའི་རིགས་དྲུག་ཅུ་རྩ་བཞི་སྦྱངས་ཟེར་བ་དེ་ཚོ་རེད། དེའི་ནང་གོང་དུ་ཞུས་པ་ལྟ་བུའི་ལྷ་ཡི་སྐད་དང་ཀླུ་ཡི་སྐད་སོགས་བགྲངས་མི་འདུག ཕལ་ཆེར་སྐད་ཡིག་མང་ཆེ་བ་ཞིག་རྒྱ་གར་གྱི་ལུང་ཚན་སོ་སོའི་དབྱེ་བའི་ཐོག་ནས་ཕྱེ་ཡོད་པ་རེད།
ཡང་སྐད་རིགས་ལ་དབྱེ་བ་ཕྱེ་བའི་སྐབས་ལ་ལུང་དུ་སྟོན་པའི་རྣམ་གཞག་ཡོད་པ་དང་མེད་པའི་དབང་གིས་སྐད་རིགས་བཞི་ལ་སོགས་པ་ཕྱེ་བའི་སྐབས་ལ། ལུང་དུ་སྟོན་པའི་རྣམ་གཞག་དང་བསྟུན་ནས་བཤད་པའི་སྐད་དེ་ལ་ལེགས་པར་སྦྱར་བའི་སྐད་ཅེས་ལབ་ཀྱི་ཡོད་པ་རེད། ལེགས་པར་སྦྱར་བའི་སྐད་དེ་རྒྱ་གར་ལ་ཆ་གཞག་ན་དེང་སང་ཡོངས་གྲགས་ཀྱི་སཾསྐྲྀཏའི་སྐད་རེད། དེ་བཞིན་སྐད་ཡིག་ཚང་མ་ལ་སྐད་རིགས་བཞི་ཡི་དབྱེ་བ་ཡོང་གི་རེད། བོད་སྐད་ལ་ཆ་བཞག་ན་ཡང་བོད་ཀྱི་ལུང་སྟོན་པའི་རྣམ་གཞག་དང་མཐུན་པར་བྲིས་པའི་སྐད་ཅིག་ལ་བོད་ཀྱི་ལེགས་པར་སྦྱར་བའི་སྐད་ཅེས་ཟེར་དགོས་ཀྱི་ཡོད་རེད།
ངས་ད་ལྟ་དྲན་པ་བྱས་ན། གཞུང་རྙིང་པའི་ནང་དུ་ཡུལ་གྲུ་ལ་སྦྱར་ནས་སྐད་རིགས་ཀྱི་དབྱེ་བ་ཕྱེ་བ་ནི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་ལུང་ཚན་སོ་སོའི་སྐད་ཀྱི་རིམ་པ་ཞིག་བགྲངས་ཡོད་རེད། དེའི་ནང་བོད་སྐད་དེ་དམིགས་སུ་བཀར་ནས་གསུངས་ཡོད་པ་རེད། འགྲེལ་ཆེན་དྲི་མེད་འོད་དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ཙམ་གྱི་རྗེས་ལ་བྱུང་བ་རེད། དེ་དུས་ཀྱི་གཞུང་གི་ནང་ལ་བོད་སྐད་ཀྱི་མིང་འཁོད་ཡོད་པ་རེད། དེ་འདྲའི་གཞུང་ནང་གསལ་བའི་བོད་སྐད་དེ་སྤྱིར་བཏང་གིས་དབྱེ་བ་གང་འདྲ་ཞིག་བྱས་ནས་ཕྱེ་ཡོད་རེད་ཅེ་ན། བོད་པ་ཟེར་བ་དེ་ཡུལ་གྲུ་ཁྱད་པར་བ་ཞིག་ལ་བཞག་ནས་ཡུལ་གྲུ་དེར་བེད་སྤྱོད་བྱེད་པའི་སྐད་དེ་ལ་བོད་སྐད་ཅེས་ལབ་པ་རེད། ཐོག་མར་བོད་ནས་བྱུང་བ་དང་གཙོ་བོར་བོད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་དབང་གིས་བོད་སྐད་ཅེས་ལབ་པ་རེད།
བོད་ཀྱི་སྐད་ཡིག་དེ་གང་འདྲ་ཞིག་ལ་འགྲེལ་བཤད་རྒྱག་དགོས་རེད་ཅེ་ན། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བསྟུན་པའི་ལུང་སྟོན་པའི་རྣམ་གཞག་ལ་བརྟེན་པའི་སྐད་ཡིག་ཅིག་ལ་བོད་ཀྱི་སྐད་ཡིག་ཟེར་གྱི་ཡོད་པ་རེད། དབུ་ཅན་དང་དབུ་མེད་ནང་བྲིས་པའི་ཡི་གེ་དང་ཡིག་གཟུགས་ལ་བོད་ཡིག་ཅེས་ལབ་པ་རེད།
གང་ལྟར་ཡང་ཐོན་མིས་བརྩམས་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ལ་བརྟེན་ནས་འབྲི་དགོས་པ་དང་བཤད་དགོས་པའི་སྐད་དང་ཡི་གེ་ཞིག་ལ་བོད་ཀྱི་སྐད་ཡིག་ཅེས་ངོས་འཛིན་བྱེད་དགོས་པ་རེད། དེ་འདྲའི་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་རིགས་ལ་ཡང་རིམ་པ་ཁ་ཤས་ཡོང་གི་རེད། སོ་སོའི་ཕ་སྐད་ཡིན་པའི་ཐོག་ནས་བེད་སྤྱོད་བྱེད་མཁན་གྱི་རིགས་གཅིག་དང༌། སོ་སོའི་ཕ་སྐད་མིན་ན་ཡང་སོ་སོའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་སྐབས་བེད་སྤྱོད་བྱེད་དགོས་པའི་རིགས་གཅིག ཡང་ལྟ་བ་དང་རིག་གནས་ཆེན་པོ་ལ་ཉམས་ཞིབ་བྱེད་དགོས་པའི་དབང་གིས་བེད་སྤྱོད་བྱེད་པའི་རིགས་གཅིག་བཅས་ཡོང་གི་ཡོད་རེད།
བོད་ཀྱི་སྐད་ཡིག་སོ་སོའི་ཕ་སྐད་ཀྱི་ཐོག་ནས་བེད་སྦྱོད་བྱེད་མཁན་གྱི་གཙོ་ཆེ་བ་དེ་བོད་པ་རེད། གཉིས་པ་ལ་ཧི་མཱ་ལ་ཡའི་རི་རྒྱུད་ལ་ཡོད་པའི་འབྲུག་པ་ཡོངས་μོགས་དང༌། བལ་ཡུལ་ནང་བོད་སྐད་བེད་སྤྱོད་བྱེད་མཁན་བརྒྱ་ཆ་བཅུ་དྲུག་ཙམ་དང༌། རྒྱ་གར་ནང་ལ་ལ་དྭགས་ནས་བརྩིས་པའི་མེགྷཱལཡའི་བར་གྱི་མེལ་ཉིས་སྟོང་ལྷག་ཙམ་ཡོད་པའི་ས་གནས་སུ་བོད་སྐད་ཡོངས་μོགས་བེད་སྤྱོད་བྱེད་མཁན་དང༌། ཕྱེད་ཙམ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་རེད། དེ་འདྲ་སོང་ཙང་བོད་སྐད་དེ་སོ་སོའི་ཕ་སྐད་དུ་བེད་སྤྱོད་བྱེད་མཁན་ནི། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་བོད་པ་དང༌། འབྲུག རྒྱ་གར། བལ་ཡུལ་བཅས་རྒྱལ་ཁབ་བཞི་ཡི་ནང་དུ་ཁྱབ་ཡོད་པ་རེད། དེ་ནས་ཆོས་དང་ཆོས་རིག་རྐྱང་རྐྱང་གི་ཆེད་དུ་བེད་སྤྱོད་གནང་མཁན་སོག་པོ་ཡོད་རེད། རྒྱ་ནག་གསར་རྙིང་གཉིས་ཆའི་ནང་དུ་ཕྲན་བུ་ཡོང་གི་ཡོད་རེད།
དེ་ནས་ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་བྱེད་མཁན་གྱི་རིགས་ཀྱིས་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་རེད། རྒྱ་གར་ནང་ལ་མཐོ་སློབ་བཅུ་བཞི་ཙམ་གྱི་ནང་དུ་བོད་པའི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཡོད་པ་རེད། དེ་མིན་པའི་སྡེ་ཚན་ཡང་མང་པོ་ཡོད་པ་རེད། ནུབ་ཕྱོགས་དང་ལྷོ་ཤར་ཨེ་ཤི་ཡའི་ནང་དུ་ཡང་མཐོ་སློབ་བརྒྱ་ཕྲག་བརྒལ་བའི་ནང་བོད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཚུགས་ཡོད་རེད།
མདོར་བསྡུས་ན་མི་རིགས་ཀྱི་ཆ་ནས་བོད་པ་ཡིན་མཁན་གྱི་གྲངས་འབོར་གྱིས་བོད་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་གྱི་བརྒྱ་ཆ་བཅུ་ཙམ་ཡང་ཟིན་གྱི་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་བྱས་དུས་བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དེ་བྱེ་བ་དྲུག་བརྒལ་འགྲོ་གི་ཡོད་རེད། དེ་འདྲ་ལ་སོང་གྲངས་འབོར་ཁོ་རང་གི་ཆ་ནས་ཀྱང་བོད་པའི་སྐད་ཡིག་དེ་བོད་པ་ལ་ཇི་ཙམ་གལ་ཆེ་བ་དེ་ལས་མང་བ་ཞིག་འཇིག་རྟེན་གྱི་མི་གཞན་དག་ལ་གལ་ཆེ་བ་ཡིན་པ་ཡང་ར་འཕྲོད་ཀྱི་ཡོད་པ་རེད།
མི་མང་པོ་ཞིག་གིས་བེད་སྤྱོད་གནང་བའི་སྐད་ཡིག་ཡིན་ན་ཡང༌། སྐད་ཡིག་དེ་བརླག་སོང་བ་ཡིན་ན་དེ་དང་མཉམ་དུའགྲོ་བ་མི་སྤྱི་ཡོངས་ལ་གནོད་འགྲོ་བའི་རིག་པའི་རྣམ་གཞག་ཅིག་མེད་པ་ཡིན་ན། སྐད་ཡིག་དེ་ཡང་དེ་ཙམ་གྱི་གནད་འགག་ཅིག་ཆགས་ཀྱི་ཡོད་མ་རེད། སྐད་ཡིག་གང་ཞིག་མི་ཉུང་ཉུང་ལས་བེད་སྤྱོད་གཏོང་མཁན་མེད་པ་ཡིན་ན་ཡང༌། སྐད་ཡིག་དེའི་ནང་ལ་འཇིག་རྟེན་གྱི་མི་ཡོངས་རྫོགས་ལ་དགོས་མཁོ་ཡོད་པའི་རིག་པའི་རྣམ་གཞག་ཉུང་ཉུང་ཅིག་ལས་མེད་ནའང་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།
སྐབས་འདིར་དགོངས་པ་བཞེས་དགོས་པ་ཞིག་ལ། རིག་གཞུང་ཞེས་པ་དེ་ཤེས་བྱའི་གནས་བྱེ་བྲག་པ་ཞིག་རེད། ཤེས་བྱའི་གནས་གང་འདྲ་ཞིག་ཡིན་ན་ཡང༌། དེ་འདྲའི་ཤེས་བྱའི་གནས་བྱེ་བྲག་པ་དེ་སྐད་ཡིག་བྱེ་བྲག་པ་ཞིག་ལ་བརྟེན་ནས་བསྡད་ཤེས་ཀྱི་མ་རེད་ཅེས་བསམ་བློ་གཏོང་མཁན་གྱི་རིགས་གཅིག་ཀྱང་ཡོང་གི་ཡོད་རེད། ཕྱོགས་གཞན་ཞིག་ནས་རིག་གཞུང་བྱེ་བྲག་པ་དེ་སྐད་ཡིག་བྱེ་བྲག་པ་རེ་རེ་ལ་བརྟེན་ནས་བསྡད་དགོས་ཀྱི་ཡོད་རེད། དེ་མེད་ན་རིག་གཞུང་དེའི་ཕྲ་ཞིང་ཕྲ་བའི་གནས་ལུགས་ཁག་སྐད་ཡིག་ཚང་མའི་ཐོག་ནས་ངོ་སྤྲོད་བྱེད་ཐུབ་ཀྱི་ཡོད་མ་རེད་ཅེས་བསམ་བློ་གཏོང་མཁན་ཡང་ཡོད་རེད། ཕྱོགས་གཉིས་ཀ་ལ་རྒྱུ་མཚན་བཤད་རྒྱུ་ཡོད་པ་རེད། ང་རང་ཚོས་དེ་གཉིས་ནས་གང་སྟབས་བདེ་པོ་ཡོད་པ་དེ་ལ་ཆ་གཞག་ན་འགྲིག་གི་རེད།
འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ལ། དཔེར་ན་རྫས་སྦྱོར་གྱི་རིག་པ་དང་དངོས་པོའི་འཛུགས་སྐྲུན་གྱི་རིག་པ་དེ་ཚོ་ལ་སྐད་ཡིག་གི་ཁྱད་པར་དེ་ཙམ་འགྲོ་གི་མ་རེད། ཡིན་ན་ཡང་སྐད་ཡིག་བྱེ་བྲག་པ་ལ་བརྟེན་དགོས་པའི་རིག་གནས་ཀྱང་མང་པོ་ཡོད་པ་རེད། ཆོས་ལུགས་ཁོ་ན་ལ་ཆ་བཞག་ནས་བཤད་པ་ཡིན་ན། སྟོན་པ་ཡེ་ཤུས་བསྟན་པ་དང༌། ཡེ་ཤུའི་རྗེས་འཛིན་གྱི་ཤིང་རྟ་ཆེན་པོ་དེ་ཚོས་བཀྲལ་བ་ཇི་ལྟ་བ་བཞིན་གྱི་ཡེ་ཤུའི་ཆོས་ལུགས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་དེ་ཚོ་སྐད་ཡིག་གཞན་པའི་ཐོག་ནས་ཆ་ཚང་བར་བཤད་ཐུབ་རྒྱུ་ཁག་པོ་རེད། The Father and the son, and the spirit ཞེས་གསུམ་བཤད་པའི་ spirit དེ་བོད་སྐད་ཀྱི་ནང་བསྒྱུར་བའི་འབད་བརྩོན་བྱེད་སྐབས་ཆོས་ཟེར་བ་དང༌། བདུད་རྩི་ཟེར་བ་དང༌། ཡང་སྙིང་ཟེར་བ་དང༌། སྙིང་པོ་ཟེར་བ་དང༌། ཉིང་ཁུ་ཟེར་བ་དེ་འདྲའི་ཚིག་གང་འདྲ་ཞིག་བེད་སྤྱོད་བཏང་ནའང༌། ཁོ་རང་ཚོའི་ཆོས་ལུགས་ནས་ཇི་ལྟར་བཤད་པ་ནང་བཞིན་གྱི་ཚིག་དོན་ཆ་ཚང་བ་སླེབས་ཀྱི་ཡོད་མ་རེད། དེ་འདྲ་ལ་བརྟེན་གལ་སྲིད་ཆོས་ལུགས་དེ་ཚང་མ་ཤེས་དགོས་ཀྱི་ཡོད་ན་ཆོས་ལུགས་དེ་གང་གི་སྐད་དུ་བྱུང་བའི་སྐད་ཡིག་ཐོག་མ་དེ་གསལ་པོ་བྱས་ནས་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ཙམ་དུ་མ་ཟད་ཐུན་མོང་བའི་རིག་གནས་འདྲ་པོ་ཞིག་ལ་ཆ་བཞག་ན་ཡང༌། སྲིད་དོན་གྱི་ཚན་རིག་དང་དཔལ་འབྱོར་ཚན་རིག་དེ་དག་ཐོག་མ་གང་ནས་བྱུང་བའི་སྐད་ཡིག་གི་ཐ་སྙད་དེ་ཚོ་རྗེས་སུ་བླ་དྭགས་པའི་ཚིག་ཆགས་ནས་སྐད་ཡིག་གཞན་པའི་ནང་དུའང་རང་འཇགས་བཞག་ཡོད་པ་རེད། དེས་སྐད་ཡིག་གཞན་པ་ཞིག་གིས་སྐད་དེའི་གོ་དོན་ཆ་ཚང་བ་ཞིག་སྟོན་ཐུབ་ཀྱི་མེད་པ་མཚོན་གྱི་ཡོད་པ་རེད།
ང་ཚོར་ཉམས་མྱོང་བྱུང་བ་ལ་ཆ་བཞག་ན། ནུབ་ཕྱོགས་པའི་བསམ་བློ་ལས་སླེབས་པའི་མང་གཙོའི་ལྟ་བ་ལ་སོགས་པའི་ཆབ་སྲིད་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ཤེས་པ་ལ། བོད་སྐད་ཀྱིས་འདང་རྒྱུ་ཁག་པོ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་འདང་བ་ཡིན་ན་ཡང་དེའི་དོན་དག་ཆ་ཚང་བ་ཞིག་བོད་སྐད་ནང་སླེབས་ཐུབ་ཀྱི་ཡོད་པ་མ་རེད། འགྲེལ་བཤད་རིང་པོ་ཞིག་བརྒྱབས་ནས་ཚིག་ཅིག་བཟོས་ན་མ་གཏོགས་ཁག་པོ་བྱེད་ཀྱི་ཡོད་པ་རེད། དཔེར་ན་ Check and Balance ཞེས་པ་འདི་ཡང་བོད་སྐད་ནང་ཏག་ཏག་གོ་བ་དེ་སྟོན་ནུས་པའི་ཚིག་གཉིས་ཡོད་པ་དེ་འདྲ་ཞིག་བཟོ་རྒྱུ་ཁག་པོ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་རིག་པའི་རྣམ་གཞག་གང་འདྲ་ཞིག་ཡིན་ནའང་དེ་མངོན་པར་གསལ་བར་བྱེད་པའི་ལམ་ལ་སྐད་ཡིག་བྱེ་བྲག་པ་རེ་རེ་དགོས་པ་དེ་ངེས་པར་དུ་ཁས་ལེན་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་སྐད་ལ་ཐུན་མོང་མ་ཡིན་པ་བྱས་ནས་བརྟེན་དགོས་པའི་རིག་པའི་རྣམ་གཞག་ག་ཚོད་ཡོད་པ་དང༌། རིག་པའི་རྣམ་གཞག་དེ་དག་འཇིག་རྟེན་གྱི་མི་ཡོངས་རྫོགས་ལ་དགོས་མཁོ་ཡོད་མེད་བརྟག་དཔྱད་བྱས་པ་ཡིན་ན། ང་ཚོའི་བོད་ཀྱི་སྐད་ཡིག་ལ་འཇིག་རྟེན་གྱི་གལ་ཆེའི་རང་བཞིན་ག་ཚོད་ཡོད་མེད་ཤེས་ཐུབ་ཀྱི་རེད།༨༣
བོད་པའི་སྐད་ཡིག་གི་ཐོག་ཏུ་ཡོད་པའི་རིག་པའི་རྣམ་གཞག་གི་ནང་ནས་ཆེས་ཐུན་མོང་མ་ཡིན་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུའི་རྣམ་གཞག་དེ་ཆགས་ཀྱི་ཡོད་རེད། དེ་འདྲའི་གཞི་ལམ་འབྲས་བུའི་རྣམ་གཞག་དེ་ཐོག་མར་སྐད་ཡིག་གང་གི་ནང་དུ་བྱུང་བ་རེད་ཅེ་ན། ལོ་རྒྱུས་ཀྱི་སྐད་ཆ་རྐྱང་པའི་ངོས་ནས་བཤད་པ་ཡིན་ན། སངས་རྒྱས་ཀྱིས་པཱལིའི་སྐད་ནང་ཆོས་གསུངས་པ་རེད་ཟེར་བ་དང༌། པཱལི་སྔོན་ལ་བྱུང་བ་དང་དེའི་རྗེས་སུ་སཾསྐྲྀཏའི་སྐད་བྱུང་བ་རེད་ཟེར་བ་སོགས་ནུབ་ཕྱོགས་པའི་སྐད་ཆ་མང་པོ་ཡོད་པ་རེད། ཡིན་ན་ཡང་ནང་པ་རང་གི་བསམ་ཚུལ་བྱས་པ་ཡིན་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་གདུལ་བྱ་རང་རང་གི་བསམ་བློ་དང་འཚམས་པའི་སྐད་ཅིག་གི་ཐོག་ནས་གསུངས་པ་རེད་མ་གཏོགས། སངས་རྒྱས་ཀྱི་སྐད་ཡིག་འདི་རེད་ཅེས་སྐད་ཡིག་ཁྱད་པར་བ་ཞིག་བེད་སྤྱོད་བཏང་ནས་ཆོས་གསུངས་པ་ཞིག་ཡོད་མ་རེད། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་བར།། ཐམས་ཅད་སྐད་དུ་བདག་གིས་ཆས་སྟོན་ཏོ།། ཞེས་གསུངས་པ་ནང་བཞིན་རེད། འོན་ཀྱང་ནང་པ་རང་གི་རྣམ་གཞག་གི་ཐོག་ནས་བསམས་པ་ཡིན་ནའང༌། སྐད་ཡིག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་སཾསྐྲྀཏའི་སྐད་ཡིན་ཙང༌། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དེ་སཾསྐྲྀཏའི་སྐད་ནང་གསུངས་ཡོད་རེད་ཅེས་གསུངས་པའི་ལུགས་ཀྱང་ཡོད་པ་རེད། གང་ཟག་ཕལ་པ་ཚོས་མགྲིན་པའི་རྩ་མདུད་གྲོལ་བའི་རྟགས་དང༌། ངག་ཡིད་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བརྟན་པོ་ཐོབ་པའི་རྟགས་སུ་སཾསྐྲྀཏའི་སྐད་ལ་རང་བཞིན་གྱིས་ཐོགས་པ་མེད་པ་ཆགས་ཡོང་གི་རེད་ཅེས་གསུངས་དུས། ཐ་མལ་པའི་ངག་གི་སྒྲིབ་པ་དག་པའི་མཐར་ཐུག་པའི་རྟགས་སུ་སྐད་མཐོ་ཤོས་ཤིག་ལ་སླེབས་རྒྱུ་ཡོད་པ་ཡིན་ན་སཾསྐྲྀཏའི་སྐད་ཡིན་དགོས་པའི་གནས་ཚུལ་ཞིག་སྔགས་གཞུང་ཁག་ན་གསལ་གྱི་ཡོད་རེད། དེ་སྐབས་འདིར་འབྲེལ་བ་མི་ཆེ་ཡང་འཕྲོས་དོན་དུ་སླེབས་པ་རེད།
གང་ལྟར་ལོ་རྒྱུས་ཀྱི་ནང་ལ་བལྟས་ཡོང་དུས་ང་ཚོར་རག་རྒྱུ་ཡོད་པའི་སངས་རྒྱས་ཀྱི་གསུང་རབ་ཡོངས་སུ་རྫོགས་པ་དེ་ཐོག་མའི་སྐད་ཡིག་གཉིས་ཀྱི་ནང་ལ་མ་གཏོགས་རག་གི་ཡོད་པ་མ་རེད། སཾསྐྲྀཏའི་སྐད་དང་པཱལིའི་སྐད་གཉིས་ཀྱི་ནང་རག་གི་ཡོད་རེད། ༨༤
སྐད་དེ་གཉིས་ཀྱང་ཕྲན་བུའི་ཟུར་ཆག་ཡོད་མེད་ཀྱི་ཁྱད་པར་མ་གཏོགས་གཅིག་པ་རེད། སྐད་ཀྱི་སྒྲིག་ལམ་དང༌། སྐད་ཀྱི་བརྗོད་པ། སྐད་ཀྱི་རིགས་བཅས་གཅིག་པ་རེད། དེ་གཉིས་ཀྱི་ནང་གང་ཡོད་པའི་རྣམ་གཞག་ཆ་ཚང་བསྒྱུར་ནུས་པའི་སྐད་ཡིག་གཞན་ཞིག་ཡོད་པ་ཡིན་ན། དེ་བོད་སྐད་ཆགས་ཀྱི་ཡོད་རེད། བོད་སྐད་ལས་གཞན་པའི་འཛམ་གླིང་གི་སྐད་ཡིག་གང་ཡིན་ཡང་ཡོང་གི་མ་རེད། བྱས་ཙང་སཾསྐྲྀཏ་དང་བོད་སྐད་གཉིས་པོ་དེ་སྲང་འདྲ་པོ་ཞིག་ལ་འཇལ་གྱི་ཡིན་ན་སྐར་ཆ་ཁ་ཤས་ཀྱི་ཁྱད་པར་ཞིག་འགྲོ་གི་ཡོད་མེད་ཙམ་རེད། གནས་ཚུལ་མང་པོའི་ཐོག་ལ་སཾསྐྲྀཏ་ལས་བོད་ཡིག་བཟང་བའི་གནས་སྐབས་ཀྱང་མང་པོ་ཡོད་པ་རེད། འདི་ཚོ་རེ་རེ་བཞིན་ཞུས་པ་ཡིན་ན་རིང་པོ་ཆགས་རྒྱུ་རེད། དགོངས་པ་བཞེས་རྒྱུའི་ཆ་རྐྱེན་ལྟ་བུ་ཞིག་ཞུས་པ་ཡིན་ན། སཾསྐྲྀཏའི་སྐད་ལ་ཉེ་བསྒྱུར་ཉི་ཤུ་ཡས་མས་ཤིག་ཡོད་པ་དེའི་རྣམ་དབྱེ་དང་ཁྱད་པར་དེ་དག་བོད་སྐད་གཅིག་པུ་ལས་གཞན་པའི་སྐད་ཡིག་གི་ནང་ཡོང་གི་མ་རེད། སཾསྐྲྀཏའི་ཚིག་ཟུར་གྱི་ནུས་པ་དང་སྒྲ་ཡི་སྒྲུབ་སྟངས་ཀྱི་གོ་བ་ག་ཚོད་ཡོད་པ་དེ་དག་བོད་ཡིག་ནང་བསྡད་ཐུབ་ཀྱི་ཡོད་པ་རེད། བྱས་ཙང་པཱལི་དང་སཾསྐྲྀཏའི་སྐད་ནང་གང་ཡོད་པ་དེ་མ་ཉམས་པར་ཇི་མ་ཇི་བཞིན་བྱས་ནས་བསྒྱུར་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་འདི་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་སངས་རྒྱས་པའི་ནང་དོན་རིག་པའི་རྣམ་གཞག་སྟོན་པའི་སྐད་ཡིག་ལ་པཱལི་དང་སཾསྐྲྀཏ་དང་བོད་སྐད་གསུམ་པོ་འདི་གཅིག་པ་གཅིག་རྐྱང་ཆགས་ཀྱི་ཡོད་རེད། ཡིན་ན་ཡང་དེ་དག་གི་བར་མི་གཅིག་པའི་ཁྱད་པར་མང་པོ་ཡོད་རེད། དེ་གང་རེད་ཅེ་ན། པཱ་ལིའི་ནང་ལ་ནང་པའི་རིག་གཞུང་ཉུང་ཉུང་ཞིག་ལས་རག་གི་ཡོད་མ་རེད། བཀའ་ཡོངས་རྫོགས་མཆན་དང་བཅས་པ་བསྡོམས་པ་ཡིན་ནའང་དེབ་གྲངས་བཞི་བཅུ་ཞེ་དྲུག་ཙམ་གྱི་ནང་སྡེ་སྣོད་གསུམ་པོ་ཡོངས་སུ་རྫོགས་པ་ཚང་བསྡད་ཡོད་རེད། དེར་སྔགས་ཀྱི་སྐོར་གཅིག་ཀྱང་ཡོད་མ་རེད། གཟུངས་མང་ཆེ་བ་ཡོད་མ་རེད། ཐེག་པ་ཆེན་པོའི་མདོ་ཡོངས་སུ་རྫོགས་པ་ཡོད་མ་རེད། ཐེག་པ་ཐུན་མོང་བའི་མདོའི་ནང་ལ་ང་ཚོར་ཡོད་པའི་བཞི་ཟུར་ཙམ་ཡང་ཡོད་མ་རེད།
སཾསྐྲྀཏའི་སྐད་ནང་དུ་དེང་སང་ང་ཚོར་རག་བཞིན་པ་ཆོས་ཚན་བརྒྱ་ཡང་ལོང་གི་ཡོད་མ་རེད། ང་ཚོའི་བཀའ་འགྱུར་བསྟན་འགྱུར་ནང་ལ་ཆོས་ཚན་བཞི་སྟོང་བརྒལ་བ་ཙམ་ཡོད་པ་རེད། དེ་འདྲ་བྱས་དུས་བོད་དུ་ཡོད་པའི་ནང་པའི་རིག་གཞུང་གི་ཐོག་མའི་འབྱུང་ཁུངས་ཀྱི་སྐད་ཡིག་དེ་སཾསྐྲྀཏ་དང་པཱལིའི་སྐད་ཡིག་གཉིས་ཡིན་དུ་ཆུག་ནའང༌། ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་རྣམ་གཞག་ཆ་ཚང་བ་ཞིག་ལ་བལྟ་དགོས་ན་བོད་སྐད་ལས་གཞན་པའི་བལྟ་ས་འཇིག་རྟེན་འདིའི་ནང་ཡོད་པ་མ་རེད། རྒྱ་མིའི་སྐད་དུ་ཡང་བཀའ་འགྱུར་དང་བསྟན་འགྱུར་བསྒྱུར་ཡོད་པ་རེད། ཡིན་ནའང་དེ་ཚོ་སཾསྐྲྀཏ་དང་བར་ཐག་རིང་པོ་ཆགས་བསྡད་ཡོད་པ་རེད། དེ་ཚོ་ཡང་བསྐྱར་སཾསྐྲྀཏའི་ནང་བསྐྱར་གསོ་བྱེད་ཐུབ་པ་ཞིག་ཡོད་མ་རེད། རྒྱ་མིའི་སྐད་དང་སཾསྐྲྀཏ་གཉིས་པོ་དེའི་སྐད་ཀྱི་འགྲོ་སྟངས་ལོགས་ཀ་རེད། ཐོག་མ་བསྒྱུར་བའི་སྐབས་ལ་ཡང་དོན་འགྱུར་བྱས་པ་རེད་མ་གཏོགས་སྒྲ་འགྱུར་གནང་ཐུབ་ཡོད་མ་རེད། བོད་སྐད་ནས་ལེགས་སྦྱར་དུ་ཚུར་བསྒྱུར་བའི་སྐབས་སུ་ཧ་ལམ་ཚིག་ཇི་མ་ཇི་བཞིན་སླེབས་ཐུབ་པའི་གནས་སྟངས་ཤིག་ཡོད་རེད།
སྤྱིར་བཏང་ནང་པའི་ཆོས་ཀྱི་སྐད་དེ་ལ་བཞི་བརྩི་ཁུལ་བྱེད་ཀྱི་ཡོད་རེད། དེ་ཚོ་པཱལི་དང༌། སཾསྐྲྀཏ། བོད་སྐད། རྒྱ་མིའི་སྐད་བཅས་རེད། ཡིན་ན་ཡང་རྒྱ་སྐད་ཀྱིས་ཇི་མ་ཇི་བཞིན་སྟོན་ཐུབ་ཀྱི་ཡོད་མ་རེད། པཱལི་དང་སཾསྐྲྀཏའི་ནང་ཉུང་ཉུང་ཙམ་ལས་ཡོད་མ་རེད། བྱས་པ་ཡིན་ཙང་ད་ལྟའི་གནས་སྐབས་ལ་ནང་པའི་རིག་གཞུང་གི་གཞི་རྩ་གནས་ས་དེ་བོད་པའི་སྐད་ཡིག་མ་བྱས་པར་ཐབས་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ནང་པའི་རིག་གཞུང་ཆ་ཚང་བ་ཞིག་འཇིག་རྟེན་འདིའི་ནང་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་ན། ངེས་པར་དུ་བོད་པའི་སྐད་ཡིག་འཛིན་སྐྱོང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།
དེང་སང་གཞི་ནས་འཇིག་རྟེན་གྱི་མི་རིགས་ཚང་མས་ནང་པའི་རིག་གཞུང་དེ་གལ་ཆེན་པོ་ཡིན་པ་ཚོར་ནས། རྒྱལ་ཁབ་དང་ལུང་པ། མི་རིགས་གང་འདྲ་ཞིག་ཡིན་ན་ཡང་ནང་པའི་བསྟན་པ་སྤྱི་དང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་བསྟན་པ་དང༌། ཡང་སྒོས་སྔགས་ཀྱི་སྐོར་ལ་དོ་སྣང་གནང་གི་ཡོད་པ་རེད། བྱས་ཙང་དེ་འདྲའི་དོ་སྣང་གནང་སའི་རིག་གནས་འདི་འཇིག་རྟེན་གྱི་ནང་གནས་དགོས་པ་ཞིག་དང༌། མིའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ཞིག་ཡིན་ན། ངེས་པར་དུ་བོད་པའི་སྐད་ཡིག་དེ་རྩ་ཆེན་པོ་བྱས་ནས་ཉར་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།
ད་ལྟའི་གནས་སྐབས་འདི་ལ་ཐེག་པ་ཆེན་པོའི་སྡེ་སྣོད་ཡོངས་སུ་རྫོགས་པ་དང༌། ཁྱད་པར་དུ་སྔགས་ཀྱི་སྡེ་སྣོད་དེ་ཚོ་སྐད་ཡིག་གང་འདྲ་ཞིག་ལ་བརྟེན་དགོས་ཡོད་རེད་ཅེ་ན། བོད་པའི་སྐད་ཡིག་ལ་མ་བརྟེན་པའི་ཐབས་ལམ་གཞན་ཡོད་མ་རེད། འདི་ལ་རྒྱུ་མཚན་གཉིས་ཡོང་གི་རེད། དང་པོ་དེ་ལ། བོད་པའི་སྐད་ཡིག་གིས་གང་སྟོན་ནུས་པའི་དོན་དག་དེ་ཚོ་སྐད་ཡིག་གཞན་གྱིས་ཇི་ལྟ་བ་བཞིན་སྟོན་ཐུབ་ཀྱི་ཡོད་མ་རེད། གཉིས་པ་དེ་ལ་བོད་པའི་སྐད་ཡིག་ནང་ཡོད་པའི་ཐེག་པ་གསུམ་གྱི་སྡེ་སྣོད་དེ་ཚོ་སྐད་ཡིག་གཞན་གྱི་ནང་ཆ་ཚང་ཞིག་བསྒྱུར་ཐུབ་ཡོད་པ་མ་རེད། གལ་སྲིད་དེ་ཚོ་བསྒྱུར་བ་ཡིན་ན་ཡང༌། ཡོང་རྒྱུ་བསྡད་པའི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་ལ་བསྒྱུར་མི་ཐུབ་པའི་གནས་ཚུལ་ཞིག་ཡོང་གི་ཡོད་རེད། དེ་འདྲ་ལ་བརྟེན་རིག་གཞུང་འདི་དག་ལ་བདག་པོ་ཞིག་བརྒྱབ་དགོས་ཀྱི་ཡོད་ན། ངེས་པར་དུ་བོད་ཀྱི་སྐད་ཡིག་ལ་བདག་པོ་མ་བརྒྱབ་ན་མི་འགྲིག་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་བོད་པའི་སྐད་ཡིག་དེ་འཇིག་རྟེན་ཡོངས་རྫོགས་ལ་ལྟོས་ཏེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། དེའི་དབང་གིས་ Universal importance ཡོང་དགོས་པའི་གནས་སྟངས་དེ་འདྲ་རེད། འདི་དག་ང་རང་སྒེར་གྱི་བསམ་ཚུལ་ཙམ་མ་རེད། མཁས་པ་མང་པོ་ཞིག་ལ་དེ་འདྲ་བའི་བསམ་བློ་འཁོར་གྱི་ཡོད་རེད།
དམིགས་ཀྱིས་བཀར་ནས་ང་ཚོའི་སྐད་ཡིག་ལ་བརྟེན་དགོས་པ་དེ་མངོན་པ་དང༌། དབུ་མ། འདུལ་བ། མཛོད། ནང་པའི་ཚད་མའི་བསྟན་བཅོས་ཆ་ཚང་བ་དེ་དག་བོད་ཀྱི་སྐད་ཡིག་གི་ནང་སློབ་སྦྱོང་གི་བརྒྱུད་པ་དང་བཅས་གནས་ཡོད་པ་ཞིག་རེད། དེ་ཙམ་དུ་མ་ཟད་བཟོ་རིག་པའི་ནང་དུ་ཡང་དཀྱིལ་འཁོར་དང་ལྷ་སྐུའི་ཐིག་ཚད་སོགས་དང་དེ་དག་གི་འགྲེལ་པ། འཕྲུལ་འཁོར་གྱི་བཟོ་དང༌། གསེར་འགྱུར་རྩི། སྤོས་སྦྱོར་སོགས་དཔལ་འབྱོར་གྱི་རིག་པ་དང་འབྲེལ་བ་ཡོད་པའི་རིག་པའི་གནས་མང་པོ་ཞིག་བོད་པའི་སྐད་ཡིག་ནང་ཡོད་པ་རེད། འོན་ཀྱང་དེ་ཚོ་ལ་བོད་པས་ཉམས་ཞིབ་བྱས་ཡོད་མ་རེད།
སྔགས་ལམ་ལ་བརྟེན་པའི་ལུས་ཀྱི་ཆགས་སྟངས་དང༌། ལྷག་པར་དུ་ཡང་རྩ་རླུང་ཐིག་ལེའི་གནས་ཚུལ་སོགས་ལུས་ཀྱི་རིག་གནས་ལ་བརྟེན་པའི་རྣམ་གཞག་ལ་ཚན་རིག་པ་ཚོས་ཀྱང་ཧ་མི་གོ་བ་དེ་འདྲ་བོད་པའི་སྐད་ཡིག་ནང་ཡོད་པ་རེད། རྡུལ་ཕྲན་མཚོན་ཆ་དང་མཚུངས་པའི་རྡུལ་ཕྲན་གྱི་རིག་པ་མང་པོ་ཞིག་བོད་པའི་སྐད་ཡིག་ནང་ཡོད་རེད་དེ་ང་ཚོས་ཤེས་ཀྱི་ཡོད་མ་རེད། ཚེ་ཡི་རིག་བྱེད་ལ་བརྟེན་པའི་གནས་ཚུལ་མང་པོ་ཞིག་བོད་ཀྱི་སྐད་ཡིག་ནང་རག་གི་ཡོད་པ་རེད། སྐར་རྩིས་དང་དབྱངས་འཆར་སོགས་རྩིས་ཀྱི་སྐོར་རྒྱ་གར་ནང་ནུབ་ཟིན་པ་མང་པོ་ཡང་བོད་ཀྱི་སྐད་ཡིག་ནང་རག་རྒྱུ་ཡོད་པ་རེད།
བྱས་པ་ཡིན་ཙང་ད་ལྟའི་གནས་སྐབས་འདི་ལ་བོད་པའི་སྐད་ཡིག་འདི་བརླག་སོང་བ་ཡིན་ན། འཇིག་རྟེན་གྱི་ཁམས་ཡོངས་སུ་μོགས་པ་དང༌། འགྲོ་བ་མིའི་སྤྱི་ཚོགས་ཡོངས་སུ་རྫོགས་པ་ལ་ཕངས་པོ་ཡིན་པ་དང༌། མེད་དུ་མི་རུང་བ་ཞིག་ཡིན་པ་རེད། མེད་དུ་མི་རུང་བ་ཡིན་པ་དེ་ཡང༌། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ལྟོས་ནས་མེད་དུ་མི་རུང་བ་ཡིན་པ། མངོན་མཐོ་དང་ངེས་ལེགས་གཉིས་ཀ་ལ་ལྟོས་ནས་མེད་དུ་མི་རུང་བ་ཡིན་པ། འཇིག་རྟེན་གྱི་ཡར་རྒྱས་དང་ནང་དོན་རིག་པའི་ཡར་རྒྱས་གཉིས་ཀ་ལ་བརྟེན་ནས་མེད་དུ་མི་རུང་བ་ཡིན་པ་དེ་འདྲ་ལ་བརྟེན་ནས་ Universal importance ཡོད་རེད་ཅེས་མི་ཚོས་ཀྱང་ལབ་ཀྱི་ཡོད་རེད། ང་ཚོས་ཀྱང་ཡིན་བསམས་ཀྱི་ཡོད་པ་རེད། བོད་པས་ཉུང་ཉུང་བསམས་ཀྱི་ཡོད་པ་རེད། མི་གཞན་པ་ཚོས་མང་པོ་བསམས་ཀྱི་ཡོད་པ་རེད།
ཕྱོགས་གཞན་པ་ཞིག་ནས་བསམ་བློ་བཏང་བ་ཡིན་ན། སྤྱིར་ནང་པའི་བསམ་ཚུལ་ལ་སྒྲ་དང་སྒྲ་ཡི་བརྗོད་བྱའི་དོན་རང་མཚན་པ་གཉིས་ཀྱི་བར་ལ་འབྲེལ་བ་ཐེར་ཟུག་པ་ཞིག་མེད་པའི་བསམ་བློ་གཏོང་གི་ཡོད་པ་རེད། སྒྲ་དང་རྟོག་པ་གཉིས་པོ་དེ་རང་ཡུལ་ལ་འཇུག་པའི་སྐབས་སུ་གཞན་སེལ་གྱི་སྒོ་ནས་འཇུག་པ་མ་གཏོགས་དངོས་པོའི་སྒོ་ནས་མི་འཇུག་པ་ཡིན་དུས། སྐད་ཡིག་དང་བརྗོད་བྱའི་དངོས་པོའི་བར་དུ་ཕྱི་རོལ་པས་འདོད་པ་ནང་བཞིན་གྱི་རང་མཚན་གྱི་འབྲེལ་བ་ཞིག་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད་མ་རེད། དེ་མེད་དུས་དོན་གང་འདྲ་ཞིག་བསྟན་ན་ཡང་དེ་སྟོན་པའི་སྐད་ཡིག་དེ་རྣམ་རྟོག་ལ་གང་ཤར་བའི་འདོད་རྒྱལ་གྱིས་བརྡ་སྦྱར་ན་འགྲིག་གི་ཡོད་པ་རེད། ལྟོ་ལྡིར་བ་ལ་ཀ་བ་ཞེས་པའི་སྒྲས་བཏགས་ནའང་དོན་སྟོན་ནུས་པ་ཞིག་ཡོང་གི་ཡོད་རེད། བུམ་པ་ཞེས་པའི་སྒྲ་དང་ལྟོ་ལྡིར་གཉིས་ལ་འབྲལ་དུ་མི་རུང་བའི་འབྲེལ་བ་ཞིག་ཡོད་པར་བསམས་ཀྱི་ཡོད་མ་རེད།
བྱས་ཙང་ང་ཚོས་སྒྲ་དེ་འགྱུར་མེད་ཀྱི་རྟག་པ་ཞིག་ཡིན་པ་འདོད་ཀྱི་ཡོད་མ་རེད། ཕྱི་རོལ་པ་མང་པོ་ཞིག་གིས་སྒྲ་རྟག་པ་དང༌། རིག་བྱེད་ལ་སོགས་པའི་སྒྲ་ཚད་མར་ཁས་ལེན་དགོས་པ་དེ་གཉིས་ཀྱི་རྒྱབ་ཀྱི་བསམ་བློའི་ནང་སྒྲ་དོན་གཉིས་ཀྱི་དབར་འབྲལ་དུ་མི་རུང་བའི་རང་མཚན་གྱི་འབྲེལ་བ་ཞིག་ཡོད་པར་བསམ་བློ་གཏོང་གི་ཡོད་རེད། དེ་འདྲ་བྱས་དུས་ཁོང་ཚོས་སྐད་ཡིག་གི་རིན་ཐང་ཆེ་རུ་བཏང་ཡོད་དྲན་གྱི་ཡོད་རེད། ཡིན་ན་ཡང་དེ་འདྲ་བྱས་དུས་དོན་དུ་སྐད་ཡིག་གི་དགོས་གལ་ཆུང་དུ་བཏང་བ་རེད། འདི་ཚོའི་སྐོར་གལ་ཆེན་པོ་རེད་དེ་ང་ཚོར་དུས་ཚོད་ཉུང་ཉུང་ལས་མི་འདུག་པས་བཤད་ཐུབ་པ་མི་འདུག དེ་རིང་བཀའ་མོལ་གང་ཞུས་པ་དེ་གང་དྲན་པ་རྣམས་ཐད་ཀར་ཞུས་པ་དེ་འདྲ་རེད།
ཕྱི་ལོ་ ༡༩༩༠ ལོར་ཝཱཎ་མཐོ་སློབ་ཏུ་གནང་བ་ཞིག་ཡིན་འདུག