༈ དམ་ཆོས་པདྨ་དཀར་པོའི་མདོའི་ལེའུ་ཁ་ཤས་ཐོག་གསུང་ཆོས་གནང་བ།

ཉིན་དང་པོ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༢)

སྔོན་འགྲོ་ཆོས་བཤད།

༄༅།། ཆོས་ཐུན་དང་པོར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག།།ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག།།འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པ་བཞིན། ད་ལྟ་ང་ཚོས་ཐོབ་པའི་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་དལ་འབྱོར་གྱི་ལུས་རྟེན་འདི་སྐྱེ་བ་ཕྱི་མའི་དོན་དང་། གཏན་གྱི་འདུན་མ། སངས་རྒྱས་ཀྱི་གོ་འཕང་བཅས་སྒྲུབ་ནུས་པའི་ཡིད་བཞིན་གྱི་ནོར་བུ་བརྒྱ་འགྱུར་སྟོང་འགྱུར་ལས་ཀྱང་ལྷག་པའི་དོན་ཆེ་བ་དང་། དེ་བཞིན་རྒྱུ་སྒྲུབ་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ་དང་། ངོ་བོ་འཛོམས་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ། དཔེ་སྲིད་དཀའ་བའི་སྒོ་ནས་རྙེད་པར་དཀའ་བ་ལ་སོགས་པས་རྙེད་དཀའ་བ་དང། དེ་ཡང་ཡུན་རིང་གནས་ན་བྱ་ལོང་བྱེད་ལོང་ཡོད་ཀྱང་། དེ་ནི་མི་གནས་པར་མྱུར་དུ་འཇིག་པ་ནམ་མཁའི་གློག་དང་འདྲ་བ་ཡིན་པར་བརྟེན། དལ་འབྱོར་གྱི་ལུས་རྟེན་འདི་ཚེ་འདིའི་དོན་དུ་མ་བཏང་བར། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་པའི་ཆེད་དུ་དལ་བའི་རྟེན་ལ་སྙིང་པོ་ལེན་དགོས་པ་གལ་ཆེན་པོ་ཡིན་པ་རྗེ་བདག་ཉིད་ཆེན་པོ་རང་གིས་ཐུགས་ཉམས་སུ་བཞེས་པ་ཡིན་ལ། སློབ་མ་ཚོས་ཀྱང་དེ་ལྟར་ཉམས་ལེན་གནང་དགོས་ཞེས་བསླབ་བྱ་གནང་བ་རེད།

ད་ལྟ་འདིར་འཛོམས་པ་ཚང་མ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་འདུན་པ་ཡོད་པ་ཞིག་ཡིན་པ་རེད། གལ་ཏེ་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་འདུན་པ་མེད་ན། དུས་ཚོད་བཏོན་པ་དང་དཀའ་ལས་བརྒྱབས་ནས་ཆོས་ཉན་ཁར་ཡོང་དགོས་དོན་མེད། འོན་ཀྱང་སྙིང་པོ་ལེན་ཚུལ་དེ་ཡག་པོ་མ་ཤེས་ན། གསོལ་བ་འདེབས་པ་དང་། སྔགས་བགྲངས་པ་དང་། ཕྱག་མཆོད་འབུལ་བཅས་བྱས་པ་ཙམ་གྱིས་དོན་ཆེན་པོ་ཞིག་འགྲུབ་ཁག་པོ་རེད། དཔེར་ན། དཀའ་ལས་བརྒྱབས་ནའང་དཀའ་ལས་བརྒྱབ་རྒྱུའི་དོན་དེ་མ་ཤེས་པ་ལྟ་བུ་རེད། དེས་ན་སངས་རྒྱས་ཀྱི་གསུང་རབ་ལ་སློབ་སྦྱོང་བྱས་ནས་ཆོས་ཀྱི་དོན་ཤེས་པར་བྱས་ཏེ་དེ་ཉམས་སུ་བླངས་ནས་སྙིང་པོ་ལེན་དགོས་པ་རེད། ད་ལྟ་ང་ཚོ་འདིར་དམ་པའི་ཆོས་ཉན་པའི་ཕྱིར་དུ་འཛོམས་པ་ཡིན་དུས་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་ཡག་པོ་དགོས་པ་དེ་གལ་ཆེན་པོ་རེད། དལ་བའི་རྟེན་ལ་ལེན་ཐུབ་པའི་སྙིང་པོ་ལ་སྐྱེ་བ་ཕྱི་མ་ཙམ་གྱི་དོན་དང་། འཁོར་བ་ལས་ཐར་པའི་མྱང་འདས་དགྲ་བཅོམ་པའི་གོ་འཕང་དང་། འཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་ཐུབ་པའི་སངས་རྒྱས་ཀྱི་གོ་འཕང་བཅས་སྣ་ཚོགས་ཡོད་པའི་ནང་ནས། ཐེག་པ་ཆེན་པོའི་རིགས་ཅན་ཡིན་ན་ངེས་པར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་འདུན་པས་ཀུན་ནས་བསླངས་ཏེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ལེགས་པར་གསལ་བཏབ་ནས་གསན་དགོས་པ་ཡིན་པ་རེད།

དེ་ལྟ་བུའི་ཀུན་སློང་ཚད་དང་ལྡན་པ་ཞིག་གི་ཐོག་ནས་གསན་པར་བྱ་བའི་ཆོས་ཀྱི་ངོ་བོ་གང་ཡིན་ཞེ་ན། སྔ་ལོ་ང་ཚོས་མཉམ་མེད་ཇོ་བོ་ཆེན་པོས་བཞེད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྐོར་ལ་འཆད་ཉན་བྱས་པ་རེད། འདི་ལོ་ངའི་གོ་ཐོས་ལ་ཀོ་རི་ཡའི་ནང་པའི་ཁྲོད་དུ་དམ་པའི་ཆོས་པདྨ་དཀར་པོ་འདི་ཀློག་མཁན་དང་། འབྲི་མཁན། དེ་བཞིན་གཞན་ལ་ཁྱབ་སྤེལ་བྱེད་མཁན་སོགས་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཆོས་ལུགས་ཀྱི་སྡེ་ཚན་ལྟ་བུ་གཅིག་གིས་རང་གིས་ཉམས་ལེན་བྱེད་པའི་གཞུང་གཙོ་བོ་ལྟ་བུ་ཡིན་འདུག དེས་ན་ད་ལན་འཆད་ཉན་གྱི་རིམ་པའི་ནང་དམ་ཆོས་པད་དཀར་གྱི་སྐོར་ལ་བྱེད་རྒྱུའི་སྐད་ཆ་བྱུང་བ་རེད། འདི་ནི་ཀོ་རི་ཡའི་སྐད་ཀྱི་ཐོག་ལ་སྔ་མ་ནས་འགྱུར་བ་ཞིག་ཡོད་ཚུལ་འདུག། དེ་ནི་ཧ་ཅང་རྒྱས་པར་བརྟེན་འདི་ལོ་ལེའུ་གསུམ་ཟུར་བཏོན་གྱིས་བོད་སྐད་མཉམ་དུ་པར་བསྐྲུན་གནང་ཡོད།

དངོས་སུ་འཆད་ཉན་བྱེད་པའི་སྐབས་སུ་དམ་ཆོས་པད་དཀར་བཤད་རྒྱུ་དེ་ཕྲན་བུ་བསམ་བློ་ཡག་པོ་མ་བཏང་བས་ཐལ་ཆ་ཕྱིན་པ་ལྟ་བུ་འདུག གང་ལགས་ཤེ་ན། དམ་ཆོས་པད་དཀར་ཧ་ཅང་རྒྱ་ཆེན་པོ་རེད། ཉི་མ་བཞི་ལྔའི་ནང་བཤད་མཁན་གྱིས་བཤད་ཐུབ་པ་དང་ཉན་མཁན་གྱིས་ཉན་ཐུབ་པ་མེད་པ་ལྟ་བུ་རེད། ཡིན་ནའང་དེའི་སྐོར་ལོ་སྔོན་མར་སྐད་ཆ་བྱུང་བ་དང། དེ་ནས་དཔེ་ཆ་བསྒྱུར་རྒྱུ་དང་པར་བརྒྱབ་རྒྱུ་སོགས་ཆ་ཚང་གྲུབ་པ་ཡིན་སྟབས། ད་རེས་དེའི་ནང་ནས་ལེའུ་གསུམ་ཟུར་དུ་ཕྱུང་ནས་འཆད་ཉན་མདོར་བསྡུས་ཙམ་བྱེད་རྒྱུ་ཡིན་པའི་ཁུལ་རེད། ལེའུ་གསུམ་ཟུར་དུ་ཕྱུང་བ་དེ་ཡང་ཚིག་ཐོག་ཚིག་བཞག་གི་ཐོག་ནས་ཚིག་འགྲེལ་དང་བཤད་པ་བརྒྱབ་རྒྱུ་ཡོང་བ་མི་འདུག འདི་ནི་དུས་བཅད་ཉིན་གྲངས་ནང་ཚར་དགོས་པར་བརྟེན། ལེའུ་གསུམ་གྱི་ནང་དོན་གལ་ཆེ་བ་རྣམས་བསྡོམས་ལྟ་བུ་བརྒྱབས་ནས་ངོ་སྤྲོད་བྱེད་རྒྱུ་ཡིན། ལེའུ་གསུམ་གྱི་ཐོག་ཏུ་གླེང་གཞིའི་ལེའུ་དེ་ལེའུ་ཚང་མའི་སྔོན་འགྲོ་ཡིན་ཙང་དེའི་སྐོར་ལ་ཕྲན་བུ་ཞིག་མ་བཤད་ཐབས་མེད་རེད། དེ་ལྟར་གླེང་གཞིའི་ལེའུ་དང། ལེའུ་གཞན་གསུམ་གྱི་སྙིང་དོན་མདོར་བསྡུས་རེ་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་དུ་དམ་ཆོས་པད་དཀར་གྱི་ལུང་རྒྱུན་མ་གཏོགས་བཤད་རྒྱུན་མེད། རྒྱ་ནག་ལ་ཡོད་མེད་མི་ཤེས། ཞལ་ནས་ཞལ་དུ་བརྒྱུད་ནས་བརྒྱུད་པ་བར་མ་ཆད་པར་ཡོད་པ་དེ་ལ་བཤད་པའི་རྒྱུན་ཞེས་བརྗོད། དེ་འདྲའི་བཤད་རྒྱུན་མེད་པར་ཁྲིད་པའི་སྐབས་སུ་བོད་སྐད་དུ་རྩལ་བཤད་ཅེས་བརྗོད་ཀྱི་རེད། འདི་ལ་ཁྲིད་རྒྱུན་གྱི་བརྒྱུད་པ་མེད་ནའང་དོན་དུ་བླ་མའི་དྲུང་ནས་ཁྲིད་ན་བཤད་ཁྲིད་དང་རྩལ་བཤད་ཀྱི་ངོ་བོར་གོ་ཆོད་པར་བརྩི།

སངས་རྒྱས་ཀྱི་མདོ་རྒྱུད་ལ་སློབ་སྦྱོང་བྱེད་པའི་སྔོན་དུ་བསྟན་པ་སྤྱིའི་རྣམ་གཞག་གསལ་པོ་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། དེ་ནི་སངས་རྒྱས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་རིམ་པ་བྱུང་རབས་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་ཚུལ་དང་སྔགས་ཀྱི་ཐེག་པའི་ལྟ་ཚུལ་སོགས་བྱུང་རབས་དང་འབྲེལ་བ་ཐད་ཀར་མེད་པའང་ཡོད། དེ་ཚོ་ཚང་མའི་རྒྱབ་ལྗོངས་ཡག་པོ་མ་ཤེས་ན། མདོ་དང་རྒྱུད་བྱེ་བྲག་པ་རེ་ཟུང་ལ་ཐད་ཀར་སློབ་སྦྱོང་བྱེད་རྒྱུ་འདིས་དོན་རྟོགས་ཁག་པོ་རེད།

སྤྱིར་བཏང་ད་རེས་འདིར་ཕེབས་མཁན་ཚང་མ་ནང་པའི་ཆོས་བྱེད་པ་ཤ་སྟག་ཡིན་ཙང་། བསྟན་པ་སྤྱིའི་རྣམ་གཞག་དང་དེའི་བྱུང་རིམ་རྣམས་ཕལ་ཆེར་ཆ་ཚང་མཁྱེན་གྱི་ཡོད་ཤག་རེད། ཡིན་ནའང་གསར་དུ་ཕེབས་མཁན་དང་བསྟན་པ་སྤྱིའི་རྣམ་གཞག་ལ་དེ་ཙམ་ཐུགས་སྣང་མ་བྱུང་བ་དེ་དག་གི་དོན་དུ་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡིན། འདིའི་སྐབས་སུ་ཐུགས་ལ་གཞག་དགོས་པ་གང་རེད་ཅེ་ན། ད་ལྟ་ནས་བརྩིས་པའི་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་ཅུ་རེ་ལྔའི་སྔོན་ལ་ཤཱཀྱའི་སྲས་གཞོན་ནུ་དོན་གྲུབ་འཁྲུངས་པ་དང་།ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ནི་བྱུང་རབས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཐུན་མོང་བའི་སྣང་ཚུལ་ཞིག་རེད། སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་རྣམས་དག་པའི་ལས་ཅན་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་གཟིགས་སྣང་ལ་བྱུང་ཚུལ་མི་འདྲ་བ་རེད། དེ་བཞིན་སྔགས་ཀྱི་ཐེག་པའི་སྒོ་ནས་གཟིགས་པ་ཡིན་ནའང་མི་འདྲ་བ་ཞིག་རེད། འོན་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་བསྟན་པ་སྤྱིའི་རྣམ་གཞག་ཟེར་བ་དེ་བྱུང་རབས་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་ནི་དངོས་བྱུང་གི་གནས་ཚུལ་ཇི་ལྟར་བྱུང་བ་དང་། བསྟན་པ་ཇི་ལྟར་དར་བ། ད་ལྟའི་བར་དུ་ཡོང་ཚུལ་བཅས་ཀྱི་ཐོག་གོ་བ་རགས་པ་ཙམ་ཞིག་རྙེད་དགོས་པ་ཐུགས་གལ་ཆེན་པོ་རེད།

ད་ལྟ་ངས་ཞུ་རྒྱུའི་བསྟན་པ་སྤྱིའི་རྣམ་གཞག་འདི་གདུལ་བྱ་ཐུན་མོང་བའི་སྣང་ཚུལ་དང་བསྟུན་ནས་དེ་ལྟ་བུའི་བྱུང་བའི་ཐོག་ནས་ཞུ་གི་ཡོད། དེ་ནི་ཐུན་མོང་བའི་སྣང་ཚུལ་ལ་དངོས་ཡོད་ཀྱི་གནས་ཚུལ་གང་བྱུང་བ་རྣམས་རེད། སྤྱིར་བཏང་སེམས་ཅན་ཚང་མའི་རང་བཞིན་ཇི་ལྟར་ཡོད་ཅེ་ན། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། གང་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་པའི་སེམས་ཅན་ཞིག་ཡིན་ཕྱིན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། སྡུག་བསྔལ་འབྲལ་འདོད་དང་བདེ་བ་སྒྲུབ་འདོད་ཡོད་པ་གཅིག་གྱུར་རེད། ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་པའི་གཞོན་ནུ་དོན་གྲུབ་ཀྱང་དེ་ལས་མི་འདྲ་བ་ཞིག་གང་ཡང་མེད། ཁོང་ལ་གནས་སྐབས་ཀྱི་བདེ་བ་ཤ་སྟག་མ་གཏོགས་སྡུག་བསྔལ་གྱི་དངོས་པོ་གང་ཡང་མ་གཟིགས་པའི་གནས་སྟངས་ཤིག་ཆེད་མངགས་ཡབ་ཡུམ་ཚོས་བཟོས་པ་ཞིག་རེད། འོན་ཀྱང་གྲོང་ཁྱེར་ནང་ལྟ་སྐོར་ཕེབས་པའི་སྐབས་སུ་རིམ་བཞིན་མི་ནད་པ་དང་། མི་རྒས་འཁོགས། མི་ཤི་བའི་རོ་སོགས་གཟིགས་པའི་སྐབས་སུ་རང་གི་ཤིང་རྟའི་ཁ་ལོ་པ་ལ་དེ་ཚོ་གང་རེད་ཅེས་དྲིས་པའི་ལན་དུ། འདི་ནི་ནད་པ་དང་། རྒས་འཁོགས། ཤི་བའི་རོ་རེད་ཅེས་ཞུས། སླར་ཡང་གཞོན་ནུ་དོན་གྲུབ་ཀྱིས་འདི་ལྟ་བུའི་སྡུག་བསྔལ་རྣམས་གང་ཟག་འགའ་རེ་ལ་དམིགས་བསལ་གྱིས་ཡོང་གི་ཡོད་དམ། ཡང་ན་ཚང་མ་ལ་ཡོང་རྒྱུ་རེད་ཅེས་དྲིས་པའི་ལན་དུ། སྐྱེ་བ་ཞིག་བླངས་ཕྱིན་ཆད་མ་རྒས་པ་དང་མ་ཤི་བར་འགྲོ་ས་མེད་པ་དང། ནད་ཀྱང་སུ་ལའང་ཡོང་སྲིད། འདི་ནི་སྤྱི་ཡོངས་ཀྱི་གནས་སྟངས་ལས། གང་ཟག་བྱེ་བྲག་པ་ཁ་ཤས་ལ་ཡོང་བ་ཞིག་མ་རེད་ཅེས་ཞུས་པ་རེད། དེ་ལ་བརྟེན་ནས་འཁོར་བའི་ཕུན་ཚོགས་སམ་འཁོར་བའི་བདེ་བ་ཐམས་ཅད་ལ་སྙིང་པོ་མེད་པ་དང་། གཏན་གྱི་བདེ་བ་སྒྲུབ་པའི་ཐབས་ཤིག་བཙལ་དགོས་ཀྱི་འདུག་དགོངས་པ་རེད། ལྷག་པར་དུ་སྐྱེ་རྒ་ན་འཆིས་མཚོན་པའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་བའི་ཐབས་ཤིག་བཙལ་ན་མ་གཏོགས་འགྲིག་གི་མི་འདུག་དགོངས་པའི་ཐུགས་བསྐྱེད་དམ་བཅའ་ཤུགས་ཆེན་པོ་ཞིག་བྱུང་། དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ལོ་དྲུག་གི་བར་དུ་བསམ་གཏན་དང་གཟུགས་མེད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྦྱངས་པ་གནང་རུང་། སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ནུས་པར་གཟིགས་པར་བརྟེན། སྐུ་ལུས་གསོ་བ་སོགས་གནང་རྗེས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་བསྒོམས་ནས་རྡོ་རྗེའི་གདན་ལ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་པ་རེད། སངས་རྒྱས་པའི་རྗེས་སུ་སེམས་ཅན་སྡུག་བསྔལ་ལས་གྲོལ་བའི་ཐབས་སུ་ཆོས་ཀྱི་འཁོར་ལོ་ངེས་པར་དུ་བསྐོར་དགོས་ཀྱང་། མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ་གཟིགས་པའི་ཆོས་དེ་ཧ་ཅང་གི་གཏིང་ཟབ་པོ་ཡིན་སྟབས། ལམ་སེང་གདུལ་བྱ་སུ་ལ་བསྟན་ནའང་གོ་མི་ནུས་པའམ། གལ་སྲིད་གོ་བ་ཡིན་ནའང་ཆ་ཚང་མི་གོ་བ་དང་། ཡང་ན་གོ་ནོར་ཐེབས་པའི་ཉེན་ཁ་ཡོད་པ་ཡིན་ཙང་། གནས་སྐབས་ཆོས་གསུང་རྒྱུའི་ཐུགས་ཤུགས་ཆག་ནས་ཆོས་མ་གསུངས་པར་བདུན་ཕྲག་བདུན་གྱི་རིང་ལ་བཞུགས་པ་རྣམས་མངོན་པར་འབྱུང་བའི་མདོ་དང་། རྒྱ་ཆེར་རོལ་པ། འདུལ་བ་ལུང་སོགས་སུ་གསལ། ལྷག་པར་དུ་སངས་རྒྱས་ཀྱིས་གང་གསུངས་ཡོད་ཅེ་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་གསུངས་ཏེ། ཟབ་ཞི་ཞེས་པ་ཐེག་པ་ཐུན་མོང་བ་དང་འབྲེལ་བ་ཡོད་པ་དང་། སྤྲོས་བྲལ་ཞེས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་ཀྱི་དོན་དང་། འོད་གསལ་འདུས་མ་བྱས་ཞེས་པ་སྔགས་ཀྱི་ཐེག་པའི་སྐོར་སོགས་བསྟན་པ་རེད། དེ་ལྟ་བུའི་དོན་སངས་རྒྱས་ཀྱིས་གཟིགས་པ་དེ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ།། ཞེས་གསུངས་ཏེ་བདུན་ཕྲག་བདུན་གྱི་རིང་ལ་ཆོས་ཀྱི་འཁོར་ལོ་མ་བསྐོར་བར་བརྟེན། ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་ཀྱིས་གསོལ་བ་བཏབ་ནས་ཆོས་འཁོར་བསྐོར་བར་ཞལ་གྱིས་བཞེས་པའི་རྗེས་སུ་སྣོད་དུ་རུང་བའི་གདུལ་བྱར་ཐོག་མར་དཀའ་བ་སྤྱད་པའི་སྐབས་སུ་ཉེ་གནས་ལ་ཡོད་པའི་དགེ་སྦྱོང་ལྔ་པོ་རྣམས་ཡིན་པར་མཁྱེན་ནས་རྡོ་རྗེའི་གདན་ནས་ཝཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཕེབས། འཁོར་ལྔ་སྡེ་བཟང་པོ་ལ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཟླ་བ་ཉ་གང་བའི་ཉིན་མོར་བརྗོད་བྱ་བདེན་པ་བཞི་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་ཡིན་སྟབས། མཚན་ལའང་བདེན་བཞི་ཆོས་འཁོར་ཞེས་ཐོགས།

ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་མཚོན་ན། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་དུ་རྡོ་རྗེའི་གདན་ལ་བཞུགས་རྗེས་བོད་ཟླ་དྲུག་པའི་ཟླ་བའི་ཉའམ་ཚེས་བཅོ་ལྔའི་ཉིན་མོར་ཝཱ་རཱ་ཎ་སཱི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད། འོན་ཀྱང་བོད་བརྒྱུད་ནང་བསྟན་ལ་འཁོར་ལོ་དང་པོ་བསྐོར་བའི་དུས་ཚོད་དེ་དྲུག་པའི་ཚེས་བཞི་ལ་བརྩིས་པ་རེད། འདི་ཐོག་མར་ཇི་ལྟར་དར་མིན་མི་ཤེས། དེ་ལྟར་ན་བོད་ཟླ་དྲུག་པའི་ཚེས་གསུམ་ལ་བདུན་ཕྲག་བདུན་ཚང་བ་དང་། ཚེས་བཞི་ལ་ཆོས་འཁོར་བསྐོར་བ་ཡིན། གནས་བརྟན་སྡེ་པས་ཟླ་བ་དེའི་ཚེས་བཅོ་ལྔ་ལ་ཆོས་འཁོར་བསྐོར་བའི་དུས་ཆེན་བརྩིས་པ་དེ་བྱུང་རབས་དང་བསྟུན་ན་ལེགས་ཤིང། རྡོ་རྗེའི་གདན་ནས་ཝཱ་རཱ་ཎ་སིའི་བར་ཕེབས་ལམ་དུ་ཉི་མ་ལྔ་དྲུག་ཙམ་འགོར་ཡོད་པ་མ་ཟད། དེའི་ཚེ་གང་དང་གང་དུ་བཞུགས་པ་རྣམས་མངོན་པར་འབྱུང་བའི་མདོའི་ནང་གསལ་པོ་ཡོད། དེ་ལྟར་ཝཱ་རཱ་ཎ་སཱི་ལ་ཕེབས་པའི་ཉིན་གཉིས་པར་མ་གཏོགས་ཆོས་འཁོར་བསྐོར་མེད་པ་ལྟ་བུ་རེད། ཉིན་དང་པོར་ལྔ་སྡེ་དང་ལྷན་དུ་བཀའ་མོལ་གནང་བ་དང་། དེ་བཞིན་ཤམ་ཐབས་ཟླུམ་པོར་བགོ་བ་དང་མཐའ་གཉིས་སུ་མི་ལྷུང་བ་དེ་ཚོ་གསུངས། དེ་ནས་ཉིན་གཉིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད།

འཁོར་ལོ་དང་པོ་དེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་གཞི་རྩའམ་རྩ་བ་ལྟ་བུ་དེ་རེད། སྟོན་པ་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་ལོ་བཞི་བཅུ་ལྷག་རིང་ཡུལ་གང་སར་ཆོས་ཀྱི་རྣམ་གྲངས་མང་པོ་གསུངས་པ་དེ་བདེན་པ་བཞིའི་རྭ་བ་ལས་མ་འདས་པ་མ་ཟད། འཁོར་ལོ་བར་པ་དང། འཁོར་ལོ་ཐ་མ། སྔགས་ཀྱི་ཐེག་པ་སོགས་རིམ་བཞིན་གསུངས་པ་རྣམས་བདེན་བཞིའི་རྒྱས་སྤྲོས་དང་རྣམ་གྲངས་ལྟ་བུ་རེད།

བདེན་པ་བཞིའི་རྣམ་གཞག་གསུང་སྟངས་དེ་འཇིག་རྟེན་ཐུན་མོང་གིས་མཐོང་ཚུལ་ལྟར་གྱི་བྱུང་རབས་ལ་སྦྱར་ན། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་པ་འདི་གང་ལ་བརྟེན་ནས་བྱུང་ཞེ་ན། སེམས་ཅན་སྡུག་བསྔལ་གྱིས་མནར་བ་གཟིགས་ནས་སྡུག་བསྔལ་ལ་འཇིགས་པ་སྐྱེས་པ་དང་། སྡུག་བསྔལ་དེ་དག་ལས་གྲོལ་བའི་ཐབས་ཤིག་དགོས་པའི་གནས་ཚུལ་ཞིག་གཟིགས་པ་ལ་བརྟེན་ནས་དཀའ་བ་སྤྱད་དེ་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་རེད། དེ་ནི་སེམས་ཅན་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དུ་ཡིན་སྟབས། དེ་ལས་སྒྲོལ་བའི་ཐབས་དེ་ངེས་པར་དུ་བསྟན་དགོས་པར་བརྟེན། ཆོས་ཀྱི་འཁོར་ལོ་དང་པོ་དེ་སྡུག་བསྔལ་བདེན་པ་ལས་བརྩམས་ནས་ཐོག་མར་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པར་ཤེས་དགོས་པ་དང། སྡུག་བསྔལ་ཤེས་ནས་སྤོང་འདོད་སྐྱེས་ན། སྡུག་བསྔལ་སྤོང་སྟངས་དེ་སྡུག་བསྔལ་གང་ལས་འབྱུང་བའི་རྒྱུ་ངོས་ཟིན་ནས་རྒྱུ་དེ་མེད་པར་མ་བཟོས་ན་སྡུག་བསྔལ་མངོན་འགྱུར་བ་འགོག་ནུས་པ་ཙམ་གྱིས་སྡུག་བསྔལ་སྤང་མི་ནུས་པར་བརྟེན། འདི་གང་ལས་བྱུང་བའི་རྒྱུ་ཀུན་འབྱུང་བདེན་པ་ངོས་བཟུང་ནས་སྤང་དགོས་པ་དང་། ཀུན་འབྱུང་སྤང་རུང་ཡིན་པ་དང་། དེ་སྤངས་ན་འགོག་པའི་བདེན་པ་ཐོབ་པ། དེ་ཡང་ལམ་གྱི་བདེན་པ་རྒྱུད་ལ་སྐྱེས་པའི་སྒོ་ནས་ཀུན་འབྱུང་སྤངས་པའི་འགོག་པ་དེ་ཐོབ་པ་བཅས་འཁོར་བའི་ཆར་གཏོགས་ཀྱི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་རིམ་པ་གཅིག་དང་། རྣམ་བྱང་གི་ཆར་གཏོགས་ཀྱི་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་རིམ་པ་གཅིག་རེད། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་རིམ་པ་ལ་འབྲས་བུ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་རིམ་པ་ལ་འབྲས་བུ་འགོག་པ་དང་རྒྱུ་ལམ་བདེན་བཅས་དེ་དག་ནི་བདེན་བཞིའི་རྣམ་གཞག་བྱུང་ཚུལ་རེད། དེ་ལྟར་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བདེན་པ་བཞིའི་རྣམ་གཞག་གི་ཐོག་ནས་འཁོར་བ་དང་སྲིད་ཞིའི་འཇིགས་པ་ཐམས་ཅད་ལས་གྲོལ་ནུས་པའི་ལམ་ཆ་ཚང་བ་ཞིག་བསྟན་པ་རེད།

འཁོར་ལོ་དང་པོའི་སྐབས་སུ་བདེན་པ་རེ་ལ་ཁྱད་ཆོས་སམ་རྣམ་པ་བཞི་རེ་བཅས་མི་རྟག་སོགས་བཅུ་དྲུག་བསྟན་པ་རེད། སྡུག་བསྔལ་བདེན་པའི་ཁྱད་ཆོས་སམ་རྣམ་པ་ལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཅས་བཞི་དང། ཀུན་འབྱུང་བདེན་པ་ལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པ་བཅས་བཞི། འགོག་པའི་བདེན་པ་ལ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པ་བཅས་བཞི། ལམ་གྱི་བདེན་པ་ལ་ལམ་རིག་པ་སྒྲུབ་པ་ངེས་འབྱིན་གྱི་རྣམ་པ་བཅས་བཞི་རེད། གང་ལྟར་བདེན་པ་བཞི་ལ་རྣམ་གྲངས་མི་འདྲ་བ་བཞི་རེ་གསུངས་པའི་སྒོ་ནས་མི་རྟག་སོགས་བཅུ་དྲུག་དང་།  དེ་ནས་ལམ་གྱི་བདེན་པའི་སྐབས་སུ་འཕགས་ལམ་ཡན་ལག་བརྒྱད་གསུངས། འཕགས་པའི་ལམ་ཡན་ལག་བརྒྱད་ནི་སྤྱིར་བཏང་མཐོང་ལམ་གྱི་ཁྱད་ཆོས་ལྟ་བུ་ཡིན་རུང་། དེང་སང་ཡོངས་གྲགས་སུ་སོ་སོའི་སྐྱེ་བོའི་གནས་སྐབས་ནས་ཀྱང་ཉམས་ལེན་བྱེད་རྒྱུ་ཡོད་པ་ལྟ་བུར་གསུངས། དེ་དག་ནི་འཁོར་ལོ་དང་པོའི་དངོས་བསྟན་གྱི་བརྗོད་བྱའམ་ཚིག་ཟིན་གྱི་བརྗོད་བྱ་ཡིན་པ་མ་ཟད། ནང་པའི་གྲུབ་མཐའ་བཞི་དང་ཐེག་པ་གསུམ་བཅས་ཐམས་ཅད་ལ་གཅིག་གྱུར་དུ་ཁྱབ་པའི་གནས་སྟངས་ཤིག་རེད། དེས་ན་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་འཕགས་ལམ་ཡན་ལག་བརྒྱད་རྣམས་ཡག་པོ་ཤེས་ན་སངས་རྒྱས་ཀྱི་ཆོས་ཀྱི་སྒྲོམ་གཞི་ལྟ་བུ་དེ་ཤེས་པ་རེད།

བདེན་པ་བཞིའི་རྣམ་གཞག་འདི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་བཅས་ཚང་མ་ལ་གཅིག་གྱུར་ཡིན་ནའང་། བདེན་པ་བཞིའི་རྣམ་པ་དེ་ཚོ་བཤད་པའི་སྐབས་སུ་ཁྱད་པར་ཧ་ཅང་ཆེན་པོ་རེད། དཔེར་ན། ཐོག་མར་མི་རྟག་པ་ལ་མཚོན་ན། མི་རྟག་པའི་ཕྲ་རགས་ཀྱི་ཁྱད་པར་གྱིས་གྲུབ་མཐའ་གོང་འོག་གི་འདོད་ཚུལ་མི་འདྲ་བ་དང་། ལྷག་པར་དུ་སྟོང་པ་དང་བདག་མེད་པ་གཉིས་བཤད་པའི་སྐབས་སུ་བྱེ་བྲག་སྨྲ་བ་ནས་ཐལ་འགྱུར་བའི་བར་གྱི་གྲུབ་མཐའ་སྨྲ་བ་བཞིས་འགྲེལ་པ་རྒྱག་སྟངས་དེ་ཁྱད་པར་ཆེན་པོ་རེད། དེ་བཞིན་བདེན་པ་གཞན་པ་གསུམ་གྱི་ཁྱད་ཆོས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྐོར་བཤད་ནའང་ནང་པའི་གྲུབ་མཐའ་སྨྲ་བ་དང་ཐེག་པ་གོང་འོག་གི་ཁྱད་པར་གྱིས་མིང་གཅིག་པ་ཡིན་ནའང་དོན་མི་འདྲ་བ་ཆགས་པ་རེད། སངས་རྒྱས་ཀྱི་རྗེས་འཇུག་གི་གདུལ་བྱའི་ནང་གྲུབ་མཐའི་དབང་དུ་བྱས་ན། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་བཞི་རེད། དེ་བཞིན་དེའི་ནང་དུའང་ནང་གསེས་ཀྱི་དབྱེ་བ་མང་པོ་རེད། དཔེར་ན། སེམས་ཙམ་པ་ལ་ལུང་དང་རིགས་པའི་རྗེས་འབྲང་སོགས་དང་། དབུ་མ་པ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་སོགས་གྲུབ་མཐའ་དང་ཐེག་པའི་རྣམ་གཞག་མི་འདྲ་བ་ཧ་ཅང་མང་པོ་རེད།

སངས་རྒྱས་ཀྱིས་ཆོས་བསྟན་པའི་ཚུལ་ནི་ཆོས་ལུགས་གཞན་གྱི་སྟོན་པ་ཚོ་དང་མི་འདྲ་བའི་ཁྱད་པར་ངེས་ཅན་ཞིག་ཡོད་ཅིང་། དེ་ཡང་གདུལ་བྱ་སོ་སོའི་རྣམ་འབྱེད་ཀྱི་ཤེས་རབ་བམ་རིགས་པ་བེད་སྤྱོད་བཏང་ནས་བརྟག་དཔྱད་བྱེད་པ་མ་གཏོགས། སངས་རྒྱས་ལ་དད་པ་དང་གུས་པ་ཡོད་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱིས་གང་གསུངས་པ་བཞིན་ཁས་ལེན་ན་མི་འགྲིག་ཅེས་གསུང་གི་ཡོད། སྟོན་པ་གཞན་གྱིས་འདི་འདྲ་གསུངས་པ་ཧ་ལམ་མེད་པ་ལྟ་བུ་རེད། དེར་བརྟེན་སངས་རྒྱས་ཀྱིས་རྟག་ཏུ་ཤེས་རབ་དང་རིགས་པ་གཙོ་བོར་བྱེད་པ་མ་གཏོགས། སངས་རྒྱས་ཀྱིས་གསུངས་པའི་ལུང་གི་ཚིག་ཟིན་གཙོ་བོར་ཁས་ལེན་མི་རུང་བ་འདི་ཤུགས་ཆེན་པོས་གསུངས་པ་རེད།

ཐེག་པ་ཆེན་པོའི་སྡེ་སྣོད་ནང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་དགེ་སློང་དག་གམ། ཡང་ན་མཁས་པ་ཚོས། དཔེར་ན། མགར་བ་མཁས་པས་གསེར་བསླད་མེད་ཡིན་མིན་མེ་ལ་བསྲེགས་པ་དང་། རྡོ་ལ་བརྡར་བ། གཟོང་གིས་བཅད་པ་བཞིན། ངས་གསུངས་པའི་ཆོས་ཀྱང་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་ཡོད་མེད། ཅུང་ཟད་ལྐོག་གྱུར་བསྟན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པ་ཡོད་མེད། ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་ཡོད་མེད་སོགས་དཔྱད་པ་གསུམ་གྱིས་དཔྱད་དེ་གཞི་ནས་ཁས་བླང་དགོས་རེད་མ་གཏོགས། ང་ལ་གུས་ཞབས་ཡོད་པའི་རྒྱུ་མཚན་གྱིས་ཁས་བླང་ན་འགྲིག་གི་མ་རེད་ཅེས་གསལ་པོ་གསུངས་པ་རེད། ལྷག་པར་དུ་པཱ་ལིའི་ནང་ཀཱལཱམ་སུཏྟ་ཞེས་པའི་མདོ་དེའི་ནང་སངས་རྒྱས་ཀྱི་གསུང་ལ་དཔྱད་པ་མེད་པར་ངོས་ལེན་བྱེད་ན་མི་འགྲིག་པའི་རྒྱུ་མཚན་དེ་ཐེག་པ་ཆེན་པོའི་མདོ་སྡེ་ལས་རྒྱས་པར་གསུངས་ཡོད། གང་ལྟར་སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་བྱེད་པའི་སྐབས་སུ་གཙོ་ཆེ་བ་རིགས་པའི་རྗེས་སུ་འབྲང་བ་མ་གཏོགས་ལུང་གི་རྗེས་སུ་འབྲང་བ་དེ་མི་འགྲིག།

སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་བྱེད་པའི་སྐབས་སུའང་དབང་རྣོན་ཆོས་ཀྱི་རྗེས་འབྲང་དང་དབང་རྟུལ་དད་པའི་རྗེས་འབྲང་གཉིས་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་ནི་གང་ཟག་གསུང་བ་པོ་ལ་མི་རྟོན་པར་དེས་བསྟན་པའི་ཆོས་ལ་ཡིད་རྟོན་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་ནི་གང་ཟག་ལ་གཙོ་བོར་རྟོན་པ་རེད། དེར་བརྟེན་སངས་རྒྱས་ཀྱི་གསུང་ཉམས་སུ་ལེན་པའི་སྐབས་སུ་རང་གི་བློའི་ནུས་པ་དང་བསྟུན་ནས་རིགས་པས་དཔྱད་མཐའ་རྙེད་པ་དེ་ཁས་ལེན་པ་མ་གཏོགས། སངས་རྒྱས་ཀྱི་ལུང་ནས་གསུངས་འདུག་ཅེས་ཚིག་ཟིན་ཙམ་ལ་བརྟེན་ནས་ཁས་ལེན་ན་འགྲིག་གི་མ་རེད་ཅེས་གསུངས་པ་འདི་སངས་རྒྱས་ཀྱི་ཆོས་བསྟན་ཚུལ་ཐུན་མོང་མ་ཡིན་པ་ཞིག་རེད།

སངས་རྒྱས་ཀྱིས་ལུང་ཙམ་ལ་སྐྱབས་སུ་མི་འཛིན་པར། སོ་སོའི་རིགས་པས་དཔྱད་ནས་གོ་བ་ལེན་དགོས་ཞེས་གསུངས་པའི་རྒྱུ་མཚན་གཙོ་བོ་གང་རེད་ཅེ་ན། སངས་རྒྱས་ནི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ཡིན་ཙང་། གདུལ་བྱ་སོ་སོའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་སོགས་ལ་གཟིགས་ནས་གདུལ་བྱའི་བློ་དང་བསྟུན་ནས་གང་དོན་དུ་གྱུར་པ་ཞིག་གསུངས་པ་མ་གཏོགས། སངས་རྒྱས་རང་ཉིད་ལ་གང་གསུང་རྒྱུ་ཡོད་པ་ཐམས་ཅད་གསུང་གི་མེད། དེར་བརྟེན་སངས་རྒྱས་ཀྱི་གསུང་ལ་མི་མཐུན་པ་མང་པོ་ཡོད། སྐབས་རེ་ཡིན་གསུངས་པ་རྣམས་སྐབས་རེ་མ་ཡིན་གསུངས་པ་དང་། སྐབས་རེ་ཡོད་གསུངས་པ་རྣམས་སྐབས་རེ་མེད་གསུངས་པ་སོགས་སྣ་ཚོགས་རེད། སངས་རྒྱས་ཀྱི་ཆོས་ཀྱི་གཞི་རིམ་གྱི་ལྟ་གྲུབ་ནང་བདག་མེད་པ་ཞེས་པ་དེ་གཙོ་བོ་ལྟ་བུ་རེད། ཡིན་ནའང་སྐབས་འགའ་ཞིག་ལ་ཕུང་པོ་ལས་དོན་གཞན་པའི་གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ཡང་ཡོད། དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཚིག་ལ་འདྲ་མིན་སྣ་ཚོགས་ཡོང་བ་ནི་སངས་རྒྱས་རང་ཉིད་ཀྱིས་གང་མཁྱེན་པ་དེ་གསུངས་པ་མིན་པར། གདུལ་བྱ་སོ་སོའི་བློའི་ནུས་པས་ཇི་ཙམ་གྱིས་ལྕོགས་པ་དང་། གདུལ་བྱ་སོ་སོ་ལ་གང་དོན་དུ་གྱུར་པ་གསུང་གི་ཡོད་སྟབས། གདུལ་བྱའི་ཁམས་མོས་བསམ་པ་མི་འདྲ་བ་མང་བར་བརྟེན། དོན་དུ་འགལ་བ་མེད་ནའང་ཚིག་ཟིན་ལ་འགལ་བ་མང་པོ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། དེས་ན་སངས་རྒྱས་ཀྱི་གསུང་གང་ཞིག་སྒྲ་ཇི་བཞིན་དུ་ཁས་ལེན་ཆོག་པ་དང་། གང་ཞིག་སྒྲ་ཇི་བཞིན་པ་མ་ཡིན་པར་དོན་གཞན་དུ་དྲང་དགོས་པ་དེ་དག་རིགས་པའི་ལམ་ནས་བརྟག་དཔྱད་བྱེད་དགོས་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་སྡེ་སྣོད་གསུམ་གྱི་མདོ་ཕལ་མོ་ཆེ་ཡིག་ཐོག་ཏུ་འཁོད་པ་མེད། ཐོག་མར་སངས་རྒྱས་ཀྱིས་གསུངས་པ་རྣམས་དགྲ་བཅོམ་པ་ལ་སོགས་པ་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་ལམ་སེང་ཐུགས་ལ་ཟིན་པ་དང་། དེ་གཞན་ལ་ངག་བསླབ་བྱས་པ་སོགས་རྒྱུན་ཡོངས་སྟངས་དེ་འདྲ་རེད། འདུལ་བའི་ནང་ལུང་འབོགས་པ་ཞེས་པ་ནི་སངས་རྒྱས་ཀྱི་གསུང་སྐྱོར་རྒྱུ་ཡོད་མཁན་གྱིས་སྐྱོར་རྒྱུ་མེད་མཁན་ལ་ཁ་བསླབ་བྱས་ནས་འགྲོ་རྒྱུ་དེ་ལ་ཟེར། ཁ་ཏོན་དུ་བྱ་བ་ཞེས་པ་ནི་ཁ་བསླབ་ཟིན་རྗེས་སོ་སོའི་བློ་ངོར་ངེས་ནས་བསྐྱར་དུ་སྐྱོར་སྦྱང་བྱེད་རྒྱུ་ལ་ཟེར།

དེང་སང་བྱུང་རབས་སྨྲ་བ་ཚོས་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་གསུང་ཡིག་ཐོག་ཏུ་འཁོད་པ་མེད་ཅེས་གསུངས་པ་དེ་བདེན་པ་མ་རེད། གང་ལགས་ཤེ་ན། སངས་རྒྱས་ཞལ་བཞུགས་པའི་སྐབས་སུའང་སངས་རྒྱས་ཀྱི་གསུང་ཁ་ཤས་ཡིག་ཐོག་ཏུ་འཁོད་པ་དང་། ལྷག་པར་དུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་འདི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྟན་པའི་མདོ་རས་གཞི་ལ་བྲིས་ཏེ་གཅིག་ནས་གཅིག་ལ་བསྐུར་བ་སོགས་འདུལ་བའི་ལུང་ནང་གསལ། འོན་ཀྱང་མང་ཆེ་བ་ཡིག་ཐོག་ཏུ་འཁོད་མེད། བྱུང་རབས་སྨྲ་བ་ཚོས་བཀའ་བསྡུ་གསུམ་པའི་རྗེས་སུ་གཞི་ནས་ཡིག་ཐོག་ཏུ་བཀོད་ཚུལ་བཤད་ཀྱི་ཡོད། བཀའ་བསྡུ་གསུམ་པ་ག་དུས་གནང་མི་གནང་ལ་འདོད་པ་མི་འདྲ་བ་སྣ་ཚོགས་ལ་བརྟེན། རྩོད་གཞི་ཅན་ཞིག་རེད། བཀའ་བསྡུ་དང་པོ་དང་གཉིས་པའི་སྐབས་སུ་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས་བསྐྱར་དུ་སྐྱོར་ནས་ཁ་བསླབ་ཙམ་བྱས་པ་མ་གཏོགས། ཡིག་ཐོག་ཏུ་འཁོད་པ་རྒྱ་ཆེན་པོ་ཞིག་མ་བྱུང་། དེས་ན་ཞལ་ནས་ཞལ་དུ་བརྒྱུད་ནས་ཡོང་བའི་ནང་དུའང་ཞིབ་ཚགས་པོས་བརྟག་དཔྱད་མ་བྱེད་ན། སྐབས་རེ་ལྷད་ཞུགས་པ་དང་། སྐབས་རེར་གསུང་ཇི་མ་ཇི་བཞིན་མ་བྱུང་བ་ཡོད་སྲིད།

སྡེ་པ་བཅོ་བརྒྱད་སོ་སོར་འབྱེད་དགོས་པ་དེ་ཕྲན་བུ་སྐད་ཡིག་གི་ཁྱད་པར་གྱི་ཐོག་ནས་ཡོང་བ་ཞིག་རེད། དེར་བརྟེན་ཡིག་ཐོག་ཏུ་བཀོད་པའི་གནས་སྟངས་མ་བྱུང་བར་གནས་ཚུལ་མང་པོ་ཞིག་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་གཞན་དག་ཅིག་འདི་འདྲ་ཆགས་ཀྱི་ཡོད། སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་ས་གནས་སོ་སོའི་དགེ་འདུན་གྱི་གཙུག་ལག་ཁང་ནང་སོ་སོར་ཐར་པའི་མདོ་སྐད་རིགས་འདྲ་མིན་ནང་སྐྱོར་མཁན་བྱུང་བ་རེད། དེའི་དབང་གིས་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་རྩ་བའི་སྡེ་པ་བཞིའི་ཡ་གྱལ་འཕགས་པ་གནས་བརྟན་སྡེ་པས་སོ་སོར་ཐར་པའི་མདོ་སོགས་པཱ་ལིའི་སྐད་ནང་འདོན་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བས་ལེགས་སྦྱར་གྱི་སྐད་ནང་སྐྱོར་བ། མང་པོས་བཀུར་བའི་སྡེ་པས་ཡུལ་མི་རང་བཞིན་པའི་སྐད་ནང་སྐྱོར་བ། གནས་བརྟན་ཕལ་ཆེན་པའི་སྡེ་པས་ཟུར་ཆག་གི་སྐད་ནང་སྐྱོར་བ་བཅས་སྐབས་དེར་རྒྱ་གར་ནང་སྐད་རིགས་གྲགས་ཆེ་ཤོས་བཞི་པོ་དེ་རེད། སོ་སོར་ཐར་པའི་མདོ་སྐད་རིགས་འདི་བཞིའི་ནང་འདོན་པའི་དབང་གིས་རྩ་བའི་སྡེ་པ་བཞིར་ཕྱེ་བ་དང། དེ་ལས་སྡེ་པ་བཅོ་བརྒྱད་སོགས་སུ་ཕྱེ། འོན་ཀྱང་ད་ལྟ་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཉིས་མ་གཏོགས། མང་བཀུར་དང་ཕལ་ཆེན་པའི་སྡེ་པ་ཧ་ལམ་མེད་པ་ལྟ་བུ་རེད། མང་བཀུར་སྡེ་པའི་ནང་ཚན་གྱི་ཆོས་སྲུང་སྡེ་པའི་གཞུང་དེ་ཙམ་མེད་ཀྱང་། ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ད་ལྟ་རྒྱ་ནག་ཏུ་ཡོད་ཚུལ་འདུག ཡིན་ནའང་ཆོས་སྲུང་སྡེ་པའི་འདུལ་བའི་གཞུང་སོགས་ཡོད་མེད་མི་ཤེས། ཆོས་ཀྱི་ཚིགས་སུ་བཅད་པ་དང་། འཁོར་ལོ་དང་པོའི་མདོ་རྣམས་ཡུལ་མི་རང་བཞིན་པའི་སྐད་དུ་ཆ་མ་ཚང་བ་དེ་འདྲ་ད་ལྟ་རག་གི་ཡོད། ད་ལྟ་འཇིག་རྟེན་དུ་ཡོད་པ་ནི་གནས་བརྟན་པའི་སྡེ་པས་ཉར་ཚགས་གནང་བའི་པཱ་ལིའི་ནང་བཞུགས་པའི་སྡེ་སྣོད་གསུམ་དང་། དེ་བཞིན་ལེགས་སྦྱར་སྐད་དུ་ཆ་ཚང་བ་ཞིག་མེད་ཀྱང་། བོད་སྐད་དང་རྒྱ་སྐད་དུ་གང་ཡོད་ཕལ་མོ་ཆེ་འཇིག་རྟེན་དུ་ཡོད་མུས་རེད། བོད་སྐད་ནང་དུའང་པཱ་ལི་ནས་བསྒྱུར་བའི་གཞུང་ཉི་ཤུ་རྩ་གྲངས་ཤིག་ཡོད། དེ་མིན་གཞན་ཚང་མ་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བ་རེད། དེས་ན་སངས་རྒྱས་ཀྱི་གསུང་རྣམས་སྐད་རིགས་བཞིའི་ནང་བཀའ་བསྡུ་རིམ་པའི་སྐབས་ནས་ཡོང་སྟངས་དེ་ལྟར་རེད།

གོང་དུ་ཞུས་པ་བཞིན། སངས་རྒྱས་ཀྱིས་བསྟན་པའི་ཆོས་ནི་སྡུག་བསྔལ་ལས་གྲོལ་བའི་ཐར་པ་ཐོབ་པའི་ཐབས་འབའ་ཞིག་རེད། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པ་ལྟར་མྱ་ངན་ལ་འདའ་བའི་ཐབས་སུ་མི་འགྱུར་བའི་སངས་རྒྱས་ཀྱི་གསུང་གཅིག་ཀྱང་མེད། དེས་ན་མྱ་ངན་ལས་འདའ་བའི་ཐབས་སུ་ལམ་གྱི་བདེན་པ་བསྒོམ་དགོས་པ་དང་། ལམ་གྱི་བདེན་པ་ཉམས་སུ་ལེན་པའི་ཚུལ་ལ་ལམ་གྱི་བདེན་པ་དངོས་དེ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རེད། ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེ་བའི་ཐབས་སུ་ཏིང་ངེ་འཛིན་གྱི་བསླབ་པ་མེད་དུ་མི་རུང་བ་དང་། ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་སྐྱེ་བ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་སྔོན་དུ་འགྲོ་དགོས་པ་བཤད་མི་དགོས། དེ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན་པ་ལ་འདུལ་བའི་སྡེ་སྣོད་དང། ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་བསྟན་པ་ལ་མདོ་སྡེའི་སྡེ་སྣོད། ཤེས་རབ་ཀྱི་བསླབ་པ་གཙོ་བོར་བསྟན་པ་ལ་མངོན་པའི་སྡེ་སྣོད་བཅས་སངས་རྒྱས་ཀྱི་གསུང་ཡོངས་སུ་རྫོགས་པ་བརྗོད་བྱའི་ཆ་ནས་སྡེ་སྣོད་གསུམ་གྱི་ནང་བསྡུས་པ་དང། རྗོད་བྱེད་ཀྱི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས་སམ་ཡན་ལག་དགུར་བསྡུས། གཙོ་བོ་བརྗོད་བྱའི་ཆ་ནས་སྡེ་སྣོད་གསུམ་ནང་བསྡུ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། སངས་རྒྱས་ཀྱི་ཆོས་དེ་ཐར་པ་ཐོབ་པའི་ལམ་ལས་གཞན་ཞིག་མི་གསུངས་པ་དང་། ཐར་པ་ཐོབ་པའི་ལམ་ཡོངས་སུ་རྫོགས་པ་བསླབ་པ་གསུམ་གྱི་ནང་བསྡུས་པ་རེད། སྡེ་སྣོད་གསུམ་གྱི་ཁོངས་སུ་གཏོགས་པའི་སངས་རྒྱས་ཀྱི་གསུང་ལའང་ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། གདུལ་བྱའི་ཁྱད་པར་གྱི་དབང་གིས་མི་འདྲ་བ་དང་། མི་མཐུན་པ་ཧ་ཅང་མང་པོ་ཡོད་ཚུལ་གོང་དུ་ཞུས་ཟིན། འོན་ཀྱང་གདུལ་བྱས་ཉམས་སུ་ལེན་པའི་སྐབས་སུ་སངས་རྒྱས་ཀྱིས་གསུངས་པའི་བཀའི་ནང་ནས་ཚིག་གཅིག་ཀྱང་འདོར་དུ་མེད་པར་གང་ཟག་གཅིག་གི་ཉམས་ལེན་ལ་ཁྱེར་ཤེས་པ་ཞིག་དགོས་པ་པའང་བསྟན་པ་ལ་འཇུག་པའི་རིམ་པ་རེད། གང་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང། གསུང་རབ་མ་ལུས་གདམས་པར་འཆར་བ་དེ་ངེས་པར་དུ་དགོས་པ་ཞིག་རེད།

སངས་རྒྱས་ཀྱིས་གསུངས་པའི་བཀའ་ཚིག་ཟིན་ལ་མི་མཐུན་པ་རྣམས་གང་གི་ཐོག་ནས་མཐུན་པར་བཟོ་དགོས་ཞེ་ན། གསུང་འདི་དང་འདི་ལྟ་བུ་ངེས་དོན་གྱི་མདོ་སྡེ་རེད། གསུང་འདི་དང་འདི་ལྟ་བུ་དྲང་དོན་གྱི་མདོ་སྡེ་རེད་ཅེས་གསུང་རབ་ལ་དྲང་ངེས་ཕྱེ་བའི་ཐོག་ནས་བཟོ་དགོས་ཀྱི་ཡོད། ངེས་དོན་ཞེས་པ་ནི་ཇི་ལྟར་བསྟན་པ་ལྟར་ཉམས་སུ་ལེན་ཆོག་པ་དང། དྲང་དོན་ཞེས་པ་ནི་ཚིག་ཟིན་ལ་ཇི་ལྟར་བསྟན་པ་དེའི་དགོངས་པ་གཞན་དུ་དྲངས་ཏེ། འདིའི་དགོངས་དོན་འདི་འདྲ་རེད། འདིའི་དོན་དེ་འདྲ་ཞིག་ལ་དགོངས་ནས་གསུངས་པ་རེད་ཅེས་དགོངས་པ་གཞན་དུ་དྲངས་ནས་ཉམས་སུ་ལེན་དགོས། འདི་འདྲ་མིན་པར། སངས་རྒྱས་ཀྱི་གསུང་ཁ་ཤས་ལ་བཟང་པོ་དང་། སངས་རྒྱས་ཀྱི་གསུང་ཁ་ཤས་ལ་ངན་པའི་འདུ་ཤེས་དང་ངག་ནས་བརྗོད་ན་ཆོས་སྤོང་གི་ཉེས་པ་ཚབས་ཆེ་གསོག་ཚུལ་གསུངས་ཡོད། དེས་ན་སངས་རྒྱས་ཀྱི་བཀའ་ལ་བཟང་ངན་དང་མཆོག་དམན་གྱི་རྣམ་གཞག་མེད་ནའང་། གདུལ་བྱའི་ཁམས་དང་བསྟུན་ནས་གསུངས་པ་ཡིན་སྟབས། དེ་དག་མི་འགལ་བ་དྲང་དོན་དང་ངེས་དོན་གྱི་དབྱེ་བ་ཕྱེ་ནས་སྒྲུབ་པ་མ་གཏོགས་དེ་ལས་གཞན་དུ་སྒྲུབ་ཚུལ་ཞིག་མེད།

སངས་རྒྱས་ཀྱི་གསུང་ལ་དྲང་ངེས་ཕྱེ་བའི་ཚུལ་ཡང་སངས་རྒྱས་ཀྱི་གསུང་ལ་མ་བརྟེན་པར་ཡོང་ཐབས་མེད། སེམས་ཅན་རང་ག་བས་རང་ཚོད་ཀྱི་ཐོག་ནས་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་ཕྱེ་ན་ཡིད་ཆེས་རྙེད་པ་དང་ཚད་དང་ལྡན་པ་ཞིག་ཧ་ཅང་ཡོང་དཀའ། སངས་རྒྱས་ཀྱི་གསུང་ལ་མི་མཐུན་པ་ཡོད་པ་དེ་སྟོན་པ་ཞལ་བཞུགས་པའི་སྐབས་ནས་གདུལ་བྱ་སོ་སོའི་མདུན་དུ་གསལ་པོ་ཆགས་ཟིན། སངས་རྒྱས་ཀྱིས་སེམས་ཙམ་པའི་ལུགས་ཀྱི་དྲང་ངེས་འབྱེད་ཚུལ་བསྟན་པའི་མདོ་གཅིག་དང་། དབུ་མ་པའི་ལུགས་ཀྱི་དྲང་ངེས་འབྱེད་ཚུལ་བསྟན་པའི་མདོ་གཅིག་བཅས་གསུངས་ཡོད། སེམས་ཙམ་པའི་ལུགས་ཀྱི་དྲང་ངེས་འབྱེད་ཚུལ་ནི་མདོ་སྡེ་དགོངས་འགྲེལ་གྱི་ནང་ཚན་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དེ་རེད། ཡོངས་གྲགས་སུ་མདོ་སྡེ་དགོངས་འགྲེལ་ཞེས་བརྗོད་ཀྱང་། དེ་ལ་ལེའུ་བཅུ་ཡོད་པ་ལས་ལེའུ་གཞན་དགུ་པོ་དྲང་ངེས་འབྱེད་ཚུལ་དང་འབྲེལ་བ་མེད། དབུ་མ་པའི་ལུགས་བྱེད་ན་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དེ་རེད། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་བརྟེན་ནས་དྲང་ངེས་འབྱེད་ཚུལ་གཅིག་དང་། དེ་བཞིན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དེ་དྲང་ངེས་འབྱེད་ཚུལ་དང་ཐད་ཀར་འབྲེལ་བ་མེད་ཀྱང་། རིམ་པ་གསུམ་གྱི་རྣམ་གཞག་ཀྱང་དྲང་ངེས་འབྱེད་ཚུལ་གྱི་ཐབས་ལམ་ལྟ་བུ་གཅིག་རེད།

དེ་ལྟར་ཕྱི་རབས་ཀྱི་གདུལ་བྱས་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་འབྱེད་ཚུལ་འདི་མདོ་སྡེ་དགོངས་འགྲེལ་ལ་བརྟེན་པ་དང་། ཡང་ན་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་བརྟེན་པ་གཉིས་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་བརྟེན་ནས་དབུ་མའི་གྲུབ་མཐའི་སྲོལ་ཕྱེ་བ་དང་། འཕགས་པ་ཐོགས་མེད་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་སེམས་ཙམ་པའི་གྲུབ་མཐའི་ཤིང་རྟའི་སྲོལ་ཕྱེ་བ་རེད། དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པའམ་ཐེག་པ་ཆེན་པོའི་ཁོངས་སུ་གཏོགས་པའི་མདོ་ཤ་སྟག་རེད། འོན་ཀྱང་དེས་མདོ་སྡེ་ཡོངས་རྫོགས་ལ་དྲང་ངེས་ཕྱེ་ཡང་། གཙོ་བོ་ཐེག་པ་ཆེན་པོའི་མདོ་སྡེའི་དྲང་ངེས་ཕྱེ་ཚུལ་ཆགས་ཡོད།

སྟོན་པ་མྱ་ངན་ལས་འདས་པའི་ལོ་དེར་བདེ་ཅན་ཕུག་ཏུ་བཀའ་བསྡུ་དང་པོའི་སྐབས་སུ་ཐེག་པ་ཐུན་མོང་བའམ། ཉན་ཐོས་ཀྱི་ཐེག་པའི་མདོ་སྡེ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་བསྡུས་མེད། སྐབས་དེར་ཐེག་ཆེན་གྱི་མདོ་སྡེ་མི་ཡུལ་དུ་དེ་ཙམ་བཞུགས་མེད། དེ་ཚོ་ཡི་གེ་ལ་བཀོད་པ་དང་། གླེགས་བམ་སོ་སོར་བཏོན་རྒྱུ་མང་ཆེ་བ་ལྷའི་ཡུལ་དང་ཀླུའི་ཡུལ་སོགས་སུ་གནང་བ་རེད། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སངས་རྒྱས་མྱ་ངན་ལས་འདས་ནས་ཕལ་ཆེར་ལོ་བཞི་བརྒྱ་ཙམ་རིང་ལྷ་དང་ཀླུའི་འཇིག་རྟེན་དུ་གྲགས་པ་མ་གཏོགས་མིའི་འཇིག་རྟེན་དུ་ཡོངས་གྲགས་མེད། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་འདས་པའི་རྗེས་སུའམ་ཕྱི་ལོ་མ་བྱུང་བའི་སྔོན་གྱི་བརྒྱ་ཕྲག་གཉིས་པའི་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་པ་རེད། ཁོང་གིས་ཤེར་ཕྱིན་གྱི་མདོ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་ཀླུ་ཡུལ་ནས་སྤྱན་དྲངས་པ་མ་ཟད། མདོ་སྡེ་གཞན་མང་པོའང་རྒྱ་གར་དུ་དར་དུ་འཇུག་པ་རེད།

མགོན་པོ་ཀླུ་སྒྲུབ་བྱུང་བའི་དུས་ལ་དེང་རབས་ཀྱི་བྱུང་རབས་སྨྲ་བ་དང་། ནཱལནྡཱའི་བོད་བརྒྱུད་ནང་བསྟན་གྱི་བྱུང་རབས་སྨྲ་བ་གཉིས་ཀྱི་གསུང་ཚུལ་མི་འདྲ་བ་རེད། ང་ཚོའི་བཤད་སྲོལ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་སྒྲུབ་བྱོན་པར་ཁས་ལེན་གྱི་ཡོད། འདི་ལ་དེང་རབས་ཀྱི་བྱུང་རབས་སྨྲ་བ་ཚོས་གནོད་བྱེད་ཆེན་པོ་གཏང་ཐུབ་ཀྱི་མེད། དེའི་སྐབས་སུ་གཞི་ནས་ཡུམ་གྱི་མདོ་གཙོ་བོར་གྱུར་པའི་ད་ལྟ་ང་ཚོས་འཆད་ཉན་བྱེད་པའི་དམ་ཆོས་པདྨ་དཀར་པོ་སོགས་ཚང་མ་ཀླུ་སྒྲུབ་ཀྱི་རྗེས་སུ་འཇིག་རྟེན་དུ་ཡོངས་གྲགས་ཆགས་པ་རེད། ཀླུ་སྒྲུབ་བྱོན་ནས་ལོ་གསུམ་བརྒྱ་ཙམ་མམ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་འདས་པའི་སྐབས་སུ་འཕགས་པ་ཐོགས་མེད་བྱོན་ནས་ཤེར་ཕྱིན་གྱི་མདོ་མང་པོ་གསལ་བར་མཛད་ཡོད།

ཐོག་མར་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་ཕྱེ་ནས་མདོ་སྡེ་དེ་ཚོ་འཇིག་རྟེན་དུ་དར་བར་མཛད་པའི་སྐབས་སུ། དེའི་སྔོན་དུ་ཡོད་པའི་ཉན་ཐོས་སྡེ་པའི་རྗེས་འཇུག་མང་ཆེ་བས་ཐེག་པ་ཆེན་པོའི་མདོ་དེ་དག་སངས་རྒྱས་ཀྱི་གསུང་མ་རེད་ཅེས་ཀླན་ཀ་ཤུགས་ཆེ་བྱུང་བ་རེད། ཐེག་པ་ཆེན་པོའི་མདོ་སྡེ་དེ་ཚོ་སངས་རྒྱས་ཀྱི་གསུང་ཡིན་མིན་གྱི་རྩོད་པ་དེ་མགོན་ཀླུ་སྒྲུབ་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེའི་སྲོལ་ཕྱེ་ནས་ཕལ་ཆེར་ལོ་ཉིས་བརྒྱ་ཙམ་རིང་རྒྱ་གར་གྱི་ནང་ལ་ཤུགས་ཆེན་པོ་བསྡད་པ་རེད། དེའི་རྒྱུ་མཚན་གྱིས་ཐོག་མར་ཐེག་ཆེན་བཀར་སྒྲུབ་ཀྱི་རྣམ་གཞག་དེ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བའི་ནང་དང་པོ་གསུངས་པ་རེད། དེ་ནས་དུས་ཚོད་དགའ་རབ་རྗེས་སུ་ད་དུང་རྩོད་པ་དེ་རྒྱུན་མ་ཆད་པ་ཡིན་སྟབས། ཕལ་ཆེར་ཕྱི་ལོ་བརྒྱ་ཕྲག་བཞི་པ་དང་ལྔ་པའི་ནང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་པའི་ནང་ཐེག་ཆེན་བཀར་སྒྲུབ་རྒྱས་ཤོས་དེ་གསུངས་པ་རེད། དེ་ནས་ཕལ་ཆེར་བརྒྱ་ཕྲག་བདུན་པ་གཡས་གཡོན་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་གསུངས་པ་རེད། དེ་བཞིན་མདོ་སྡེ་རྒྱན་གྱི་ནང་དུའང་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་བཀོད་ཡོད། ཅེས་གསུངས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་དང་པོ་གྲོལ།

ཆོས་ཐུན་གཉིས་པར། བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་གསུངས། དེ་ནས་རིན་པོ་ཆེ་མཆོག་ནས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་ རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

སྔ་དྲོ་ཞུས་པ་བཞིན་སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བ་དང། སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བ། ཡང་ན་དོན་དམ་པའི་ཆོས་མཐར་ཐུག་པ་བསྟན་པ་དང་། ཀུན་རྫོབ་ཀྱི་རྣམ་གཞག་བསྟན་པ་ལ་སོགས་པའི་སྒོ་ནས་དྲང་ངེས་འབྱེད་དགོས་པ་དང་། དྲང་ངེས་འབྱེད་ཚུལ་ཡང་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལ་བརྟེན་པ་མ་གཏོགས། སྐྱེ་བོ་ཕལ་པས་ཇི་བཞིན་འབྱེད་མི་ནུས་པར་བརྟེན། སངས་རྒྱས་ཀྱི་གསུང་རབ་ལ་དྲང་ངེས་འབྱེད་པའི་ཚུལ་གཉིས་བྱུང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་དྲུག་ལ་སོགས་པའི་སྒོ་ནས་དབུ་མ་པའི་སྲོལ་ཕྱེ་བ་དང་། འཕགས་པ་ཐོགས་མེད་ཀྱིས་གཙོ་བོ་བྱམས་ཆོས་སྡེ་ལྔ་དང་། དེའི་འགྲེལ་བཤད་ས་སྡེ་ལྔ་ལ་སོགས་པའི་བསྟན་བཅོས་ལ་བརྟེན་ནས་སེམས་ཙམ་པའི་སྲོལ་ཕྱེ་བ་རེད།

སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་གྱི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་སྤྱི་དང་། ལྷག་པར་དུ་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་རྒྱ་གར་ལ་ཡོངས་ཁྱབ་ཏུ་དར་བ་བྱུང་མེད་པར་བརྟེན། མགོན་པོ་ཀླུ་སྒྲུབ་ཀྱིས་སྲོལ་ཕྱེ་བའི་ཐེག་པ་ཆེན་པོའི་མདོ་རྣམས་ཀླུ་སྒྲུབ་ཀྱིས་རྩོམ་པའམ་ཡང་ན་གཞན་གྱི་ལྷད་ཞུགས་པ་མ་གཏོགས། སངས་རྒྱས་ཀྱིས་གསུངས་པའི་ཆོས་ངོ་མ་མིན་པའི་ཀླན་ཀ་འདི་བྱུང་ནས་ལོ་མང་པོའི་བར་དུ་བཀའ་ཡིན་པར་སྒྲུབ་དགོས་པའི་གནས་སྟངས་བྱུང་། རྗེས་སུ་རིམ་པས་བཀའ་སྒྲུབ་ཀྱི་རིགས་པ་ལ་བརྟེན་ནས་ཡོངས་ཁྱབ་ལ་ཕལ་ཆེར་ཚང་མས་ཁས་ལེན་རྒྱུ་ཆགས་པའི་རྗེས་སུའང་ཐེ་ཚོམ་ཆོད་ཐུབ་པ་བྱུང་མེད་ཅིང་། ལྷག་པར་དུ་ནང་པ་མིན་པའི་བྱུང་རབས་སྨྲ་བ་དང་། ཆོས་རྣམས་ཤེས་ཡོན་གྱི་ངོ་བོར་ (Academic) ལྟ་མཁན་དེ་ཚོ་དེང་སང་ཡང་གནས་སྟངས་དེ་གསལ་པོ་མེད་པའམ། ཡང་ན་བཀའ་ཡིན་མིན་ལ་དྭོགས་པ་ཡོད་པ་དེ་འདྲ་ཡོད་བཟོ་འདུག དེར་བརྟེན་དུས་ཕྱིས་ཀྱི་ནུབ་ཕྱོགས་པ་ནང་པའི་བྱུང་བ་རིག་པ་ (History) འབྲི་མཁན་ཚོས་ཐ་སྙད་མི་འདྲ་བ་སྣ་ཚོགས་བེད་སྤྱོད་བཏང་ཡོད། ཁ་ཤས་ཀྱིས་སྔོན་གྱི་ནང་ཆོས་ (Early Buddhism) དང་། རྗེས་ཀྱི་ནང་ཆོས་ (Later Buddhism) ཞེས་པ་དང་། ཁ་ཤས་ཀྱིས་ལྷོ་ཕྱོགས་ཀྱི་ནང་ཆོས་ (Southern Buddhism) དང་། བྱང་ཕྱོགས་ཀྱི་ནང་ཆོས་ (Northern Buddhism) ཞེས་པ། ཁ་ཤས་ཀྱིས་ནང་ཆོས་ངོ་མ་  (Original Buddhism) དང་། ཕྱིས་ཀྱི་ནང་ཆོས་ (Later Buddhism) ཟེར་བ་ལྟ་བུ་རེད། དེ་འདྲའི་ཐ་སྙད་སྣ་ཚོགས་བེད་སྤྱོད་བཏང་བ་ལ་བརྟེན་ནས་མི་ཚོའི་བསམ་བློའི་ནང་དྭོགས་པ་རྣམ་རྟོག་སྐྱེ་དགོས་པ་བྱུང་ཡོད།

གང་ལྟར་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པ་མགོན་པོ་ཀླུ་སྒྲུབ་ནས་བཟུང་སྟེ་རྒྱལ་སྲས་ཞི་བ་ལྷའི་བར་གཟིགས་ན། དོན་དག་སྙིང་པོ་ལྟ་བུ་དེ་ཇི་ལྟར་བཀར་བསྒྲུབས་ཡོད་ཅེ་ན། ཐེག་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་གསུང་ཡང་དག་པ་ལ་ཁས་ལེན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནས་བསྟན་པའི་གཞི་ལམ་འབྲས་བུའི་རྣམ་གཞག་དང་། ཐེག་པ་ཆེན་པོའི་གཞུང་ནས་བསྟན་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ལ་དོན་གྱིས་འགལ་བ་མེད་པ་དང་། ཐོག་མར་དེ་བཞིན་གཤེགས་པས་ཆོས་འཁོར་དང་པོ་བསྐོར་བའི་སྐབས་ནས་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གི་ས་བོན་ནམ་སྙིང་པོ་ལྟ་བུ་བསྟན་ཟིན་པ། དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་ཀྱི་དོན་དེ་ཐེག་དམན་གྱི་མདོ་ནས་བསྟན་པ་དང་། ཐེག་པ་ཆེན་པོའི་མདོ་ནས་བསྟན་པ་ལ་མཐའ་མའི་དོན་ལ་ཁྱད་པར་མེད་པ། ལྷག་པར་དུ་ཐལ་འགྱུར་བས་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པའི་རྣམ་གཞག་གཙོ་བོ་དེ་ཐེག་པ་དམན་པའི་སྡེ་སྣོད་ནས་བསྟན་པའི་སྟོང་པ་ཉིད་ཀྱི་དོན་དང་། ཐེག་པ་ཆེན་པོའི་གཞུང་ནས་བསྟན་པའི་སྟོང་པ་ཉིད་ཀྱི་དོན་ལ་དབྱེ་བ་མེད་པ་དེ་རྭ་སྤྲོད་གསལ་པོ་བྱས་པ། དེ་མིན་གྱི་རྒྱུ་མཚན་གཞན་དག་ཀྱང་མང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་ནང་དོན་ཚན་བཅུ་བདུན་ནམ་བཅོ་བརྒྱད་ཕྱོགས་སྔར་བཀོད་དེ་རེ་རེ་བཞིན་ལན་འདེབས་གནང་ཡོད། གལ་ཏེ་དེ་ཚོ་མཁྱེན་འདོད་ཡོད་ན། དབུ་མ་རིན་ཆེན་ཕྲེང་བ་དང་། མདོ་སྡེ་རྒྱན། རྟོག་གེ་འབར་བ། སྤྱོད་འཇུག་བཅས་གཟིགས་དགོས། དེ་ཚོའི་ནང་དུ་ད་ལྟ་ཡོད་པའི་དྭོགས་པ་དང་། དེ་སྔོན་བྱུང་བའི་དྭོགས་པ་ཐམས་ཅད་ལ་ཞིབ་ཚགས་པོས་ལན་འདེབས་གནང་ཡོད། གང་ལྟར་རྒྱ་གར་གྱི་ནང་ལ་དུས་རབས་ངེས་ཅན་ཞིག་གི་རྗེས་སུ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་རྩོད་པ་དེ་ཞི་བ་ལྟ་བུ་རེད། དེ་ཡང་གཙོ་ཆེ་བ་ནི་མཁས་པས་སྒྲོ་འདོགས་བཅད་པ་དང་། དེ་ནས་ཉམས་སུ་བླངས་ནས་རྟོགས་པ་དངོས་སུ་སྐྱེ་མཁན་མང་པོས་རང་གི་ཉམས་མྱོང་གི་ཐོག་ནས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པར་ངེས་པ་རྙེད་པ་བྱུང་།

སངས་རྒྱས་ཀྱི་བཀའི་ནང་དུ་གནས་ཚུལ་མི་འདྲ་བ་དང་། ཕན་ཚུན་ནང་འགལ་ལྟ་བུར་མངོན་པ་ནང་ནས་གལ་ཆེ་བ་ཞིག་ནི། མཐར་ཐུག་ཐེག་པ་གསུམ་དུ་སྒྲུབ་པ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་རྣམ་གཞག་གཉིས་པོ་དེ་རེད། དེ་ནི་མི་མཐུན་པ་རྩོད་གཞི་ཆེ་ཤོས་གྲས་རེད། སྤྱིར་བཏང་སངས་རྒྱས་ཀྱིས་ཐེག་པ་གསུམ་གྱི་རྣམ་གཞག་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་བཅས་ཡིན། སྤྱིར་ཐེག་པའམ་ཡཱན་ཞེས་པ་ནི་གནས་གཅིག་ནས་གཞན་དུ་ཁྱེར་མཁན་གྱི་འཁོར་ལོ་ལྟ་བུ་ཞིག་ལ་བརྗོད་ཅིང་། སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་ས་ལ་ཁྲིད་པའི་ལམ་ལ་སངས་རྒྱས་ཀྱི་ཐེག་པའམ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། སོ་སོ་སྐྱེ་བོའི་ས་ནས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ལ་ཁྲིད་མཁན་དེ་ལ་ཉན་ཐོས་ཀྱི་ཐེག་པ། སོ་སོ་སྐྱེ་བོའི་ས་ནས་རང་རྒྱལ་གྱི་ས་ལ་ཁྲིད་མཁན་དེ་ལ་རང་རྒྱལ་གྱི་ཐེག་པ་ཞེས་གསུངས་པ་རེད།

ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་གང་ཟག་ཅིག་ཡིན་ནའང་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་རེད་ཅེས་གསུངས་པ་དེ་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་ཚུལ་རེད། མཐར་ཐུག་ཐེག་པ་གསུམ་དུ་འདོད་ཚུལ་ནི་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ན་གང་ཟག་དེའི་མཐར་ཐུག་གི་གོ་འཕང་ཐོབ་ཟིན་པ་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་ན་དེ་རང་མཐར་ཐུག་གི་གོ་འཕང་ཐོབ་ཟིན་པ་མ་གཏོགས། ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་མཁན་དེ་དག་སླར་ཡང་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་མེད་པར་འདོད་མཁན་དེ་ལ་མཐར་ཐུག་ཐེག་པ་གསུམ་ཞེས་བརྗོད། ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་གང་ཟག་ཅིག་ཡིན་ནའང། སྐབས་ཤིག་ལ་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡོད་པ། སེམས་ཅན་ཐམས་ཅད་མཐར་སངས་རྒྱས་མཁན་ཡིན་པ་ཞིག་ཁས་ལེན་པ་དེ་ལ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་ཞེས་བརྗོད། དེས་ན་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་གཉིས་པོ་དེ་སངས་རྒྱས་ཀྱི་གསུང་གི་ནང་ལ་མི་མཐུན་པའི་གནས་སྟངས་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང། དེའི་དབང་གིས་གྲུབ་མཐའ་སྨྲ་བ་ཚོའི་བར་ལ་བགྲོ་གླེང་མང་པོ་ཡོང་གི་ཡོད།

མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་བསྟན་པའི་ཉན་ཐོས་ཐེག་པའི་མདོ་སྡེ་མང་པོ་ཡོད་ཅིང་། དེའི་ནང་ནས་ཁམས་སྣ་ཚོགས་བསྟན་པའི་མདོ་དང་། མདོ་སྡེ་དགོངས་འགྲེལ་གཉིས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པའི་ལུང་གསལ་ཤོས་དེ་རེད། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མང་པོ་རེད། ནང་པའི་གྲུབ་མཐའ་སྨྲ་བའི་ནང་ནས་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་གཉིས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དང་། དེ་བཞིན་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་མང་ཆེ་བས་མཐར་ཐུག་ཐེག་པ་གསུམ་དུ་འདོད། དེ་མིན་གྱི་སེམས་ཙམ་པ་དང་དབུ་མ་པ་ཚང་མས་མཐར་ཐུག་ཐེག་པ་གསུམ་དུ་མི་འདོད།

མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་རྒྱུ་མཚན་མཐར་ཐུག་ནི་རིག་པའི་ཡ་མཐའ་ཐོག་མེད་ཡིན་ནའང་རིག་པའི་མ་མཐའ་རྒྱུན་ཆད་པར་འདོད་པ་དེའི་དབང་གིས་མཐར་ཐུག་ཐེག་པ་གསུམ་འདོད་དགོས་པ་ཆགས་ཀྱི་ཡོད། སྤྱིར་བཏང་རིག་པའམ་བློའི་རྒྱུན་ལ་ཐོག་མ་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་ལ། ཕལ་ཆེར་ཕྱི་ནང་གི་གྲུབ་མཐའ་ཚང་མས་འདོད་ཚུལ་གཅིག་པ་ལྟ་བུ་རེད། ནང་པའི་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་སྨྲ་བ་ཚོས་བློ་རགས་པའི་གནས་སྟངས་ཀྱི་རིག་པ་འདི་མ་གཏོགས། ཕྲ་བ་དང་ཤིན་ཏུ་ཕྲ་བའི་བློའི་རྣམ་གཞག་གམ། ཤིན་ཏུ་ཕྲ་བའི་སེམས་དེ་ཤེས་ཀྱི་མེད། དེས་ན་རྣམ་པར་ཤེས་པ་ཞེས་པ་དེ་ཕུང་པོ་ལྔའི་ཆ་ཤས་ཤིག་ཏུ་མཐོང་བ་དང་། གཟུགས་དེ་ཤེས་པས་ཟིན་པ་མ་གཏོགས་རྡུལ་རྫས་ཀྱི་གོང་བུ་ལྟ་བུ་ཡིན་པ། དེ་བཞིན་ཕུང་པོ་གཞན་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ཤེས་པའི་ངོ་བོ་དང་། དེ་དག་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་དང་། ལས་དང་ཉོན་མོངས་པའི་དབང་གིས་གྲུབ་པ་ཞིག་ཏུ་ལྟ་གི་ཡོད། དེས་ན་ཕུང་པོ་སྐྱེད་བྱེད་ཀྱི་ལས་དང་ཉོན་མོངས་པའི་རྒྱུ་ས་བོན་དང་བཅས་པ་ཟད་པའི་སྐབས་སུ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སོགས་ལས་ཉོན་གྱིས་འཕངས་པའི་ཕུང་པོ་ཚང་མ་རྒྱུན་ཆད་པ་བཞིན་ལས་ཉོན་གྱིས་འཕངས་པའི་རྣམ་པར་ཤེས་པའི་ཕུང་པོའང་རྒྱུན་ཆད་པར་འདོད་ཅིང་། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་ལྷག་བཅས་ཀྱི་མྱང་འདས་ལ་གནས་པའི་སྐབས་སུ་སྔར་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཀྱི་ཕུང་པོ་རགས་པ་དེ་ཁུར་ལྟ་བུ་ཡོད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའམ། ཡང་ན་ཚེའི་འདུ་བྱེད་དོར་བའི་སྐབས་སུ་མར་མེ་ཤི་བ་ལྟར་རིག་པའི་རྒྱུན་ཆད་ན། ལམ་གཞན་དག་ལ་ཞུགས་པ་དང་། ཐེག་པ་གཞན་དག་ལ་ཞུགས་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་པ་མེད་པ་ཆགས་འགྲོ་རྒྱུ་དེ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། དེ་ལྟར་རིག་པ་རྒྱུན་ཆད་པ་ཡིན་ཙང་དེའི་དབང་གིས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་ཅིང་། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་ན་དེ་རྫོགས་པ་རེད།

ཉན་ཐོས་དང་རང་རྒྱལ་གཉིས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་སྐབས་སུ་བླ་མ་གཞན་ལ་བསྟེན་དགོས་དང་མི་དགོས་ཀྱི་ཁྱད་པར་དང་། བསོད་ནམས་ཀྱི་ཚོགས་མང་ཉུང་གིས་ཁྱད་པར་ཙམ་མ་གཏོགས། ཉོན་སྒྲིབ་སྤངས་པའི་དགྲ་བཅོམ་ཚུལ་དེ་གཅིག་པ་རེད། རང་རྒྱལ་ནི། བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་་་་། །ཞེས་གསུངས་པ་ལྟར། སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་བསྟན་པ་མེད་པའི་ས་ཕྱོགས་སུ་སྐྱེ་རྒྱུ་དང་། དེ་ལ་དགྲ་བཅོམ་པའི་གོ་འཕང་འཐོབ་རྒྱུ། དེའི་རྗེས་སུ་སེམས་ཅན་སྣོད་ལྡན་ཁ་ཤས་ལ་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་བསྟན་རྒྱུ་བཅས་ཀྱི་ཁྱད་ཆོས་ཁ་ཤས་མ་གཏོགས། འཐོབ་བྱའི་དགྲ་བཅོམ་པའི་གོ་འཕང་ལ་ཉན་རང་གཉིས་ལ་སྤང་བྱ་མང་ཉུང་དང་སྤོང་ཚུལ་གྱི་ཁྱད་པར་གཞན་གང་ཡང་མེད། གང་ལྟར་འདི་གཉིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་སྐབས་སུ་མཐར་ཐུག་ཐེག་པ་འདི་རང་ལ་རྫོགས་པ་མ་གཏོགས། འདི་ལས་འདས་ནས་ཡང་བསྐྱར་གོ་འཕང་གོང་མ་འཐོབ་རྒྱུ་མེད་པ་དེ་རྣམ་ཤེས་རྒྱུན་ཆད་པ་རང་གིས་གྲུབ། མ་གཞི་འདིའི་གནས་ཚུལ་ཞིབ་ཚགས་པོས་བཤད་ན་དུས་ཚོད་མང་པོ་འགོར་རྒྱུར་བརྟེན། འདིར་འཇོག་རྒྱུ་ཡིན།

མཐར་ཐུག་ཐེག་པ་གཅིག་ཏུ་འདོད་མཁན་ཚོས་རིག་པ་རྒྱུན་མི་ཆད་པའི་རྒྱུ་མཚན་གཙོ་བོ་ནི། རིག་པ་ཡིན་ན་རང་གི་རྒྱུ་རིག་པ་སྔ་མ་སྔོན་དུ་སོང་དགོས་པ་དང་། རིག་པ་ཞིག་གིས་རིག་པ་སྐྱེ་བ་མ་གཏོགས་རིག་པ་མ་ཡིན་པ་ཞིག་གིས་རིག་པ་མི་སྐྱེ་བ། རིག་པ་ཡིན་ན་རང་གི་རྒྱུ་རང་དང་འདྲ་བའི་རིག་པ་ཞིག་སྔོན་དུ་འགྲོ་དགོས་ཀྱི་ཡོད་ན། རང་གི་རིགས་འདྲ་ཕྱི་མ་ཞིག་སྐྱེ་རྒྱུ་ཡོད་པའང་གྲུབ། འདི་ལ་རྐྱེན་གཞན་འཕྲད་དགོས་ཀྱི་མེད། རིག་པ་དེ་རང་གི་ངོ་བོའི་ཆ་ནས་རིག་པའི་རྒྱུན་མཐུད་ནས་འགྲོ་རྒྱུ་མ་གཏོགས། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱུན་མཐུད་པ་མིན། དེའི་དབང་གིས་རིག་པའི་མཐའ་མ་མེད་པ་རེད། རིག་པ་ཡིན་ན་རང་དང་རིགས་འདྲ་བའི་རིག་པ་ཕྱི་མ་ཞིག་ངེས་པར་དུ་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་ཡིན་ཙང་། ཉན་ཐོས་དང་རང་རྒྱལ་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་ནའང་། སླར་ཡང་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་ནས་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡོད་པ། དེ་ཡང་རིག་པ་དེའི་རང་བཞིན་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱིས་མ་བསླད་པ་ཡིན་ཙང་། དེ་གཉིས་ངེས་པར་དུ་འདག་རྒྱུ་ཡོད་པ། དེ་དག་པའི་སྐབས་སུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡིན་པ་བཅས་ཁས་ལེན་གྱི་ཡོད།

མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་ངེས་པ་འདོད་མཁན་གཉིས་ཀས་གང་ཟག་ཁ་ཤས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དང་། ཁ་ཤས་རང་རྒྱལ་ཀྱི་ཐེག་པ་ལ་ཞུགས་པ། ཁ་ཤས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་རྒྱུ་མཚན་བཤད་པའི་སྐབས་སུ་གཅིག་པ་རེད། དེ་ཡང་སེམས་ཅན་སོ་སོའི་རང་བཞིན་གྱི་རིགས་ཤིག་ཡོད་ཅིང་། ཁ་ཤས་ཉན་ཐོས་ཀྱི་རིགས་ཅན་ཡིན་པ་དང་། ཁ་ཤས་རང་རྒྱལ་གྱི་རིགས་ཅན་ཡིན་པ། ཁ་ཤས་བྱང་ཆུབ་སེམས་དཔའི་རིགས་ཅན་ཡིན་པ་རེད། རིགས་དེ་ལའང་རང་བཞིན་གྱིས་ཡོད་པའི་རིགས་གཅིག་དང་། ཕྱིའི་རྒྱུ་རྐྱེན་ལ་བརྟེན་ནས་བསྐྲུན་པའི་རིགས་གཅིག་ཡོད་པ་ཁས་ལེན་གྱི་ཡོད་རུང་། འདིའི་སྐོར་ཧ་ཅང་གསལ་པོ་ཞིག་ཚང་མས་བཞག་ཐུབ་ཀྱི་མེད། གང་ལྟར་རིགས་འདི་ཇི་ལྟར་བྱུང་བ་རེད་ཅེ་ན། རང་བཞིན་གྱིས་སེམས་ཅན་སོ་སོའི་རྒྱུད་ཀྱི་ཁྱད་པར་གྱི་དབང་གིས་ཐེག་པ་སོ་སོར་ཞུགས་རྒྱུ་ཞིག་བཤད་ཀྱི་ཡོད། ཡིན་ནའང་རིགས་དེ་ལ་ངེས་པའི་རིགས་ཅན་དང་མ་ངེས་པའི་རིགས་ཅན་གཉིས་དང་། ངེས་པའི་རིགས་ཅན་ནི་ཉན་ཐོས་དང་རང་རྒྱལ་བྱང་སེམས་བཅས་རིགས་གང་ཡིན་དེ་ལ་ཞུགས་པ་མ་གཏོགས་ཐེག་པ་གཞན་ལ་མི་ཞུགས་པ་ཡིན། མ་ངེས་པའི་རིགས་འདོད་མཁན་ཚོས་སྦྱོར་ལམ་མན་ཆད་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་འདོད། དཔེར་ན། ཉན་ཐོས་ཀྱི་རིགས་ཅན་ཞིག་ཉན་ཐོས་ཀྱི་སྦྱོར་ལམ་གྱི་གནས་སྐབས་སུ་སླེབས་པའི་སྐབས་ལ་རིགས་འགྱུར་བ་ཕྱིན་ནས་རང་རྒྱལ་ལམ་ཡང་ན་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་ཤིང་། འོན་ཀྱང་སྦྱོར་ལམ་ཡན་ཆད་ལ་འགྱུར་བ་འགྲོ་རྒྱུ་མེད་པར་འདོད།

མཐར་ཐུག་ཐེག་པ་གཅིག་ཏུ་འདོད་མཁན་གྱིས་རིགས་འགྱུར་བ་འགྲོ་རྒྱུ་དེ་རིགས་ངེས་པ་དང་མ་ངེས་པའི་རྣམ་གཞག་འདི་དང་གཅིག་པ་བཤད་ཀྱི་མ་རེད། གང་ལྟར་ཐེག་པ་གོང་མ་ལ་ཞུགས་པར་ས་མཚམས་གང་ཡང་མེད། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་རྗེས་སུའང་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་རྗེས་སུའང་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཐུབ། སྤྱིར་གྲུབ་མཐའ་ཁ་ཤས་ནང་ལྷག་མེད་མྱང་འདས་ནས་ཞུགས་པ་མེད་པར་འདོད་མཁན་ཏོག་ཙམ་ཡོད། གང་ལྟར་ལྷག་བཅས་ལྷག་མེད་གང་གི་གནས་སྐབས་སུའང་ལམ་གོང་མ་ལ་འཇུག་རུང་བ་དང་འཇུག་པར་འགྱུར་བ་ཞིག་མཐོང་གི་ཡོད།

ངས་ད་ལྟ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་བཅས་ཀྱི་འདོད་ཚུལ་སྐོར་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། ད་ལྟ་ང་ཚོས་འཆད་ཉན་བྱེད་རྒྱུའི་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་མདོ་འདི་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་མ་ཡིན་པར། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་རྒྱས་པར་བསྟན་པའི་མདོ་ཞིག་རེད། མདོ་འདི་གསུང་དགོས་པའི་རྒྱུ་མཚན་ནི་དེ་བཞིན་གཤེགས་པའི་སྔོན་གྱི་གདུལ་བྱའི་ནང་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དང་གཅིག་ཏུ་འདོད་པ་སྣ་ཚོགས་ཡོད་པ་དང་། དེ་ཚོ་ཚང་མས་སོ་སོའི་འདོད་པ་འཐད་པར་སྒྲུབ་པའི་ཁུངས་གཏུག་སའི་སངས་རྒྱས་ཀྱི་མདོའི་ནང་ནས་ལུང་དྲང་རྒྱུ་ཡོད་པ། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་སྐབས་སུ་སངས་རྒྱས་རང་གིས་མདོ་གཞན་དུ་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་གསུངས་པ་དེ་ཐབས་ལ་མཁས་པའི་དབང་གིས་ཡིན་པ་དེ་ཡང་དཔེ་དང་བཅས་གསུངས་པ་རེད། མདོ་འདིའི་གླེང་གཞིའི་ལེའུའི་ནང་མང་ཆེ་བ་འཁོར་གང་དང་གང་འདུས་པ་དང་ཡུལ་གང་དུ་གསུངས་པ་རྣམས་གཙོ་བོ་རེད། གླེང་གཞིའི་ལེའུ་མཇུག་དེ་མ་ཐག་ཏུ་ལེའུ་གཉིས་པ་དེ་ཐབས་ལ་མཁས་པའི་ལེའུ་ཡིན་ཞིང་། འདིའི་ནང་སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་གདུལ་བྱ་དྲང་བའི་ཐབས་ལ་མཁས་པ་ཡིན་ཙང་གདུལ་བྱའི་དོན་དུ་མ་གཏོགས། སངས་རྒྱས་རང་ཉིད་ཀྱི་དགོངས་པ་མ་ཡིན་པ་བསྟན་པ་འདི་གཙོ་བོ་གསུངས་པ་རེད། དེ་ལྟ་བུའི་ཐབས་ལ་མཁས་པའི་ལེའུ་དཔེའི་སྒོ་ནས་བསྟན་པ་དེ་དཔེའི་ལེའུ་རེད། འདི་མན་ཆད་ཀྱི་ལེའུ་རྣམས་དེ་ལས་འཕྲོས་ནས་དོན་གཞན་དང་གཞན་གསུངས་རུང། སྤྱིར་བཏང་མཐར་ཐུག་ཐེག་པ་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། གང་ལགས་ཤེ་ན། སངས་རྒྱས་ཀྱི་འཁོར་དུ་འདུས་པའི་ཉན་ཐོས་དགྲ་བཅོམ་རྣམས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པའི་དབང་གིས་བསམ་བློའི་ནང་ལ་མི་བདེ་བ་ཡོད་པ་དང་། རེ་དྭོགས་ཡོད་པ་དེ་ཚོ་བསལ་བའི་ཆེད་དུ་ལེའུ་གཞན་རྣམས་འཕྲོས་འགྲོ་བ་རེད། གཙོ་བོ་ནི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་ལ་མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་དབང་གིས་ཡིན་པ་མ་གཏོགས། དངོས་པོའི་གནས་ཚུལ་ལ་སངས་རྒྱས་ཀྱིས་དེ་འདྲ་དགོངས་ནས་གསུང་གི་མེད་པ་དཔེ་དང་བཅས་པ་བསྟན་པ་འདི་ལ་ལེའུ་གཉིས་པ་དང་གསུམ་པ་ཡོང་གི་ཡོད།

གླེང་གཞིའི་ལེའུ།

དེ་ལྟ་བུའི་དམ་ཆོས་པདྨ་དཀར་པོའི་ལེའུ་ཁ་ཤས་ང་ཚོས་བགྲོ་གླེང་བྱེད་རྒྱུ་རེད། ཁྱེད་རང་ཚོའི་ཕྱག་ཏུ་ཡོད་པའི་དེབ་ནང་གླེང་གཞིའི་ལེའུ་དང་བཅས་པའི་ལེའུ་གསུམ་ག་ཡོད་འདུག དེ་གཟིགས་ན་ཧ་ཅང་གསལ་པོ་རེད། དེ་ཞིབ་ཚགས་པོས་ཚིག་རེ་རེ་བཞིན་ཚིག་ཐོག་ཚིག་བཞག་གིས་འགྲེལ་པ་བརྒྱབ་རྒྱུའི་དུས་ཚོད་མེད། དེས་ན་དོན་གཙོ་ཆེ་བ་རྣམས་ངོ་སྤྲོད་བྱེད་རྒྱུའི་ཐབས་ཤེས་ཞུ་རྒྱུ་ཡིན།

ཐོག་མར་མདོ་སྡེ་གང་འདྲ་ཞིག་ཡིན་ནའང་ཚང་མ་ལ་མཚན་ཡོད་ཅིང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཁ་ཤས་ལ་མཚན་གཅིག་ཡོད་པ་དང་། ཁ་ཤས་ལ་མཚན་མང་པོ་ཡོད་པའང་ཡོད། མདོ་སྡེའི་འདིའི་མཚན་ལ་ལེགས་སྦྱར་གྱི་སྐད་དུ་སདྡྷརྨ་པུཎྜརཱིཀ་ནཱམ་མཧཱཡཱན་སཱུཏྲ་ཞེས་དང་། བོད་སྐད་དུ་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་བྱུང།

སྤྱིར་བཏང་ཆོས་དང་དམ་པའི་ཆོས་ལ་ཁྱད་པར་མེད་ཀྱང་། ཆོས་ཞེས་པའི་ཐ་སྙད་དེ་རྣམ་བཤད་རིགས་པའི་ནང་དོན་བཅུ་ལ་འཇུག་པར་བཤད་ཡོད། དེས་ན་དོན་གཞན་དུ་མི་འཇུག་པར་ལམ་གྱི་རྣམ་གཞག་ཁོ་ནར་འཇུག་པ་ཡིན་ཙང་དམ་པ་ཞེས་པའི་ཐ་སྙད་འདི་སྦྱར་བ་རེད། འདི་ནི་དཔེ་པདྨ་དཀར་པོའི་གཟུགས་སུ་བཀོད་ཅིང་། པདྨ་དཀར་པོ་དེ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་དང་། དེ་བཞིན་མདོག་དང་དྲི་ལ་སོགས་པ་ཕུན་སུམ་ཚོགས་པ་ཡོད་པ། ཚང་མས་དགའ་བོ་བྱེད་རྒྱུ་ཞིག་རེད། མདོ་ཞེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་བཅས་གང་རུང་ཡིན་དགོས། དཔེར་ན་མདོ་གང་འདྲ་ཞིག་ཡིན་ནའང་དེའི་ནང་ཞལ་ནས་གསུངས་པའི་མདོ་དང་། རྗེས་སུ་གནང་བའི་མདོ་དང་། བྱིན་གྱིས་བརླབས་པའི་མདོ་གསུམ་ག་ཡོད་ཆོག། སྐབས་འདིར་མདོ་དང་བཀའ་ཞེས་པ་དོན་གཅིག་རེད། མདོའི་སྐད་དོད་སཱུ་ཏྲ་ཞེས་པ་ནི་སྐུད་པའམ་ཡང་ན་ཐག་པ་ལ་ཡང་གོ་ཞིང་། ཚང་མ་ཕྱོགས་གཅིག་ཏུ་བསྡོམས་པའམ་རིལ་རིལ་བཟོས་ནས་བསྒྲིགས་པ་མ་ཟད། གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྲོ་རྒྱུ་ཡོད་པ་ཞིག་ལ་ཟེར། གང་ལྟར་མཐའ་མ་ཁུངས་གཏུག་ས་ལྟ་བུ་ཞིག་རེད། དམ་ཆོས་པདྨ་དཀར་པོ་འདིའི་ནང་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ཚིག་དང་། གདུལ་བྱས་ཞུས་པའི་ཚིག གདུལ་བྱ་ནང་ཕན་ཚུན་བཀའ་མོལ་གནང་བའི་ཚིག་བཅས་མང་པོ་ཡོད་པར་བརྟེན། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་རྣམས་ཞལ་ནས་གསུངས་པའི་མདོ་དང་། གདུལ་བྱ་ནང་ཕན་ཚུན་བཤད་པ་དེ་བྱིན་གྱིས་བརླབས་པའི་མདོ། དེ་ནས་གདུལ་བྱས་ཞུས་པ་ལ་སངས་རྒྱས་ཀྱིས་འགྲིག་སོང་གསུངས་པ་དེ་རྗེས་སུ་གནང་བའི་མདོ་རེད། གང་ལྟར་མདོ་གང་འདྲ་ཞིག་ཡིན་ནའང་ཕལ་ཆེར་འདི་གསུམ་ག་ཚང་བ་ལྟ་བུ་ཡོད། ཅེས་གསུངས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདི།། ཞེས་སོགས་གསུངས་ནས་ཆོས་ཐུན་གཉིས་པ་གྲོལ།

ཉིན་གཉིས་པ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༣)

༄༅།། ཆོས་ཐུན་དང་པོར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་བྱུང་བ་བཞིན། དལ་འབྱོར་ཚང་བའི་མིའི་ལུས་འདི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་དང་འདྲ་བ་དང་། འདི་ལ་བརྟེན་ནས་ལམ་ཉམས་སུ་ལེན་པའི་སྒོ་ནས་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་ཐུབ། ད་རེས་ལུས་རྟེན་འདི་རྙེད་པའི་སྐབས་སུ་ཆོས་རྣམ་པར་དག་པ་ཞིག་བྱས་ནས་འཁོར་བ་ལས་གྲོལ་བའི་གདེང་རྙེད་པ་ཞིག་མ་བྱུང་ན། འདི་ལྟ་བུའི་ལུས་རྟེན་འདི་ཡང་ཡང་ཕྱིས་ནས་རྙེད་པར་དཀའ་བ་ཡིན། དེས་ན་ད་ལྟ་རང་གི་ལག་ཏུ་དལ་འབྱོར་གྱི་ལུས་རྟེན་གྱི་གོ་སྐབས་བཟང་པོ་འདི་ཡོད་པའི་སྐབས་སུ་ལེ་ལོའི་དབང་གིས་གཉིད་མ་ཁུག་པར་བརྩོན་འགྲུས་བརྩམས་ནས་ཆོས་ཀྱི་བྱ་བ་ལ་གང་ཐུབ་ཀྱིས་འཕྲལ་མ་ཉིད་དུ་འཇུག་དགོས་པ་གལ་ཆེན་པོ་ཡིན་པར་གསུངས།

དལ་བའི་རྟེན་ལ་སྙིང་པོ་ལེན་ཚུལ་ཡང་དམ་པའི་ཆོས་ལས་གཞན་པའི་སྙིང་པོ་ཡང་དག་པར་ལེན་ཚུལ་ཞིག་མེད། དེ་ཡང་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ནས་ཤེས་དགོས་པ་ལས། དད་པ་དང་ཡིད་ཆེས་བྱེད་པ་ཙམ་གྱིས་མི་འགྲུབ། དེར་བརྟེན་ཆོས་ལ་ཐོས་པའི་སྒོ་ནས་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེ་བ་དང་། དེ་ནས་དེ་ལ་བསམས་པས་སྒྲོ་འདོགས་བཅད་པ། མཐར་བསྒོམས་པས་ཉམས་སུ་ལེན་པའི་ཐོག་ནས་རང་རྒྱུད་འདུལ་དགོས་པར་བརྟེན། ཐོག་མར་ཐོས་པ་བྱེད་རྒྱུ་གལ་ཆེན་པོ་རེད། ཐོས་པ་དེ་ཡང་ཀུན་སློང་གང་བྱུང་གིས་མི་ཆོག་པར། ཆོས་ཉན་པའི་སྣོད་དུ་རུང་བ་ལ་ཐེག་པ་གསུམ་པོ་གང་ཡང་རུང་བའི་སེམས་བསྐྱེད་ཀྱིས་ཟིན་པ་ཞིག་ངེས་པར་དུ་དགོས་ཤིང། ལྷག་པར་དུ་ད་ལྟ་འཆད་ཉན་བྱེད་རྒྱུའི་ཆོས་འདི་ཐེག་པ་ཆེན་པོའི་ཆོས་ཡིན་སྟབས། ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བ་ལ་གང་ཟག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཅིག་ཡོད་དགོས་པ་ནི་མེད་དུ་མི་རུང་བ་རེད། བཀའ་གདམས་པ་གོང་མ་ཚོས། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་ཞིག་དགོས། ཞེས་གསུངས་པ་བཞིན། གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་ལ་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ངེས་པར་དུ་ཡོད་དགོས་པ་དང་། ཅི་སྟེ་མྱོང་བ་ཐོན་པའི་བྱང་ཆུབ་ཀྱི་སེམས་ཤིག་མེད་ནའང་བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་ལ་གོ་བ་ཆགས་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེ་ཐོབ་པར་བྱ་བའི་ཆེད་དུ་དམ་པའི་ཆོས་པདྨ་དཀར་པོ་ལ་སློབ་སྦྱོང་བྱེད་ཀྱི་ཡིན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་ལྟར་གསལ་བཏབ་ནས་གསན་དགོས་པ་ཡིན་པ་རེད།

གང་གསན་པར་བྱ་བའི་ཆོས་དམ་པའི་ཆོས་པདྨ་དཀར་པོ་ནི་འདས་པའི་སངས་རྒྱས་མང་པོས་གསུངས་ཟིན་པ་དང་། མ་འོངས་པའི་སངས་རྒྱས་མང་པོས་གསུང་བར་འགྱུར་བ་དང་། ད་ལྟ་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པས་གསུང་བའི་སྐབས་སུ་བབ་པ་འདིའི་གླེང་གཞིའི་ལེའུ་དེ་ཁ་སང་མགོ་བཙུགས་པ་རེད། གླེང་གཞིའི་ལེའུའི་ནང་དམ་པའི་ཆོས་པདྨ་དཀར་པོའི་མདོའི་མཚན་དང་། འགྱུར་ཕྱག་གམ་སྡུད་ཕྱག། གསུངས་པའི་གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་བཅས་ཚུད།

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་འདི་སྐད་བདག་ཐོས་བརྗོད་དགོས་པ་དེ་ཆོས་ཡང་དག་པར་བསྡུས་པའི་མདོའི་ནང་ཇི་ལྟར་གསུངས་པ་བཞིན་སྡུད་པ་པོས་གསུངས་པ་རེད། དེའི་རྗེས་སུ་འཁོར་གྱི་འདུས་པ་གང་དང་གང་ཡོད་པ་རྣམས་གསལ་ཡོད། དམ་ཆོས་པད་དཀར་གྱི་གླེང་གཞིའི་ལེའུའི་ནང་འཁོར་གྱི་འདུས་པ་གསུངས་པ་བཞིན་མདོ་སྡེ་གཞན་དག་ནང་ཉུང་ཉུང་རེད། འདིར་འཁོར་གྱི་འདུས་པ་ཧ་ཅང་རྒྱ་ཆེན་པོ་ཡིན་པ་ཤེས་ཐུབ། ངས་བསྡོམས་བརྒྱབས་ནས་ཞུ་ན། འཁོར་གྱི་འདུས་པ་དང་པོ་དེ་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་རེད། དེའི་ནང་ཀུན་ཤེས་ཀཽཎྜིཎྱས་དབུས་ཉན་ཐོས་ཀྱི་དགྲ་བཅོམ་པ་ཉི་ཤུ་རྩ་དྲུག དེ་ནས་ཀུན་དགའ་བོ་གཙོ་བོར་གྱུར་པའི་སློབ་པ་དང་མི་སློབ་པའི་དགེ་སློང་ཉིས་སྟོང་། སྐྱེ་དགུའི་བདག་མོ་དང་གྲགས་འཛིན་མ་སོགས་དགེ་སློང་མ་དྲུག་སྟོང་བཅས་དང་། དེའི་རྗེས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་བརྒྱད་ཁྲི་གསུངས་པ་རེད། དེའི་ནང་འཕགས་པ་འཇམ་དཔལ་སོགས་བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་ལྔ་དང་། སྐྱེས་བུ་དམ་པ་བཅུ་དྲུག་གི་མཚན་ཡང་བྱུང་།

ནམ་རྒྱུན་མདོ་མང་ཆེ་བའི་ནང་། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་བསྡོམས་ནས་གསུངས་སྲོལ་འདུག དགེ་སློང་གི་དགེ་འདུན་ཞེས་པ་ནི་མིའི་རྟེན་ཅན་གྱི་དགེ་སློང་གི་སྡོམ་པ་ཡོད་པའི་དགེ་འདུན་དང། བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་པ་ནི་མང་ཆེ་བ་ལྷའི་རྟེན་ཅན་དང་། དེ་བཞིན་མིའི་རྟེན་ཅན་ཡང་ཡོད། དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐ་དད་དུ་ཕྱེ་བ་ནི་དགེ་སློང་གི་དགེ་འདུན་ནང་བྱང་ཆུབ་སེམས་དཔའ་མེད་པ་མིན། འོན་ཀྱང་དགེ་སློང་གི་དགེ་འདུན་ཞེས་རབ་བྱུང་གི་ཁྱད་པར་སྦྱར་ནས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཚོ་ལ་གོ་དགོས། ད་ལྟ་སྐབས་འདིར་བྱང་ཆུབ་སེམས་དཔའ་བརྒྱད་ཁྲིའི་ནང་ལྷའི་རྟེན་ཅན་དང་མིའི་རྟེན་ཅན་ཅི་རིགས་ཡོད། ཁྱོན་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་འདུས་པ་ཡིན་པ་རེད།

དེ་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་དགེ་སློང་གི་དགེ་འདུན་ནང་མ་གཏོགས་པ་དེ་ལ་ལྷའི་འཁོར་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་སོགས་འདོད་པའི་ལྷ་དང་། ཚངས་པ་སོགས་གཟུགས་ཀྱི་ལྷ་སོགས་ཁྲི་ཕྲག་མང་པོ་དང། དེའི་རྗེས་སུ་ཀླུའི་རྒྱལ་པོ་བརྒྱད་ཀྱིས་དབུས་ཀླུའི་འཁོར་བྱེ་བ་བརྒྱ་སྟོང་མང་པོ། མིའམ་ཅིའི་རྒྱལ་པོས་དབུས་མིའམ་ཅིའི་འཁོར་བྱེ་བ་བརྒྱ་སྟོང་མང་པོ། དྲི་ཟའི་རྒྱལ་པོས་དབུས་དྲི་ཟའི་འཁོར་བྱེ་བ་བརྒྱ་སྟོང་མང་པོ། ལྷ་མ་ཡིན་གྱི་དབང་པོ་བཞི་སོགས་ལྷ་མ་ཡིན་གྱི་འཁོར། མཁའ་ལྡིང་དབང་པོས་དབུས་མཁའ་ལྡིང་བྱེ་བ་བརྒྱ་སྟོང་མང་པོ། མཁའ་ལྡིང་ནི་ནམ་རྒྱུན་བྱ་ཁྱུང་ལ་གོ འོན་ཀྱང་བྱ་ཁྱུང་གི་རིགས་ལྷ་ལ་གཏོགས་པ་དང་ལྷ་མ་ཡིན་ལ་གཏོགས་པ་གཉིས་ཡོད་པ་ལས། ཆོས་ཉན་པའི་སྐལ་བ་ཡོད་པ་དང་དུད་འགྲོའི་རིགས་མ་ཡིན་པར་གཙོ་བོ་ལྷའི་རིགས་རེད། དེ་ནས་མིའི་འཁོར་གྱི་ནང་མགདྷའི་རྒྱལ་པོ་མ་སྐྱེས་དགྲ་སོགས་ཁུལ་དེའི་མི་མང་པོ་བཅས་གང་ལྟར་འཁོར་གྱི་འདུས་པ་དེ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་བསྟན་པ་རེད།

དེ་ལྟར་འཁོར་གྱི་རིམ་པ་གསུངས་པ་དེའི་དབང་གིས་དམ་པའི་ཆོས་པདྨ་དཀར་པོ་གསུངས་པའི་དུས་དེའང་ཕལ་ཆེར་རྟོགས་ཐུབ། སྐབས་དེར་ཀུན་དགའ་བོ་ལ་སོགས་པ་འཁོར་དུ་འདུས་པ་དང་། ལྷག་པར་དུ་སྐྱེ་དགུའི་བདག་མོ་སོགས་དགེ་སློང་མའི་དགེ་འདུན་ཚུགས་ཟིན་པ། དེ་བཞིན་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་སེལ་བའི་མདོ་གསུངས་ཟིན་པའི་རྗེས་སུ་ཡིན་དགོས་པ་དེ་གསལ་པོ་རེད། དེས་ན་མདོ་འདི་གསུངས་པའི་དུས་དེ་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་ཉི་ཤུ་མ་ཟིན་ནའང་ལོ་བཅུ་བདུན་ནམ་བཅོ་བརྒྱད་ཀྱི་རྗེས་སུ་ཡིན་དགོས། ལར་ནས་ཞིབ་ཚགས་པོས་ལོ་གྲངས་བརྩི་རྒྱུ་མ་བྱུང་རུང། གང་ལྟར་དགེ་སློང་མའི་དགེ་འདུན་ཡོད་པ་དང་། ལྷག་པར་དུ་མ་སྐྱེས་དགྲ་འཁོར་དུ་འདུས་པ་ཡིན་སྟབས། མ་སྐྱེས་དགྲའི་འགྱོད་པ་བསལ་ནས་ཆོས་ཉན་པའི་སྣོད་རུང་དུ་ཆགས་ཟིན་པ་ཡིན་པར་དཔོག་ཐུབ། སྤྱིར་བཏང་དུས་ཀྱི་དབང་གིས་འཁོར་ལོ་གསུམ་བཞག་གི་མེད་ཀྱང་། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་མང་པོ་ཕྱིན་པའི་རྗེས་སུ་གསུངས་པ་རྣམས་འཁོར་ལོ་གསུམ་པའི་ཁོངས་གཏོགས་ལ་བརྩི་དགོས། དེ་བཞིན་དམ་ཆོས་པད་དཀར་གྱི་ཚིག་བརྗོད་ཀྱི་ནང་དུའང་ཕྱག་རྒྱ་དང་འོད་གསལ་ཞེས་པའི་ཚིག་ཡང་ཡང་ཡོང་གི་ཡོད་སྟབས། འཁོར་ལོ་ཐ་མའི་གྲངས་སུ་བཞག་ཆོག་གི་མེད་དམ་སྙམ། འོན་ཀྱང་འཁོར་ལོ་གཉིས་པའི་ཁོངས་སུ་གཏོགས་པ་ཡིན་པ་དེ་མདོ་རང་གི་ནང་ཚིག་གསལ་པོ་ཡོང་གི་འདུག དེར་བརྟེན་འཁོར་ལོ་བར་པའི་གྲངས་སུ་གཞག་དགོས་རྒྱུ་རེད། ཡིན་ནའང་དུས་དང་བརྗོད་ཚིག་རྣམས་འཁོར་ལོ་ཐ་མ་དང་ཧ་ཅང་ཉེ་བར་བརྟེན། འཁོར་ལོ་བར་པའི་མཇུག་དང་འཁོར་ལོ་ཐ་མའི་མགོ་ལྟ་བུ་ལ་བཞག་ན་འགྲིག་གི་མེད་འགྲོ་བསམ་གྱི་འདུག  འདི་ཡན་ཆད་འཁོར་གྱི་རྣམ་གྲངས་བསྟན།

དེ་ནས། ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་བཤད་པར་བཞེད་དེ། ཞེས་གསུངས་ཏེ། བསྟན་བྱའི་ཆོས་ཀྱི་ངོ་བོ་དེ་གང་རེད་ཅེ་ན། ངེས་པར་བསྟན་པ་ཆེན་པོ་ཞེས་དང་། སྤྱིར་བསྟན་པ་དང་ངེས་པར་བསྟན་པ་ལས། ངེས་པར་བསྟན་པ་ཞེས་པ་ནི་ཐེ་ཚོམ་དང་དྲི་བའི་རྣམ་པ་ལྟ་བུ་མ་ཡིན་པར། གསུང་བ་པོ་རང་ཉིད་ཀྱིས་གང་བསྟན་པར་བྱ་བ་དེ་གཏན་ལ་ཕབ་པའམ་ཐག་བཅད་ནས་བསྟན་པ་རེད། དེ་རྒྱས་པར་བསྟན་པ་ཡིན་ཙང་ཤིན་ཏུ་རྒྱས་པའོ།། སྤྱིར་བཏང་སངས་རྒྱས་ཀྱིས་ཆོས་གང་ཞིག་གསུངས་ནའང་རྒྱས་འབྲིང་བསྡུས་གསུམ་གྱི་ངོ་བོ་དང་། གདུལ་བྱ་སོ་སོའི་བློ་དང་འཚམས་པ་གསུང་ངོ་།། དེ་ཡང་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ལས། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་ཡུམ་རྒྱས་འབྲིང་བསྡུས་གསུམ་ནི་ལྡབ་སྐྱོན་དང་ཟློས་སྐྱོན་མིན་པར། གདུལ་བྱའི་བློ་དང་འཚམས་པར་གསུང་ཚུལ་བཤད་པ་ལྟར་རེད། ཆོས་ཀྱི་རྣམ་གྲངས་གཅིག་ཏུ་གཏོགས་པ་ཡིན་ནའང་ཉན་མཁན་གྱིས་མི་འདྲ་བ་གོ་བ་ཡིན། དེས་ན་དམ་ཆོས་པདྨ་དཀར་པོ་ལའང་སྤྱིར་བཏང་རྒྱས་བསྡུས་མང་པོ་ཡོང་ཆོག་ཀྱང་། གཙོ་ཆེ་བ་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་ཡིན། ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ཞེས་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཟིན་པ་དང་། ད་ལྟ་བའི་སངས་རྒྱས་རྣམས་ཀྱིས་གསུང་བཞིན་པ། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བའོ།། བཤད་པར་བཞེད་དེ་ཞེས་པ་ནི་དེ་ལྟ་བུའི་ཆོས་དེ་བསྟན་རྒྱུའི་སངས་རྒྱས་ཀྱི་ཐུགས་ལ་འདོད་པ་བྱུང་བའོ།།

སྤྱིར་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་གང་ཞིག་བསྟན་ནའང་ཏིང་ངེ་འཛིན་གྱི་རྣམ་གྲངས་མི་འདྲ་བ་རེ་ལ་སྙོམས་པར་ཞུགས་པ་ཡིན། ད་ལྟའི་ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་རྒྱས་པ་བྱང་ཆུབ་སེམས་དཔའ་ལ་གདམས་པ་དེ་བསྟན་པའི་ཆེད་དུ། མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་མི་གཡོ་ཞིང་སེམས་མི་གཡོ་བར་གྱུར་ནས་བཞུགས་སོ།། ཞེས་སངས་རྒྱས་ཀྱིས་ཆོས་འདི་བསྟན་པའི་དགོངས་པ་བཞེས་ནས་མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བརྟེན། སྐུ་འགུལ་སྐྱོད་མེད་པར་ལྷན་ནེ་དང་། ཐུགས་ཀྱང་མི་གཡོ་བར་བཞུགས་པ་རེད།

སྤྱིར་བཏང་ཐེག་པ་ཆེན་པོའི་ལུགས་སུ་སངས་རྒྱས་ཀྱི་ས་ལ་མཉམ་བཞག་དང་རྗེས་ཐོབ་ཀྱི་དབྱེ་བ་མེད། རྟག་ཏུ་མཉམ་རྗེས་དབྱེར་མེད་ཡིན་པ་དང་། གང་ལྟར་མཉམ་པར་བཞག་བཞིན་པའི་ངང་ནས་རྗེས་ཐོབ་ཀྱི་བྱ་བ་ཐམས་ཅད་བྱེད་ནུས་པ་ཡིན། འོན་ཀྱང་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་མཁན་གྱི་སངས་རྒྱས་དེ་གདུལ་བྱ་ཐ་མལ་གྱི་སྣང་ངོ་ལ་མི་ཕལ་པ་དང་གཅིག་མཚུངས་ཀྱི་ཀུན་སྤྱོད་གནང་དགོས་སྟབས། སྐུ་གཟིམ་གནང་བའི་དུས་ཚོད་དང་། བསོད་སྙོམས་ལ་ཕེབས་པའི་དུས་ཚོད། བསོད་སྙོམས་གསོལ་བའི་དུས་ཚོད། ཆོས་བསྟན་པའི་དུས་ཚོད། ནང་དུ་ཡང་དག་འཇོག་ལ་བཞུགས་པའི་དུས་ཚོད་སོགས་སོ་སོའི་རྣམ་པ་བསྟན་པ་ཡིན། དེ་བཞིན་ཆོས་ཚུལ་རྣམ་གྲངས་གལ་ཆེ་བ་རྣམས་བསྟན་པར་མཛད་པའི་སྐབས་སུ་སྔོན་དུ་ངེས་པར་དུ་ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པ་ཡིན། དཔེར་ན། ཤེས་རབ་སྙིང་པོར། ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞེས་སྙོམས་པར་འཇུག་ཡུལ་གྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་ལ་མཚན་ཡོད་པ་བཞིན་སྐབས་འདིར་ཡང་མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཞེས་གསུངས།

དེ་ལྟར་སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་དང། ས་རྣམ་པ་དྲུག་ཏུ་གཡོས་པ་སོགས་བྱུང་སྐབས་དེར་འདུས་པའི་འཁོར་རྣམས་ཡ་མཚན་ཆེན་པོ་སྐྱེས་པར་གྱུར། སྐབས་དེར་རྒྱལ་བའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ (སྨིན་མཚམས་ཞེས་པ་དེ་དཔྲལ་བའི་སྨིན་མ་གཉིས་འཛོམས་པའི་མཚམས་སུ་ཟེར། དེར་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མཛོད་སྤུ་ཞེས་སྤུ་དཀར་པོ་ཞིག་ཡོད། མཛོད་སྤུ་ནི་མཚན་སོ་གཉིས་ཀྱི་ནང་ནས་གསུང་དབྱངས་ཡན་ལག་དྲུག་ཅུ་ཕུད་པའི་རྗེས་སུ་བསོད་ནམས་མང་ཤོས་དགོས་པའི་སྒྲུབ་དཀའ་བའི་མཚན་བཟང་གི་གྲངས་རེད།) འོད་ཟེར་འཕྲོས་པ་དེ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁྲི་བརྒྱད་སྟོང་དུ་སོང་བ་དང་། སངས་རྒྱས་ཀྱི་ཞིང་ཁྲི་བརྒྱད་སྟོང་ཞེས་པ་ནི། དཔེར་ན། མངོན་པ་དང་མཛོད་ནས་བཤད་པའི་འཇིག་རྟེན་བཞིན་ཆ་བཞག་ན། ད་ལྟའི་གླིང་བཞི་རི་རབ་ཕྱི་ལྕགས་རི་དང་བཅས་པའི་ཁོར་ཡུག་ནས་བརྒལ་བ་དང་། ད་དུང་འཇིག་རྟེན་གྱི་ཁམས་མང་པོ་བརྒལ་བའི་རྗེས་སུ་སངས་རྒྱས་ཀྱི་ཞིང་དེ་ཚོ་ཡོད་པར་བཤད། ད་ལྟ་བཞིན་བརྩི་ན། ཉི་མའི་ཁོར་ཡུག་གཅིག་ལ་འཇིག་རྟེན་གཅིག་ལྟ་བུ་དང་། དེ་འདྲ་གྲངས་མེད་པ་ཡོད་པ་དེ་ཚོའི་ནང་ཕྱིན་པ་ལ་ཟེར། འོད་ཟེར་དེ་སངས་རྒྱས་ཀྱི་ཞིང་དེ་དག་གི་དམྱལ་བ་མནར་མེད་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར་དུ་ཁྱབ་ཅེས་སྲིད་རྩེ་ནི་གཟུགས་མེད་ཀྱི་གནས་མཐོ་ཤོས་དེ་རེད། མནར་མེད་ནས་སྲིད་རྩེའི་བར་དུ་ཁམས་གསུམ་གྱི་གནས་ཡོངས་རྫོགས་ཚུད་པ་རེད། གང་ལྟར་འཁོར་དུ་འདུས་པ་རྣམས་ལ་ཆོ་འཕྲུལ་གྱི་སྣང་བ་འདི་བྱུང་བ་རེད། ཐོག་མར་མེ་ཏོག་གི་ཆར་པ་བབས་པ་དང་། ས་གཡོས་པ། དེ་ནས་སངས་རྒྱས་ཀྱི་མཛོད་སྤུ་ནས་འོད་ཟེར་འཕྲོས་པ་དེ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་ཡོངས་སུ་རྫོགས་པ་ལ་འོད་ཟེར་གྱིས་ཁྱབ་པ་ལ་བརྟེན་ནས། བྱ་རྒོད་ཕུང་པོའི་རིེར་འཁོར་དུ་འདུས་པའི་སློབ་མ་ཚང་མས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་དང་། དེའི་ནང་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟོན་བཞིན་པ་རྣམས་མཇལ་ཐུབ་པ་བྱུང།

དེ་ལྟ་བུའི་ཆོ་འཕྲུལ་ངོ་མཚར་ཅན་བྱུང་བའི་སྐབས་སུ་འཁོར་དུ་འདུས་པ་ཐམས་ཅད་དང་། ལྷག་པར་དུ་བྱང་སེམས་འཕགས་པ་ཚོའི་ཐུགས་ལ་འདི་གང་ཡིན་ནམ་སྙམ་པའི་ཐུགས་དྭོགས་བྱུང་བ་རེད། ཉེ་བའི་སྲས་ཆེན་བརྒྱད་དུ་གཏོགས་པ་དང་ད་ལྟ་དགའ་ལྡན་དུ་བཞུགས་པའི་འབྱུང་འགྱུར་གྱི་རྣམ་འདྲེན་ལྔ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཐུགས་ལ་འདིའི་རྒྱུ་མཚན་གང་ཡིན་པ་དེའི་ལན་སུས་བརྒྱབ་ནུས་སྙམ་ནས་གཟིགས་པའི་སྐབས་སུ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ལན་བརྒྱབ་ནུས་པར་གཟིགས་པ་རེད། སྐབས་དེར་དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནང་དུ་ཡང་དག་འཇོག་གི་གནས་སྐབས་སུ་ཡིན་སྟབས། སངས་རྒྱས་ལ་ཐད་ཀར་བཀའ་འདྲི་ཞུ་ས་མེད། དེ་བཞིན་འཁོར་གཞན་དག་ཀྱང་བཀའ་འདྲི་གནང་མཁན་ཞིག་བྱུང་ན་བསམ་པའི་ཐུགས་འདོད་བྱུང་བ་ཡིན་སྟབས། བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་འདྲི་ཞུས་པ་རེད། དེ་དག་ནི་ཕལ་ཆེ་བ་ཚིགས་བཅད་ཐོག་རེད།

དེ་ཡང་། འཇམ་དཔལ་ཅི་ཡི་ཕྱིར་ན་འདི་ལྟ་བུ། །མི་ཡི་མགོན་པོས་འོད་ཟེར་གཅིག་པུ་འདི། །ཞལ་གྱི་སྨིན་མཚམས་ཀྱི་ནི་མཛོད་སྤུ་ནས། །ཤིན་ཏུ་སྣང་བའི་འོད་ཟེར་རབ་ཏུ་བཏང་།། ཞེས་སོགས་ཤློཀ་ལྔ་བཅུ་ང་ལྔའི་ཐོག་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འཕགས་པ་འཇམ་དཔལ་ལ་བཀའ་འདྲི་ཞུས་པའི་དོན་རྣམས་མདོར་བསྡུས་ན། མཛོད་སྤུ་ནས་འོད་ཟེར་བྱུང་བའི་དབང་གིས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་མང་པོ་མཇལ་ཐུབ་པའི་རྒྱུ་མཚན་དང་། ཅིིའི་ཕྱིར་ཆོ་འཕྲུལ་བསྟན་པ་རེད་ཅེས་དྲིས་པ་རེད། དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་ལན་རྒྱས་པར་གནང་ཡོད་པ་དེའི་དོན་མདོར་བསྡུས་ན། འདི་ནི་སྟོན་པ་ཤཱཀྱ་ཐུབ་པས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཆོས་སྟོན་པར་བཞེད་ནས་ཆོ་འཕྲུལ་བསྟན་པ་རེད་ཅེས་གསུངས། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་པ་ནི་འཁོར་དུ་འདུས་པའི་གདུལ་བྱ་ཚོས་ཡོངས་གྲགས་སུ་ཤེས་པ་དང་ཆ་བཞག་རྒྱུའི་གནས་ཚུལ་མིན་པའམ། སྔོན་ཆད་མ་ཐོས་པ་དང་བསམ་བློའི་ནང་མེད་པ། ཡང་ན་ད་ལྟ་འཇིག་རྟེན་དུ་གྲགས་པའི་གནས་ཚུལ་མིན་པར། དེ་ལས་གཞན་པ་ཞིག་ཆོས་སྟོན་པར་བཞེད་པ་ཡིན་པ་རེད།

འདིའི་རྒྱབ་ལྗོངས་སུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ལ་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་། དེས་བདེན་པ་བཞི་ལས་བརྩམས་ཏེ་ཕྱིན་དྲུག་ལ་སོགས་པའི་ཆོས་བསྟན་པ་དང་། དེའི་སྔ་རོལ་དུའང་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བའི་མཚན་མཐུན་པ་མང་པོ་བྱུང་ནས་དེ་ཚོས་ཀྱང་ཆོས་བསྟན་པ། ཉི་ཟླ་སྒྲོན་མ་སངས་མ་རྒྱས་པའི་སྔ་རོལ་ཁབ་ཏུ་བཞུགས་པའི་སྐབས་སུ་སྲས་བརྒྱད་ཡོད་པ་དེ་དག་གིས་གླིང་བཞི་ལ་དབང་བའི་རྒྱལ་པོ་བྱས་པ་དང་། ཉི་ཟླ་སྒྲོན་མ་རབ་ཏུ་བྱུང་བའི་རྗེས་སུ་སྲས་དེ་ཚོའང་རབ་ཏུ་བྱུང་བ། མཐར་སངས་རྒྱས་དེས་མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ། འདི་ལ་མེ་ཏོག་གི་ཆར་བབས་པ་དང་། ས་གཡོས་པ་སོགས་ངོ་མཚར་གྱི་ལྟས་བྱུང་བ། དེ་ནས་མཛོད་སྤུ་ནས་འོད་ཟེར་ཕྱུང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཞིང་ཉི་ཁྲི་ལ་འཕྲོ་བར་མཛད་པ། བྱང་ཆུབ་སེམས་དཔའ་འོད་མཆོག་ལ་ལུང་བསྟན་པ། བྱང་ཆུབ་སེམས་དཔའ་འོད་མཆོག་ལ་སློབ་མ་བརྒྱད་བརྒྱ་ལ་སོགས་པ་བྱུང། དེ་དག་སྔོན་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མའི་སྐབས་སུ་བྱུང་བ་དང་གཅིག་པ་བྱུང་ཡོད། དེ་དུས་སློབ་མའི་གཙོ་བོ་བྱང་ཆུབ་སེམས་དཔའ་འོད་མཆོག་ལ་ད་ལྟ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་རྒྱུའི་དམ་པའི་ཆོས་པདྨ་དཀར་པོ་འདི་བར་གྱི་བསྐལ་པ་དྲུག་ཅུའི་བར་དུ་གསུངས་པ། དེ་ནས་མྱ་ངན་ལས་འདས་པ། སངས་རྒྱས་དེ་མྱ་ངན་ལས་འདས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དེའི་རྗེས་སུ་སངས་རྒྱས་དྲི་མ་མེད་པའི་སྤྱན་ཞེས་བྱ་བའི་ངོ་བོ་ལ་སངས་རྒྱས་པར་ལུང་བསྟན་པ། དེའི་སྐབས་སུའང་དམ་ཆོས་པད་དཀར་འདི་གསུངས་པ་མ་ཟད་བར་གྱི་བསྐལ་པ་བརྒྱད་ཅུའི་བར་དུ་གནས་པ་དང་། དེ་ནས་ཉི་ཟླ་སྒྲོན་མའི་སྲས་དེ་ཚོའང་འོད་མཆོག་གི་སློབ་མ་ལ་འཁྲུངས་པ། འོད་མཆོག་དེ་ད་ལྟའི་གནས་སྐབས་སུ་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་པ་དང་། སྐབས་དེའི་གྲགས་འདོད་ཅེས་བྱ་བ་ལེ་ལོ་ཅན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ནི་ད་ལྟའི་གནས་སྐབས་སུ་བྱམས་པ་ཁྱོད་རང་ཡིན་པ་སོགས་གསུངས། དེ་དག་ཚིག་ལྷུག་ནང་དུའང་ཞིབ་ཚགས་པོ་ཡོད།

དེ་ལྟར་རྗེ་བཙུན་བྱམས་པས་འཕགས་པ་འཇམ་དཔལ་ལ་ཆོ་འཕྲུལ་གང་ཡིན་པ་དེ་དྲིས་པ་དང་། འཕགས་པ་འཇམ་དཔལ་གྱིས་ཆོ་འཕྲུལ་འདིས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཆོས་སྟོན་པར་བཞེད་པ་ཡིན་ཚུལ། དེའི་རྒྱབ་ལྗོངས་སུ་འདས་པའི་སངས་རྒྱས་མང་པོས་ཀྱང་འདི་ལྟ་བུའི་ཆོ་འཕྲུལ་བསྟན་ནས་ཆོས་བསྟན་པ་དང་། དེ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་རྗེ་བཙུན་བྱམས་པ་དང་འཕགས་པ་འཇམ་དཔལ་གཉིས་ཀ་འདས་པའི་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པའི་སྐབས་སུ་ཡོད་པ་དེ་དག་མདོར་བསྡུས་ནས་བསྟན་པ་རེད། འདིར་གླེང་གཞིའི་སྐབས་སུ་འཁོར་གང་འདུས་པ་དང། ཆོ་འཕྲུལ་གང་བྱུང་བ། ཆོ་འཕྲུལ་བྱུང་བའི་རྒྱུ་མཚན་གང་ཡིན་པ། དེའི་རྒྱབ་ལྗོངས་སུ་གང་ཡོད་པ། འདས་པའི་སངས་རྒྱས་རྣམས་ཀྱི་སྐབས་སུ་གང་བྱུང་བ་རྣམས་མདོར་བསྡུས་ནས་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀའི་ལམ་ནས་བཤད་པ་རེད།

སངས་རྒྱས་ཀྱིས་གསུངས་པའི་མདོའི་ཚིག་བརྗོད་ལ་འགྲོ་སྟངས་མི་འདྲ་བ་ཁ་ཤས་འདུག ཁ་ཤས་ཚིགས་བཅད་རྐྱང་པ་དང་། ཁ་ཤས་ཚིག་ལྷུག་རྐྱང་པ། ཁ་ཤས་ཚིགས་བཅད་དང་ཚིག་ལྷུག་སྤེལ་མ་རེད། དམ་ཆོས་པདྨ་དཀར་པོ་ནི་ཚིགས་བཅད་དང་ཚིག་ལྷུག་སྤེལ་མ་རེད། ཚིགས་བཅད་དང་ཚིག་ལྷུག་སྤེལ་མར་ཡོད་པ་མང་ཆེ་བ་དོན་དག་འདྲ་པོ་རེད། ཚིག་ལྷུག་ནང་གང་གསུངས་པ་དེ་བསྐྱར་དུ་ཚིགས་སུ་བཅད་ནས་གསུངས་པ་ལྟ་བུ་ཡོད་ཀྱང་། རྣམ་པ་ཐམས་ཅད་དུ་གཅིག་པ་མ་རེད། ཚིག་ལྷུག་ནང་ཡོད་པ་ཚིགས་བཅད་ནང་མེད་པ་དང་། དེ་བཞིན་ཚིགས་བཅད་ནང་ཡོད་པ་ཚིག་ལྷུག་ནང་མེད་པའང་ཡོད། གང་ལྟར་འདི་ལ་ཞིབ་ཚགས་པོས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀ་ལ་ཞིབ་ཚགས་པོས་བལྟ་དགོས། སྤྱིར་བཏང་ཚིག་ལྷུག་བསྡུས་པ་དང་ཚིགས་བཅད་རྒྱས་པ་ལྟ་བུ་ཡོད།

ལར་ནས་སངས་རྒྱས་ཀྱི་གསུང་ནང་ཚིགས་བཅད་ཚིག་ལྷུག་གཉིས་ཡོང་དགོས་པ་ནི། རྗོད་བྱེད་ཀྱི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས་ཕྱེ་བའི་སྐབས་སུ་མདོ་སྡེ་ཞེས་པ་དེ་ཚིག་ལྷུག་གི་མདོ་ལ་གོ་བ་དང། དབྱངས་སྙད་ཅེས་པ་དེ་ཚིགས་བཅད་ཀྱི་མདོ་ལ་གོ་དགོས། ཚིགས་བཅད་ཀྱི་མདོ་ལ་ཅིའི་ཕྱིར་དབྱངས་སྙད་ཅེས་བརྗོད་ཅེ་ན། གདངས་སྙན་པོ་བཏང་ནས་འདོན་རྒྱུ་ལ་ཚིགས་བཅད་དེ་སྟབས་བདེ་བ་ཡོད་པའི་དབང་གིས་རེད། ལུང་པ་སོ་སོའི་ནང་པའི་སྲོལ་རྒྱུན་ནང་སངས་རྒྱས་ཀྱིས་གསུངས་པའི་མདོ་དང་། གཞན་ཡང་གསོལ་འདེབས་སོགས་གདངས་བཏང་ནས་འདོན་པའི་ལམ་སྲོལ་དེ་སོ་སོའི་གདངས་ཀྱི་ཁྱད་པར་ཙམ་མ་གཏོགས། ནང་པའི་རྗེས་འཇུག་ཚང་མ་ལ་ཡོད་པའི་ལམ་སྲོལ་ཞིག་རེད་འདུག གདངས་གཏོང་བའི་སྲོལ་འདི་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་ཡོད་པ་ཞིག་རེད་མ་གཏོགས། རྗེས་སུ་གསར་དུ་བཟོས་པ་ཞིག་མིན། དགེ་སློང་གི་དགེ་འདུན་གྱི་ནང་ལ་གདངས་གཏོང་ཚུལ་དང་དགེ་སློང་མའི་དགེ་འདུན་གྱི་ནང་གདངས་གཏོང་ཚུལ་རྣམས། དཔེར་ན། པཱ་ལིའི་སྡེ་སྣོད་ནང་ཐེར་གཱཐཱ་དང་ཐེརཱི་གཱཐཱ་ཞེས་གཱཐཱའི་རིགས་མི་འདྲ་བ་སོ་སོར་བསྡུས་ཡོད། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུའང་མདོ་ཧ་ཅང་གདངས་སྙན་པོ་བཏང་ནས་སྐྱོར་མཁན་བྱུང་བ་རེད། དཔེར་ན། དགྲ་བཅོམ་པ་སྙན་པ་བཟང་ལྡན་གྱིས་མདོ་སྐྱོར་སྟངས་ལ་མཚོན་ན། ཁོང་སྐུ་གཟུགས་ཆུང་ཆུང་དང་ཧ་ཅང་མདོག་ངན་པ་ཞིག་ཡོད། འོན་ཀྱང་སྤོང་ཁང་ནང་བཞུགས་ཏེ་སངས་རྒྱས་ཀྱི་གསུང་གདངས་བཏང་ནས་འདོན་པའི་སྐབས་སུ་དམག་གི་གླང་པོ་ཆེ་དང་རྟ་སོགས་མ་འགུལ་བར་ཉན་པའི་བྱུང་རབས་ཡོད།

ང་ཚོས་ཁ་ཏོན་བྱེད་པའི་སྐབས་སུ་བྲེལ་བ་ཡོད་དུས་མགྱོགས་པོ་འདོན་གྱི་རེད། འོན་ཀྱང་གདངས་བཏང་ནས་འདོན་པའི་སྐབས་སུ་དོན་ཡིད་ལ་དྲན་པ་ལའང་ཕན་ཐོགས་ཡོད། དེ་བཞིན་གཤེགས་པའི་གསུང་རབ་དབྱངས་ཀྱི་སྒོ་ནས་སྙད་པ་དེའི་དགོས་པ་གང་རེད་ཅེ་ན། ཡིད་དང་ངག་གི་སྦྱོར་བ་མཉམ་དུ་འགྲོ་གི་ཡོད་སྟབས། ངག་སྙན་པོས་བརྗོད་ན་དེའི་དབང་གིས་རང་གི་ཡིད་འགྱུར་ཐེབས་ཆེ་བ་དང་། ཉན་པ་པོ་གཞན་ལའང་ཡིད་འགྱུར་ཐེབས་ཆེ་བའི་ཁྱད་པར་ཡོད་ཙང་གཞན་དོན་སྒྲུབ་པའི་ཡན་ལག་ཅིག་ཆགས་ཀྱི་ཡོད། དེ་བཞིན་བོད་པའི་གཏམ་དཔེར། ཚིག་བཟང་པོ་ཞལ་ནས་གསུངས། དོན་བཟང་པོ་ཡིད་ལ་དྲན། ཞེས་གསུངས་པ་བཞིན་ཚིག་དེ་མགྱོགས་པོ་སྐྱོར་ན་དོན་ཡིད་ལ་དྲན་རྒྱུ་དེ་རྗེས་མ་ཟིན་པ་ཆགས་ཀྱི་ཡོད། དེས་ན་དོན་ཡིད་ལ་བསམ་རྒྱུ་དེ་ཡོང་བའི་ཆེད་དུ་ཚིག་དལ་བུས་བརྗོད་དགོས་པ་དང་། དེ་ཡང་དབྱངས་འདོན་པའི་སྒོ་ནས་བརྗོད་ན་དེས་ཡིད་ཀྱི་འགྱུར་བ་ཁྱད་པར་ཅན་ཞིག་འདྲེན་ཐུབ་པ་ཡིན། དེར་བརྟེན་དམ་ཆོས་པད་དཀར་ཕྱེད་ཀ་ལྷག་ཙམ་ཚིགས་བཅད་ནང་ཡོད་པ་དེ་སོ་སོའི་ཡུལ་སྲོལ་དང་བསྟུན་པའི་གདངས་ཀྱི་ཐོག་ནས་འདོན་ཐུབ་ན་ཡག་པོ་ཡོད་རེད། གླེང་གཞིའི་ལེའུའི་སྐབས་སུ་བགྲོ་གླེང་གནང་མཁན་ནི་བྱང་ཆུབ་སེམས་དཔའ་བྱམས་པ་དང་འཕགས་པ་འཇམ་དཔལ་གཉིས་རེད།

ལེའུ་གཉིས་པ། ཐབས་ལ་མཁས་པའི་ལེའུ།

འདི་ནས་ཐབས་ལ་མཁས་པའི་ལེའུ་མགོ་བཙུགས་པ་ཡིན། དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ།། ཞེས་གསུངས་ཏེ། གླེང་གཞིའི་ལེའུའི་སྐབས་སུ་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་འཇམ་དབྱངས་བགྲོ་གླེང་གནང་བའི་སྐབས་སུ་སངས་རྒྱས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཡོད་ཅིང་། སྐབས་དེར་འཁོར་འབུམ་ཕྲག་མང་པོ་འདུས་པ་དང་། སངས་རྒྱས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཐོག་མར་ཤཱ་རིིའི་བུ་ལ་བཀའ་སྩལ་བ་རེད། སྤྱིར་ཤཱ་རིའི་བུ་ནི་སངས་རྒྱས་ཀྱི་འཁོར་གྱི་ནང་ནས་ཤེས་རབ་ཅན་གྱི་མཆོག་དང་། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་པའི་དགྲ་བཅོམ་པ་ཞིག་ཡིན། དེ་ཡང་། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པ། སངས་རྒྱས་ཀྱི་ཡེ་ཤེས་ནི་ཟབ་པ་མཐོང་བར་དཀའ་བ་རྟོགས་པར་དཀའ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་མཛད་མཛད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་སྤྱད་སྤྱད་པ། ཡུན་རིང་པོ་ནས་རྗེས་སུ་ཞུགས་པ། ཞེས་སོགས་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ་དང་། གང་གཟིགས་པ་དེ་ཤིན་ཏུ་ཟབ་པ་དང་། རྟོགས་དཀའ་བ་དང་། མཐོང་དཀའ་བ་ཡིན་པ། ལྷག་པར་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་མི་ཐུབ་པ་ཡིན། དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་བསྐལ་པ་གྲངས་མེད་མང་པོ་ལ་སངས་རྒྱས་མང་པོར་བསྙེན་བཀུར་བྱས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་ཐོབ་པ་ཞིག་ཡིན་པ། ལྷག་པར་དུ་སངས་རྒྱས་རྣམས་ནི་ཐབས་ལ་མཁས་པ་དང་ཡེ་ཤེས་མཐོང་བ་ཡིན་པ། ཐབས་ལ་མཁས་པ་དང་སེམས་ཅན་གྱི་དོན་མཛད་ཚུལ་ལ་འབྲེལ་བ་ཆེན་པོ་ཡོད་པ། དེ་ཡང་སེམས་ཅན་གྱི་དོན་དེ་ཐབས་མཁས་པའི་སྒོ་ནས་མཛད་པ་མ་གཏོགས། ཐབས་ལ་མཁས་པ་དང་མ་བསྟུན་པར་སངས་རྒྱས་ཀྱིས་གང་མཁྱེན་པ་དེ་སེམས་ཅན་ལ་བསྟན་གྱི་མེད་པ། དེས་ན་སངས་རྒྱས་ནི་ཐབས་ལ་མཁས་པ་ཆེན་པོ། ཡེ་ཤེས་མཐོང་བ་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་པ། དེར་བརྟེན་སངས་རྒྱས་ལ་སྟོབས་བཅུ་དང་། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། དབང་པོ་དང་སྟོབས། བྱང་ཆུབ་ཀྱི་ཡན་ལག །རྣམ་ཐར་བརྒྱད་སོགས་ཀྱི་ཡོན་ཏན་དང་ལྡན་པ། (སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཞིབ་པ་མཁྱེན་འདོད་ན། དོན་རྣམ་པར་ངེས་པའི་མདོ་དང་། མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པར་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་སོགས་ལ་གཟིགས་དགོས།) དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟོགས་པར་དཀའ་བ། དེ་བཞིན་གཤེགས་པས་ཐབས་ལ་མཁས་པ་ཇི་ལྟ་བུའི་སྒོ་ནས་ཆོས་བསྟན་པ་དེ་ཉན་ཐོས་དང་རང་རྒྱལ་སོགས་སངས་རྒྱས་ཀྱི་རིགས་སུ་མ་ཞུགས་པ་སོ་སོའི་སྐྱེ་བོ་དང་འཕགས་པས་རྟོགས་པར་དཀའ་བ་སོགས་གང་ལྟར་སངས་རྒྱས་ཀྱི་ཡེ་ཤེས་རྟོགས་དཀའ་བ་དང་། སངས་རྒྱས་ཀྱི་ཐབས་ལ་མཁས་པའི་མཛད་པ་དེ་ངོ་མཚར་རྨད་དུ་བྱུང་བ་ཡིན་པ། དེའི་བསྔགས་བརྗོད་ཤུགས་ཆེ་མཛད་པ་རེད།

སངས་རྒྱས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་བྱ་རྒོད་ཕུང་པོའི་རི་ལ་དམ་ཆོས་པདྨ་དཀར་པོ་གསུངས་པའི་སྐབས་སུ་འཁོར་འབུམ་ཕྲག་མང་པོ་འདུས་ཡོད་ཀྱང་། སྐབས་དེར་གསུང་པར་སོགས་འཕྲུལ་ཆས་ཀྱི་རིགས་མེད་ལ། དགོས་མཁོའང་མེད། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ཁྱད་ཆོས་སུ། དེ་ཚེ་ཉེ་བར་གནས་ལ་ཧ་ཅང་ཆེ་བར་མི་སྣང་རིང་ན་གནས་ལ་ཆུང་མིན་པར། །ཞེས་ཐག་རིང་ཐུང་ལ་གཅིག་གྱུར་གོ་བ་མ་གཏོགས། སྐུ་མདུན་ལ་ཤུགས་ཆེ་བ་དང་། ཐག་རིང་ལ་མི་གོ་བའི་གནས་སྟངས་མེད། དེང་སང་འཕྲུལ་ཆས་མང་པོ་བྱུང་བ་ཡིན་ཙང་ཕན་ཐོགས་ཀྱང་མང་པོ་ཡོད་ཀྱི་རེད། སོ་སོའི་སྐྱེ་བོའི་སྐད་ལ་གསུང་པར་ཞིག་མ་བྱུང་ན་ཐག་རིང་པོར་མི་གོ འོན་ཀྱང་འཕྲུལ་ཆས་ལ་ཡིད་བརྟན་རྙེད་ཁག་པོ་རེད། ག་དུས་ཡིན་ནའང་འགག་པ་དང། སྐད་ཆེ་དྲགས་པ་དང་ཆུང་དྲགས་པ་སོགས་སྣ་ཚོགས་ཡོང་རྒྱུ་འདུག ད་ཆ་མིའི་གོ་གནས་དེ་འཕྲུལ་འཁོར་གྱིས་ལེན་པའི་དུས་ཚོད་དེ་ཕལ་ཆེར་ཐག་ཉེ་པོ་ཡིན་ས་རེད། ཚན་རིག་པ་གྲགས་ཅན་ཨལ་བཊ་ཨ་ཡིན་སི་ཊེན་ (Albert Einstein) གྱིས་འཕྲུལ་ལས་ཀྱི་བྱ་བ་དེས་མིའི་འབྲེལ་བ་ལས་བརྒལ་སོང་ན། མ་འོངས་པའི་མི་རབས་དེ་ལྐུགས་པ་ཞིག་ཡོང་རྒྱུ་རེད། ཅེས་གསུངས་པ་དེ་བདེན་པ་ལྟ་བུ་འདུག འདི་འཕྲོས་བཤད་རེད།

སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་གསུངས་པའི་ཚིག་ལྷུག་རྣམས་རེ་རེ་བཞིན་འགྲེལ་པ་བརྒྱབ་རྒྱུའི་དུས་ཚོད་མེད། ཚིག་ལྷུག་དེའི་རྫོགས་མཚམས་སུ། ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་གང་མཁྱེན་པའི་ཆོས་དེ་ཡང་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཉིད་ལ་འཆད་དོ།། ཞེས་གསུངས་ཏེ། འདི་ལྟ་བུའི་ཚིག་ཕར་ཕྱིན་ཐེག་པའི་མདོའི་ནང་དཀོན་པོ་ལྟ་བུ་རེད། སྔགས་ཀྱི་སྐབས་སུ་འཆད་པ་པོ་ང།  ཆོས་ཀྱང་ང། ཉན་པ་པོའང་ང་ཞེས་ཐམས་ཅད་གཅིག་པ་ཡིན་པར་བསྟན་པ་ཡོད། ཡིན་ནའང་ཤེར་ཕྱིན་དང་མདོ་གཞན་དག་ནང་ཕལ་ཆེར་རྙེད་ཁག་པོ་རེད། གནས་ཚུལ་ཧ་ཅང་མང་པོའི་ཀུན་རྫོབ་ཀྱི་གནས་ལུགས་ཕྲ་ཞིང་ཕྲ་བ། དཔེར་ན། ཤིན་ཏུ་ཕྲ་བའི་མཐར་ཐུག་པའི་རྡུལ་ཕྲན་གྱི་གནས་ཚུལ་ལྟ་བུ། དེང་སང་གི་ཚན་རིག་པ་ཚོས་རྡུལ་ཕྲན་གྱི་སྐོར་ལ་བལྟས་པའི་སྐབས་སུ་རགས་པ་དེ་ཚོ་མཐོང་གི་ཡོད། འོན་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གནས་ཚུལ་མང་པོ་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་མ་གཏོགས། སངས་རྒྱས་ཀྱི་གོ་འཕང་མ་བརྙེས་པའི་གང་ཟག་གིས་མཐོང་མི་ནུས་པ་དེ་བསྟན་གྱི་ཡོད། དེ་བཞིན་གཤེགས་པས་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་གྱི་གཟིགས་ངོར་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཚུལ་འདི་ཚིག་གི་སྒོ་ནས་མཚོན་མི་ཐུབ་པ་ཡིན་ཙང་སངས་རྒྱས་ནང་ཕན་ཚུན་གྱི་སྤྱོད་ཡུལ་དུ་གྱུར་པ་རེད་ཅེས་བཤད་དགོས་པའི་རྒྱུ་མཚན་དེ་ལྟར་རེད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཁ་ཤས་ཤིན་ཏུ་ཟབ་པ་ཡིན་ཙང་གདུལ་བྱ་ལ་བསྟན་ན་ཕན་ཐོགས་མེད་པ་དང་། མ་བསྟན་པར་བཞག་ན་སྟབས་བདེ་བ་ཡོད་པའང་གསུང་གི་ཡོད།

འདིའི་དོན་རྒྱས་པ་ཚིགས་བཅད་ཉི་ཤུ་རྩ་གཅིག་ནང་བསྟན་ཡོད། ཕྱག་དཔེ་པར་སྐྲུན་གནང་བའི་སྐབས་སུ་ཚིགས་བཅད་ཀྱི་རིགས་རྣམས་ཤློཀ་རེའི་མཚམས་སུ་ཨང་གྲངས་རེ་བཀོད་ཐུབ་ན། ཀློག་མཁན་ལ་སྟབས་བདེ་བ་ཡོད། ཡིན་ནའང་དེང་སང་བོད་པ་པར་རྒྱག་མཁན་ལ་གོམས་གཤིས་དེ་མི་འདུག དེས་ན་བོད་པའི་དཔེ་ཆའི་ནང་ཤློཀ་བཙལ་དགོས་བྱུང་ན་རྙེད་ཁག་པོ་རེད། དེ་ནས་དཀྱུས་སུ་འཇུག་པར་བྱ་སྟེ། གང་དག་འཇིག་རྟེན་མཁྱེན་པའི་ཉན་ཐོས་པ།། ལྷག་པར་བྱས་པ་བདེ་བར་གཤེགས་པས་བསྔགས། །ཟག་ཟད་ཐ་མའི་ལུས་འཛིན་དེ་དག་གི །ཡུལ་ནི་རྒྱལ་བའི་ཡེ་ཤེས་འདི་ལ་མེད།། ཅེས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ལ་ཉེ་བ། ལུས་མཐའ་མ་པ། བསྐྱར་དུ་ལུས་མི་ལེན་པ་དེ་ཚོས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡང་དག་པ་མཐོང་མི་ཐུབ་ཅིང་། དེ་དཔེའི་སྒོ་ནས་བསྟན་པ་ནི། གལ་ཏེ་འཇིག་རྟེན་དེ་དག་ཐམས་ཅད་དུ། །ཤཱ་རིའི་བུ་དང་འདྲ་བས་གང་གྱུར་ཏེ། །གཅིག་ཏུ་འདུས་པར་གྱུར་ནས་རྣམ་བསམས་ཀྱང་། །དེ་དག་བདེར་གཤེགས་ཡེ་ཤེས་ཤེས་མི་ནུས།། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཐམས་ཅད་ཀྱི་ནང་ནས་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ཤཱ་རིའི་བུ་ལྟ་བུ་འཇིག་རྟེན་གང་བ་བྱུང་སྟེ། དེ་ཚོ་ཐམས་ཅད་གཅིག་ཏུ་འདུས་ནས་བསམ་པ་ཡིན་ནའང་བདེ་བར་གཤེགས་པའི་ཐབས་ལ་མཁས་པའི་ཡེ་ཤེས་དེ་རྟོགས་མི་ནུས། དེ་ཡང་ཤཱ་རིའི་བུ་ལ། གལ་ཏེ་ཁྱོད་དང་འདྲ་བའི་མཁས་རྣམས་ཀྱིས། །ཕྱོགས་རྣམས་བཅུ་ཅར་གང་བར་གྱུར་པ་དང་། །གང་ཡང་ང་ཡི་ཉན་ཐོས་འདི་གཞན་རྣམས། །དེ་དག་གིས་ཀྱང་དེ་བཞིན་གང་གྱུར་ཏེ།། ཞེས་ཁྱོད་རང་ལྟ་བུ་དང་ཉན་ཐོས་གཞན་གྱིས་འཇིག་རྟེན་གང་བར་གྱུར་ནའང་། དེ་དག་ཐམས་ཅད་གཅིག་ཏུ་དེང་འདུས་ནས།། བདེ་བར་གཤེགས་པའི་ཡེ་ཤེས་རྣམ་བསམས་ཀྱང་། །ཇི་ཙམ་ཚད་མེད་ཡེ་ཤེས་ངས་ཤེས་པ། །ཐམས་ཅད་འདུས་པས་ཤེས་པར་མི་ནུས་སོ།། ཞེས་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་བཞིན་ཉན་ཐོས་དགྲ་བཅོམ་པ་ཐམས་ཅད་འདུས་པས་ཤེས་མི་ཐུབ། ཟག་པ་མེད་པར་གྱུར་པའི་རང་སངས་རྒྱས། །དབང་པོ་རྣོ་བ་ཐ་མའི་ལུས་འཛིན་པས། །ཇི་ལྟར་སྨྱིག་དང་འདམ་བུའི་ཚལ་བཞིན་དུ།། ཕྱོགས་བཅུ་ཐམས་ཅད་གང་བར་གྱུར་པ་དག །གཅིག་ཏུ་འདུས་ནས་རྣམ་པར་བསམས་བྱས་ཀྱང་། །ང་ཡི་ཆོས་ཀྱི་མཆོག་གི་ཕྱོགས་ཙམ་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་སུ། །དེ་ཡི་ཡང་དག་དོན་ནི་ཡོངས་མི་ཤེས།། ཞེས་གསུངས་ཏེ། དེ་བཞིན་རང་སངས་རྒྱས་འཇིག་རྟེན་གང་བ་བྱོན་ནའང་སངས་རྒྱས་ཀྱི་ཡེ་ཤེས་རྟོགས་མི་ཐུབ། རྟོགས་མི་ཐུབ་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སོགས་གོང་དུ་སོང་ཟིན་པ་རྣམས་རེད།

ཚིགས་བཅད་འདི་རྫོགས་པའི་སྐབས་སུ་ཐ་མ་ཤློཀ་ཉི་ཤུ་རྩ་གཅིག་པ་དེ་གལ་ཆེན་པོ་རེད། གང་ཕྱིར་འཇིག་རྟེན་དུ་ནི་ཆོས་མང་བཤད། །དེ་དང་དེ་ལ་ཆགས་པ་རབ་དགྲོལ་ཞིང་། །ཐེག་པ་གསུམ་དག་ཉེ་བར་བསྟན་པ་ནི། །དེ་དག་ང་ཡི་ཐབས་མཁས་མཆོག་ཡིན་ནོ།། ཞེས་གསུངས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་འཇིག་རྟེན་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་ཆོས་ཀྱི་རྣམ་གྲངས་ཧ་ཅང་མང་པོ་གསུངས་ཤིང་། ཐེག་པ་སྣ་ཚོགས་པའི་ཆོས་དང་གྲུབ་མཐའ་སྣ་ཚོགས་པའི་ཆོས་སོགས་ཁ་སང་གོང་དུ་ཞུས་པ་བཞིན་རེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་སྒྲ་ཇི་བཞིན་པའི་དབང་དུ་བྱས་ན་གཅིག་གྱུར་མེད་པ་མང་པོ་ཡོད། དེ་དང་དེ་ལ་ཆགས་པ་རབ་དགྲོལ་ཞིང་།། ཞེས་གསུངས་ཏེ། ཆོས་མང་པོ་གསུངས་པ་དེ་ཚོས་བྱ་བ་གང་བྱེད་ཀྱི་ཡོད་ཅེ་ན། གང་གསུང་བའི་ཡུལ་གདུལ་བྱ་དེའི་ཆགས་པ་སོགས་ཉོན་མོངས་པའི་འཆིང་བ་ལས་འགྲོལ་བར་བྱེད་ཅིང་། དེའི་ཆེད་དུ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་བཅས་ཐེག་པ་རིམ་པ་གསུམ་བསྟན་པ་ནི་སངས་རྒྱས་ཀྱི་ཐབས་ལ་མཁས་པའི་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་ཡིན། ད་ལྟ་འདིར་ཐེག་པ་གཅིག་དང་ཐ་དད་ཀྱི་རྣམ་གཞག་གསུང་གི་མེད་ཀྱང་། གང་ལྟར་ཐེག་པ་གཅིག་མིན་པར་ཐེག་པ་གསུམ་དུ་བསྟན་པ་ནི་སངས་རྒྱས་ཀྱི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་རྣམ་གྲངས་ཀྱི་མཆོག་ཏུ་གྱུར་པ་དེ་ཡིན་ཞེས་གསུངས་པ་རེད།

སངས་རྒྱས་ཀྱིས་དེ་ལྟར་གསུངས་པའི་སྐབས་སུ། དེ་ནས་འཁོར་དེ་ན་ཀུན་ཤེས་ཀཽཎྜིཎྱ་ལ་སོགས་པ་ཉན་ཐོས་ཆེན་པོ་གང་དག་དགྲ་བཅོམ་པ་ཟག་པ་ཟད་པ་དབང་དང་ལྡན་པར་གྱུར་པ་སྟོང་ཉིས་བརྒྱ། ཞེས་སངས་རྒྱས་ཀྱི་འཁོར་ལ་དགྲ་བཅོམ་པ་སྟོང་ཉིས་བརྒྱ་རྒྱུན་རིང་པོ་ནས་ཡོད། དེར་བརྟེན་མདོ་མང་པོའི་ནང་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་རེད། དེ་ལྟར་འཁོར་དུ་འདུས་པའི་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་དགེ་སློང་དང་དགེ་སློང་མ་མང་པོའི་སེམས་ལ་དྭོགས་པ་བྱུང་ཞིང་། དེ་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་ལ་ཧ་ཅང་བསྔགས་བརྗོད་གནང་བ་དང་། དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཆོས་ཟབ་མོ་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་ཤེས་པ། བཅོམ་ལྡན་འདས་ཀྱིས་ཚིག་གཞན་དུ། དེ་དང་དེ་ལ་ཆགས་པ་རབ་དགྲོལ་ཞིང་། །ཞེས་གྲོལ་བ་དེ་གཅིག་ཡིན་པ་སོགས་གསུང་གི་འདུག དེས་ན་སངས་རྒྱས་ཀྱི་ཆོས་ཉམས་སུ་བླངས་ནས་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་ནའང་ད་དུང་བཅོམ་ལྡན་འདས་ཀྱིས་གང་གསུང་བ་དེ་ང་ཚོས་ཡག་པོ་རྟོགས་ཀྱི་མི་འདུག ངེས་པར་དུ་ཐེ་ཚོམ་བསལ་བའི་ཆེད་དུ་བཅོམ་ལྡན་འདས་ལ་ཞུ་དགོས་པའི་བློ་སྐྱེས་པ་དང་ཆབས་ཅིག་ཏུ་ཤཱ་རིའི་བུས་སངས་རྒྱས་ཀྱི་འཁོར་བཞི་པོའི་སེམས་ལ་སོམ་ཉི་ཐེ་ཚོམ་ཡོད་པ་དེ་མཁྱེན་པ་མ་ཟད། རང་ཉིད་ལའང་ཐེ་ཚོམ་བྱུང་བ་ཡིན་ཙང་། བཅོམ་ལྡན་འདས་ལ་ཐེ་ཚོམ་བསལ་བའི་ཆེད་དུ་ཞུ་བ་ཕུལ་བ་ནི། བཅོམ་ལྡན་འདས། འདི་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མཁྱེན་པའི་ཆོས་བསྟན་པ་ཡང་དང་ཡང་བསྔགས་པ་མཛད་པ་དང་།   ཆོས་ཟབ་མོ་ངས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བགྱི་བ་དང་། ལྡེམ་པོར་དགོངས་ཏེ་བཤད་པ་ཡང་ཤེས་པར་དཀའོ་ཞེས་ཡང་དང་ཡང་གསུངས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བདག་གིས་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་སྔོན་ཆད་མ་ཐོས་ཏེ། བཅོམ་ལྡན་འདས། འཁོར་བཞི་པོ་འདི་དག་ཀྱང་ཐེ་ཚོམ་དང་སོམ་ཉི་འཚལ་ན། དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ་དེ་བཞིན་གཤེགས་པའི་ཆོས་ཟབ་མོ་ཡང་དང་ཡང་གསུངས་པར་མཛད་པ་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་དུ་གསོལ། །ཞེས་དེ་བཞིན་གཤེགས་པས་ཐབས་ལ་མཁས་པའི་སྒོ་ནས་ཆོས་བསྟན་པ་ལ་བསྔགས་བརྗོད་ཡང་ཡང་མཛད་པ་དང་། ཆོས་ཟབ་མོ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དང་། ལྡེམ་པོར་དགོངས་ཏེ་བཤད་པ་ཡང་ཤེས་པར་དཀའོ་ཞེས་ཡང་ཡང་གསུངས་པ། (དོན་གཞན་ལ་དགོངས་པ་བཞེས་ནས་ཚིག་གཞན་གསུངས་པ་ལ་ལྡེམ་པོར་དགོངས་ཏེ་བཤད་པ་ཞེས་ཟེར།) སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ལྡེམ་པོར་དགོངས་ཏེ་གསུངས་པ་དེ་ཤེས་དཀའ་བ་དང་། སངས་རྒྱས་ཀྱི་ཐབས་ལ་མཁས་པ་དེ་བསྔགས་པར་འོས་པ། འདི་ཉན་ཐོས་ཀྱིས་ཤེས་པར་དཀའ་བ་རེད་ཅེས་སོགས་སྔར་གསུངས་པ་གོ་མ་མྱོང། ད་རེས་གསུངས་པ་ཡིན་ཙང་། བཅོམ་ལྡན་འདས་ཀྱི་འཁོར་བཞི་པོ་དེ་དག་ཐམས་ཅད་ཐེ་ཚོམ་དང་སོམ་ཉིའི་ནང་ཚུད་འདུག སངས་རྒྱས་ཀྱིས་ཅི་ལ་དགོངས་ནས་དེ་བཞིན་གཤེགས་པའི་ཆོས་ཟབ་མོ་ཡང་ཡང་གསུངས་པ་དེ་གསལ་བཤད་གནང་སྐྱོང་ཡོང་བ་ཞེས་གསོལ་བ་བཏབ་པ་རེད། གསོལ་བ་བཏབ་པའི་ཚིག་དེ་ཚིག་ལྷུག་ནང་མདོར་བསྡུས་ཤིག་འདུག ཚིགས་བཅད་ནང་ད་དུང་ཞིབ་ཚགས་པོས་ཐེ་ཚོམ་གང་དང་གང་ཡོད་པ་དེ་དག་ཤཱ་རིའི་བུས་ཚིགས་བཅད་བཅུ་གཅིག་གི་སྒོ་ནས་ཞུས་འདུག ཅེས་གསུངས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །ཞེས་སོགས་གསུངས་ནས་ཆོས་ཐུན་དང་པོ་གྲོལ།

ཆོས་ཐུན་གཉིས་པར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ལེགས་པར་གསལ་བཏབ་ནས་གསན་པར་ཞུ།

སྔ་དྲོ་ལེའུ་གཉིས་པ་ཐབས་ལ་མཁས་པའི་ལེའུ་སྐོར་དེ་བཤད་བཞིན་པ་རེད། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ་ཐོག་མར་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཐབས་ལ་མཁས་པའི་རྣམ་པ་དེ་དག་རྟོགས་དཀའ་བ་དང་རྨད་དུ་བྱུང་བའི་ཆོས་ཡིན་པ་གསུངས་པར་བརྟེན། དགེ་སློང་དང་ཀུན་ཤེས་ཀཽཎྜིཎྱ་ལ་སོགས་པའི་ཚང་མར་དྭོགས་པ་བྱུང་ནས། སྔར་མ་གསུངས་པའི་ཆོས་ཤིག་གསུངས་པ་ཡིན་ཙང་འདི་གང་ལ་དགོངས་ནས་གསུངས་པ་དེ་སངས་རྒྱས་ལ་ཤཱ་རིའི་བུས་ཞུས་པ་རེད། སངས་རྒྱས་ཀྱིས་གང་ལྟར་དེ་བཞིན་གཤེགས་པས་གསུངས་པ་ལ་ཡིད་ཆེས་དགོས་པ་དང་། འདི་སྐྱེ་བོ་ཕལ་པས་རྟོགས་དཀའ་བའི་ཚུལ་རྣམས་རྒྱས་པོ་གསུངས། སླར་ཡང་ཤཱ་རིའི་བུས་ཐབས་ལ་མཁས་པའི་ཆོས་བསྟན་པ་འདི་ལ་ཡང་ཡང་བསྔགས་པ་དང་། ལྡེམ་པོར་དགོངས་ནས་གསུངས་པ་རྣམས་ཤེས་པར་དཀའ་བ་གསུངས་པ་འདི་འདྲ་སྔར་གཏན་ནས་གོ་མྱོང་མེད། ད་ལྟ་ཅི་ལ་དགོངས་ནས་གསུངས་པ་དེའི་རྒྱུ་རྐྱེན་གང་ཡིན་པ་གསུང་རོགས་གནང་ཞེས་གསོལ་བ་བཏབ་པ་རེད། དེ་ལ་ཚིགས་བཅད་ཤློཀ་བཅུ་གཅིག་འདུག དེའི་སྐོར་སྔ་དྲོ་རོབ་ཙམ་ཞུས་ཟིན། ཤཱ་རིའི་བུས་ཞུས་པའི་ཚིག་རྣམས་ཞེ་ས་མ་ཞུས་ན་སངས་རྒྱས་ལ་རྩོད་པ་ཤུགས་ཆེན་པོ་རྒྱག་པ་ལྟ་བུ་ཡོད། སྟོན་པས་ཆོས་གསུངས་པའི་སྐབས་སུ་དྲི་བ་ཞུ་བ་པོས་སྐབས་རེ་རིགས་པ་ཧ་ཅང་ཚ་པོ་དང་ཤུགས་ཆེན་པོས་ཞུས་པ་མདོ་མང་པོའི་ནང་གསལ། དཔེར་ན་མདོ་མྱང་འདས་ལ་གཟིགས་ན། སྟོན་པ་མྱ་ངན་ལས་འདའ་བའི་གསལ་བསྒྲགས་གནང་བའི་སྐབས་སུ་ཀུན་དགའ་བོ་སོགས་ཞུ་མཁན་དེ་ཚོས་ཧ་ལམ་རྩོད་པ་རྒྱག་པ་དང་། རྒྱག་རེས་རྒྱག་པ་ལྟ་བུས་ཞུས་པ་མང་པོ་རེད།

སྟོབས་དང་རྣམ་ཐར་བསམ་གཏན་དག །དཔག་ཏུ་མེད་པ་ངས་ཐོབ་ཅེས། །རིང་ནས་མི་ཡི་ཉི་མ་ཡིས། །དེང་གདོད་བཀའ་མཆིད་འདི་འདྲ་མཛད། །ཁྱོད་ལ་ཞུ་བ་མ་མཆིས་པར། །བྱང་ཆུབ་སྙིང་པོའང་བརྗོད་པར་མཛད། །ཁྱོད་ལ་སུ་ཡང་མི་ཞུ་བར། །ལྡེམ་པོར་དགོངས་ཏེ་བཤད་པ་བརྗོད། །མ་ཞུས་པར་ནི་གསུང་མཛད་དེ། །ཉིད་ཀྱི་སྤྱོད་པ་བསྔགས་པ་མཛད། །ཡེ་ཤེས་བརྙེས་པ་བརྗོད་མཛད་ཅིང་། །ཟབ་མོ་དག་ཀྱང་རབ་བཤད་པས། །དབང་ལྡན་གྱུར་ཅིང་ཟག་མེད་པ། །མྱ་ངན་འདས་པར་གང་བཞུགས་རྣམས། །རྒྱལ་བ་ཅི་ཞིག་གསུང་སྙམ་སྟེ། །དེ་རིང་འདི་དག་ཐེ་ཚོམ་འགྱུར།། ཞེས་གསུངས་པ་མདོར་ན། ཤཱ་རིའི་བུས་ལྡེམ་པོར་དགོངས་ཏེ་གསུངས་པ་རྣམས་ཚིག་ཇི་མ་ཇི་བཞིན་ཁས་ལེན་རྒྱུ་མེད་པ་དང་། རྟོགས་པར་དཀའ་བ་ཡིན་པ། དེ་བཞིན་དུ་ཐབས་ལ་མཁས་པའི་ཚུལ་ལ་བསྔགས་པ་བརྗོད་པ་རྣམས་ངས་ཡར་ཞུས་ནས་མར་གསུངས་པ་མིན་པར། སངས་རྒྱས་རང་ཉིད་ཀྱིས་རང་དབང་ཐོག་ནས་གསུངས་པར་བརྟེན། གནས་ཚུལ་གསལ་པོ་བཟོ་དགོས་པའང་སངས་རྒྱས་ཀྱི་ལས་འགན་རེད་མདོག་མདོག གང་ལྟར་ད་ལྟའི་བར་དུ་མཐར་ཐུག་ཐེག་པ་གསུམ་གསུང་བཞིན་དུ་དེ་རིང་གློ་བུར་དུ་མཐར་ཐུག་ཐེག་པ་གཅིག་ལས་མེད་ཚུལ་གསུངས་པ་དེ་ཅི་ལ་དགོངས་ནས་གསལ་པོ་གསུང་དགོས་ཚུལ་ཞུས་པ་རེད། སྐབས་དེར་མཐར་ཐུག་ཐེག་པ་གཅིག་གི་རྣམ་གཞག་གསལ་པོ་ཆགས་མེད། དེ་ལ་ཤློཀ་བཅུ་གཅིག་རེད།

དེ་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དོན་འདི་བཤད་པས་ཅི་ཞིག་བྱ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དོན་འདི་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་འདི་དངངས་པར་འགྱུར་རོ།། ཞེས་གསུངས་ཏེ། འདིའི་དོན་ཁྱེད་ཚོ་ལ་བཤད་ནས་དོན་དག་མེད། གང་ལགས་ཤེ་ན། འདི་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་དངངས་པར་འགྱུར་བ་སྟེ་འཇིགས་སྣང་ཡོང་གི་རེད་ཅེས་གསུངས། ལྷ་དང་བཅས་པའི་འཇིག་རྟེན་ཞེས་པ་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་དོན་རེད། སྔར་གླེང་གཞིའི་སྐབས་སུ་འཕགས་པ་འཇམ་དཔལ་གྱིས་རྗེ་བཙུན་བྱམས་པ་ལ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཆོས་སྟོན་པར་བཞེད་པ་རེད་ཅེས་གསུངས་པ་དང་། སྐབས་འདིར་འཇིག་རྟེན་ཐམས་ཅད་དངངས་པར་འགྱུར་རོ་ཞེས་གསུངས་པ་གཉིས་དོན་གཅིག་པ་ལྟ་བུ་རེད། གང་ལྟར་སངས་རྒྱས་ཀྱིས་ཞལ་གྱིས་མ་བཞེས་པ་ཡིན་ཙང་ཤཱ་རིའི་བུས་བསྐྱར་དུ་ལན་གཉིས་པ་གསོལ་བ་བཏབ་པ། དོན་འདི་ཉིད་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འཁོར་འདི་ན་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྔོན་གྱི་སངས་རྒྱས་མཐོང་བ་ཤེས་རབ་དང་ལྡན་པ་གང་དག །བཅོམ་ལྡན་འདས་ཀྱིས་བཤད་པ་ལ་དད་པ་དང་ཡིད་ཆེས་པ་དང་འཛིན་པར་འགྱུར་བ་མཆིས་སོ། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་འདི་གསོལ་ཏོ། །སྲོག་ཆགས་སྟོང་རྣམས་འཁོར་ན་མཆིས་པ་དག །དད་དགའ་བདེ་བར་གཤེགས་ལ་གུས་པ་སྟེ། །ཁྱོད་ཀྱིས་ཆོས་བསྟན་དེ་དག་འཚལ་བར་འགྱུར། །མི་དབང་རྒྱལ་པོ་གསལ་བར་བཤད་དུ་གསོལ།། ཞེས་གསུངས་ཏེ། ཤཱ་རིའི་བུས་འཁོར་ཧ་ཅང་མང་པོ་འདུས་པ་རྣམས་ཐེ་ཚོམ་ངང་བསྡད་ན་མི་འགྲིགས་ཤིང་། སངས་རྒྱས་ཀྱིས་གང་གསུངས་པ་དེས་ཁོང་ཚོ་ལ་ཡིད་ཆེས་རྙེད་ཀྱི་རེད་ཅེས་གསོལ་བ་བཏབ། དེ་ལ་ཚིག་ལྷུག་དེ་དག་དང་། ཚིགས་སུ་བཅད་པ་གཅིག་རེད།

དེའི་ལན་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་གཉིས་སུ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དོན་འདི་བཤད་པས་ཅི་ཞིག་བྱ། ཤཱ་རིའི་བུ། དོན་འདི་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་འདི་དངངས་པར་འགྱུར་ཏེ། དགེ་སློང་ལྷག་པའི་ང་རྒྱལ་ཅན་དུ་གྱུར་པ་རྣམས་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་ཡི་ཆོས་འདི་བཤད་པས་ཆོག །ཡེ་ཤེས་འདི་ཕྲ་བརྟག་མི་ནུས། །བྱིས་པ་མང་འཁོད་ང་རྒྱལ་ཅན། །ང་ཡིས་ཆོས་བཤད་མི་ཤེས་སྤོང་།། ཞེས་གསུངས་ཏེ། དེ་ལྟར་ལན་གཉིས་པའི་ལྷ་དང་བཅས་པའི་འཇིག་རྟེན་དངངས་པར་འགྱུར་ཏེ་ཞེས་པའི་སྟེང་དུ་འཁོར་དུ་འདུས་པའི་དགེ་སློང་ལྷག་པའི་ང་རྒྱལ་ཅན་རྣམས་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ་ཞེས་རྒྱུ་མཚན་ལྷག་མ་ཞིག་བསྣན་ཡོད། སྐབས་འདིར་ལྷག་པའི་ང་རྒྱལ་ཅན་ཞེས་པ་ནི་མཐར་ཐུག་གི་ཐེག་པ་ཐོབ་ཟིན་པར་མངོན་པའམ་སློབ་ཟིན་པ་ཉན་ཐོས་དགྲ་བཅོམ་པ་ལྟ་བུ་རེད། གང་ལྟར་ཉན་ཐོས་ཀྱི་ལམ་ལ་ཞུགས་ཟིན་པ་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ལ་མཐར་ཐུག་གི་ཐེག་པ་ཡིན་པའི་འདུ་ཤེས་ཅན་རྣམས་ལ་སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་ན་ཡིད་ཆེས་མེད་པ་དང་མ་གུས་པའི་དབང་གིས་ཆོས་སྤོང་གི་ལས་བསགས་པ་དང་། དེ་ནས་ངན་སོང་གི་གཡང་ས་ཆེན་པོ་ལ་ལྷུང་བར་འགྱུར་ཞེས་གསུངས་ཏེ་ལན་གཉིས་པ་ལའང་བཀའ་ལན་གནང་རྒྱུའི་ཞལ་བཞེས་གནང་མེད།

ཤཱ་རིའི་བུས་ལན་གསུམ་པ་གསོལ་བ་བཏབ་པའི་སྐབས་སུ་སངས་རྒྱས་ཀྱིས་ཞལ་བཞེས་པ་རེད། འདི་ལྟར་དེ་བཞིན་གཤེགས་པ་ལ་ལན་གསུམ་གྱི་བར་དུ་གསོལ་བ་འདེབས་ན། ཤཱ་རིའི་བུ། དེ་ལྟར་གསོལ་བ་འདེབས་པ་ལ་ཁྱོད་ལ་ཇི་སྐད་བྱས། ཤཱ་རིའི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཞེས་གསུངས། ལས་དང་སྐལ་བ་ཅན་གྱི་གདུལ་བྱ་ལ་དམིགས་བསལ་རེད་མ་གཏོགས། སྤྱི་ཡོངས་ཀྱི་ཆ་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཉན་པ་པོས་གསོལ་བ་མ་བཏབ་ན་མི་བཤད་པ་རེད། འདུལ་བ་མདོ་རྩ་བའི་ནང་། མ་གསོལ་བར་མི་བྱའོ།། ཞེས་བྱུང་། ཆོས་ལུགས་གཞན་དག་ཁ་ཤས་ཀྱིས་ཐོས་མ་མྱོང་བའི་གང་ཟག་ལ་ཨུ་ཚུགས་ཀྱིས་བཤད་ན་ཕན་ཡོན་ཡོད་པ་དང་། བསོད་ནམས་བསགས་པ། ཆོས་དང་མཐུན་པ་ཡིན་པ་གསུང་མཁན་ཡོད། ཡིན་ནའང་ནང་པའི་བསྟན་པའི་ནང་དད་པ་ཅན་གྱི་གང་ཟག་གིས་གསོལ་བ་བཏབ་ན་མ་གཏོགས་རང་གིས་དང་བླང་ཐོག་ནས་མི་བཤད་པ་རེད། གསོལ་བ་དེའང་ལན་གསུམ་གྱི་བར་དུ་བཏབ་དགོས་ཀྱི་ཡོད། དེ་ལྟར་ལན་གསུམ་དུ་ནན་ཏན་བྱེད་ན་དངོས་གནས་འཁྲུལ་པ་མེད་པ་ཡོང་། སྡོམ་པ་ལྟ་བུ་ལེན་པའི་སྐབས་སུའང་ལན་གསུམ་བརྗོད་པ་དང་། སྔགས་ཀྱི་སྐབས་སུ་དབང་དང་རྗེས་གནང་སོགས་སུའང་གསོལ་བ་ལན་གསུམ་བཏབ་དགོས་པ་ཡིན།

དེ་ལྟར་ཤཱ་རིའི་བུས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པར་བརྟེན། སངས་རྒྱས་ཀྱིས་ལན་གསུང་བར་ཞལ་གྱིས་བཞེས་པ་དང་ཆབས་ཅིག་ཏུ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་གསུངས། སངས་རྒྱས་ཀྱིས་ཆོས་གསུངས་པར་ཞལ་གྱིས་བཞེས་ན། ཆོས་གསུང་པའི་སྣོད་དེ་ལ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་གསུངས་པ་དེ་མདོ་སྡེ་ཕལ་མོ་ཆེའི་མགོ་ལ་ཡོང་། འདིས་སྣོད་ཀྱི་སྐྱོན་གསུམ་སྤོང་དགོས་པ་དེ་བསྟན་ཞིང་། སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་སྤོང་བའི་ཕྱིར་དུ་ལེགས་པར་ཞེས་དང་། སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་སྤོང་བའི་ཕྱིར་དུ་རབ་ཏུ་ཉོན་ཞེས། སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་སྤོང་བའི་ཕྱིར་དུ་ཡིད་ལ་ཟུང་ཤིག་ཅེས་གསུངས། ལེགས་པར་ཞེས་པ་དེ་ཀུན་སློང་ལ་སྦྱར་ནས་ཀུན་སློང་བཟང་པོའི་ཐོག་ནས་ཉན་དགོས་པ་ལས། ཀུན་སློང་ངན་པས་རྒྱུད་བསླད་ན་སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་ཡོང་བ་དང་། རབ་ཏུ་ཉོན་ཞེས་པ་དེ་སྣོད་ཁ་སྦུབ་པ་ལྟ་བུ་བློ་མ་གཏད་པ་མ་ཡིན་པ་དང། རྣམ་པར་གཡེང་བ་མ་ཡིན་པར་བློ་གཏད་ནས་ཉོན་ཅིག་ཅེས་པ་དང་། ཡིད་ལ་ཟུང་ཤིག་ཅེས་པ་དེ་ཉན་པའི་རྗེས་སུ་སྣོད་ཞབས་རྡོལ་ལྟ་བུ་ལམ་སེང་བརྗེད་འགྲོ་བ་མ་ཡིན་པ་བཅས་དགོས། དེ་ལྟར་བྱུང་ན་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་པའི་དོན་རེད།

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། འཁོར་དེ་ནས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལྷག་པའི་ང་རྒྱལ་ཅན་ལྔ་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འཁོར་དེ་ནས་དོང་ངོ་། །ཞེས་གསུངས་ཏེ། དོང་ངོ་ཞེས་པ་ནི་ཕྱིན་པའི་དོན་རེད། དེའི་ནང་སྣོད་དུ་མི་རུང་བའི་སློབ་མ་དགེ་སློང་དང་དགེ་སློང་མ། དགེ་བསྙེན་དང་དགེ་བསྙེན་མ་ལྔ་སྟོང་ཙམ་རང་གི་འདུག་སའི་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཆོས་ཉན་ས་ནས་ཐོན་པ་རེད།

འདི་ལྟར་ལྷག་པའི་ང་རྒྱལ་གྱིས་དགེ་བའི་རྩ་བ་མ་ཐོབ་པར་ནི་ཐོབ་པར་འདུ་ཤེས། ཁོང་དུ་མ་ཆུད་པར་ནི་ཁོང་དུ་ཆུད་པར་འདུ་ཤེས་པ་དེ་དག་རང་གི་སྐྱོན་ཤེས་ཏེ། འཁོར་དེ་ནས་དོང་བ་ལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་ངོ་།། ཞེས་གསུངས་ཏེ། ཁོང་ཚོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འགྲོ་སྐབས་སངས་རྒྱས་ཀྱིས་ཅང་མ་གསུངས་པ་རེད། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། ངའི་འཁོར་ཤིན་ཏུ་རྨ་མེད་པར་གྱུར་ཏེ། ཤཱ་རིའི་བུ། སྙིང་པོ་མ་ཡིན་པ་མེད་པར་གྱུར་ལ་དད་པའི་སྙིང་པོ་ལ་གནས་ཏེ། ལྷག་པའི་ང་རྒྱལ་ཅན་དེ་དག་དོང་བ་ཡང་ལེགས་སོ། །ཞེས་གསུངས་ཏེ། ཤིན་ཏུ་རྨ་མེད་པར་འགྱུར་ཞེས་པ་ནི་སྐྱོན་མེད་པའི་དོན་རེད། གང་ལྟར་འདིར་གནས་པའི་གདུལ་བྱ་ལྷག་མ་རྣམས་སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་སྣོད་དུ་རུང་བ་ཤ་སྟག་ཡིན་ཙང་། འཁོར་རྨ་མེད་པར་འགྱུར་བ་དང་། སྙིང་པོ་མ་ཡིན་པ་དེ་དག་མེད་པར་དད་པའི་སྙིང་པོ་ལ་གནས་པ་ཡིན་ཙང་། ལྷག་པའི་ང་རྒྱལ་ཅན་གྱི་འཁོར་དེ་ཚོ་འགྲོ་བ་དེ་ཡག་པོ་བྱུང་སོང་ཞེས་གསུངས།

ཤཱ་རིའི་བུ། དེ་ལྟ་བས་ན་དེའི་དོན་བཤད་དོ། །བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི་བརྒྱ་ལ་རེས་འགའ་ཞིག་འདི་ལྟ་བུའི་ཆོས་བསྟན་པ་གསུང་ངོ་། །འདི་ལྟ་སྟེ་དཔེར་ན། ཨུ་དུམ་བཱ་རའི་ཚལ་ལ་མེ་ཏོག་ནི་བརྒྱ་ལ་རེས་འགའ་འབྱུང་ངོ་། །ཤཱ་རིའི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བརྒྱ་ལ་རེས་འགའ་ཞིག་ཆོས་བསྟན་པ་འདི་ལྟ་བུ་གསུང་ངོ་།། ཞེས་ཐོག་མར་སངས་རྒྱས་བྱུང་བ་དཀོན་པ་དེ་གསུངས།སྤྱིར་བཏང་ཨུ་དུམ་བཱ་རའི་མེ་ཏོག་དང་སངས་རྒྱས་བྱོན་པ་དུས་མཉམ་རེད། དཔེར་ན། ཨུ་དུམ་བཱ་རའི་མེ་ཏོག་དེ་བརྒྱ་ལམ་ན་རེས་འགའ་བྱུང་བ་ལས་རྟག་ཏུ་མ་བྱུང་བ་བཞིན་དེ་བཞིན་གཤེགས་པ་ཡང་བརྒྱ་ལམ་ན་རེས་འགའ་མ་གཏོགས་རྟག་ཏུ་མ་བྱུང་བ་གསུངས་པ་རེད།

ཤཱ་རིའི་བུ། ང་ལ་ཡིད་ཆེས་པར་གྱིས་ཤིག །ང་ནི་བདེན་པར་སྨྲ་བའོ། །ང་ནི་ཡང་དག་པར་སྨྲ་བའོ། །ང་ནི་གཞན་མ་ཡིན་པར་སྨྲ་བའོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ལྡེམ་པོར་དགོངས་ཏེ་བཤད་པའི་དོན་ཁོང་དུ་ཆུད་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ངས་ངེས་པའི་ཚིག་དང་བསྟན་པ་དང་བརྗོད་པ་དང་དཔེ་སྣ་ཚོགས་དང་ཐབས་ལ་མཁས་པ་རྣམ་པ་བརྒྱ་སྟོང་དག་གིས་ཆོས་རབ་ཏུ་བཤད་པ་ནི་བརྟག་ཏུ་མེད་ཅིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། ཤཱ་རིའི་བུ། ཆོས་དེ་ནི་དེ་བཞིན་གཤེགས་པས་མཁྱེན་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། བྱ་བ་གཅིག་དང་བྱེད་པ་གཅིག་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོའི་ཕྱིར། བྱ་བ་གང་དང་བྱེད་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཕྱིར་རོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱིས་ལྡེམ་པོར་དགོངས་ཏེ་གསུངས་པའི་དོན་དེ་སངས་རྒྱས་རང་ཉིད་ཀྱིས་བཀྲལ་བའམ། ཡང་ན་སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་བཀྲལ་ན་མ་གཏོགས། སྐྱེ་བོ་ཕལ་པས་རྟོགས་པར་དཀའ་བ་རེད། གང་ལགས་ཤེ་ན། འདི་ནི་རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ཡིན་པ་རེད། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ཞེས་པ་ནི་འཐད་སྒྲུབ་ཀྱི་རིགས་པས་སྒྲུབ་དཀའ་བ་ལ་བཤད། དེས་ན་དེ་བཞིན་གཤེགས་པ་ནི་བདེན་པ་དང་ཡང་དག་པར་སྨྲ་བ་ཡིན་ཙང་དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་བྱེད་ཆོག་ཅེས་གསུངས།

འདིར་གསུངས་པ་དེ་དང་། སངས་རྒྱས་ལ་དད་གུས་ཡོད་པའི་ཆ་ནས་སངས་རྒྱས་ཀྱིས་གང་གསུངས་པ་ལ་ཡིད་ཆེས་བྱེད་རྒྱུ་མེད་པར་རིགས་པའི་རྗེས་སུ་འབྲང་དགོས་ཞེས་གསུངས་པ་དང་མི་མཐུན་པ་ལྟ་བུ་མཐོང་སྲིད། འདི་འདྲའི་མི་མཐུན་པ་གང་ཡང་མེད། སྤྱིར་བཏང་རྟོགས་པར་བྱ་བའི་ཡུལ་ལ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་བཅས་ཡུལ་གྱི་དབྱེ་བ་གསུམ་རེད། མངོན་གྱུར་ཞེས་པ་ནི་དབང་པོའི་ཡུལ་གྱིས་མཐོང་ཐུབ་པ་དང་། ཐོས་ཐུབ་པ། སྣོམ་ཐུབ་པ་སོགས་ཐད་ཀར་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་ལ་སྒྲུབ་བྱེད་དང་རྟགས་མི་དགོས། ཅུང་ཟད་ལྐོག་ཏུ་གྱུར་པའི་རིགས་ལ། དཔེར་ན། སྒྲ་ལྟ་བུ་ཡིན་ན་མངོན་གྱུར་རེད། སྒྲ་མི་རྟག་པ་ལྟ་བུ་དེ་ཅུང་ཟད་ལྐོག་གྱུར་རེད། སྒྲ་མི་རྟག་པ་ཡིན་པ་དེ་སྒྲ་འཛིན་རྣ་ཤེས་ཀྱིས་མཉམ་དུ་རྟོགས་ཐུབ་ཀྱི་མེད་པ་ཡིན་སྟབས། རྟགས་ལ་བརྟེན་ནས་བསྒྲུབ་དགོས། དེ་བཞིན་ལས་དང་ལས་ཀྱི་འབྲས་བུའི་རྣམ་གཞག་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཕྲ་ཞིང་ཕྲ་བ་སོགས་ཤིན་ཏུ་ལྐོག་ཏུ་གྱུར་པའི་རིགས་ཀྱང་བསྒྲུབ་རྒྱུ་དེ་རིགས་པས་བསྒྲུབ་དགོས། ཡིན་ནའང་རིགས་པས་སྒྲུབ་ཚུལ་དེ་ལུང་གིས་བསྟན་བྱའི་དོན་མི་བསླུ་བ་སྒྲུབ་པའི་རིགས་པ་ལ་བརྟེན་ནས་ཡིན་དགོས། ཤིན་ཏུ་ལྐོག་གྱུར་ལུང་གིས་བསྒྲུབ་དགོས་ཞེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག འོན་ཀྱང་ཤིན་ཏུ་ལྐོག་གྱུར་ལུང་ཙམ་གྱིས་བསྒྲུབ་རྒྱུ་མེད། ལུང་གིས་བསྟན་བྱའི་དོན་དཔྱད་པ་གསུམ་གྱིས་གནོད་པ་ཡོད་མེད་དང་། དེ་བཞིན་རང་ཚིག་དངོས་ཤུགས་འགལ་བ་དང་ཁས་བླངས་སྔ་ཕྱི་འགལ་བ་ལ་སོགས་པའི་གནོད་པ་ཡོད་མེད་བརྟགས་ནས་ལུང་དེའི་དོན་རྟོགས་དགོས་པའི་རིགས་ཤིག་ཡོད། དཔེར་ན། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཡིན་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་མངོན་མཐོ་ཡིན་པ་སོགས་རགས་པ་ཁ་ཤས་ཅུང་ཟད་ལྐོག་གྱུར་ཡིན་པའང་ཡོད། ང་ཚོས་འཆར་ཅན་དཔེ་ལ་བཀོད་རྒྱུ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་དཔྱད་པ་གསུམ་གྱིས་དག་པའི་རྟགས་ཀྱིས་ལུང་དེའི་བསྟན་བྱའི་དོན་མི་བསླུ་བ་རིགས་པ་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་གྱི་གནད་དེ་སྒྲུབ་པའི་སྐབས་སུ་ལུང་དེ་རོགས་པ་བྱེད་མཁན་ལྟ་བུ་ཆགས་པ་རེད། ད་དུང་ལུང་གི་དོན་ལ་དཔྱད་པ་གསུམ་གྱིས་དག་པ་བསྒྲུབ་རྒྱུ་དང་། དེའི་ཆེད་དུ་ལུང་ཚད་མ་ཡིན་པར་སྒྲུབ་པའི་རྒྱབ་ལྗོངས་གཙོ་བོ་ལྟ་བུ་དེ་ལུང་དེ་སྟོན་པ་པོའི་གང་ཟག་དེ་ཚད་མའི་སྐྱེས་བུ་ཡིན་པར་བསྒྲུབ་རྒྱུ་དེ་རེད། དེར་བརྟེན་ཚད་མ་རྣམ་འགྲེལ་གྱི་ནང་ལུགས་འབྱུང་དང་ལུགས་ལྡོག་གི་རིགས་པ་མང་པོའི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པ་དེ་བསྒྲུབས་པ་རེད།

དེ་ཙམ་དུ་མ་ཟད། ད་ལྟ་འདིའི་སྐབས་སུ་ཤཱ་རིའི་བུ་ལ་སངས་རྒྱས་ཀྱིས། ང་ལ་ཡིད་ཆེས་པར་གྱིས་ཤིག །ང་ནི་བདེན་པར་སྨྲ་བའོ། །ང་ནི་ཡང་དག་པར་སྨྲ་བའོ། །ང་ནི་གཞན་མ་ཡིན་པར་སྨྲ་བའོ། །ཞེས་གསུང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ཤཱ་རིའི་བུའི་རྒྱུད་ཀྱི་དངངས་སྐྲག་མེད་པར་བཟོ་ཆེད་རེད། གང་ལགས་ཤེ་ན། འདི་བཤད་ནས་གང་ཡང་ཕན་ཐོགས་མེད་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་དངངས་སྐྲག་སྐྱེ་གི་རེད་ཅེས་ཤཱ་རིའི་བུ་ལ་འཇིགས་སྣང་ཐེངས་གཉིས་སྐུལ་ཚར་བ་རེད། ད་ལྟ་འདིར་གསུང་རྒྱུ་དེ་གང་རེད་ཅེ་ན། ངས་བཤད་རྒྱུ་དེ་ཁྱོད་རང་ཚོའི་བློ་ལ་མ་ཤོང་བ་དང་། ཁས་ལེན་བྱེད་མ་ཐུབ་པ། ཡིད་ཆེས་བྱེད་མ་ཐུབ་པ་དེ་འདྲ་གང་ཡང་མེད། ངས་ངེས་པར་དུ་དོན་དང་མཐུན་པ་དང་། བདེན་པ་དང་ཡང་དག་པ་ཡིན་པ་ཞིག་བཤད་ཀྱི་རེད་མ་གཏོགས། ཡིད་ཆེས་མི་འོས་པ་ཞིག་བཤད་ཀྱི་མ་རེད་ཅེས་བསྐྱར་དུ་སེམས་གསོ་གནང་བ་ལྟ་བུ་རེད། སངས་རྒྱས་ལ་སྟོན་པ་བླ་ན་མེད་པ་ཞེས་རྟག་ཏུ་ཞུ་རྒྱུ་དེ་སངས་རྒྱས་ཆོས་བསྟན་པའི་ཐབས་ལ་ཤིན་ཏུ་མཁས་པ་ཡིན་པས་རེད། གོང་དུ་སངས་རྒྱས་ཀྱིས་ལྡེམ་པོར་དགོངས་ནས་གསུངས་པ་རྣམས་ཐབས་ལ་མཁས་པའི་སྒོ་ནས་གསུངས་པ་ཁོ་ན་རེད།

ཆོས་བསྟན་པའི་ཐབས་མེད་དུ་མི་རུང་བ་གསུམ་སངས་རྒྱས་རང་གིས་གསུངས་པ་རེད། མདོ་ལས་གསུངས་པ་རྣམས་བསྡུས་པའི་སྐབས་སུ་མངོན་རྟོགས་རྒྱན་དུ། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་ཏེ། ཡོངས་འཛིན་ཞེས་པ་ནི་དགེ་བའི་བཤེས་གཉེན་གྱི་ཐུན་མོང་མ་ཡིན་པའི་མཚན་ཞིག་རེད། ད་ལྟ་བླ་མའི་དགེ་རྒན་ལ་ཡོངས་འཛིན་མ་གཏོགས། ནམ་རྒྱུན་འཆར་ཅན་ཡོངས་འཛིན་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་མེད། གང་ལྟར་ཡོངས་འཛིན་ཞེས་པའི་ཚིག་དེ་གང་རེད་ཅེ་ན། རང་གི་སློབ་མའི་གནས་ཚུལ་གང་འདྲ་ཡིན་ནའང་ཆ་ཚང་བ་ཡོངས་སུ་འཛིན་ཐུབ་པ་མ་གཏོགས། ཆོས་བསྟན་ཐུབ་ཙམ་གྱིས་ཕན་ཐོགས་ཀྱི་མེད། དེས་ན་ཡོངས་སུ་འཛིན་གྱིས་གང་འཛིན་དགོས་ཞེ་ན། ཐོག་མར་ཉན་པ་པོས་གང་ཉན་པར་བྱ་བའི་དོན་ལ་ཞེད་སྣང་མེད་པ་བཟོ་དགོས་ཀྱི་ཡོད། སེམས་མི་འགོང་བ་ཞེས་པ་དེ་སེམས་ལ་འཇིགས་སྐྲག་མེད་པའི་དོན་རེད། དཔེར་ན། སྟོང་པ་ཉིད་ཀྱི་དོན་རྟོགས་ཐུབ་པ་ཁྱོན་ནས་ཡོང་བ་མི་འདུག བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་ཁག་པོ་ཡིན་བཟོ་འདུག་སྙམ་པ་ལྟ་བུའི་བདག་ཉིད་ལ་བརྙས་པའི་ལེ་ལོ་དེ་ལེ་ལོ་ཐམས་ཅད་ཀྱི་ནང་ནས་སྡུག་ཤོས་དེ་རེད། འདི་མི་ཡོང་བའི་དོན་དུ། སེམས་མི་འགོང་བ་ཉིད་དང་ནི། །ཞེས་གསུངས། དེ་ནས་ངས་འདི་ངེས་ཐུབ་པ་འདུག ཤེས་ཐུབ་པ་འདུག་བསམ་པའི་བློ་ཁོག་ལྟ་བུ་སླེབས་ན་གཞི་ནས་དོན་དེ་བསྟན་རྒྱུ་རེད། དོན་དེ་བསྟན་པའི་རྗེས་སུ་ཐེ་ཚོམ་དང་དྭོགས་པ། དེ་མིན་གྱི་མི་མཐུན་པའི་ཕྱོགས་གང་བྱུང་ཡང་སེལ་རྒྱུ་དེ་རེད། དེ་ལྟར་སེམས་མི་འགོང་བར་བྱེད་པ་དང་། དོན་ཡོངས་སུ་རྫོགས་པ་སྟོན་པ། དེ་རྟོགས་པ་ལ་མི་མཐུན་པའི་ཕྱོགས་སེལ་བར་བྱེད་ནུས་པ་བཅས་ཕྱོགས་ཐམས་ཅད་ནས་རོགས་པ་བྱེད་མཁན་ལྟ་བུ་ཆགས་པར་བརྟེན། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་པ་རེད། འདིར་ཡང་ཤཱ་རིའི་བུའི་སེམས་མི་འགོང་བར་བྱ་བའི་ཕྱིར་དུ་དེ་བཞིན་གཤེགས་པས་རང་གི་ཚིག་ལ་ཤུགས་ལྟ་བུ་བསྐྱོན་ནས་ངས་གང་གསུངས་པ་དེ་ཡིད་ཆེས་བྱེད་ན་འགྲིག་གི་རེད་ཅེས་གསུང་གི་ཡོད།

ཤཱ་རིའི་བུ། བྱ་བ་གཅིག་དང་བྱེད་པ་གཅིག་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོའི་ཕྱིར། བྱ་བ་གང་དང་བྱེད་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཕྱིར་རོ།། ཞེས་སོགས་ཤཱ་རིའི་བུ་ལ་བཀའ་གནང་བའི་ཚིག་ལྷུག་རྣམས་བསྡུས་ནས་བཤད་ན་དོན་གཉིས་རེད། དོན་དང་པོ་ནི། སངས་རྒྱས་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་འཇིག་རྟེན་དུ་བྱོན་པ་ལ་བྱ་བ་གཅིག་དང་བྱེད་པ་གཅིག་མ་གཏོགས་མེད། འདིར་བྱ་བ་གཅིག་དང་བྱེད་པ་གཅིག་ཅེས་པ་ནི་ལེགས་སྦྱར་གྱི་སྐད་ཀྱི་ཚིག་གི་བརྗོད་སྟངས་ཙམ་ལས་དོན་གཅིག་པ་རེད། སྤྱིར་བྱ་བ་གཅིག་ཅེས་པ་དེ་བྱ་བའི་ཡུལ་ལ་འཇུག་པའི་ཆ་ནས་བཤད་པ་དང་། བྱེད་པ་གཅིག་ཅེས་པ་དེ་བྱེད་པ་པོས་རྩོམ་པའི་ཆ་ནས་བཤད་ཀྱི་ཡོད། གང་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི་གཅིག་མ་གཏོགས་མེད་ཅིང་། དེ་ནི་གདུལ་བྱ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ་ཡིན་པ་དང་། ཉན་ཐོས་དང་རང་རྒྱལ་གྱི་བྱང་ཆུབ་ལ་འགོད་པ་རྣམས་ཀྱང་མཐར་སངས་རྒྱས་ཀྱི་ས་ལ་འགོད་རྒྱུ་དེ་སངས་རྒྱས་ཀྱི་བྱ་བ་གཅིག་རང་རེད་ཅེས་གསུངས། མདོར་ན། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བྱ་བ་དང་བྱེད་པ་འདི་མ་གཏོགས་མེད་པར་གསུངས།

དོན་གཉིས་པ་ནི། ཤཱ་རིའི་བུ། ང་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ལྟ་སྟེ། ད་ལྟར་བྱོན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རང་གིས་ཀྱང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་ལ་ཆོས་སྟོན་པ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་ཐེག་པ་གཅིག་མ་གཏོགས་ཐེག་པ་གཉིས་སམ་གསུམ་མེད་པ་དང་། འདིར་ཐེག་པ་གསུམ་མེད་པ་མིན་པར། མཐར་ཐུག་གི་ཐེག་པ་གསུམ་མེད་པ། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ནི་དཔེར་ན་འགྲུལ་པ་ཐང་ཆད་པའི་སྐབས་སུ་ངལ་གསོ་བའི་མགྲོན་ཁང་ལྟ་བུ་གནས་སྐབས་ཀྱི་ཐེག་པ་མ་གཏོགས། འགྲོ་ས་དེར་སླེབས་པ་ཆགས་ཀྱི་མེད་པར་བརྟེན། མཐར་ཐུག་གི་ཐེག་པ་གཅིག་མ་གཏོགས་གཉིས་སམ་གསུམ་མེད་པ་འདི་ངས་བཤད་ཀྱི་ཡོད་ལ། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་པ་དང། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་ཞེས་གསུངས།

དེ་དང་ཆབས་ཅིག་ཏུ་དེ་བཞིན་གཤེགས་པས་སྔོན་གྱི་མདོ་སྡེའི་ནང་ཐེག་པ་རིམ་པ་གསུམ་དུ་བསྟན་པ་དེ་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་གྱིས་ལྡེམ་པོར་དགོངས་ནས་གསུངས་པ་དེ་ཚོ་དགོངས་གཞི་དང་དགོས་པ་དང་དངོས་ལ་གནོད་བྱེད་ཡོད་པ་ཤ་སྟག་རེད། དགོངས་གཞི་ནི་གནས་སྐབས་ཀྱི་འཐོབ་བྱ་ཡིན་པ་དང་། དགོས་པ་ནི་གདུལ་བྱ་དེའི་རིགས་ཅན་རྣམས་རྗེས་སུ་གཟུང་རྒྱུ་དང་། དངོས་ལ་གནོད་བྱེད་ནི་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་རྒྱུ་མཚན་ཡོད་པ་བཅས་ཀྱི་ཆ་ནས་དྲང་བའི་དོན་ལྡེམ་པོར་དགོངས་ནས་གསུངས་པ་མ་གཏོགས། ངེས་པའི་དོན་མིན་ཚུལ་ནན་པོས་ཚིག་ལྷུག་དེ་ཚོའི་ནང་རྣམ་གྲངས་རིམ་པ་དང་། སྣོད་དུ་རུང་མི་རུང་གི་གདུལ་བྱའི་བསམ་པའི་སྐོར་ལའང་རྒྱས་པར་གསུངས།

དེའི་རྗེས་སུ་ཚིག་ལྷུག་ལ་གསུངས་ཟིན་པའི་དོན་རྣམས་ཚིགས་བཅད་བརྒྱ་དང་བརྒྱད་ལ་བསྡུས་ནས་གསུངས་པ་དང་། ཚིག་ལྷུག་ལ་མེད་པ་ཚིགས་བཅད་ནང་གསུངས་པའང་མང་པོ་ཡོད། ཚིགས་བཅད་དེ་ཚོ་རེ་རེ་བཞིན་འགྲེལ་པ་བརྒྱབ་རྒྱུའི་གོ་སྐབས་མེད། དེ་ལྟར་བྱུང་དང་སྐྱེས་རབས་རྨད་བྱུང་དང་། །གླེང་གཞི་དེ་བཞིན་གཏན་ལ་དབབ་པ་དང་།། དབྱངས་བསྙད་དཔེ་བརྒྱ་སྣ་ཚོགས་རྣམས་ཀྱིས་བཤད།། ཅེས་གསུང་རབ་ཡན་ལག་དགུའི་རྣམ་གཞག་གསུངས་པ་དང་། དེ་ནས་སངས་རྒྱས་ཀྱིས་མདོ་འདི་མ་གསུང་བར་དུ་ཐེག་པ་གཅིག་ཏུ་མ་བསྟན་པར་ཐེག་པ་གསུམ་སོ་སོར་བསྟན་པའི་དགོས་པ་དེའང་གསལ་པོ་གསུངས་ཡོད། སངས་རྒྱས་བྱེ་བ་མང་ལ་སྤྱོད་མ་སྤྱད། །འཁོར་བར་ཆགས་ཤིང་ཤིན་ཏུ་སྡུག་བསྔལ་བ། །དེ་ལ་མྱ་ངན་འདའ་བ་ཉེ་བར་བསྟན། །སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར།། ཞེས་ད་ལྟ་དངོས་ཡོད་གནས་ཚུལ་དེ་གསུང་རྒྱུ་ཡིན་གསུངས། དལ་བ་དེ་ནི་བརྒྱ་ལ་དེང་ཐོབ་པས། །དེ་ཕྱིར་ཡང་དག་ངེས་པ་འདིར་བཤད་དོ།། ཞེས་ད་ལྟའི་གནས་སྐབས་ལ་གསུང་བའི་དུས་ལ་བབས་པ་ཡིན་ཙང་དེ་རིང་མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པ་ཡིན་གསུངས་པ། སངས་རྒྱས་བྱེ་བ་མང་ལ་ལྷག་བྱས་པ། །དེ་དག་ལ་ནི་རབ་རྒྱས་མདོ་རྣམས་བཤད། །འདི་ལྟར་དེ་དག་བསམ་པ་རྫོགས་པ་དང་། །རྣམ་པར་དག་པའི་ཚུལ་དང་ལྡན་གྱུར་པ། །དེ་དག་ལ་ནི་མ་འོངས་དུས་ན་ཡང་། །ཕན་ཞིང་བརྩེ་བའི་སངས་རྒྱས་འགྱུར་ཞེས་གསུང་།། ཞེས་སྣོད་དུ་རུང་བའི་གང་ཟག་བྱེ་བྲག་པ་ལ་འདིའི་སྔོན་དུ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དེ་བསྟན་ཟིན་པ་ཡིན་ཞེས་གསུངས་པ་རྣམས་ཚིག་ལྷུག་ནང་མེད་པའི་རིགས་རྣམས་རེད། ཐེག་པ་ཐ་དད་པར་ནི་གང་སྟོན་པ། །སྐྱེས་མཆོག་རྣམས་ཀྱི་ཐབས་མཁས་མ་གཏོགས་པར། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །འཇིག་རྟེན་ན་ནི་ནམ་ཡང་གསུམ་དུ་མེད།། ཅེས་གསུངས་པ་ནི་ཚིག་ལྷུག་ནང་དུའང་ཡོད།

དེ་ཙམ་དུ་མ་ཟད། ཚིག་ལྷུག་ནང་མེད་པའི་དོན་གསར་པ་ནི། མྱ་ངན་འདས་པའི་རྒྱལ་བ་དེ་དག་གི །བསྟན་པ་དེ་ལ་སེམས་ཅན་གང་ཞུགས་ཏེ།། ཞེས་སོགས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་ཚུལ་དང་། ལྷག་པར་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་ཆེད་དུ་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་བཞེངས་པའི་ཚུལ། སྐུ་ལ་མཆོད་པ་འབུལ་བའི་ཚུལ། སྐུ་མཇལ་བའི་ཚུལ་རྣམས་ནམ་རྒྱུན་ལམ་རིམ་སོགས་སུ་ལུང་དྲངས་པ་མང་པོ་འདིའི་སྐབས་སུ་ཡོད། དེས་ན་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བཞེངས་པ་དང་། དེ་ལ་མཆོད་པ་ཕུལ་བ་དང།  མཆེད་རྟེན་བཞེངས་པའི་རྒྱུ་གསེར་དང་དངུལ་དང་ཤེལ་དང་རྡོ་ཡི་སྙིང་པོ་དང་བཻདཱུརྱ་ལ་སོགས་པ་དང་། རྡོ་དང་ཤིང་ལས་བྱས་པ་རྣམས་ལ་མཆོད་པ་འབུལ་ཚུལ། དེ་བཞིན་བྱིས་པ་ཚོས་རྩེད་མོའི་ངང་ཚུལ་གྱིས་བྱེ་མ་ལ་མཆོད་རྟེན་བཟོས་ནའང་ཕན་ཡོན་ཡོད་པ་དང་། སྐུ་གཟུགས་བཞེངས་པའི་ཕན་ཡོན་སོགས་རིམ་པས་གསུངས་ཡོད།

སྤྱིར་བཏང་རིང་བསྲེལ་བཞུགས་པའི་མཆོད་རྟེན་ནང་མང་ཆེ་བ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཞུགས་པ་རེད། མདོའི་ནང་རིང་བསྲེལ་ལ་རྣམ་པ་བཞི་གསུངས་ཡོད་ཅིང་། ཆོས་སྐུའི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཅས་རེད། ལུང་དང་རྟོགས་པའི་བསྟན་པ་ལ་ཆོས་སྐུའི་རིང་བསྲེལ་དང་། སྐུ་གདུང་བཞུ་བའི་སྣོད་དང་། སྐུ་གདུང་ཚའི་ནང་དུ་བཞུགས་བཞུ་ན་གདུང་ཚ་དང་། སྐུ་གདུང་བཞུ་བའི་རུས་པ་དང་ཐལ་བ་དེ་ཚོའི་རིགས་ལ་སྐུ་གདུང་གི་རིང་བསྲེལ། དབུ་སྐྲ་དང་སེན་མོ་དང་ན་བཟའ་ལ་སོགས་པ་སྐུ་བལ་གྱི་རིང་བསྲེལ། སངས་རྒྱས་ཀྱི་སྐུ་གདུང་ཞུགས་ལ་ཕུལ་བའི་སྐབས་སུ་བྱུང་བ་ལ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རེད། ད་ལྟའི་གནས་སྐབས་སུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཞུགས་པའི་མཆོད་རྟེན་རེད་ཅེས་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་རེད་ཅེས་པ་སོགས་སུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཡོད་ཅིང་། དེ་ནི་གཅིག་ལས་དུ་མ་འཕེལ་བ་ཡིན། དེས་ན་རིང་བསྲེལ་ཟེར་དུས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྐྱང་པར་བསམ་མཁན་ཡང་ཡོད། གཞུང་དང་མཐུན་པར་བྱེད་ན་གཙོ་ཆེ་ཤོས་ནི་ཆོས་སྐུའི་རིང་བསྲེལ་རེད། རིང་བསྲེལ་གྱི་ཚིག་དོན་ནི་མྱ་ངན་ལས་འདས་པའི་རྗེས་སུའང་རིང་པོའི་བར་དུ་གནས་པ་ལ་བརྗོད། དེར་བརྟེན་རིང་དུ་བསྲེལ་ནས་གནས་མཁན་དང་པོ་དེ་ཆོས་རེད། ལུང་རྟོགས་ཀྱི་ཆོས་འདི་སངས་རྒྱས་ཀྱི་ཆོས་སྐུའི་རིང་བསྲེལ་རེད། དེ་ནས་གོང་དུ་ཞུས་པ་བཞིན་སྐུ་གདུང་ལས་བྱུང་བའི་གདུང་ཐལ་ལ་སོགས་པ་དེ་དག་རེད། སྐུ་བལ་གྱི་རིང་བསྲེལ་ནི་ན་བཟའ་དང་དབུ་སྐྲ་སོགས་རེད། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི་སྐུ་གདུང་ལས་འཁྲུངས་པའི་ཡུངས་འབྲུ་ལྟ་བུ་ཡོད་པ་དེ་དག་རེད། ཡིན་ནའང་གསེར་འོད་དམ་པའི་མདོའི་ནང་། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར།། ཞེས་སོགས་ཀྱིས་རིང་བསྲེལ་ལ་དཔྱད་པ་མང་པོ་གནང་ཡོད། ཡིན་ནའང་གསེར་འོད་དམ་པའི་མདོའི་ནང་གསུངས་པ་དེ་སྒྲ་ཇི་བཞིན་ཁས་ལེན་དུ་རུང་བ་ཞིག་ཨེ་ཡིན། གང་ལྟར་དགོས་པ་རྒྱུ་མཚན་ཞིག་ཡོད་ཀྱི་རེད། སྤྱིར་བཏང་སངས་རྒྱས་ཀྱི་རྗེས་འཇུག་ཚང་མས་རིང་བསྲེལ་གྱི་མཆོད་རྟེན་བཞེངས་པ་དང་། དེ་ལ་མཆོད་པ་འབུལ་དགོས་པ་སོགས་གསུངས་ཡོད། མདོ་སྡེ་པདྨ་དཀར་པོ་ལྟ་བུ་ལ་མཚོན་ན། ཚིགས་བཅད་དེ་དག་དེའི་ཁུངས་རེད། ཅེས་གསུངས། དེ་ནས་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཞེས་སོགས་གསུངས་ནས་ཆོས་ཐུན་གཉིས་པ་གྲོལ།

ཉིན་གསུམ་པ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༤)

༄༅།། ཆོས་ཐུན་དང་པོར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་གསུངས་པ་བཞིན། དཔེར་ན། ཟླ་བ་ལ་སོགས་པའི་འོད་མེད་པའི་མཚན་མོ་ཆར་དུས་ཀྱི་སྤྲིན་འཚུབ་པའི་མུན་ནག་ཁྲོད་གློག་གི་འོད་ཁྱུག་ཙམ་རེ་བྱུང་ཞིང་། མཚན་མོའི་མུན་ནག་གི་དུས་ཚོད་དེ་ཧ་ཅང་རིང་བ་དང་། གློག་གི་འོད་ཁྱུག་ཙམ་བྱས་པའི་དུས་ཚོད་དེ་ཧ་ཅང་ཉུང་ཉུང་ཡིན་པ་བཞིན། ང་ཚོ་སེམས་ཅན་ཡང་སྤྱིར་ལྷ་མིའི་ལུས་རྟེན། ཁྱད་པར་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ལུས་རྟེན་འཐོབ་རྒྱུ་འདི། བརྒྱ་ལམ་ན་ཞེ་ན་བརྒྱའི་ནང་ནས་གཅིག་ལྟ་བུས་འཇིག་རྟེན་གྱི་འགྲོ་བ་ལ་བསོད་ནམས་དང་ལྡན་པའི་བློ་གྲོས་ཐེངས་འགའ་རེ་མ་གཏོགས་ཡང་ཡང་ཡོང་གི་མེད་ཅེས་གསུངས། སངས་རྒྱས་མཐུ་ཡིས་ཞེས་གསུངས་པ་དེ་ཡང་བདེ་འགྲོའི་སྐྱེ་བ་ལེན་རྒྱུ་འདི་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་ཡོང་རྒྱུ་མིན་པར། སོ་སོས་བདེ་འགྲོར་སྐྱེ་བའི་ལས་བསགས་ནས་སྐྱེ་དགོས་པ་རེད། འོན་ཀྱང་ལས་དགེ་བའི་ངོ་བོ་གང་འདྲ་ཞིག་ཡིན་ནའང་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་ངོ་བོར་འདོད་པ་བཞིན། དགེ་བའི་ལས་དེ་དག་སངས་རྒྱས་ཀྱིས་གསུངས་པ་དང་། སངས་རྒྱས་ཀྱི་བྱིན་རླབས། སངས་རྒྱས་ཀྱིས་བསྐུལ་བ་བཅས་ལ་བརྟེན་ནས་ཡོང་དགོས་སྟབས། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌།། ཞེས་གསུངས།

དེ་འདྲའི་དཀོན་པོའི་ལུས་རྟེན་བཟང་པོ་ཞིག་ཐོབ་པའི་སྐབས་སུ་དོན་མེད་ཆུད་ཟོས་སུ་མ་བཏང་བར། བྱུང་ན་སྐྱེ་བ་གཏན་གྱི་འདུན་མ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཐུབ་པ་དང་། དེ་འདྲ་མ་བྱུང་ནའང་ཐར་པའི་གོ་འཕང་བསྒྲུབ་ཐུབ་པ། མ་མཐར་ཡང་སྐྱེ་བ་རྗེས་མར་ངན་སོང་དུ་མི་འགྲོ་བ་བྱེད་དགོས་པ་འདི་གལ་ཆེན་པོ་རེད། བཀའ་གདམས་པ་གོང་མ་ཚོས། ཟླ་གཅིག་ཟླ་གཉིས་མ་ཤི་ན། སྐྱེ་བ་ཕྱི་མའི་འདུན་མ་འགྲུབ་པ་དང་། ལོ་གཅིག་ལོ་གཉིས་མ་ཤི་ན། སྐྱེ་བ་གཏན་གྱི་འདུན་མ་འགྲུབ་པ་ཞིག་ངེས་པར་དུ་བྱེད་དགོས་གསུངས་པ་བཞིན་དལ་བའི་རྟེན་ལ་སྙིང་པོ་ལེན་དགོས་པ་ཡིན། སྙིང་པོ་ལེན་པའི་ཚུལ་ཡང་སངས་རྒྱས་ཀྱིས་བསྟན་པའི་ཆོས་ལ་ཐོས་བསམ་བྱས་ནས་ཤེས་པ་དེ་ཉམས་སུ་བླངས་པ་ལ་བརྟེན་ནས་རང་གི་རྒྱུད་འདུལ་བའི་ཐབས་ཤེས་བྱེད་དགོས་པ་མ་གཏོགས། དེ་ལས་གཞན་པའི་བྱེད་ཚུལ་ཅིག་མེད། དེ་བརྟེན་འདིར་ཐོས་བསམ་གྱི་ཆེད་དུ་ཆོས་འཆད་ཉན་བྱེད་ཀྱི་ཡོད་པ་ཡིན་སྟབས། དེ་ཡང་ཀུན་སློང་གང་བྱུང་གིས་མི་ཆོག་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་དང་། དེའི་ཆེད་དུ་ཆོས་འདི་ཉན་གྱི་ཡོད་སྙམ་པའི་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་གསན་དགོས་པ་ཡིན་པ་རེད།

གང་ཐོས་བསམ་བྱ་བའི་གཞུང་ནི་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་འདིའི་ལེའུ་ཁ་ཤས་ཐོག་ལ་ཐོས་བསམ་བྱེད་མུས་རེད། དམ་པའི་ཆོས་པདྨ་དཀར་པོ་འདིའི་གཞུང་གི་ཚིག་ཟིན་ལ་བལྟས་ན། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་ནས་བཟུང་སྟེ་དམ་ཆོས་པད་དཀར་མ་གསུང་གི་བར་དུ་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་མ་གཏོགས། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་ཆོས་གསུངས་མེད་པ་ལྟ་བུ་ཡོད། སྤྱིར་བཏང་ཡུམ་གྱི་མདོ་དང་དམ་ཆོས་པད་དཀར་བཅས་གསུངས་པའི་དུས་དུས་རབས་དང་སྦྱར་ནས་བརྩི་རྒྱུ་ཁག་པོ་རེད། འོན་ཀྱང་ཤེར་ཕྱིན་གྱི་མདོ་གསུངས་པའི་རྗེས་སུ་དམ་ཆོས་པད་དཀར་གསུངས་པ་ཡིན་ན། འདིའི་སྔོན་དུ་མཐར་ཐུག་ཐེག་པ་གཅིག་གི་རྣམ་གཞག་གཏན་ནས་མ་གསུངས་པ་དེ་ཏོག་ཙམ་ཁས་ལེན་མི་བདེ་བ་ཡོང་གི་རེད་བསམ་གྱི་འདུག ཡིན་ནའང་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཚོས་ངེས་པར་དུ་སྔར་མ་ཐོས་པ་ཞིག་གསར་དུ་ཐོས་པ་ཡིན་སྲིད།

སྔོན་དུ་གླེང་གཞིའི་ལེའུ་དང་ཐབས་ལ་མཁས་པའི་ལེའུ་གཉིས་ཕྱིན་ཟིན། ཐབས་ལ་མཁས་པའི་ལེའུའི་དོན་གཙོ་བོ་དེ་གང་རེད་ཅེ་ན། སངས་རྒྱས་ཀྱི་ཐབས་ལ་མཁས་པའི་མཛད་པ་རྣམས་གདུལ་བྱས་རྟོགས་པར་དཀའ་ཚུལ་ཡང་ཡང་གསུངས་པ་དང་། ཤཱ་རིའི་བུས་དེའི་དོན་ལན་གཉིས་ཀྱི་བར་དུ་གསོལ་བ་བཏབ་ནའང་མ་གསུངས་པ། དེ་ནས་ལན་གསུམ་པ་གསོལ་བ་བཏབ་པར་ཞལ་གྱིས་བཞེས་པའི་སྐབས་སུ་སྣོད་དུ་མི་རུང་བའི་གདུལ་བྱ་འཁོར་རྣམ་པ་བཞི་པོ་ལོགས་སུ་ཕྱིན་པ། དེ་ནས་དེར་འདུས་པའི་གདུལ་བྱ་རྨ་མེད་པ་ཆགས་པའི་རྗེས་སུ་གཞི་ནས་སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་དེ་དྲང་དོན་ཡིན་པ་དང་། མཐར་ཐུག་ཐེག་པ་གཅིག་ལས་གཉིས་སུ་མེད་པའི་རྣམ་གཞག་རྒྱ་ཆེན་པོ་གསུངས།

དེ་རྗེས་ཚིགས་སུ་བཅད་པ་བརྒྱ་དང་བརྒྱད་ཀྱི་ནང་དུ་སངས་རྒྱས་བྱང་ཆུབ་སྒྲུབ་པའི་རིམ་པ་དང་། ལྷག་པར་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་རིམ་པ། ལས་དང་པོ་བས་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་ལ་ཕྱག་མཆོད་འབུལ་བའི་རིམ་པ་སོགས་རྒྱ་ཆེན་པོ་གསུངས། འདི་ལ་ཐབས་ལ་མཁས་པའི་ལེའུ་ཞེས་མཚན་བརྗོད་དགོས་པའི་དོན་གཙོ་བོ་ནི་མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་གདུལ་བྱ་དྲང་བའི་ཐབས་མཁས་ཀྱི་མཛད་པ་མ་གཏོགས། དངོས་སུ་སངས་རྒྱས་རང་གི་དགོངས་པ་ཇི་ལྟ་བ་བཞིན་དུ་གསུངས་མེད་པ་དེ་བསྟན་པ་རེད། དེ་ནས་ཐབས་ལ་མཁས་པའི་ལེའུ་འདིས་ཐབས་ལ་མཁས་པ་མཛད་ཚུལ་དཔེའི་སྒོ་ནས་བསྟན་པ་རེད། ཐབས་ལ་མཁས་པའི་ལེའུ་འདི་དང་དཔེའི་ལེའུ་གཉིས་པོ་བརྗོད་བྱའི་དོན་ཚན་གཅིག་གི་ཆ་ཤས་ལྟ་བུ་རེད། ད་རེས་འདིའི་ནང་དུའང་དཔེའི་ལེའུ་དེ་པར་བརྒྱབས་པ་འདི་ཡག་པོ་བྱུང་འདུག ཁ་སང་དང་པོ་ལེའུ་གསུམ་མ་གཏོགས་མེད་པ་ལྟ་བུ་རེད། དཔེའི་ལེའུ་མེད་ན་ཐབས་ལ་མཁས་པའི་ལེའུ་མཇུག་མ་རྫོགས་པ་ལྟ་བུ་རེད། དེ་ལྟར་ཐབས་མཁས་ཀྱི་ལེའུའི་སྐབས་སུ་གསུངས་པའི་དོན་རྣམས་དཔེའི་ལེའུའི་ནང་མཐའ་བསྡོམས་བྱས་ཡོད།

ལེའུ་གསུམ་པ། དཔེའི་ལེའུ།

དེ་ནས་སངས་རྒྱས་ཀྱིས་ཚིགས་སུ་བཅད་པ་བརྒྱ་དང་བརྒྱད་ཀྱི་ཐོག་ནས་དོན་སྟོན་པའི་རྗེས་སུ་ཤཱ་རིའི་བུ་ཧ་ཅང་དགའ་པོ་བྱུང་བ་རེད། དཔེའི་ལེའུའི་ཚིག་ལྷུག་དེ་དག་གསལ་པོ་ཡོད་ཙང་། སོ་སོས་ཀློག་ན་མ་གོ་བ་མེད། དེའི་དོན་མདོར་བསྡུས་ནས་ཞུ་ན། ཤཱ་རིའི་བུ་ཧ་ཅང་དགའ་པོ་བྱུང་ནས་ལམ་སེང་ཡར་བཞེངས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་། ཐལ་མོ་སྦྱར་བར་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་སངས་རྒྱས་ཀྱི་གསུང་འདི་ལྟ་བུ་བཅོམ་ལྡན་འདས་ལས་ཐོས་པ་དེ་ཤིན་ཏུ་ཡིད་དགའ་པོ་དང་། ངོ་མཚར་བའམ་ཡ་མཚན་པོ། རྨད་དུ་བྱུང་བའམ་སེམས་ཤུགས་སྐྱེས་པ་བྱུང་སོང་། གང་ལགས་ཤེ་ན། ད་ལྟའི་བར་དུ་སངས་རྒྱས་ཀྱི་སྐུ་མདུན་དུ་ཆོས་ཞུ་བའི་སྐབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མང་པོ་ཡང་མཇལ་སོང་། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས་ལ་མ་འོངས་པའི་བསྐལ་པ་དང་འཇིག་རྟེན་དེ་འདྲ་ཞིག་ལ་སངས་རྒྱས་དེ་འདྲ་ཞིག་ཏུ་སངས་རྒྱས་པའི་བྱང་ཆུབ་ཏུ་ལུང་བསྟན་པའང་མང་པོ་མཇལ་སོང་། དེ་ཚོ་མཇལ་བའི་སྐབས་སུ་ང་རང་ཧ་ཅང་སེམས་པ་སྐྱོ་པོ་ཡོང་གི་ཡོད། གང་ལགས་ཤེ་ན། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ཡིན་ཙང་སངས་རྒྱས་རྒྱུ་མེད་པ་དང་། སངས་རྒྱས་ཀྱིས་ལུང་བསྟན་རྒྱུ་མེད་པ། ལྷག་པར་དུ་ས་ཆ་དབེན་པ་དང་ཆུ་འགྲམ་དང་ཤིང་དྲུང་བཅས་སུ་ནང་དུ་ཡང་དག་འཇོག་གི་སྐབས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་འདིས་མ་འགྲིག་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་མེད་པའི་བསམ་བློ་འདི་ཡང་ཡང་འཁོར་བའི་སྐབས་སུ་ཧ་ཅང་སེམས་པ་སྐྱོ་པོ་ཡོང་གི་ཡོད། སྐབས་དེར་སངས་རྒྱས་ཀྱིས་ཐེག་པ་ཐ་དད་གསུམ་རང་རང་གི་རིགས་ཅན་རྣམས་དེ་ལྷག་འགྲོ་རྒྱུ་མེད་པར་གསུངས་པ་དེ་དྲང་དོན་ཡིན་པ་དང་ལྡེམ་པོར་དགོངས་ནས་གསུངས་པ་དེ་ང་ཚོས་མ་རྟོགས་པ་རེད། དེ་རིང་སངས་རྒྱས་ཀྱི་སྐུ་མདུན་ནས་ཐོག་མར་ཐོས་པ་ཡིན་ཙང་། འདིའི་སྔོན་དུ་ཡོད་པའི་སེམས་མི་བདེ་བ་ཐམས་ཅད་བསལ་སོང་། དེ་རིང་ང་ཡང་དངོས་གནས་སངས་རྒྱས་ཀྱི་སྲས་ལྟ་བུ་ཆགས་པ་རེད། སྤྱིར་བཏང་དགྲ་བཅོམ་པ་སྔ་མ་ནས་ཐོབ་ཟིན་ཀྱང་། དངོས་གནས་དགྲ་བཅོམ་པའི་མིང་དོན་མཚུངས་པ་ཞིག་དེ་རིང་གཞི་ནས་བྱུང་སོང་ཞེས་གསོལ་བ་རེད།

དེར་བརྟེན། དེ་རིང་བདག་བཅོམ་ལྡན་འདས་ཀྱི་སྲས་ཀྱི་ཐུ་བོ། ཐུགས་ཀྱི་སྲས། ཞལ་ནས་སྐྱེས་པ། ཆོས་ལས་སྐྱེས་པ། ཆོས་ཀྱི་སྤྲུལ་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཞེས་གསུངས་ཏེ། གང་ལྟར་ཤཱ་རིའི་བུ་རང་ཉིད་ཀྱང་སངས་རྒྱས་ཀྱི་གོ་འཕང་གི་བར་དུ་འགྲོ་རྒྱུ་ཡོད་པ་ཆགས་པ་ཡིན་སྟབས། སངས་རྒྱས་ཀྱི་རིགས་ཀྱི་ནང་སྐྱེས་པའི་དབང་གིས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། དེ་ཚོ་ཚིགས་བཅད་ནང་བསྡུས་ཏེ། སྒྲ་འདི་ཐོས་ནས་ཚིམ་པ་རབ་སྐྱེས་ཏེ། །རྣམ་འདྲེན་ཆེན་པོ་བདག་ནི་ངོ་མཚར་གྱུར། །ཞེས་སོགས་ཚིགས་བཅད་ཉི་ཤུ་རྩ་གཉིས་ཡོད། དེ་དག་ནང་གོང་གི་ཚིག་ལྷུག་ནང་མེད་པའི་དོན་ཡང་མང་པོ་ཡོད། དེའི་ནང་ཏོག་ཙམ་ཡ་མཚན་འཛིན་དགོས་པ་ལྟ་བུ་ནི་དེ་སྔ་སངས་རྒྱས་ཀྱིས་ཐེག་པ་རིམ་པ་གསུམ་མམ་མཐར་ཐུག་ཐེག་པ་གསུམ་གསུངས་པའི་སྐབས་སུ། སྐབས་རེ་ང་དངོས་གནས་སངས་རྒྱས་ཀྱི་དྲུང་ནས་ཆོས་ཉན་གྱི་ཡོད་དམ། ཡང་ན་བདུད་ཀྱི་ཆོ་འཕྲུལ་གྱིས་སངས་རྒྱས་སུ་འཁྲུལ་པ་ནས་ཉན་གྱི་ཡོད་སྙམ་པའི་དོགས་པའང་ཡོང་མྱོང་ཞེས་ཤཱ་རིའི་བུས་གསུངས་ཡོད། ཐོག་མ་རྣམ་པར་འདྲེན་གྱི་གསུང་ཐོས་ནས། །ས་འདིར་སངས་རྒྱས་ཆ་བྱད་མངོན་སྤྲུལ་ནས། །འདི་བདུད་ཀྱལ་ཀ་བྱེད་པ་མ་ཡིན་གྲང་། །དེ་ལྟར་བདག་ནི་བག་ཚའི་སྟོབས་སྐྱེས་སོ།། ཞེས་དེ་འདྲའི་སེམས་ཞུམ་པ་དང་བག་ཚ་བའི་བསམ་བློ་སྐྱེས་མྱོང་། ད་ལྟ་སངས་རྒྱས་རང་ཉིད་ཀྱིས་དེ་དག་ལྡེམ་པོར་དགོངས་པའི་དོན་ཡིན་པར་གསུངས་པའི་རྗེས་སུ། འདི་དངོས་གནས་འདི་འདྲ་མ་ཡིན་པ་དང་། སངས་རྒྱས་རང་གིས་གསུངས་པ་ཡིན་པ། དེ་ཡང་དྲང་དོན་དགོངས་པ་ཅན་དུ་འགྲེལ་དགོས་པ་ཡིན་པ་དེ་ཤེས་སོང་ཞེས་ཞུས་པ་རེད།

ཤཱ་རིའི་བུ་ནི་ཐེག་པ་ཐུན་མོང་བའི་ཉན་ཐོས་སྡེ་པའི་ལུགས་ལ་ཉན་ཐོས་ཀྱི་རིགས་ཅན་དང་། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཞིག་ཡིན། བཅོམ་ལྡན་འདས་ཀྱི་སློབ་མའི་ནང་དུ་ལྔ་སྡེ་ཕུད་ནས་ཕལ་ཆེར་རྒན་པའི་གྲས་རེད། དེར་བརྟེན་ཉན་ཐོས་དགྲ་བཅོམ་པ་ཞིག་ལ་ཆ་འཇོག་བྱེད་ཀྱི་ཡོད། འོན་ཀྱང་ཐེག་ཆེན་གྱི་མདོ་སྡེ་མང་པོའི་ནང་ཤཱ་རིའི་བུ་དང་མཽདྒལ་གྱི་བུ་སོགས་ཉན་ཐོས་དགྲ་བཅོམ་པའི་ཚུལ་གཟུང་བ་མ་གཏོགས། དོན་དུ་སངས་རྒྱས་ཀྱི་སྲས་ཡིན་ཞེས་གསུངས་ཡོད། གང་ལྟར་ཐེག་པ་ཐུན་མོང་བའམ་གདུལ་བྱ་ཐུན་མོང་བའི་སྣང་ངོ་ལ་ཉན་ཐོས་དགྲ་བཅོམ་པ་རེད། དེས་ན་གོང་དུ་བཤད་པ་རྣམས་ཉན་ཐོས་དགྲ་བཅོམ་པ་ཞིག་གི་བསམ་ཚུལ་ཐོག་ནས་རྣམ་བཞག་དེ་ཚོ་ཞུ་གི་ཡོད་པ་རེད།

གོང་དུ་ཞུས་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ལན་གང་གནང་ཡོད་ཅེ་ན། འཇིག་རྟེན་ཐམས་ཅད་ཀྱི་མདུན་དུ་ཁྱོད་རང་གཟེངས་སུ་བསྟོད་ཀྱི་ཡིན། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་མདུན་དུ་ཡང་དག་པར་སྨིན་པར་བྱས་ནས་རྒྱུན་རིང་པོར་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པའི་སྐོར་ངས་ཁྱོད་ལ་བསྟན་གྱི་ཡིན། དེ་ནས་ཁྱོད་རང་འདས་པའི་དུས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་པ་དེ་དྲན་གསོ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད། ཐུན་མོང་བའི་སྣང་ཚུལ་ལ་ཤཱ་རིའི་བུས་བསྐལ་པ་མང་པོའི་སྔོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྤྱོད་པ་ལ་སློབ་པའི་སྐབས་སུ་བྱ་དཀའ་བའི་སྤྱོད་པ་ལ་བསླབ་མ་ནུས་པར་བྱང་ཆུབ་ཀྱི་སེམས་དོར་ནས་ཉན་ཐོས་ཀྱི་ལམ་ལ་ཞུགས་པའི་བྱུང་རབས་ཤིག་ཡོད་པ་དེ་དང་མཐུན་པར་བྱས་ནས་གསུང་གི་ཡོད། དེས་ན་ངས་ཁྱོད་རང་གི་འདས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་གནས་སྐབས་དེ་དྲན་གསོ་གཏང་རྒྱུ་ཡིན་གསུངས་ཏེ།

ཤཱ་རིའི་བུ། ཁྱོད་བྱང་ཆུབ་སེམས་དཔའི་མན་ངག་དང་། བྱང་ཆུབ་སེམས་དཔའི་གསང་ཆེན་གྱིས་ངའི་གསུང་རབ་འདི་ལ་སྐྱེས་པར་གྱུར་ཏོ།། ཤཱ་རིའི་བུ། འདི་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་བྱང་ཆུབ་སེམས་དཔའི་མན་ངག་དང་བྱང་ཆུབ་སེམས་དཔའི་གསང་ཆེན་མི་དྲན་ནས། བདག་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཤཱ་རིའི་བུ། ངས་ཁྱོད་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་ཡེ་ཤེས་ཁོང་དུ་ཆུད་པ་དྲན་པར་བྱ་བར་འདོད་དེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་འདི། ཉན་ཐོས་རྣམས་ལ་ཡང་དག་པར་བསྟན་ཏོ།། ཞེས་གསུངས་ཏེ། སངས་རྒྱས་ཀྱིས་གཙོ་བོ་ཁྱོད་རང་གིས་འདས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་སྐབས་ཀྱི་གནས་ཚུལ་བརྗེད་ཟིན་པ་རྣམས་དྲན་པའི་ཆེད་དུ་དམ་ཆོས་པད་དཀར་འདི་གསུངས་པ་མ་ཟད། ཉན་ཐོས་རྣམས་ལའང་གདམས་པར་འགྱུར་བ་ཡིན་ཞེས་གསུངས། དམ་ཆོས་པད་དཀར་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ལྟ་བུ་དེ་གཞུང་གི་ཚིག་དོན་གཞིར་བཟུང་བྱེད་ན་ཤཱ་རིའི་བུ་རེད། ཤཱ་རིའི་བུས་ཚིམས་པ་དང་དགའ་བའི་གནས་ཚུལ་ཞུས་པའི་ལན་དུ་སངས་རྒྱས་ཀྱིས་ཁྱོད་རང་གིས་ཀྱང་སྔར་བྱང་ཆུབ་སེམས་བསྐྱེད་ཡོད་པ་དང་། སངས་རྒྱས་རྣམས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ཡོད་པ་དེ་དྲན་གྱི་མི་འདུག་གམ། ངས་ཁྱོད་ལ་དྲན་པར་བྱེད་ཀྱི་ཡིན་ཞེས་གསུངས།

དེའི་རྗེས་སུ་ཤཱ་རིའི་བུ་ལུང་བསྟན་པ་དེ་རེད། ཤཱ་རིའི་བུ་དུས་ནམ་ཞིག་གི་ཚེ་སངས་རྒྱས་གང་འདྲ་ཞིག་ཏུ་སངས་རྒྱས་ཀྱི་རེད་ཅེས་ལུང་བསྟན་པ་དེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་མདོའི་བརྗོད་བྱ་མཐར་ཐུག་པའམ། ཡང་ན་ཤཱ་རིའི་བུ་ལ་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་ཟིན་ཡང་། ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་བྱང་ཆུབ་སྒྲུབ་ནུས་པ་ཙམ་དུ་མ་ཟད། ལུང་བསྟན་རྙེད་པའི་གྲངས་སུའང་འགྲོ་ཐུབ་པ་དེ་བསྟན། ཤཱ་རིའི་བུ། ཁྱོད་འདི་ལྟར་མ་འོངས་པའི་དུས་ན། བསྐལ་པ་དཔག་ཡས་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་དམ་པའི་ཆོས་བཟུང་ཞིང་། མཆོད་པ་རྣམ་པ་སྣ་ཚོགས་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ཡོངས་སུ་རྫོགས་པར་བྱས་ནས། ཞེས་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པའི་སྐབས་སུ་ཐེག་པ་ཐུན་མོང་བའི་ལུགས་ལ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གསོག་ཚུལ་དེ་མང་ཆེ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ག་ཚོད་ལ་བསྙེན་བཀུར་བྱས་པ་དང་། ཆོས་ཉན་པ་སོགས་ལས་བསྟན། ཐེག་པ་ཆེན་པོའི་དབང་དུ་བྱས་ན་ཕྱིན་དྲུག་གི་སྤྱོད་པ་དེ་གཙོ་བོ་རེད། ཐེག་པ་ཐུན་མོང་བའི་དབང་དུ་ཕྱིན་དྲུག་གི་སྤྱོད་པའི་ཚབ་ཏུ་སངས་རྒྱས་ཇི་ཙམ་ལ་མཉེས་པར་བྱེད་ཚུལ་དེ་གཙོ་ཆེ་བ་རེད། འོན་ཀྱང་ཕྱིན་དྲུག་གི་སྤྱོད་པ་མེད་པ་མིན། དཔེར་ན། ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་མཛོད་ནང་། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་།། ཞེས་སངས་རྒྱས་ག་ཚོད་ལ་མཆོད་པ་བྱས་ནས་གྲངས་མེད་གསུམ་གྱི་ཚོགས་བསགས་པ་དེ་གསུང་གི་ཡོད། འདིར་ཡང་དེ་བཞིན་གསུང་གི་ཡོད།

ཤཱ་རིའི་བུ་གང་གི་ངོ་བོར་སངས་རྒྱས་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་པད་མའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། ཞེས་གསུངས་ཏེ། བསྐལ་པ་མང་པོའི་རྗེས་སུ་པདྨའི་འོད་ཅེས་བྱ་བའི་སངས་རྒྱས་ཀྱི་ངོ་བོར་སངས་རྒྱས་ཚུལ་གསུངས།

ཤཱ་རིའི་བུ། དེའི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་འོད་དེའི་སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ཞེས་བྱ་བར་འགྱུར་ཏེ། མཉམ་པ། ཉམས་དགའ་བ། བཟང་བ། སྡུག་པ། ཡོངས་སུ་དག་པ། འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། མི་དང་ལྷ་མང་པོས་རབ་ཏུ་གང་བ། གཞི་བཻ་དཱུརྱ་ལ་གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་པ༑ མིག་མངས་རིས་དེ་ཀུན་ཏུ་རིན་པོ་ཆེའི་ཤིང་སྐྱེས་ཏེ། རྟག་པར་རྒྱུན་དུ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་འབྲས་བུ་དང་ལྡན་པར་འགྱུར་རོ།། ཞེས་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པའི་ནང་སངས་རྒྱས་ནས་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་ཚུལ་གསུངས།

ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འོད་དེ་ཡང་ཐེག་པ་གསུམ་ལས་བརྩམས་ནས་ཆོས་སྟོན་ཏེ། ཞེས་གསུངས་ཏེ། དེ་ནས་ཤཱ་རིའི་བུ་པདྨའི་འོད་ཀྱི་ངོ་བོར་སངས་རྒྱས་པ་དེས་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་བསྟན་གྱི་ཡོད་པ་དང། ཁོང་གིས་ཀྱང་ཐེག་པ་གསུམ་གྱི་རྣམ་གཞག་དང་། མཐར་ཐུག་ཐེག་པ་གསུམ་དང་གཅིག་ལ་སོགས་པའི་དགོངས་ལྡེམ་དགོངས་ཀྱི་རྣམ་གཞག་མང་པོའི་ཆོས་བསྟན་ཚུལ་གསུངས། སྤྱིར་བཏང་སྙིགས་མའི་དུས་ལ་སངས་རྒྱས་འབྱུང་བ་དཀོན་པོ་རེད། རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་སྐབས་སུ་བྱུང་བ་ཡིན་སྟབས་སྙིགས་མའི་དུས་ལ་བྱོན་པའི་སངས་རྒྱས་གཅིག་རེད། ཤཱ་རིའི་བུ་སངས་རྒྱས་པའི་སྐབས་སུའང་སྙིགས་མའི་དུས་ཤིག་འཁེལ་གྱི་ཡོད།

གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་དེ་བསྐལ་པའི་སྙིགས་མ་ལ་མི་འབྱུང་མོད་ཀྱི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཆོས་སྟོན་པར་འགྱུར་རོ། །ཤཱ་རིའི་བུ། བསྐལ་པ་དེའི་མིང་ཡང་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱ་བར་འགྱུར་རོ།། ཞེས་གསུངས་ཏེ། ཤཱ་རིའི་བུ་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་བསྐལ་པ་སྙིགས་མའི་སྐབས་སུ་འབྱོན་པ་དང་། བསྐལ་པའི་མིང་ཡང་རིན་པོ་ཆེ་ཆེན་པོས་བརྒྱན་པ་སོགས་གསུངས་པ་རྣམས་ཤཱ་རིའི་བུ་བྱང་ཆུབ་ཏུ་ལུང་བསྟན་པ་དེ་རེད། དམ་ཆོས་པདྨ་དཀར་པོའི་ཚིག་ཟིན་ལྟར་ན། ཤཱཀྱ་ཐུབ་པས་ཉན་ཐོས་ཀྱི་རིགས་ཅན་གྱི་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཞིག་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དང་པོ་ཆགས་ཀྱི་ཡོད། དེ་ལྟར་དངོས་སུ་ཤཱ་རིའི་བུ་མ་འོངས་པ་ལ་དེ་ལྟ་བུའི་འཇིག་རྟེན་གྱི་ཞིང་དུ་སངས་རྒྱས་ཀྱི་མཛད་པ་བསྟན་པ་དང་། ཐེག་པ་གསུམ་ལས་བརྩམས་པའི་ཆོས་བསྟན་པ། དེ་བཞིན་གཤེགས་པ་པདྨའི་འོད་ཀྱི་ངོ་བོར་སངས་རྒྱས་པ་དེའི་སྐུ་ཚེའི་ཚད་དེ་བར་གྱི་བསྐལ་པ་བཅུ་གཉིས་བཅས་སུ་ལུང་བསྟན་པ་རེད། དེ་ནི་མཆོག་གི་སྤྲུལ་སྐུའི་མཛད་པ་བསྟན་པའི་སངས་རྒྱས་ཀྱི་ནང་ནས་སྐུ་ཚེ་རིང་བའི་གྲས་ཤིག་རེད།

དེ་ནས་ཁོང་གི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་མོས་པ་རྫོགས་པ་དེའི་འོག་ཏུ་སངས་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་མོས་པ་རྫོགས་པ་སངས་རྒྱས་པའི་མཚན་ལ་པད་མའི་ཁྱུ་མཆོག་རྣམ་པར་གནོན་པ་ཞེས་བྱ་བ། པད་མའི་ཁྱུ་མཆོག་རྣམ་པར་གནོན་པ་དེའི་ཆོས་ཀྱང་བར་བསྐལ་སུམ་ཅུ་སོ་གཉིས་ཀྱི་རིང་ལ་གནས་པ་བཅས་ལུང་བསྟན་པའི་རྗེས་སུ། གོང་དུ་ལུང་བསྟན་པའི་ཚིག་རྣམས་བསྐྱར་དུ་ཚིགས་བཅད་ཀྱི་ངོ་བོར། མ་འོངས་དུས་ན་ཤཱ་རིའི་བུ་ཁྱོད་ཀྱང་། །རྒྱལ་བ་དེ་བཞིན་གཤེགས་པར་འབྱུང་འགྱུར་ཏེ།། ཞེས་པ་ནས། ཟིལ་གྱིས་མི་ནོན་རྐང་གཉིས་གཙོ་བོ་སྟེ། །དེ་ལྟར་འགྱུར་བ་དེ་ནི་ཁྱོད་ཉིད་ཡིན།། ཞེས་པའི་བར་ཤློཀ་བཅུས་བསྟན་པ་རེད། འདིས་དངོས་སུ་ལུང་བསྟན་པའི་ཡུལ་དེ་ཤཱ་རིའི་བུ་རེད། དེ་ནས་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་མོས་པ་རྫོགས་པ་ལ་ལུང་བསྟན་རྒྱུ་དེ་ལུང་སྟོན་པར་འགྱུར་བ་ལ་ལུང་བསྟན་པ་མ་གཏོགས། འདིར་དངོས་སུ་ལུང་བསྟན་པ་མིན།

དེ་ལྟར་གསུངས་པའི་སྐབས་སུ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་འཁོར་བཞི་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཚང་མ་ཧ་ཅང་རྗེས་སུ་ཡི་རངས་ནས་རང་རང་གི་གོས་ཀྱི་ཕུད་རྣམས་སངས་རྒྱས་ལ་ཕུལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་ཀྱང་སངས་རྒྱས་ཀྱི་སྐུ་མཇལ་བ་དང་ན་བཟའ་ཕུལ་བ། ལྷའི་མེ་ཏོག་མན་དཱ་ར་བའི་ཆར་འབེབས་པ་སོགས་ཞུས། འདིའི་སྐབས་སུ་ཁ་སང་ནས་ཞུས་པ་བཞིན། ལྷའི་བུ་དེ་ཚོས་བསྟོད་པའི་ཚིགས་བཅད་ཀྱི་ནང་།        བཱ་རཱ་ཎ་སཱིར་འཇིག་རྟེན་ན། །མཚུངས་མེད་གང་དག་དཔའ་ཆེན་གྱིས། །ཕུང་པོའི་སྐྱེ་འཇིག་སྟོན་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེ་ནི་ཐོག་མར་རབ་ཏུ་བསྐོར།། ཞེས་ཕུང་པོའི་སྐྱེ་འཇིག་སྟོན་པ་ཞེས་པ་ནི་བདེན་པ་བཞིའི་ཐོག་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་གསུངས། འདྲེན་པས་འདི་དང་ལན་གཉིས་ཏེ། །ཡིད་ཆེས་དཀའ་བ་གང་ལགས་ཏེ། །རྣམ་འདྲེན་ཁྱོད་ཀྱིས་དེ་བཤད་དོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །བདག་ཅག་ཆོས་མང་ཐོས་ན་ཡང་། །འདི་འདྲ་བ་ཡི་ཆོས་འདི་ནི། །སྔོན་ཆད་ནམ་ཡང་མ་ཐོས་སོ། །དྲང་སྲོང་ཆེན་པོའི་ལྡེམ་ངག་ལ། །དཔའ་བོ་བདག་ཅག་རྗེས་ཡི་རང་། །ཇི་ལྟར་འཇིགས་མེད་ཤཱ་རིའི་བུ། །འཕགས་པ་འདི་ལ་ལུང་བསྟན་བཞིན། །དེ་འདྲ་བདག་ཅག་འཇིག་རྟེན་དུ། །བླ་མེད་སངས་རྒྱས་གྲུབ་འགྱུར་ནས། །དགོངས་ཏེ་བཤད་པ་སངས་རྒྱས་ཀྱི། །བྱང་ཆུབ་བླ་མེད་སྟོན་པར་ཤོག །འཇིག་རྟེན་འདི་དང་གཞན་དག་ཏུ། །རྫོགས་པའི་སངས་རྒྱས་མཉེས་བགྱིས་ཏེ། །བདག་ཅག་དགེ་བ་ཅི་བགྱིས་པ། །བྱང་ཆུབ་ཏུ་ཡང་སྨོན་པར་ཤོག །ཅེས་གསུངས་ཏེ། བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཆོས་འཁོར་དང་པོ་དང་། འདྲེན་པས་འདི་དང་ལན་གཉིས་ཏེ། །ཞེས་པའི་ཚིག་འདིས་འདི་འཁོར་ལོ་གཉིས་པའི་ཁོངས་སུ་གཏོགས་དགོས་པ་འདྲ་པོ་ཞིག་འདུག། དེ་དག་གིས་དེ་རིང་སངས་རྒྱས་ཀྱིས་གསུངས་པ་དེ་ཡིད་ཆེས་དཀའ་བ་འདུག་སྟེ། རྣམ་འདྲེན་ཁྱེད་ཀྱིས་གསལ་བར་གསུངས་པ་དེ་བཀའ་དྲིན་ཆེ་ཞེས་དང་། ད་ལྟའི་བར་དུ་ཐེག་པ་གསུམ་དུ་གྲུབ་པ་ཐོས་པ་ལས། ཐེག་པ་གཅིག་ཏུ་གྲུབ་པའི་གདམས་ངག་འདི་སྔོན་ཆད་མ་ཐོས་པས་ད་ལྟ་ང་ཚོ་ལའང་བསམ་བློ་ག་རེ་སྐྱེས་སོང་ཞེ་ན། བདག་ཅག་འཇིག་རྟེན་དུ། །བླ་མེད་སངས་རྒྱས་གྲུབ་འགྱུར་ནས། །དགོངས་ཏེ་བཤད་པ་སངས་རྒྱས་ཀྱི། །བྱང་ཆུབ་བླ་མེད་སྟོན་པར་ཤོག །ཞེས་སངས་རྒྱས་ཀྱིས་བདག་ཅག་ཀྱང་བྱང་ཆུབ་ཏུ་ལུང་སྟོན་པར་ཤོག་ཅིག་ཅེས་གསུངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་རེད། འདི་དག་ནི་འཁོར་རྣམ་པ་བཞི་དང་ལྷ་ལ་སོགས་པས་སངས་རྒྱས་ལ་བསྟོད་པའམ་བསྔགས་པའི་ཚིག་བསྡུས་པ་རྣམས་ཡིན།

དེ་ནས་སླར་ཡང་ཤཱ་རིའི་བུས་སངས་རྒྱས་ལ་གསོལ་བ་བཏབ་པ་ནི། སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་བསྟན་པའི་གདམས་ངག་དེ་ཚོ་དང་། ལྷག་པར་དུ་ང་རང་དེ་བཞིན་གཤེགས་པ་པདྨའི་འོད་ཅེས་བྱ་བའི་ངོ་བོར་སངས་རྒྱས་པར་བྱང་ཆུབ་ཏུ་ལུང་བསྟན་པ་དངོས་སུ་ཐོས་པ་ཡིན་སྟབས། ངའི་ཐེ་ཚོམ་ཚང་མ་ཆོད་སོང་། ཡིན་ནའང་ད་དུང་བཅོམ་ལྡན་འདས་ཀྱི་སློབ་མ་སྟོང་ཉིས་བརྒྱ་པོའི་བསམ་བློའི་ནང་དགྲ་བཅོམ་པའི་གོ་འཕང་ཐོབ་ན། ངའི་ཆོས་འདུལ་བའི་མཐར་ཐུག་པ་ཡིན་ནོ།། ཞེས་འདི་མཐར་ཐུག་པ་ཡིན་སྙམ་པ་དེ་ཁོང་ཚོའི་བསམ་བློའི་ནང་བསྡད་ཡོད། དེ་བཞིན་སངས་རྒྱས་ཀྱི་འཁོར་གྱི་ནང་དུ་སློབ་པ་དང་མི་སློབ་པའི་གདུལ་བྱ་མང་པོས་ད་དུང་མཐར་ཐུག་གི་ཐེག་པ་གསུམ་ཡོད་པའི་ཐེ་ཚོམ་མ་ཆོད་པ་དང་། སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་ལྡེམ་པོར་དགོངས་པའམ་དགོངས་གཞི་དང་དགོས་པ་གང་འདྲ་ཞིག་གི་ཐོག་ནས་གསུངས་པ་དེ་ཡག་པོ་མ་ཤེས་པ་མང་པོ་ཡོད། དེར་བརྟེན་དེ་ཚོའི་ཐེ་ཚོམ་བསལ་བའི་ཆེད་དུ་སངས་རྒྱས་ཀྱིས་སླར་ཡང་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཚུལ་དང་། མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་ལྡེམ་དགོངས་ཡིན་པ་དང་། དགོངས་གཞི་ཅན་ཡིན་པ། དགོངས་པ་གཞན་དུ་དྲང་དགོས་པ་ཡིན་པ་དེ་གསལ་བཤད་གནང་རོགས་གནང་ཞེས་སངས་རྒྱས་ལ་བསྐྱར་དུ་ཞུས་པ་རེད། དེ་ལ་དེ་བཞིན་གཤེགས་པས་གང་གསུངས་པ་རེད་ཅེ་ན། གང་ལྟར་ཚིག་དང་རྣམ་གྲངས་གང་གི་ཐོག་ནས་དོན་ཅི་ཞིག་བསྟན་ནའང་། མཐར་གདུལ་བྱ་སངས་རྒྱས་ཀྱི་གོ་འཕང་ལ་དཀྲི་བའི་ཆེད་དང་། སངས་རྒྱས་ཀྱི་གོ་འཕང་ལ་འཛུད་པའི་ཆེད་རེད། གནས་ཚུལ་དེ་དག་དཔེའི་སྒོ་ནས་བསྟན་ན་གོ་སླ་བ་ཡིན་སྟབས། ངས་དཔེ་དང་སྦྱར་ནས་ལྡེམ་པོར་གསུངས་པ་དེ་ཚོ་ཇི་ལྟར་ཡིན་པ་དང་། དེའི་དགོས་པ་དང་རྒྱུ་མཚན་རྣམས་དཔེའི་སྒོ་ནས་གསུང་གི་ཡིན་ཞེས་གསུངས་པ་རེད།

དཔེའི་སྒོ་ནས་བསྟན་པའི་ཐོག་མར་དཔེའི་རྣམ་གཞག་དང་། དེའི་དོན་གྱི་རྣམ་གཞག་ལ་ཚིག་ཚོགས་ཧ་ཅང་མང་བས། རེ་རེ་བཞིན་གོ་བསྡུར་བྱེད་རྒྱུའི་གོ་སྐབས་མེད། བཀའ་མོལ་གསུང་སྟངས་འདི་ནི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་སྟོན་པ་འཇིག་རྟེན་དུ་བྱོན་པའི་སྐབས་ཀྱི་རྒྱ་གར་ནང་སྤྱིར་སྐད་ཆ་ཤོད་སྟངས་དང་། ལྷག་པར་དུ་སྐབས་དེར་ལེགས་སྦྱར་གྱི་སྐད་དུ་སྐད་ཆ་ཤོད་སྟངས་ཀྱི་འགྲོས་ལྟ་བུ་རེད། གང་ལྟར་ཚིག་ཚོགས་རིང་པོ་དི་མི་དགོས་པར། དོན་དག་རྡོག་རྡོག་གང་གསུང་གི་ཡོད་ཅེ་ན། སངས་རྒྱས་རང་ཉིད་ཕར་ཚུར་འགྲོ་སྤྱོད་སོགས་ལས་སླ་པོ་མི་ཐུབ་པའི་ཁྱིམ་བདག་རྒས་འཁོགས་ཤིག་དང་། ཁོང་ལ་ཕྲུ་གུ་ཆུང་ཆུང་མང་པོ་ཡོད་པ་རྣམས་གདུལ་བྱའམ་སེམས་ཅན་གྱི་དཔེ་ལ་བཀོད། དེ་ནས་ཁམས་གསུམ་འཁོར་བ་དེ་ཁྱིམ་བདག་དེའི་གཞི་རྒྱ་ཆེ་བའི་ཁང་པ་རྙིང་པ་ཞིག་ཆོག་ཡོད་པ་དེའི་དཔེ་ལ་བཀོད། ཁང་པ་དེ་ནས་མར་འདོན་ས་དང་ཡར་འཛུལ་སའི་སྒོ་གཅིག་མ་གཏོགས་མེད་པ་བཞིན་འཁོར་བ་ལ་འཇུག་པ་དེ་མ་རིག་པས་བྱེད་ཀྱི་ཡོད་པ་དང་། འཁོར་བ་ལས་ཐར་བ་དེ་རིག་པ་ཡེ་ཤེས་ཀྱིས་བྱེད་ཀྱི་ཡོད་པ་མཚོན་བྱེད་དུ་སྒོ་གཅིག་མ་གཏོགས་མེད་པའི་དཔེ་ལ་བཀོད། ཕྲུ་གུ་དེ་ཚོ་བསམ་བློ་མ་འཁོར་བ་དང་ལྟད་མོ་ཤ་སྟག་ལ་གཡེངས་པ་བཞིན་འཁོར་བའི་སེམས་ཅན་དེ་དག་ཉོན་མོངས་པས་གཡེངས་ནས་བསྡད་པའི་དཔེ་ལ་བཀོད། དེ་ནས་ཁང་པ་དེ་མེ་ཤོར་ཏེ་ཕྲུ་གུ་ཚང་མ་འཚིག་རྒྱུའི་ཉེན་ཁ་ཡོད་པའི་སྐབས་སུ། ཕས་ཁྱོད་ཚོ་ཁང་པ་ཕྱི་ལ་ཐོན་ཤོག་བརྗོད་ན། ཕྲུ་གུ་ཚོ་རྩེད་མོར་གཡེངས་ནས་ཁང་པ་ནས་འཐོན་རྒྱུའི་འདོད་པ་བྱེད་ཀྱི་མེད་པར་བརྟེན། ཕ་དེས་ཕྱི་ནས་སྐད་བརྒྱབས་ཏེ་ཁྱོད་ཚོས་ཁ་སང་སྔོན་མ་ནས་དགོས་ཡོད་ཅེས་བཤད་པའི་རྩེད་ཆས་རྣམས་སླེབས་སོང་། གླང་གིས་འདྲེན་པའི་ཤིང་རྟ་གཅིག་དང་། ར་ཡིས་འདྲེན་པའི་ཤིང་རྟ་གཅིག་དང་། རི་དྭགས་ཀྱིས་འདྲེན་པའི་ཤིང་རྟ་གཅིག་བཅས་རྒྱན་ཆས་བརྒྱན་པ་རྣམས་ཕྱི་ལ་ས་ཆ་གུ་ཡངས་པོ་ཞིག་ལ་བཞག་ཡོད། དགོས་ཀྱི་འདུག་ན་མགྱོགས་པོ་ཐོན་ཤོག་མ་གཏོགས། སུ་སྔོན་ལ་སླེབས་པ་དེས་འཁྱེར་འགྲོ་གི་རེད་ཅེས་བརྗོད་པ་དེ་སངས་རྒྱས་ཀྱིས་ལྡེམ་དགོངས་ཀྱི་སྒོ་ནས་ཐེག་པ་གསུམ་དུ་བསྟན་པའི་དཔེ་ལ་བཀོད། དེ་ལྟར་ཕྲུ་གུ་དེ་ཚོ་འཚང་ཁ་ཤིག་ཤིག་སྔོན་ལ་སུ་སླེབས་ཐོག་ནས་རྒྱུག་ཡོང་བ་དེ་སངས་རྒྱས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་ལ་བརྟེན་ནས་ཐེག་པ་གསུམ་གྱི་རིགས་ཅན་རྣམས་སངས་རྒྱས་ཀྱི་ཆོས་ལ་མྱུར་བར་འཇུག་པའི་དཔེ་ལ་བཀོད། མཐར་ཕྲུ་གུ་རྣམས་མེས་འཇིགས་པ་མེད་པའི་ས་ཆ་དེར་སླེབས་པའི་རྗེས་སུ་ཕ་ལ་ཤིང་རྟ་གསུམ་གང་དུ་ཡོད་ཅེས་བརྗོད་པའི་སྐབས། ཕས་ཤིང་རྟ་གསུམ་དགོས་ཀྱི་མ་རེད། ངས་གླང་གི་ཤིང་རྟ་འདི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་སྙིང་རྗེ་པོ་ཡག་པོ་ཞིག་བཟོས་ཡོད་ཅེས་བརྗོད་པར། ཕྲུ་གུ་ཚོས་ཀྱང་ཤིང་རྟ་ཆེན་པོ་དེ་སྙིང་རྗེ་པོ་དང་ཡག་པོ་ཡོད་པ་མཐོང་བའི་སྐབས་སུ་རའི་ཤིང་རྟ་དང་རི་དྭགས་ཀྱི་ཤིང་རྟ་དགོས་ཡོད་ཅེས་ཨུ་ཚུགས་མ་བརྒྱབས་པར་ཤིང་རྟ་གཅིག་གིས་འགྲིགས་པ་བཞིན། སངས་རྒྱས་ཀྱིས་ཀྱང་སེམས་ཅན་ལ་ཐོག་མར་ཐེག་པ་གསུམ་གྱི་རྣམ་གཞག་བསྟན་ནས་མཐའ་མ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གི་རྣམ་གཞག་བསྟན་པའི་སྐབས་སུ་ཚང་མ་དེའི་ནང་ཞུགས་ནས་འགྲོ་བ་ལྟ་བུ་རེད། གང་ལྟར་ཐབས་ལ་མཁས་པའི་སྒོ་ནས་གདུལ་བྱ་འདུལ་བའི་རིམ་པ་དེ་གཙོ་བོར་གསུངས་པ་ཡིན་སྟབས། དངོས་ཡོད་མ་ཡིན་པའི་གནས་ཚུལ་གསུངས་ནའང་རྫུན་ཆགས་ཀྱི་མེད། དཔེ་དོན་དེ་དག་ཚིག་ལྷུག་ནང་རིང་པོ་ཡོད་པ་བཞིན་ཚིགས་བཅད་ཀྱང་ཧ་ཅང་རིང་པོ་རེད། ཤློཀ་བརྒྱ་དང་བཅུ་བཞིའི་ནང་བཀྲལ་ནས་གསུངས་ཡོད།

ཚིག་ལྷུག་ནང་མེད་ལ་ཤློཀ་བརྒྱ་དང་བཅུ་བཞིའི་ནང་གསུངས་པ་དེའི་ནང་ངེས་པར་དུ་དོ་སྣང་བྱེད་དགོས་པ་དེ། ཐེག་པ་རིམ་པ་སྣ་ཚོགས་གསུངས་པའི་རྒྱུ་མཚན་གྱིས་ཐེག་པ་གསུམ་དུ་བསྟན་པའི་མདོ་སྡེ་རྣམས་སངས་རྒྱས་ཀྱི་གསུང་མ་རེད་ཟེར་བ་དང་། ཡང་ན་ཐེག་པ་གཅིག་ཏུ་བསྟན་པའི་མདོ་སྡེ་རྣམས་སངས་རྒྱས་ཀྱི་གསུང་མ་རེད་ཟེར་བ་སོགས་གང་ལྟར་སངས་རྒྱས་ཀྱི་གསུང་ལ་བཟང་ངན་གྱི་དབྱེ་བ་ཕྱེ་བའམ། སངས་རྒྱས་ཀྱིས་གསུངས་པའི་མདོའི་ནང་བཟང་ངན་གྱི་དབྱེ་བ་ཕྱེ་ན། ཆོས་སྤོང་བའི་ལས་ངན་ཚབས་པོ་ཆེ་གསོག་གི་ཡོད་པ་དང་། ཐབས་ལ་མཁས་པའི་སྒོ་ནས་གསུངས་པ་རྣམས་རྫུན་གསུངས་པ་མ་ཡིན་པར་སྒྲུབ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དེ་དག་ཀྱང་ལེགས་པར་གསུངས་པ་དང་བདེན་པར་གསུངས་པ་ཡིན་པ་གང་ཞིག་ལ། དགོངས་གཞི་དང་དགོས་པ་དངོས་ལ་གནོད་བྱེད་ཀྱི་སྒོ་ནས་དྲང་དོན་དུ་འགྲེལ་དགོས་པ་ཡིན་སྟབས། ངེས་དོན་གྱི་སངས་རྒྱས་ཀྱི་གསུང་དང་ཁྱད་པར་མེད་པར་རྩ་ཆེན་པོ་ཡིན་པར་བརྩི་དགོས་པ་དེ་རེད། དེར་བརྟེན་ཐེག་པ་དམན་པའི་ཕྱོགས་ལ་ཞེན་ནས་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་གསུང་རྣམས་སངས་རྒྱས་ཀྱི་གསུང་མ་རེད་བརྗོད་རྒྱུ་དང་། དེ་བཞིན་ཐེག་པ་ཆེན་པོའི་གསུང་ལ་ཞེན་ནས་ཐེག་དམན་གྱི་མདོ་སྡེ་རྣམས་བྱབ་མེད་པ་དང། རྩ་ཆེན་པོ་མིན་པ། དགོས་མཁོ་མེད་ཅེས་བརྗོད་ན། དེ་དག་དམ་པའི་ཆོས་སྤོང་བའི་ལས་ཚབས་པོ་ཆེ་གསོག་གི་ཡོད་པ། དེར་བརྟེན་དེ་འདྲ་བརྗོད་རྒྱུ་མེད་ཅེས་པ་དེ་ཚིགས་བཅད་དེ་ཚོའི་ནང་ཞིབ་པར་བཀྲལ་ཡོད།

འདི་ནི་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། སངས་རྒྱས་ཀྱི་བཀའ་ལ་བཟང་ངན་གྱི་འདུ་ཤེས་བྱེད་པ་ནི་ཆོས་སྤོང་གི་ལས་ཚབས་ཆེན་ཡིན་ཞེས་མདོ་སྡེ་གཞན་ནང་ལའང་མང་པོ་གསུངས་ཡོད། གང་ལྟར་བཀའ་ལ་ལར་བཟང་བའི་འདུ་ཤེས་དང། བཀའ་ལ་ལར་ངན་པའི་འདུ་ཤེས་བྱེད་རྒྱུ་ནི་སངས་རྒྱས་ཀྱི་གསུང་ལ་ཐོས་བསམ་ཚད་ལྡན་མ་བྱུང་བའི་རྟགས་རེད། གལ་ཏེ་སངས་རྒྱས་ཀྱི་གསུང་ལ་ཐོས་བསམ་ཚད་ལྡན་བྱུང་ན། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་ཞེས་ལམ་རིམ་ནང་གསུངས་པ་དེ་ཡོང་རྒྱུ་རེད། གང་ལགས་ཤེ་ན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་རྫོགས་པའི་ནང་གང་ཟག་གཅིག་གི་ཉམས་ལེན་ལ་མི་མཁོ་བར་འདོར་དུ་རུང་བ་ཡི་གེ་ན་གཅིག་ཀྱང་མེད། དེས་ན་རྒྱལ་བའི་བཀའ་ཐམས་ཅད་གདུལ་བྱ་འདུལ་བའི་ཐབས་འབའ་ཞིག་ཏུ་གྱུར་པ་ཡིན་སྟབས། ཕ་དེས་ཤིང་རྟ་གསུམ་ཡོད་ཅེས་བརྗོད་དེ་མཐའ་མར་ཤིང་རྟ་གསུམ་མེད་ནའང་། ཤིང་རྟ་གཅིག་གིས་ཕྲུ་གུ་ཐམས་ཅད་ཀྱི་མངོན་འདོད་གྲུབ་ཐུབ་པ་བཞིན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་བླང་བྱ་མ་གཏོགས་འདོར་བར་བྱ་བ་གཅིག་ཀྱང་མེད་པ་དེ་གོ་དགོས།

དེ་བཞིན་ཤློཀ་དེ་ཚོའི་ནང་བསྟན་པའི་སྣོད་དེ་སྣོད་རུང་ཡིན་མིན་བརྟག་དགོས་པ་དེ་གལ་ཆེན་པོ་ཡིན་པར་གསུངས་ཡོད། དཔེར་ན། ཐེག་པ་གཅིག་ཏུ་བསྟན་པའི་སྣོད་དུ་མ་རུང་བའི་གདུལ་བྱ་ལ་ཐེག་པ་གཅིག་བསྟན་ན་ལོག་ལྟ་སྐྱེ་བ་དང་། དེ་ལ་བརྟེན་ནས་ཆོས་སྤོང་གི་ལས་གསོག་པའི་ཉེས་པ་ཡོད་པ་ཡིན་སྟབས། གདུལ་བྱའི་སྣོད་བརྟག་དགོས་པ་དང་། དེ་བཞིན་སྣོད་དུ་རུང་བའི་ཚད་ཇི་ལྟར་ཡིན་པ་རྣམས་བསྟན་ཡོད། དེས་ན་དཔེའི་ལེའུ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཚིགས་བཅད་རེ་རེ་བཞིན་དོན་རྣམས་ངེས་པར་བྱེད་ཐུབ་དགོས། འདི་ཡན་ཆད་ཀྱིས་ཐབས་ལ་མཁས་པའི་ལེའུ་དང་དཔེའི་ལེའུ་གཉིས་ཀྱི་ནང་དོན་མདོར་བསྡུས་བསྟན་པ་ཡིན།

ཁ་སང་ཞུས་པ་བཞིན་དུས་ཚོད་ཀྱི་ཆ་ནས་དང་ཚིག་ཚོགས་མང་པོ་ཡིན་སྟབས། ཚིག་རེ་རེ་བཞིན་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཁག་པོ་རེད། དེ་བཞིན་དཔེའི་ལེའུའི་ཚིགས་བཅད་དེ་ཚོའི་ནང་རང་གིས་ཉམས་སུ་ལེན་པ་ཙམ་དུ་མ་ཟད། དམ་ཆོས་པདྨ་དཀར་པོ་འདི་སྣོད་དུ་རུང་བའི་གང་ཟག་གཞན་ལ་འཆད་པ་དང་སྤེལ་བའི་ཐོག་ནས་བསོད་ནམས་ཀྱི་ཚོགས་གསོོག་ཚུལ་སོགས་ཀྱང་འདིའི་ནང་མང་པོ་གསུངས་ཡོད། འདི་གཞིར་བཟུང་བྱེད་ན་མ་འོངས་པ་ལ་སངས་རྒྱས་པར་འགྱུར་བའི་ལུང་བསྟན་ཐོབ་པའི་གང་ཟག་སློབ་པ་དང་མི་སློབ་པ་ཅི་རིགས་ཡོད་པ་ཞིག་རེད། གང་ཟག་སློབ་པ་ཚོ་ལའང་སྐབས་འདིར་ལུང་བསྟན་ཐོབ་པ་བྱུང་ཡོད། ལུང་བསྟན་ཐོབ་པ་རྣམས་རྗེས་སུ་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པའང་ཡོད། སྐབས་འདིར་ཤཱ་རིའི་བུ་ལུང་བསྟན་ཐོབ་པའི་རྗེས་སུ་དགྲ་བཅོམ་པ་གཞན་མང་པོ་ལའང་ལུང་བསྟན་ཐོབ་པ་བྱུང་ཡོད། དཔེར་ན། སློབ་པའི་གང་ཟག་ཀུན་དགའ་བོ་དང་སྒྲ་གཅན་འཛིན་ལྟ་བུའང་མ་འོངས་པ་ལ་དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཐོབ་པ་རེད། ཡིན་ནའང་ཀུན་དགའ་བོ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་མ་གཏོགས་དགྲ་བཅོམ་པའི་གོ་འཕང་ཐོབ་མེད། དེས་ན་ལུང་བསྟན་བརྙེས་པའི་གང་ཟག་ཡིན་ཡང་ཐོག་མར་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པ་དང་། དེ་ནས་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐོག་ནས་བྱང་ཆུབ་སེམས་དཔའི་ལམ་ལ་གཞི་ནས་ཞུགས་པ་རེད། དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་རྣམས་ལམ་ལ་ཞུགས་པའི་སྐབས་སུ་ལམ་གྱི་རིམ་པ་ཕྲན་བུ་མི་འདྲ་བ་ཡོད་པ་དེ་ད་ལྟ་འདིར་བཤད་མི་དགོས་པ་དང། གང་ལྟར་ལམ་ལ་འཇུག་རྒྱུ་ཡོད་པ་དེ་ཧ་ཅང་གསལ་པོ་རེད།

མདོ་སྡེ་འདིའི་བསྟན་བྱ་གཙོ་བོ་ལྟ་བུ་དེ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པ་དང་། དེའི་དཔེ་མཚོན་ལྟ་བུ་ནི་ཤཱ་རིའི་བུ་དགྲ་བཅོམ་པའི་གོ་འཕང་བརྙེས་པ་ལའང་མ་འོངས་པར་བྱང་ཆུབ་སེམས་དཔར་གྱུར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལུང་བསྟན་ཐོབ་པ་དེ་རེད། ལུང་བསྟན་ཐོབ་པའི་གང་ཟག་རྣམས་ལམ་ལ་སློབ་པ་ལ་མྱུར་བ་ལྟ་བུ་རེད། དེས་ན་ང་ཚོས་ཤཱཀྱ་ཐུབ་པའི་སྐུ་དངོས་སུ་མཇལ་རྒྱུ་བྱུང་མེད་པར་བརྟེན། ཤཱཀྱ་ཐུབ་པའི་སྐུ་འདུན་ནས་ལུང་བསྟན་མ་ཐོབ་པ་ཡིན་སྟབས། ནམ་ཞིག་རྡོ་རྗེའི་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨོ་ཁ་ཕྱེ་ནས། །བསྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག །དེ་ཚེ་རྒྱལ་བ་བྱམས་པ་རབ་ཏུ་དགྱེས།། ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །འགྲོ་ཀུན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་རྣམ་འདྲེན་ལྔ་པ་བྱམས་པའི་སྐབས་སུ་ལུང་བསྟན་ཐོབ་པའི་སྨོན་ལམ་རྒྱག་གི་ཡོད། སྐབས་དེར་ང་ཚོར་ལུང་བསྟན་ཐོབ་ན། ལམ་བགྲོད་པའི་རིམ་པ་དེ་མྱུར་དུ་དང་བརྩོན་འགྲུས་ཆེ་རུ་འགྲོ་བའི་རེ་བ་ཡོད་པ་ཡིན་པ་རེད།

འདི་ཡན་ཆད་ཀྱིས་ལེའུ་གསུམ་ཟིན་པ་རེད། ཐབས་ལ་མཁས་པའི་ལེའུའི་དོན་གཙོ་བོ་ནི་མཐར་ཐུག་ཐེག་པ་གསུམ་དུ་གསུངས་པ་དེ་ལྡེམ་པར་དགོངས་ནས་གསུངས་པ་དང། དེ་ནི་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ཡིན་པའི་དབང་གིས་གསུངས་པ། དེ་ནི་དྲང་དོན་དུ་འགྲེལ་བ་མ་གཏོགས་རྫུན་དུ་མི་ཐལ་བ། གལ་ཏེ་འདི་རྫུན་དུ་ཐལ་ན་མདོ་སྡེ་སྤོང་བ་དང་ཆོས་སྤོང་བའི་ཉེས་དམིགས་ཡོད་པ། དེ་བཞིན་ཐེག་པ་སྣ་ཚོགས་དང་གྲུབ་མཐའ་སྣ་ཚོགས་སུ་བསྟན་པ་ཐམས་ཅད་ལ་བརྙས་སྨོད་བྱ་མི་རུང་བ། དེ་ཚོ་ཚང་མ་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་མི་འགྲོ་བ་གཅིག་ཀྱང་མེད་པ་ཡིན་པ་དེ་ཤེས་དགོས་པ་གསུངས།

ལེའུ་བཅོ་ལྔ་པ། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ།

ལེའུ་འདིའི་མཚན་ལ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ་ཞེས་གསུངས་པ་ལ་ཧོབ་སྟེ་བལྟས་ན། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་ལྟ་བུ་གོ་གི་རེད། འོན་ཀྱང་འདིས་རྣམ་འདྲེན་བཞི་པའི་ངོ་བོར་བྱོན་པའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱི་རྣམ་གཞག་བཤད་ཀྱི་མེད། འདིས་ནི་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ད་ལྟའི་བར་དུ་སྐུ་ཚེ་ཇི་ཙམ་འཚོ་ཞིང་གཞེས་པ་དེའི་སྐོར་བཤད་ཀྱི་ཡོད། སྤྱིར་བཏང་ཤཱཀྱ་ཐུབ་པས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་དང་། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་ཚུལ། མཐར་མངོན་པར་རྫོགས་པར་སངས་རྒྱས་ཚུལ་གསུམ་ལ་ཉན་ཐོས་སྡེ་པའི་བཤད་ཚུལ་དང་། ཐེག་ཆེན་ཐུན་མོང་བའི་བཤད་ཚུལ། ཐེག་ཆེན་ཐུན་མོང་མ་ཡིན་པ་སྔགས་ཀྱི་བཤད་ཚུལ་གསུམ་མི་འདྲ་བ་རེད།

དེ་ལྟར་མི་འདྲ་བ་ཡོང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། ཉན་ཐོས་སྡེ་པའི་འདོད་ཚུལ་ལྟར་ན། ལྷའི་བུ་དམ་པ་ཏོག་དཀར་པོ་དེ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གི་ཐོགས་པ་དང་། དེ་ནས་སྐྱེ་བ་ཐ་མ་ལ་གཞོན་ནུ་དོན་གྲུབ་ཀྱི་ངོ་བོར་སྐྱེ་བ་བཞེས་པ། དེ་ལྟར་མཛད་པ་བཅུ་གཉིས་ཀྱི་ནང་ནས་མཛད་པ་དགུ་སེམས་ཅན་གྱི་མཛད་པའམ། ཡང་ན་བྱང་ཆུབ་སེམས་དཔའི་མཛད་པ་དང་། སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་འདས་པ་བཅས་མཛད་པ་གསུམ་པོ་སངས་རྒྱས་ཀྱི་མཛད་པར་གཟིགས། དེ་བཞིན་ཐུགས་བསྐྱེད་ཚུལ་དང་ཚོགས་གསོག་ཚུལ་ལ་ཡང་བཤད་ཚུལ་མི་འདྲ་བ་རེད། ཐེག་ཆེན་ཐུན་མོང་བའི་བཤད་ཚུལ་ལྟར་ན། ཤཱཀྱ་ཐུབ་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཟིན་པ་དང། ཡིན་ནའང་བསྐལ་པ་འདི་ལ་མི་མཇེད་འཇིག་རྟེན་གྱི་ཞིང་དུ་རྣམ་འདྲེན་བཞི་པའི་ངོ་བོར་མཆོག་གི་སྤྲུལ་སྐུའི་མཛད་པ་བཞེས་ནས་ཕེབས་པའི་སྐབས་སུ། དམ་པ་ཏོག་དཀར་སངས་རྒྱས་ཟིན་ནའང་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་དང། བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་དེས་སྐྱེ་བ་བཞེས་པའི་ཚུལ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚུལ་སོགས་མཛད་པ་བཅུ་གཉིས་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་མཛད་པ་ཡིན་རུང་། དགུ་པོ་དེ་སེམས་ཅན་གྱི་མཛད་པའི་ཚུལ་དང་། ཐ་མ་གསུམ་པོ་སངས་རྒྱས་ཀྱི་མཛད་པའི་ཚུལ་བསྟན་པར་བཤད། གནས་ཚུལ་ཐ་དད་པ་གཉིས་པོ་དེ་མ་འདྲེས་པ་དགོས་པ་དེ་གལ་ཆེན་པོ་རེད།

སྔོན་དུ་བསྟན་པ་སྤྱིའི་རྣམ་གཞག་བཤད་པའི་སྐབས་སུ་སངས་རྒྱས་ཀྱི་རྣམ་ཐར་དེ་བྱུང་བ་རིག་པ་དང་བསྟུན་ནས་བཤད་རྒྱུ་ཞིག་དང་། སངས་རྒྱས་ཀྱི་གཞུང་ལུགས་རང་གི་ཐོག་ནས་བཤད་རྒྱུ་བཅས་གཉིས་ཡོད་ཚུལ་ཞུས་པ་ཡིན། སྐྱེ་བོ་ཕལ་པའི་སྣང་ངོ་ལ་གང་བྱུང་བ་དེ་བྱུང་བ་རིག་པ་ཆགས་ཀྱི་རེད་མ་གཏོགས། སྐྱེ་བོ་ཕལ་བའི་སྣང་ངོ་ལ་མ་བྱུང་བར་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་རྣམས་བྱུང་བ་རིག་པའི་ནང་སླེབས་ཐབས་མེད། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པས་དམ་ཆོས་པད་དཀར་གསུངས་པའི་སྐབས་སུ་སངས་རྒྱས་ནས་རིང་པོར་མ་ལོན་པ་རེད་ཅེས་བཤད་པ་དང་། དེ་འདྲའི་མཐོང་ཚུལ་ཡོད་པ་རྣམས་ངེས་པའི་དོན་དུ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་རིང་པོར་མ་ལོན་པ་མིན་པ་བསྒྲུབ་རྒྱུའི་ཆེད་དུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ་འདི་བྱུང་བ་རེད། ཅེས་གསུངས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཞེས་སོགས་གསུངས་ནས་ཆོས་ཐུན་དང་པོ་གྲོལ།

ཆོས་ཐུན་གཉིས་པར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

ད་གིན་གོང་དུ་ཞུས་པ་བཞིན། ལེའུ་བཅོ་ལྔ་པ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ལེའུ་དེའི་སྐོར་ལ་འགྲོ་བཞིན་པ་རེད། སྤྱིར་བཏང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་མཚན་ནས་སྨོས་སྐབས་ཡོངས་གྲགས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས། བཅོམ་ལྡན་འདས། ཞེས་མདོའི་ནང་གསུངས་པའི་སངས་རྒྱས་ཀྱི་མཚན་བརྗོད་ཚུལ་ལ་ཚིག་རེ་རེ་བཞིན་གོ་བ་ལེན་ཚུལ་ཐ་དད་ཡོད་རེད། ད་ལྟ་དུས་ཚོད་མེད་པ་ཡིན་སྟབས། དེ་ལྟར་ཡོད་རེད་ཅེས་ཞུས་པ་ཙམ་ཡིན།

གང་ལྟར་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ལ་ཉན་ཐོས་སྡེ་གཉིས་ཀྱི་ལྟ་ཚུལ་དང་། ཐེག་ཆེན་ཐུན་མོང་བའི་ལྟ་ཚུལ། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་སྔགས་དང་འབྲེལ་བའི་ལྟ་ཚུལ་བཅས་དེ་བཞིན་གཤེགས་པའི་ངོ་བོའམ་སངས་རྒྱས་ཀྱི་ངོ་བོ་ལ་མི་འདྲ་བ་སྣ་ཚོགས་རེད། ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལྟར་ན། གཞོན་ནུ་དོན་གྲུབ་དེ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེས་པའི་སེམས་ཅན་ཞིག་ཡིན་པ་དང་། དེའི་ལུས་དེའང་ལས་ཉོན་གྱིས་འཕངས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་པ། བདུད་བཞི་ལ་སོགས་པ་བཅོམ་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་སྐབས་སུ་སངས་རྒྱས་ཀྱི་ཡེ་ཤེས་གང་གི་སྟེང་དུ་ཡོད་པའི་ཕུང་པོ་དེ་སྔར་གྱི་ལས་ཀྱིས་འཕངས་པའི་ཟག་བཅས་ཀྱི་ཕུང་པོའི་ལྷག་མ་འདི་རང་ཡིན་པ་ཞིག་ལ་བསམ་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ལ་རྨ་བཟོ་རྒྱུ་ཡོད་པ་དང་། སྙུང་གཞི་བཞེས་རྒྱུ་ཡོད་པ། མྱ་ངན་ལས་འདའ་རྒྱུ་ཡོད་པ་བཅས་བྱུང་བ་རེད། དེར་བརྟེན་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པ་མ་གཏོགས། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཞེས་བརྗོད་ཀྱི་མེད།

ཐེག་པ་ཆེན་པོའི་ལུགས་ལ་སངས་རྒྱས་བཤད་པའི་སྐབས་སུ་སྐུ་གསུམ་ངེས་པར་དུ་ཤེས་དགོས། སངས་རྒྱས་དངོས་སམ་སངས་རྒྱས་ཀྱི་རང་བཞིན་དེ་གང་རེད་ཅེ་ན། ཆོས་སྐུ་དེ་རེད། ཆོས་སྐུ་ལའང་ཡེ་ཤེས་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་གཉིས་རེད། སངས་རྒྱས་ཀྱི་སྐུ་བཞིའི་རྣམ་གཞག་བཤད་པའི་སྐབས་སུ། སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གཡོ་བ་དང་རྒྱུ་བ་སོགས་མེད་པར་རྟག་ཏུ་མཉམ་རྗེས་དབྱེར་མེད་ཀྱི་ངོ་བོར་ཡོད་པ་དང་། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་གཅིག་ཅར་དུ་གཟིགས་པ་ལ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད། ཡེ་ཤེས་ཆོས་ཀྱི་སྐུས་ཆོས་ཐམས་ཅད་ལ་ཁྱབ་པར་བཤད་ཅིང་། དེ་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུ་དེ་རང་བཞིན་གྱིས་མ་གྲུབ་པ་མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས། རང་བཞིན་གྱིས་སྟོང་པའི་ངོ་བོ་དེ་ངོ་བོ་ཉིད་ཀྱི་སྐུ་དེ་རེད། གང་ལགས་ཤེ་ན། སློབ་པ་ལམ་གྱི་གནས་སྐབས་ཀྱི་སེམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པའི་སྐུའི་ངོ་བོ་ལ་གྱུར་པ་ཡིན་སྟབས། སློབ་པ་ལམ་གྱི་གནས་སྐབས་ཀྱི་སེམས་ཀྱི་ཆོས་ཉིད་དང་སངས་རྒྱས་ཀྱི་སེམས་ཀྱི་ཆོས་ཉིད་གཉིས་ལ་ཆོས་ཉིད་ཀྱི་ཆ་ནས་དབྱེ་བ་ཕྱེ་རྒྱུ་མེད། དེ་ནས་འདི་གཟུགས་སྐུའི་རྣམ་པར་ཤར་བའི་སྐབས་སུ་སངས་རྒྱས་པའི་ཡུལ་དེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཞེས་གཟུགས་ཁམས་ཀྱི་ནང་ཞིང་ཁྱད་པར་ཅན་ཞིག་རེད། དེ་ལ་གཟུགས་སྐུ་མཐར་ཐུག་པ་ལོངས་སྐུ་དེ་རེད། ལོངས་སྐུ་དེ་གནས་ངེས་པ་དང་། འཁོར་ངེས་པ། དུས་ངེས་པ། ཆོས་ངེས་པ། མཚན་ངེས་པ་ཞེས་ངེས་པ་ལྔ་ལྡན་རེད། ལོངས་སྐུ་ལ་སྐུ་བལྟམས་པ་དང་མྱ་ངན་ལས་འདས་པ་སོགས་གང་ཡང་མེད། ལོངས་སྐུ་ནས་སྤྲུལ་སྐུའི་རྣམ་པར་བྱོན་བའི་སྐབས་སུ་སྤྲུལ་སྐུ་ལ་མཆོག་གི་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང་། བཟོ་བོ་སྤྲུལ་སྐུ་བཅས་སྤྲུལ་སྐུ་རྣམ་པ་མི་འདྲ་བ་གསུམ་རེད། དེ་བཞིན་སྤྲུལ་སྐུའི་རིགས་སྣ་ཚོགས་ཡོད་སྲིད། སྤྲུལ་སྐུ་ནི་གདུལ་བྱ་ཐུན་མོང་བའི་སྣང་ངོ་དང་མཐུན་པ་ཞིག་དགོས་པར་བརྟེན། སྐུ་བལྟམས་པའི་རྣམ་པ་དང་། སྐུ་བགྲེས་པའི་རྣམ་པ། མྱ་ངན་ལས་འདས་པའི་རྣམ་པ་སོགས་ཚང་མ་ཡོང་བ་རེད། སངས་རྒྱས་སྤྲུལ་སྐུའི་གཟུགས་སུ་བྱོན་པའི་སྐབས་སུ་མཆོག་གི་སྤྲུལ་སྐུ་ཡིན་ནའང་རེད། འདི་ལས་གཞན་པའི་སྐྱེ་བ་སྤྲུལ་སྐུ་ལ་བྱ་དང་རི་དྭགས་སོགས་སྣ་ཚོགས་ཡོད་ཆོག། དེ་དག་ཚང་མ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་གནས་ཚུལ་བསྟན་དགོས་པ་ཞིག་ཆགས་ཀྱི་ཡོད།

དེས་ན་ཐེག་པ་ཆེན་པོའི་ལུགས་ལ་སངས་རྒྱས་ཀྱི་སྐུ་ཚེའི་ཚད་ཅེས་པ་དེ་སྤྲུལ་སྐུའི་དབང་དུ་བྱས་པ་རེད། སྤྲུལ་སྐུ་ལའང་མཆོག་གི་སྤྲུལ་སྐུ་དེ་དག་གི་སྐུ་ཚེའི་ཚད་ཇི་ཙམ་བཞུགས་པ་དེ་ཐོག་མར་ཐུགས་སྐྱེད་དུས་ནས་ངེས་པ་རེད། མི་མཇེད་པའི་འཇིག་རྟེན་གྱི་ཁམས་འདིར་ཕེབས་མཁན་གྱི་བསྐལ་བཟང་སངས་རྒྱས་སྟོང་ལྟ་བུ་ལ་མཚོན་ན། སངས་རྒྱས་སྟོང་པོ་རེ་རེའི་སྐུ་ཚེའི་ཚད་དང་། བསྟན་པ་གནས་པའི་ཚད་དེ་ཚོ་མདོ་སྡེ་བསྐལ་བཟང་ནང་གསུངས་པ་བཞིན་ཚད་ངེས་ཅན་རེད། དེས་ན་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་དེ་ཉན་ཐོས་སྡེ་གཉིས་ཀྱི་དབང་དུ་བྱས་ན། ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཇི་ཙམ་བཞུགས་པ་དེའི་སྐོར་བཤད་ཀྱི་ཡོད། ཐེག་པ་ཆེན་པོའི་དབང་དུ་བྱས་ན། ལོངས་སྐུ་དང་ཆོས་སྐུ་ལ་སྐུ་ཚེའི་ཚད་ཀྱི་རྣམ་གཞག་མེད་ཅིང་། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་ཞེས་གསུངས་པ་བཞིན་མཐའ་མེད་རེད། སྤྲུལ་སྐུའི་རིགས་ལ་སྐུ་ཚེའི་ཚད་ཀྱི་རྣམ་གཞག་དེ་བཤད་དགོས་ཀྱི་རེད།

དམ་ཆོས་པདྨ་དཀར་པོའི་མདོ་སྡེ་འདི་ཐེག་པ་ཆེན་པོའི་མདོ་སྡེ་ཡིན་པ་སྨོས་མེད་རེད། ཡིན་ནའང་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཉན་རང་གི་རིགས་ཅན་ཡང་ཡོད་ཆོག་པ་དང་། གལ་ཏེ་ཆེད་དུ་བྱ་བའི་གདུལ་བྱ་མིན་ནའང་གདུལ་བྱ་ལ་ཡོད་ཆོག། འདིར་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་རྣམ་གཞག་དེ་ཐེག་པ་ཆེན་པོའི་འདོད་ཚུལ་གཞིར་བཟུང་གསུང་གི་ཡོད། ཡིན་ནའང་དྭོགས་པ་བསལ་དགོས་མཁན་གྱི་གདུལ་བྱ་དེ་ཕལ་ཆེར་ཉན་རང་གི་རིགས་ཅན་གྱི་གདུལ་བྱ་ཡིན་དགོས་པ་ལྟ་བུ་ཡོད།

དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། ཞེས་གསུངས་ཏེ། ཐམས་ཅད་དང་ལྡན་པའི་ཞེས་གསུངས་པ་དེ་མདོའི་ནང་མང་པོ་ཡོང་གི་ཡོད། འཁོར་བཞི་ཆ་ཚང་ཡོད་པ་ལ་ཐམས་ཅད་དང་ལྡན་པ་ཞེས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན། དེ་ནས་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་སོགས་འཁོར་ཐམས་ཅད་ཡོད་པ་ལ་ཐམས་ཅད་དང་ལྡན་པ་ཞེས་འགྲེལ་ཚུལ་མི་འདྲ་བ་ཡོད་འདུག

སྐབས་འདིར་འདུས་པའི་འཁོར་གྱི་རྣམ་གྲངས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱིས་གང་བཀའ་སྩལ་བ་རེད་ཅེ་ན། རིགས་ཀྱི་བུ་དག །དེ་བཞིན་གཤེགས་པ་ངས་ཡང་དག་པའི་ཚིག་སྨྲས་པ་ལ་དད་ཅིང་ཡིད་ཆེས་པར་གྱིས་ཤིག །ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག།།དེ་བཞིན་གཤེགས་པ་ངས་ཡང་དག་པའི་ཚིག་སྨྲས་པ་ལ་དད་ཅིང་ཡིད་ཆེས་པར་གྱིས་ཤིག །དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་མདུན་དུ་བཞག་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་འདི་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། །དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་བདག་ཅག་ཡིད་ཆེས་པར་བགྱིད་དོ། །ཞེས་གསུངས་ཏེ། ལེའུ་འདིར་བགྲོ་གླེང་བྱེད་མཁན་གཙོ་བོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་རེད། བྱང་ཆུབ་སེམས་དཔའ་གཞན་དག་གིས་བྱམས་པ་མདུན་དུ་བཞག་ནས། སངས་རྒྱས་ཀྱིས་ངས་ཡང་དག་པའི་ཚིག་གསུངས་པ་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་ལན་གསུམ་དུ་གསུངས་པའི་སྐབས་སུ། བྱམས་པས་ཡིད་ཆེས་པར་བྱེད་ཀྱི་ཡིན། གསུང་རོགས་གནང་ཞེས་ཞུས་པ་རེད།

བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པ་དེ་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་གང་བཀའ་སྩལ་བ་རེད་ཅེ་ན། རིགས་ཀྱི་བུ་དག།།དེའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་འདི་ལྟ་བུ་འདི་ཉོན་ཅིག །ཞེས་གང་གི་དོན་ཐོས་པ་ལ་བརྟེན་ནས་གདུལ་བྱའི་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པར་བྱེད་པའམ། བློ་གྲོས་བསྐྱེད་པར་བྱེད་པའི་དོན་དེ་ཉོན་ཅིག་ཅེས་གསུངས་པ་རེད། རིགས་ཀྱི་བུ་དག།།ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་ཁྱིམ་ནས་མངོན་པར་བྱུང་སྟེ། གྲོང་ཁྱེར་ག་ཡ་ཞེས་བྱ་བར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ནས། ད་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་དེ་ལྟར་ཤེས་མོད་ཀྱི། རིགས་ཀྱི་བུ་དག ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཞེས་གསུངས་ཏེ། གང་ལྟར་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཚང་མས་རྒྱལ་པོ་ཟས་གཙང་སྲས་འདི་ལོ་ཁ་ཤས་ཀྱི་སྔོན་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། དེ་ནས་ག་ཡཱ་ལ་ཕེབས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་རེད་ཅེས་བསམ་གྱི་ཡོད། འོན་ཀྱང་བདེ་བར་གཤེགས་པ་རང་ཉིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྔོན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་ཡིན་ཞེས་གསུངས་པ་རེད།

བསྐལ་པ་ཞེས་པ་ནི་དུས་ཚོད་ཀྱི་ཚད་གཞི་ཞིག་རེད། དེ་ནི་ལོ་རྐྱང་པ་ལ་འགྲེལ་ཁག་པོ་རེད། གང་ལྟར་གླིང་བཞི་རི་རབ་ལ་སོགས་པའི་འཇིག་རྟེན་གྱི་ཁྱོན་གཅིག་ཆགས་པ་ནས་འཇིག་པའི་བར་གྱི་དུས་ཚོད་ལ་བསྐལ་པ་གཅིག་རེད། བསྐལ་པ་འདི་འདྲ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྔོན་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་ཟིན་པ་ཡིན་ཞེས་གསུངས་པ་རེད། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞེས་པ་དེ་ང་ཚོས་ཨང་རྩིས་བཞིན་གྲངས་ཀ་ཏག་ཏག་ཅིག་བཏོན་ཁག་པོ་རེད། གྲངས་ཀའི་གནས་མཐོ་ཤོས་ལ་སླེབས་པའི་སྐབས་སུ་གྲངས་མེད་ཅེས་བརྗོད། གྲངས་མེད་ནས་བརྒལ་ནས་བརྩི་དགོས་བྱུང་ན་གྲངས་མེད་གཅིག་དང་། གྲངས་མེད་གཉིས། གྲངས་མེད་གསུམ་ཞེས་བརྩི་སྲོལ་ཞིག་ཡོད་རེད། དེ་མིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཞེས་པའི་བཤད་སྲོལ་ཞིག་ཡོད་རེད། འདི་གཉིས་ཀྱིས་མ་འདང་བའི་སྐབས་སུ་སངས་རྒྱས་ཀྱི་གཞུང་ནང་དམིགས་བསལ་གང་ཡོད་ཅེ་ན། གྲངས་ཀྱི་རྣམ་གཞག་མཚོན་པའི་བརྡ་ལ་གངྒཱའི་བྱེ་མ་ལ་དཔེ་བཞག་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་ཡོང་གི་རེད། དེ་ལ་གྲངས་ཀ་བརྩི་རྒྱུ་གང་ཡང་མེད། དེ་ནི་ཧ་ཅང་མང་པོ་ཡིན་པའི་མཚོན་རྟགས་ལྟ་བུ་རེད། འདི་ལས་མང་བ་གཏང་དགོས་ན་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་དང་། གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད། གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཅེས་སོགས་སྨན་བླའི་མདོ་ཆོག་སོགས་སུ་གསུངས། ད་ལྟ་འདིར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཞེས་པ་ནི་གྲངས་མེད་པ་ནས་གྲངས་མེད་པའི་སྔོན་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་ཡིན་ཞེས་གསུང་གི་ཡོད།

སྐབས་འདིར་བསྐལ་པ་མང་པོ་ཇི་ཙམ་གྱི་སྔ་རོལ་ཏུ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་སྟོན་པའི་ཆེད་དུ་གྲངས་ཀྱི་དཔེ་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་སོགས་མིན་པར་འདིར་དཔེ་གསར་པ་ཞིག་གསུངས་པ་རེད། དེ་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་ནས་གང་ཟག་གང་ཡང་རུང་བ་ཞིག་གིས་ཕྲ་རབ་ཀྱི་རྡུལ་ཐམས་ཅད་བླངས་ནས་ཕྱོགས་གཞན་ལ་བཞག་ན། དེ་འདྲའི་རྡུལ་དེ་གྲངས་མང་པོ་ཆགས་ཀྱི་རེད་དམ། དེ་འདྲ་བའི་རྡུལ་གྱི་གྲངས་དེ་ང་ཚོའི་བསམ་བློའི་ནང་ཤོང་བ་དང་། ཚོད་དཔག་བྱེད་ཐུབ་པ། གྲངས་ཀ་བརྒྱབ་ཐུབ་པ། བརྟག་དཔྱད་བྱེད་ཐུབ་པ་ཡོད་དམ་ཞེས་བཀའ་སྩལ་བའི་སྐབས་སུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོས་ནས་སངས་རྒྱས་ལ། དེ་འདྲ་བའི་རྡུལ་གྱི་གྲངས་དེ་བགྲང་ཐུབ་ཀྱི་མ་རེད། དེ་ནི་སེམས་ཀྱི་ས་ལས་ཡང་དག་པར་འདས་པ་རེད། བསམ་བློའི་ནང་ལའང་དེ་ཙམ་རེད་ཅེས་ཚོད་དཔོག་བྱེད་ཐུབ་ཐབས་མེད། དེ་ཙམ་དུ་མ་ཟད་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཕགས་པའི་ཡེ་ཤེས་ཀྱིས་ཀྱང་བསམ་པའམ། དཔག་པའམ། བགྲང་བའམ། བརྟག་པ་བྱེད་མི་ཐུབ་ཅེས་ཞུས་པ་རེད། འདིར་ཕྲ་རབ་ཀྱི་རྡུལ་ནི་མངོན་པའི་ནང་རྡུལ་ཆེ་ཆུང་གི་རྩིས་སྟངས་ཤིག་རེད། དེ་ནི་རྡུལ་གྱི་ཆུང་བའི་མཐར་ཐུག་པ་དེ་རེད། དེ་ནི་ཆ་མེད་ཡིན་མིན་གྱི་བཤད་ཚུལ་མི་འདྲ་བ་སྣ་ཚོགས་རེད། གང་ལྟར་ཆ་མེད་ཡིན་མིན་ལ་མ་ལྟོས་པར་གང་ལྟར་འདི་ལས་ཡང་བསྐྱར་བགོ་བཤའ་བརྒྱབ་རྒྱུ་མེད་པའི་མཚམས་སུ་སླེབས་པའི་སྐབས་སུ་ཕྲ་རབ་ཀྱི་རྡུལ་ཞེས་བརྗོད།

བཅོམ་ལྡན་འདས། གནས་འདི་ནི་བདག་ཅག་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་སྤྱོད་ཡུལ་དུ་ཡང་མི་འགྱུར་ཏེ། བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་དེ་དག་དེ་ཙམ་དུ་ཚད་མ་མཆིས་པ་ལགས་སོ། །ཞེས་གསུངས་ཏེ། རྡུལ་ཕྲན་གྲངས་ཀ་བརྒྱབ་རྒྱུ་ལྟ་ཞོག རྡུལ་ཕྲན་བླང་སའི་འཇིག་རྟེན་གྱི་ཁམས་དེའང་གྲངས་མེད་པ་ཡིན་པར་བརྟེན། བསམ་པའི་ཡུལ་ལས་འདས་པ་རེད་ཅེས་འདི་ལས་གྲངས་མང་བའི་དཔེ་གཞག་རྒྱུ་མེད་པ་ལྟ་བུས་སངས་རྒྱས་ལ་ཞུས་པ་རེད།

དེ་ནས་སངས་རྒྱས་ཀྱིས་གང་གསུངས་པ་རེད་ཅེ་ན། རིགས་ཀྱི་བུ་དག།།ཁྱེད་མོས་པར་བྱའོ།། ཁྱེད་ཀྱི་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་དག།།འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་ལས་མི་དེས་གང་དག་ཏུ་རྡུལ་ཕྲ་རབ་དེ་དག་བཞག་པ་དང་། རིགས་ཀྱི་བུ་དག།།གང་དག་ཏུ་མ་བཞག་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དེ་དག་ཐམས་ཅད་ན་རྡུལ་ཕྲ་རབ་ཀྱི་རྡུལ་ཡོད་པ་དེ་དག་ནི། རིགས་ཀྱི་བུ་དག།།ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཇི་སྙེད་པ་དེ་སྙེད་དུ་མེད་དོ།། ཞེས་གསུངས་ཏེ། དེ་ཚོ་བསམ་བློས་དཔག་མི་ཐུབ་པ་དང་། གྲངས་ཀ་བརྒྱབ་མ་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཡིན་པ་དང་། དེ་འདྲ་བའི་རྡུལ་ཕྲན་གྱི་གྲངས་དེ་དང་། ངས་བསྐལ་པ་ཇི་ཙམ་གྱི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་བསྐལ་པའི་གྲངས་གཉིས་གཅིག་པ་རེད་ཅེས་གསུངས་པ་རེད།

རིགས་ཀྱི་བུ་དག།།གང་ཚུན་ཆད་ངས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་། འཇིག་རྟེན་གྱི་ཁམས་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཏུ་སེམས་ཅན་རྣམས་ལ་ཆོས་བསྟན་པ་དེའི་བར་དུ། རིགས་ཀྱི་བུ་དག།།ངས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ཡོངས་སུ་བརྗོད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། རིགས་ཀྱི་བུ་དག།།ངས་ཐབས་མཁས་པས་ཆོས་བསྟན་པ་མངོན་པར་བསྒྲུབ་པ་དེ་དག་སྤྲུལ་ཏོ།། ཞེས་གསུངས་ཏེ། གང་ལྟར་ངས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདི་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཏུ་སེམས་ཅན་ལ་ཆོས་བསྟན་པའི་བར་དུ་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སོགས་པ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་ཇི་ཙམ་ཕྱིན་པ་དེ་རྡུལ་གྱི་གྲངས་དེ་ཚོ་དང་མཉམ་པ་ཡིན་པ་དང་། དེའི་རིང་ལ་ཇི་ཙམ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང་། བྱང་ཆུབ་སེམས་དཔའི་མཛད་པ་མཛད་པ་ལ་སོགས་པ་མཐའ་ཡས་པ་བྱུང་ཟིན་པ། ཡིན་ནའང་སྐབས་རེ་སངས་རྒྱས་པའི་ཚུལ་དང་། སྐབས་རེ་མྱ་ངན་ལས་འདའ་བའི་ཚུལ། སྐབས་རེ་དཀའ་བ་སྤྱད་པའི་ཚུལ་ལ་སོགས་པ་བསྟན་པ་དེ་དག་ནི་སྔར་ཐབས་ལ་མཁས་པའི་ལེའུའི་སྐབས་སུ་གསུངས་པ་བཞིན་འདིར་ཡང་གདུལ་བྱ་འདུལ་བའི་ཆེད་དུ་ཐབས་ལ་མཁས་པའི་ཆ་ཤས་ཤིག་ཡིན་ཚུལ་གསུངས་པ་རེད།

དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་སེམས་ཅན་སོ་སོའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མོས་པ་སོགས་གཟིགས་ནས་དེ་དག་དང་འཚམས་པ་ཞིག་བསྟན་པ་མ་གཏོགས། དེ་དག་དང་མ་འཚམས་པའམ་རྟོགས་མ་ཐུབ་པ་ཞིག་བསྟན་གྱི་མེད་པ་དང། དེར་བརྟེན་སེམས་ཅན་བློའི་ནུས་པ་ཆུང་བ་དང་ཉོན་མོངས་མང་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་མོ་རྣམས་རྟོགས་མི་ནུས་པ་རྣམས་ལ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ནོ་ཞེས་གསུངས་པའང་གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་ཅིག་ཡིན་པ། སྤྱིར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་ཧ་ཅང་གྲངས་མེད་པ་ཕྱིན་ཟིན་པ་ཡིན་ནའང་། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ནོ་ཞེས་གསུངས་པ་དེ་མི་བདེན་པ་གསུངས་པའམ་རྫུན་གསུངས་པ་མིན་པ། དེ་ནི་གདུལ་བྱ་འདུལ་བའི་ཐབས་ཤིག་ཡིན་པ། སེམས་ཅན་སྤྱོད་པ་ཐ་དད་པ་དང་། བསམ་པ་ཐ་དད་པ། འདུ་ཤེས་ཐ་དད་པ། རྟོག་སྤྱོད་ཐ་དད་པ་རྣམས་ལ་དགེ་བའི་རྩ་བ་སྐྱེ་བའི་ཕྱིར་དུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདྲ་མིན་སྣ་ཚོགས་བསྟན་པ་རྣམས་ལྡེམ་པོར་དགོངས་ཏེ་གསུངས་པའམ་ཐབས་མཁས་ཀྱིས་གསུངས་པ་མ་གཏོགས། དངོས་དོན་མ་ཡིན་པའམ་རྫུན་དུ་གསུངས་པ་མིན་ཞེས་གསུངས་པ་རེད།

དེ་བཞིན་སངས་རྒྱས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་ཐབས་མཁས་ཀྱི་མཛད་པ་ཞིག་རེད། སངས་རྒྱས་འཇིག་རྟེན་དུ་བྱུང་བ་དཀོན་པའི་རྒྱུ་མཚན་གང་རེད་ཅེ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ལ་ལྟོས་ནས་སྨིན་དགོས་པ་ཡིན་ཙང་འཇིག་རྟེན་དུ་བྱུང་བ་དཀོན་པ་དང་། དཀོན་པའི་འདུ་ཤེས་ཀྱང་སེམས་ཅན་ལ་དགོས་ཀྱི་ཡོད་པ། སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་མ་བསྟན་པར་རྒྱུན་རིང་བཞུགས་ན། སྐྱེ་བོ་དགེ་བའི་རྩ་བ་མ་སྐྱེས་པ་དང་། བསོད་ནམས་ཆུང་བ། འདོད་པ་ལ་རྐམ་པ་རྣམས་ཀྱིས་སངས་རྒྱས་རྒྱུན་རིང་བཞུགས་པའི་འདུ་ཤེས་བཟུང་ནས་སངས་རྒྱས་རྙེད་པར་དཀའ་བ་དང་དཀོན་པའི་འདུ་ཤེས་མི་སྐྱེ་བ། ག་དུས་ཡིན་ནའང་ཞུ་ཆོག་ཅེས་ཕྱི་བཤོལ་གྱི་ལེ་ལོ་བྱུང་བ་ཡིན་སྟབས། སངས་རྒྱས་མྱ་ངན་ལས་འདས་པའི་མཛད་པ་དེ་ཡང་ཡང་བསྟན་དགོས་ཀྱི་ཡོད། དེས་ན་བལྟམས་པའི་མཛད་པ་དང་། ཁྱིམ་ནས་བྱུང་བའི་མཛད་པ། མངོན་པར་བྱང་ཆུབ་པའི་མཛད་པ་སོགས་བསྟན་པ་དེ་གདུལ་བྱ་སོ་སོའི་བློའི་ནུས་པ་དྲང་རྒྱུ་དང་། ལྷག་པར་དུ་གདུལ་བྱ་གང་གིས་འདུལ་བ་དེའི་རྣམ་པར་བསྟན་ནས་མཛད་པ་བཅུ་གཉིས་སོགས་རིམ་ཅན་དུ་མཛད་ཀྱི་ཡོད།

སྤྱིར་སངས་རྒྱས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པ་ཡིན་ཙང་སངས་རྒྱས་ཀྱིས་བཞེད་པ་ཡིན་ན། སྤྲུལ་པའི་སྐུ་ཡིན་ནའང་ཡུན་རིང་པོར་བཞུགས་རྒྱུ་ཡོད་ཅིང་། དཔེར་ན། ཤཱཀྱ་ཐུབ་པ་ལྟ་བུ་ལ་མཚོན་ན་མྱ་ངན་ལས་འདས་པ་ཞལ་གྱིས་མ་བཞེས་པའི་གོང་དུ་ཀུན་དགའ་བོ་ལ། ངས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་བསྟེན་ཅིང་གོམས་པར་བྱས་པས་བསྐལ་པའི་བར་དུ་བཞུགས་ནའང་བཞུགས་ཆོག་གི་རེད་ཅེས་གསུངས་ཀྱང་། ཀུན་དགའ་བོས་བཞུགས་རོགས་ཞེས་མ་ཞུས་པར་བརྟེན། སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་ལོར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད། དེ་ཚོ་ཚང་མ་གདུལ་བྱའི་དོན་དུ་ཐབས་ལ་མཁས་པའི་མཛད་པ་ཤ་སྟག་རེད་ཅེས་གསུངས་པ་རེད།

གོང་དུ་བསྟན་པའི་དོན་རྣམས་དཔེ་ལ་སྦྱར་ནས་བསྐྱར་དུ་གསུངས་པ་ནི། རིགས་ཀྱི་བུ་དག།།འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྨན་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ། ཞེས་སོགས་འདི་ནས་དཔེ་དེ་ཆ་ཚང་གསུངས་པ་རེད། དེ་ཡང་ནད་ཆ་ཚང་བཅོས་ཤེས་པའི་སྨན་པ་མཁས་པ་ཞིག་ཡོད་པ་དང། སྨན་པ་དེ་ལ་ཕྲུ་གུ་ཧ་ཅང་མང་པོ་ཡོད། སྨན་པ་དེ་ཁྱིམ་དུ་མ་བསྡད་པར་ཕྱི་ལ་འགྲོ་ཤུལ་དུ་ཕྲུ་གུ་དེ་ཚོས་མ་ཤེས་པའམ་ནོར་ནས་དུག་བཟས་པ་རེད། འདིའི་ནང་དུག་དེ་ལ་དབྱིག་གི་དུག་དང་མདའི་དུག་གཉིས་གསུངས་འདུག དབྱིག་གི་དུག་ཅེས་པ་ནི་རིན་པོ་ཆེ་ལས་གྲུབ་པའི་དུག་ལ་ཟེར། དཔེར་ན། ཟངས་དང་དངུལ་དང་ལྕགས་སོགས་ཀྱི་གཡའ་ལས་བྱུང་བ་དང་། དེ་བཞིན་དངུལ་ཆུ་ལས་བྱུང་བའི་དུག་ལྟ་བུ། མདའི་དུག་ཅེས་པ་ནི་བཙན་དུག་རེད། དེ་ནི་རྩྭ་ཞིག་གི་དུག་རེད། སྔར་རི་དྭགས་རྔོན་པ་རྒྱག་མཁན་ཚོས་མདའི་རྩེ་མོར་དུག་དེ་བྱུགས་ཏེ་རི་དྭགས་གསོད་ཀྱི་ཡོད། དུག་དེ་ལ་བརྟེན་ནས་ན་ཚ་དྲག་པོ་བྱུང་སྟེ་ཤི་ཆོག་ཡོད་པའི་སྐབས་སུ་སྨན་པ་ཕ་དེ་ལོག་པ་རེད། ལམ་སེང་ཁོང་གིས་མདོག་ཡག་པོ་དང་། དྲི་ཞིམ་པོ། རོ་ཡང་ཁ་ཏིག་ལ་སོགས་པ་མེད་པར་བཟའ་འདོད་པའི་སྨན་ཞིག་བཟོས་ཏེ། སྨན་འདི་བཟའ་ན་ཤི་རྒྱུ་མེད་པ་དང་། དུག་ལས་ཐར་རྒྱུ་རེད་ཅེས་བཤད་དེ་ཕྲུ་གུ་ཚང་མ་ལ་སྤྲད་པ་རེད། དུག་བཟས་ནས་ན་མཁན་ནང་འདུ་ཤེས་བརླགས་ཟིན་པའི་རིགས་ཤིག་དང་། འདུ་ཤེས་མ་བརླག་པའི་རིགས་ཤིག་བཅས་གཉིས་ཡོད། འདུ་ཤེས་བརླགས་ཟིན་པ་ནི་དྲན་པ་ཉམས་ཟིན་པ་ལ་བརྗོད། དྲན་པ་ཉམས་པ་དེའང་དྲན་མེད་དུ་བརྒྱལ་བ་ལ་ཟེར་གྱི་མེད་ཅིང་། གང་ལྟར་དེའི་ནང་བླང་དོར་གྱི་གནས་ཡག་པོ་འབྱེད་མ་ཐུབ་མཁན་གྱི་རིགས་གཅིག་དང། དེ་འདྲ་འབྱེད་ཐུབ་མཁན་གྱི་རིགས་གཅིག་བཅས་གཉིས་རེད། འདུ་ཤེས་ཡོད་མཁན་དེ་ཚོས་སྨན་པས་སྤྲད་པའི་སྨན་དེ་ལམ་སེང་བཟས་ཏེ་ནད་ལས་དྲག་པ་རེད། འདུ་ཤེས་བརླགས་ཟིན་པ་ཚོས་ཕ་ལ་ང་ཚོའི་སྲོག་སྐྱོབས་རོགས་བརྗོད་ཀྱི་ཡོད་ཀྱང་། ནད་པ་ཁ་ཤས་ཀྱིས་དྲི་མ་ཞིམ་པོ་མི་འདུག ཁ་ཤས་ཀྱིས་མདོག་ཡག་པོ་མི་འདུག ཁ་ཤས་ཀྱིས་རོ་ཞིམ་པོ་མི་འདུག་ཅེས་གང་ལྟར་སྙད་རེ་བཏགས་ནས་སྨན་དེ་ཟ་གི་མེད་པར་བརྟེན། ཕ་དེ་ས་ཕྱོགས་གཞན་ཞིག་ཏུ་སོང་སྟེ་དེ་ནས་ཕ་གྲོངས་འདུག་ཅེས་ཕྲུ་གུ་ཚོ་ལ་ལན་བཏང་བ་རེད། འདུ་ཤེས་བརླགས་ནས་སྨན་མི་ཟ་མཁན་གྱི་ཕྲུ་གུ་དེ་ཚོས་གཞི་ནས་སྨན་བརྗེ་རྒྱུ་དང་སྨན་གསར་པ་རག་གི་མ་རེད་སྙམ་ནས་སྨན་བཟས་པ་རེད། དེ་ལ་བརྟེན་ནས་ཁོ་ཚོ་ནད་ལས་ཐར་བ་རེད། དཔེ་དེ་བཞིན་དུ་སངས་རྒྱས་འཚོ་ཞིང་གཞེས་པའི་སྐབས་སུ་གསུངས་པའི་ཆོས་དེ་ཁ་ཤས་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། ཁ་ཤས་ཀྱིས་ཉམས་ལེན་བྱེད་ཀྱི་མེད། སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་སངས་རྒྱས་ལ་དད་པ་ཡོད་མཁན་གྱི་གདུལ་བྱ་ཞིག་ཡིན་ཕྱིན་སངས་རྒྱས་ལ་བསྐྱར་དུ་བཀའ་འདྲི་ཞུ་རྒྱུ་དང་ཆོས་གསར་པ་ཞུ་རྒྱུའི་གོ་སྐབས་བརླགས་པར་བརྟེན། ངེས་པར་དུ་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་རྣམས་ཉམས་ལེན་མ་བྱེད་ན། འདི་ལས་གཞན་པའི་ཆོས་གཞན་དག་རྙེད་རྒྱུ་མེད་པ་དེ་ཤེས་ནས་ཆོས་ཉམས་ལེན་བྱེད་ཀྱི་ཡོད་པ་གསུངས་པ་རེད།

དེ་ལྟ་བུའི་དོན་རྣམས་དཔེའི་སྒོ་ནས་བསྟན་པ་དེ་ཚོ་བསྡོམས་བརྒྱབ་རྒྱུའི་ཆེད་དུ་ཐ་མ་དེ་ལ། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །ཞེས་སོགས་ནས་ཚིགས་བཅད་ཤློཀ་ཉི་ཤུ་རྩ་གསུམ་གསུངས་པ་རེད། ཚིགས་སུ་བཅད་པ་དེའི་ནང་ཡོད་པ་མང་ཆེ་བ་གོང་གི་ཚིག་ལྷུག་ནང་བྱུང་ཟིན་པ་རེད། འོན་ཀྱང་ཚིགས་བཅད་ནང་གསར་པ་ཁ་ཤས་ཀྱང་ཡོད། དཔེར་ན། འཇིག་རྟེན་བསྐལ་པ་མེས་འཇིག་པ་དང་ཆུས་འཇིག་པ་སོགས་བྱུང་བའི་སྐབས་སུའང་སངས་རྒྱས་བྱ་རྒོད་ཕུང་པོ་རི་ནས་མ་གཡོས་པར་བཞུགས་ཀྱི་རེད་ཅེས་གསུངས་འདུག རྡོ་རྗེ་གདན་གྱི་ས་ཆ་ནི་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་གྲུབ་པ་ཡིན་སྟབས། བསྐལ་བ་མེས་འཇིག་གིས་འཇིག་རྟེན་གྱི་ཁམས་འཇིག་པ་ཡིན་ནའང་དེ་བར་སྣང་ལ་མ་འཇིག་པར་བསྡད་པ་དང་། བསྐལ་པ་རྗེས་མའི་ནང་ཕེབས་མཁན་གྱི་སངས་རྒྱས་རྣམས་ཀྱང་སངས་རྒྱས་པའི་གནས་འདི་རང་ཡིན་པ་མདོ་ཁ་ཤས་ནང་གསུངས་ཡོད། འདིའི་ནང་དེ་དང་མཚུངས་པར་བྱ་རྒོད་ཕུང་པོའི་རི་ཡང་དེ་རང་བསྡད་ཀྱི་ཡོད་པ་ལྟ་བུ་ཞིག་གསུངས་འདུག

ཚིག་ལྷུག་དང་ཚིགས་བཅད་གཉིས་གཅིག་པ་གཅིག་རྐྱང་མེད། མང་ཆེ་བ་ཚིག་ལྷུག་ནང་ཡོད་པ་དེ་ཚོ་ཚིགས་བཅད་ནང་བསྐྱར་དུ་ཡོང་གི་ཡོད། ཡང་ཚིགས་བཅད་ནང་དོན་གསར་པའང་མང་པོ་ཡོད། སྤྱིར་བཏང་སྔོན་དུ་ཞུས་པ་བཞིན་སངས་རྒྱས་ཀྱིས་ཆོས་སྟོན་པའི་སྐབས་སུ་བཅད་ལྷུག་སྤེལ་མར་བྱེད་རྒྱུ་དེ་ཧ་ཅང་མང་པོ་རེད། རྒྱུད་ཀྱི་རིགས་རྣམས་ཚིགས་བཅད་རྐྱང་པ་མང་བ་དང་། མདོའི་རིགས་རྣམས་མང་ཆེ་བ་བཅད་ལྷུག་སྤེལ་མ་རེད། བཅད་ལྷུག་སྤེལ་མའང་སྐབས་རེ་ཚིགས་བཅད་ཉུང་བ་དང། དེ་ཡང་བརྗོད་བྱའི་སྡོམ་ལྟ་བུ་ཡོད། དཔེར་ན། འདུལ་བ་ལུང་གཞི་བཅུ་བདུན་ལྟ་བུར་མཚོན་ན། ཚིགས་བཅད་དེ་བར་སྡོམ་མ་གཏོགས་མེད། དེ་ནས་ཚིག་ལྷུག་ནང་དེའི་འགྲེལ་བཤད་གསུང་གི་ཡོད། དེ་བཞིན་མདོ་སྡེ་བསྐལ་བཟང་ལ་སོགས་པའི་ནང་མང་ཆེ་བ་ཚིགས་བཅད་དང་། ཚིག་ལྷུག་བར་དུ་མཚམས་སྦྱོར་ལྟ་བུ་མ་གཏོགས་མེད་པའང་ཡོད། དམ་ཆོས་པད་དཀར་ལྟ་བུར་མཚོན་ན། ཚིག་ལྷུག་མང་བ་ཡིན་རུང་། ཚིགས་བཅད་ཀྱི་སྡོམ་དེའང་ཕལ་ཆེར་ཡོད་པ་ཞིག་རེད།

ཚིག་ལྷུག་ནང་གསུངས་ཟིན་པ་དེ་བསྐྱར་དུ་ཚིགས་བཅད་ནང་གསུངས་པ་ཡིན་སྟབས། ཟློས་སྐྱོན་ཆགས་ཀྱི་མ་རེད་དམ་ཞེ་ན། དེ་བཞིན་གཤེགས་པའི་གསུང་ལ་ཟློས་སྐྱོན་མེད། ཟློས་སྐྱོན་ནི་དགོས་པ་མེད་པར་བསྐྱར་དུ་བཤད་པ་དེ་ལ་ཟེར། དགོས་པ་ཡོད་པ་དེ་བསྐྱར་དུ་མ་བཤད་ན། འདི་ལ་ཆད་པའི་སྐྱོན་ཞེས་ཟེར། དེས་ན་དགོས་པ་ཡོད་པ་ལ་བསྐྱར་དུ་བཤད་པ་དེ་ཟློས་སྐྱོན་དུ་མི་འགྲོ། ནམ་རྒྱུན་ང་ཚོ་སྐད་ཆ་བཤད་དུས་མ་གོ་ན་བསྐྱར་དུ་བཤད་པ་དེ་བསྐྱར་ལྡབ་རེད་མ་གཏོགས་ཟློས་སྐྱོན་མ་རེད། སྐད་ཆ་བཤད་རྒྱུའི་དགོས་དོན་ནི་ཕན་ཚུན་དོན་གསལ་བར་བྱེད་རྒྱུ་དེ་རེད། ལན་ཅིག་གིས་དོན་གསལ་བར་བྱེད་མ་ནུས་ན་བསྐྱར་ལྡབ་བྱེད་དགོས་ཀྱི་ཡོད།

ཡང་ཁ་ཤས་ལ་ནན་ཏན་དུ་བརྣན་པའང་ཡོད། ལྷག་པར་དུ་རྒྱ་གར་གྱི་སྔ་མོའི་སྐད་ཆ་བཤད་སྟངས་ཀྱི་གོམས་གཤིས་སམ་འགྲོས་ལྟ་བུ་ནི་ལེགས་སོ་ཞེས་བརྗོད་པའི་སྐབས་སུ། ལེགས་སོ་ལེགས་སོ་ཞེས་ཐེངས་གཉིས་བརྗོད་པར་བརྗོད་བྱ་མི་འདྲ་བ་མེད་ཀྱང་། ནན་ཏན་དུ་བརྣན་པ་ལས་ཟློས་སྐྱོན་མིན། དེ་བཞིན་ལན་གསུམ་དུ་གསོལ་བ་བཏབ་པའང་ཧ་ཅང་གིས་ནན་ཏན་གནང་བ་ཞིག་རེད། འདུལ་བའི་སྐབས་སུ་མཐོང་སྡོམ་ལན་གསུམ་དུ་འདྲི་བ་སོགས་ཀྱང་ནན་ཏན་དུ་བརྣན་པའི་དོན་རེད།

ལྷག་པར་དུ་ཚིག་ལྷུག་ནང་ཡོད་པའི་དོན་རྣམས་ཚིགས་བཅད་ནང་བཅད་ནས་ཡོད་ན། བློ་ལ་ངེས་བདེ་བ་དང་། ངག་ཏུ་འཛིན་བདེ་བ། གདངས་གཏོང་སླ་བ་ཡོད། དེ་བཞིན་ཚིག་ལྷུག་རྣམས་གདངས་གཏོང་རྒྱུ་མེད་པ་མིན་ཡང་དཀའ་བ་ཡོད། དཔེར་ན། ཤེས་རབ་སྙིང་པོ་ལྟ་བུ་གདངས་ཧ་ཅང་སྙན་པོ་གཏོང་རྒྱུ་ཡོད་ཀྱང་། གསུང་རབ་ཡན་ལག་བཅུ་གཉིས་ནང་དབྱངས་ཀྱི་བསྙད་པར་བྱ་བ་དེ་ཚིགས་བཅད་མང་བ་རེད། དེས་ན་ཚིག་ལྷུག་ལ་ཡོད་པ་རྣམས་ངག་ཏུ་བརྗོད་བདེ་བའི་དབང་དུ་བྱས་ནས་ཚིགས་བཅད་ལ་བསྐྱར་དུ་འདོན་པ་དེ་དག་ནན་ཏན་དུ་བརྣན་པའི་གྲས་མ་གཏོགས་ཟློས་སྐྱོན་གྱི་རྣམ་པར་བལྟ་རྒྱུ་མེད།

དེ་ཙམ་དུ་མ་ཟད། ཚིག་ལྷུག་ནང་ཡོད་པ་རྣམས་ཚིགས་བཅད་ནང་བསྐྱར་དུ་གསུངས་པའི་སྐབས་སུ་གཏིང་ཟབ་པོ་ཀློག་མཁན་ཞིག་ཡིན་ན། གོ་བ་མི་འདྲ་བ་རེ་སྟེར་རྒྱུ་ཡོད་རེད། དེ་བཞིན་ཚིགས་བཅད་ནང་ཡོད་པ་རྣམས་བསྐྱར་དུ་ཚིག་ལྷུག་ནང་ཀློག་པའི་སྐབས་སུའང་གོ་བ་མི་འདྲ་བ་རེ་སླེབས་རྒྱུ་ཡོད། དཔེར་ན། ཚིགས་བཅད་དེ་ཚོ་ཚིག་ལྷུག་ནང་འགྲེལ་བཤད་རྒྱག་དུས་ཟློས་སྐྱོན་ཆགས་ཀྱི་མེད་ལ། དེ་མཚུངས་ཚིག་ལྷུག་གི་དོན་རྣམས་ཚིགས་བཅད་ནང་ཐོན་སྐབས་སུའང་ཟློས་སྐྱོན་ཆགས་ཀྱི་མེད།

གོང་དུ་ཞུས་པའི་དོན་རྣམས་ཤློཀ་ཉི་ཤུ་རྩ་གསུམ་ནང་གསུངས་ཡོད། བྱ་རྒོད་ཕུང་པོར་ང་ཉིད་དེར་བསྟན་ཏེ། །དེ་ལ་ང་ཡིས་ཕྱིས་ནི་འདི་སྐད་སྨྲས། །ཞེས་གསུངས། དེས་ན་མྱ་ངན་ལས་འདས་པའི་ཚུལ་བསྟན་ནའང་། སྤྱིར་མྱ་ངན་ལས་མི་འདའ་བ་ཡིན་པ་དང་། འཇིག་རྟེན་འཇིག་པའི་སྐབས་སུའང་སངས་རྒྱས་ཀྱི་ཞིང་ཁ་ཤས་མི་འཇིག་པར་གནས་པ་སོགས་གནས་ཚུལ་མང་པོ་ཡོང་གི་འདུག མདོར་ན་དམ་ཆོས་པདྨ་དཀར་པོ་ལ་སློབ་གཉེར་བྱེད་མཁན་དང་ཀློག་མཁན་དེ་ཚོས་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀ་གལ་ཆེན་པོར་བརྩིས་ནས་གཟབ་གཟབ་བལྟ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཞེས་སོགས་གསུངས་ནས་ཆོས་ཐུན་གཉིས་པ་གྲོལ།

ཉིན་བཞི་པ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༥)

༄༅།། ཆོས་ཐུན་དང་པོར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་ རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་གསུངས་པ་ལྟར་ད་ལྟའི་གནས་སྐབས་སུ་དལ་བ་དང་འབྱོར་པ་ཚང་བའི་མི་ལུས་ཡོད་པར་བརྟེན། ཆོས་བྱེད་པ་ཡིན་ནའང་རེད། རྣམ་གཡེང་ལ་གཏང་བ་ཡིན་ནའང་རེད། གང་ལྟར་ག་འདྲ་ཞིག་བྱེད་ནའང་རང་དབང་ཡོད་པ་ལས། སྡུག་བསྔལ་གྱི་གཞན་དབང་དང་། རྐྱེན་གཞན་དག་གི་གཞན་དབང་དུ་མ་སོང་བའི་སྐབས་ཤིག་རེད། དེ་ནས་ཆོས་ཤིག་བསྒྲུབ་ན། སངས་རྒྱས་ཀྱི་བསྟན་པ་གནས་པ་དང་། ཆོས་སྟོན་པའི་བླ་མ་ཡོད་པ། སློབ་སྦྱོང་བྱེད་རྒྱུའི་ཕྱག་དཔེ་ཡོད་པ་སོགས་མཐུན་རྐྱེན་ཡང་ཚང་མ་ཚང་གི་ཡོད། དེས་ན་རང་དབང་ཡོད་པ་དང་མཐུན་རྐྱེན་འཛོམས་པའི་སྐབས་སུ་རང་གིས་རང་ཉིད་མ་བསླུས་པའམ། ཡང་ན་སོ་སོས་སོ་སོ་བདག་པོ་མ་བརྒྱབ་ན། ཕྱི་མར་ངན་སོང་གི་གཡང་ལ་ལྷུང་ནས་གཞན་དབང་དུ་གྱུར་ན་སུས་བསྐྱར་དུ་སློང་གི་རེད་དམ། དོན་དུ་སློང་མཁན་མེད་ཅེས་གསུངས།

གང་ལྟར་ཚེ་འདི་མ་རྫོགས་གོང་དུ་ཐ་མ་ལ་སྐྱེ་བ་ཕྱི་མར་མངོན་མཐོའི་གོ་འཕང་འཐོབ་རྒྱུའི་ངེས་བརྟན་ཡོད་པའི་ཆོས་ཤིག་སྒྲུབ་མ་ཐུབ་ན། སླར་ཡང་རྟེན་བཟང་པོ་འདི་འདྲ་ཐོབ་མིན་ངེས་པ་མེད་པར་བརྟེན། ཅི་ནས་ཀྱང་ལུས་རྟེན་འདིའི་ཐོག་ནས་སྙིང་པོ་བླང་དགོས་ཤིང། སྙིང་པོ་བླང་བ་ལའང་དམ་པའི་ཆོས་ཉམས་སུ་ལེན་ཚུལ་དེ་ཐོག་མར་ཐོས་པའི་སྒོ་ནས་ཤེས་དགོས་པ་དང། དེ་ནས་བསམས་བྱུང་གིས་དཔྱད་ནས་བློ་ལ་ཆུད་པ། མཐར་བསྒོམ་དགོས་པ་བཅས་གང་ལྟར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས། ཐོས་པ་རྐྱང་པ་དང་བསམ་པ་རྐྱང་པས་གྲོལ་བ་འཐོབ་རྒྱུ་མེད། དེར་བརྟེན་ཐོས་བསམ་སྒོམ་གསུམ་རིམ་ཅན་དུ་འཇུག་དགོས་པ་ཡིན། གཙོ་བོ་དེ་བློ་ཡར་རྒྱས་འགྲོ་བའི་ཐབས་སམ། བློ་ལ་འགྱུར་བ་གཏང་རྒྱུའི་ཐབས་ལམ་གཙོ་བོ་ལྟ་བུ་དེ་སྒོམ་སྒྲུབ་ཉམས་ལེན་བྱེད་རྒྱུ་རེད། བསྒོམ་པ་ལ་བསྒོམ་བྱའི་དོན་དེ་བསམ་པས་སྒྲོ་འདོགས་ཆོད་དགོས་པ་དང། བསམ་པས་སྒྲོ་འདོགས་ཆོད་པ་ལ་ཐོས་པས་ཤེས་དགོས་པ་ཞིག་རེད། དེས་ན་གཙོ་བོ་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་ཆེད་དུ་ཐོས་པ་བྱེད་ཀྱི་ཡིན་བསམ་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་ཡིན་བསམ་པ་འདི་ལྟ་བུའི་ཀུན་སློང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་གསལ་བཏབ་ནས་གསན་དགོས་པ་ཡིན་པ་རེད།

ལེའུ་ཉི་ཤུ་རྩ་བཞི་པ། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་

ཀུན་ནས་སྒོའི་ལེའུ།

གང་གསན་པར་བྱ་བའི་ཆོས་ནི། ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོའི་ལེའུ་ཉི་ཤུ་རྩ་བཞི་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ་ཞེས་པ་འདི་རེད། འདིའི་ནང་གཙོ་ཆེ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འཕྲིན་ལས་ཀྱི་རྣམ་གཞག་རྒྱས་པར་བསྟན་ཡོད། ཐོག་མར་འདིིའི་ཞུ་བ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ནི་སངས་རྒྱས་ཀྱི་འཁོར་གྱི་བྱང་ཆུབ་སེམས་དཔའི་ནང་ནས་དྲི་བ་མང་པོ་ཞུ་མཁན་དང་། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་སོགས་པ་མདོ་མང་པོའི་ཆེད་དུ་བྱ་བའི་གདུལ་བྱའང་ཡིན། ཕལ་ཆེར་གླེང་གཞིའི་ནང་ལའང་འདིའི་མཚན་ཡོང་གི་ཡོད། དེ་ལྟར་ལེའུ་ཉི་ཤུ་རྩ་གསུམ་པ་གསུངས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་སངས་རྒྱས་ལ་སྤྱན་རས་གཟིགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པ་ནི་འདི་ལྟར།

བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅིའི་སླད་དུ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི། ཞེས་རྒྱུ་མཚན་གང་གི་ཐོག་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་སྤྱན་རས་གཟིགས་དབང་ཕྱུག་ཅེས་པའི་མཚན་བཏགས་པ་རེད་ཅེས་བཀའ་འདྲི་ཞུས་པ་རེད། སྤྱན་རས་གཟིགས་དབང་ཕྱུག་ཅེས་པའི་མཚན་འདི་བྱང་ཆུབ་སེམས་དཔའ་གཞན་དག་གི་མཚན་དང་ཕྲན་བུ་མི་འདྲ་བ་རེད། འདིར་སྤྱན་རས་གཟིགས་ཞེས་པ་དང། ཡང་དེའི་རྗེས་སུ་དབང་ཕྱུག་ཅེས་པའི་མཚན་ཞིག་ཡོད། ནང་པའི་མཚན་གྱི་ནང་དུ་དབང་ཕྱུག་ཅེས་པ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ལ་ཉུང་བ་རེད། དེ་ནི་འཇིག་རྟེན་གྱི་བཀོད་པ་པོ་འདོད་མཁན་གྱིས་མང་ཆེ་བ་བེད་སྤྱོད་གཏོང་བའི་ཐ་སྙད་ཅིག་རེད། རྒྱ་གར་གྱི་གྲུབ་མཐའ་ཡོངས་རྫོགས་བསྡུས་ན། འཇིག་རྟེན་གྱི་བྱེད་པ་པོ་འདོད་མཁན་དང་། འཇིག་རྟེན་གྱི་བྱེད་པ་པོ་མི་འདོད་མཁན་གཉིས་རེད། གཅེར་བུ་པ་དང་ནང་པ་གཉིས་འཇིག་རྟེན་གྱི་བཀོད་པ་པོ་མི་འདོད་པ་དང་། དེའི་ཐོག་ཏུ་རྒྱང་འཕེན་པ་བརྩི་ན་གསུམ་རེད། དེ་མིན་གྱི་རྟོག་གེ་གཞན་རྣམས་འཇིག་རྟེན་གྱི་བཀོད་པ་པོ་འདོད་མཁན་རེད། ཁོང་ཚོའི་ཐ་སྙད་ནང་ཨཱིཤྭར་ (དབང་ཕྱུག་) ཟེར་བ་དེ་ཡང་ཡང་ཡོང་གི་རེད། དེར་བརྟེན་སྤྱན་རས་གཟིགས་དབང་ཕྱུག་ལ་ཅིའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་པའི་མཚན་བཏགས་པ་རེད་ཅེས་བཀའ་འདྲི་ཞུས་པའི་སྐབས་སུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བློ་གྲོས་མི་ཟད་པ་ལ་གང་གསུངས་པ་རེད་ཅེ་ན།

རིགས་ཀྱི་བུ། འདི་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ཅིག་སྡུག་བསྔལ་གང་དག་མྱོང་བར་གྱུར་པ་དེ་དག་གིས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཐོས་ན། དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཞེས་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ཁོ་རང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཡིན་པ་དང་། དེ་ལྟར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ནང་མཚན་བྱིན་གྱིས་བརླབས་པའི་བྱུང་བ་མང་པོ་ཡོད། དེ་ཡང་སྤྱན་རས་གཟིགས་ཐོག་མར་ཐུགས་བསྐྱེད་པའི་སྐབས་སུ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་མི་འགྱུར་བ་མེད་པ་དང་། ཞལ་གྱི་དབུགས་འབྱུང་རྔུབ་ཚུན་ཆད་སེམས་ཅན་གྱི་དོན་ལ་འགྱུར་བ་དང་། ལྷག་པར་དུ་མཚན་ཡང་གང་གི་མདུན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་མཚན་སྨོས་མཁན་རྣམས་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་ཐུབ་པའི་སྨོན་ལམ་མཛད་པ་ཡིན་སྟབས། སངས་རྒྱས་གྲངས་མེད་ལ་མཆོད་པ་ཕུལ་བ་དང་། སྤྱན་རས་གཟིགས་ཀྱི་མཚན་སྨོས་པ་གཉིས་པོ་བསོད་ནམས་ཀྱི་ཕུང་པོ་མཉམ་པ་ཡིན་གསུངས། དེ་ལྟར་ཐུགས་སྐྱེད་སྨོན་ལམ་གྱི་དབང་གིས་སྤྱན་རས་གཟིགས་ཀྱི་མཚན་བརྗོད་མཁན་དང་། མཚན་དེ་གཟུངས་སྔགས་ཀྱི་ཚུལ་དུ་བགྲང་མཁན་རྣམས་ལ་ཕན་ཡོན་ཆེན་པོ་ཐོབ་པ་རེད། དེས་ན་ཁོང་ལ་སྤྱན་རས་གཟིགས་དབང་ཕྱུག་ཅེས་ཞུ་རྒྱུ་དེ་གང་གི་མཚན་ཐོས་པའམ། འཛིན་པའམ། བརྗོད་པ་ལ་བརྟེན་ནས་འཇིགས་པ་ལས་གྲོལ་ཐུབ་པ་དང་། རེ་བའི་དོན་འགྲུབ་ཐུབ་པ་ཡོང་རྒྱུ་དེ་ཐོག་མར་ཐུགས་སྐྱེད་སྨོན་ལམ་གྱི་དབང་གིས་བྱུང་ཚུལ་གསུངས།

དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་བཀའ་འདྲི་ཞུས་པའི་བཀའ་ལན་དུ། སངས་རྒྱས་ཀྱིས་སྤྱན་རས་གཟིགས་ཀྱི་མཚན་ནས་དད་པའི་དབང་གིས་འབོད་ན་འཇིགས་པ་བརྒྱད་ལ་སོགས་པ་ལས་སྐྱོབ་ཐུབ་པ་དང་། འདོད་པའི་དངོས་པོ་བསྒྲུབ་ཐུབ་པར་གསུངས་པ་རེད། འོ་ན་འཇིགས་པ་བརྒྱད་དེ་གང་རེད་ཅེ་ན། མེའི་ནང་དུ་ལྷུང་ནས་འཚིག་པའི་འཇིགས་པ་དང་། ཆུའི་ནང་དུ་ལྷུང་བའི་འཇིགས་པ། སྲིན་པོའི་གླིང་དུ་འཕྱན་པའི་འཇིགས་པ། (དེང་སང་གྲུ་གཟིངས་སྲིན་པོའི་གླིང་དུ་འཕྱན་པའི་སྒྲུང་མེད། སྔ་མོ་རྒྱ་མཚོའི་ནང་དུ་རླུང་ལོག་སྟེ་གྲུ་གཟིངས་སྲིན་པོའི་གནས་སུ་འཕྱན་ནས་སྲིན་པོས་ཟ་བའི་སྐབས་སུ་སྤྱན་རས་གཟིགས་རྣམ་སྤྲུལ་རྟ་ཅང་ཤེས་ཀྱིས་བསྐྱབས་པའི་རྟོགས་བརྗོད་ཡོང་གི་ཡོད།) རྒྱལ་པོའི་ཆད་པས་བསད་པར་བཀྲི་བའི་འཇིགས་པ། གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་འཇིགས་པ། (དེ་ནི་གདོན་འདྲེ་ཟེར་བ་དེ་རེད།) ལྕགས་སྒྲོག་གི་འཇིགས་པ། གཡོན་ཅན་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ། དེ་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་གི་འཇིགས་པ་བཅས་རེད། དེ་ནས་འདོད་པའི་དངོས་པོ་གྲུབ་པ་ནི་བུ་འདོད་པ་རྣམས་ལ་བུ་དང་། བུ་མོ་འདོད་པ་ལ་བུ་མོ། ནོར་འདོད་པ་ལ་ནོར་གྲུབ་པ་རེད། འཇིགས་པའི་གྲངས་རྣམས་ཚིག་ལྷུག་ནང་གསུངས་པ་འདི་དང་ཚིགས་བཅད་ནང་གསུངས་པ་ཁ་ཤས་མི་འདྲ་ཡང་། མང་ཆེ་བ་གཅིག་པ་ལྟ་བུ་རེད། གང་ལྟར་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་སྐད་ཤུགས་ཆེན་པོས་མཚན་ནས་སྨོས་ན། འཇིགས་པ་ལས་གྲོལ་བ་དང་འདོད་པའི་དངོས་པོ་གྲུབ་ཐུབ་པ་ཡོང་གི་རེད་ཅེས་གསུངས་པ་རེད།

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བ་དང་། དེའི་མཚན་འཛིན་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་བསག་གི་རེད་ཅེ་ན། རིགས་ཀྱི་བུ། གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མིང་འཛིན་ལ། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་དག་ལ་ཕྱག་འཚལ་ཞིང་མིང་འཛིན་པ་དང་། ཞེས་སོགས་གསུངས་ཏེ། གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མའི་གྲངས་དང་མཉམ་པའི་སངས་རྒྱས་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་བ་དང་། སྤྱན་རས་གཟིགས་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་བ་གཉིས་བསོད་ནམས་མཉམ་པ་ཡིན་ཞེས་གསུངས་པ་རེད།

དེ་ནས་ཡང་བསྐྱར་བློ་གྲོས་མི་ཟད་པས་སངས་རྒྱས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་པའི་ཞིང་འདིའི་ནང་འགྲོ་བའི་དོན་ཇི་ལྟར་མཛད་པ་དང་། ཇི་ལྟར་སེམས་ཅན་ལ་ཆོས་སྟོན་གྱི་ཡོད་ཅེས་བཀའ་འདྲི་ཞུས་པའི་སྐབས་སུ། སངས་རྒྱས་ཀྱིས་དེའི་ལན་དུ། སྤྱན་རས་གཟིགས་དབང་ཕྱུག་གིས་ཆོས་བསྟན་པ་ལ་ཧ་ཅང་ཐབས་ལ་མཁས་པ་རེད། ཐབས་ལ་མཁས་པའི་ཚུལ་གང་རེད་ཅེ་ན། སྤྱན་རས་གཟིགས་དབང་ཕྱུག་གིས་སངས་རྒྱས་ཀྱི་གཟུགས་ཀྱིས་འདུལ་བར་བྱ་བ་ལ་སངས་རྒྱས་ཀྱི་གཟུགས་བསྟན་ནས་ཆོས་བསྟན་པ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས། ཉན་ཐོས་བཅས་ཀྱིས་འདུལ་བར་བྱ་བ་ལ་རང་རང་སོ་སོའི་གཟུགས་བསྟན་ནས་ཆོས་བསྟན་པ་དང་། དེ་བཞིན་ཕྱི་རོལ་པ་ཚངས་པ་ལ་དད་པ་བྱེད་མཁན་ཡིན་ན་ཚངས་པའི་གཟུགས་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདུལ་བར་བྱ་བ་ལ་བརྒྱ་བྱིན་གྱི་གཟུགས། གནོད་སྦྱིན་གྱིས་འདུལ་བར་བྱ་བ་ལ་གནོད་སྦྱིན་གྱི་གཟུགས། དབང་ཕྱུག་གིས་འདུལ་བར་བྱ་བ་ལ་དབང་ཕྱུག་གི་གཟུགས། དབང་ཕྱུག་ཆེན་པོས་འདུལ་བར་བྱ་བ་ལ་དབང་ཕྱུག་ཆེན་པོའི་གཟུགས། (དབང་ཕྱུག་དང་དབང་ཕྱུག་ཆེན་པོ་ནི་རིག་བྱེད་པའི་ལྷའི་ནང་གི་གལ་ཆེ་བ་གཉིས་རེད།) འཁོར་ལོས་སྒྱུར་བའི་རྒྱལ་པོས་འདུལ་བར་བྱ་བ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས། (འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟེར་བ་དེ་སྟོང་དང་པོ་དང། སྟོང་བར་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ལ་དབང་སྒྱུར་བའི་རྒྱལ་པོ་རྣམས་རེད། དེ་དག་ནི་མི་རྣམས་ཚེ་ལོ་ཡར་ལྡན་གྱི་སྐབས་སུ་ཡོང་གི་ཡོད། ཇི་སྐད་དུ། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །ཞེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱོན་པའི་སྐབས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་སུ་བྱོན་པ་དང་། སངས་རྒྱས་བྱོན་པའི་སྐབས་སུ་སངས་རྒྱས་ཀྱི་གཟུགས་སུ་བྱོན་པ་རེད། བསྐལ་པ་འདི་ལ་ཚེ་ལོ་ཡར་འཕེལ་བའི་སྐབས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གིས་དབང་སྒྱུར་བ་དང་། ཚེ་ལོ་མར་འགྲིབ་པའི་སྐབས་སུ་སངས་རྒྱས་སྟོང་བྱོན་པ་ནི་བསྐལ་བཟང་འདིའི་ཁྱད་ཆོས་སུ་བཤད། དེ་དག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་གསུངས་པ་རེད།) ཤ་ཟའི་གཟུགས་ཀྱིས་འདུལ་བ་ལ་ཤ་ཟའི་གཟུགས།  ཁྱད་པར་དུ་འཕགས་པའི་གང་ཟག་མཆོག་གིས་འདུལ་བ་ལ་གང་ཟག་མཆོག་གི་གཟུགས། དམག་དཔོན་གྱིས་འདུལ་བ་ལ་དམག་དཔོན་གྱི་གཟུགས། བྲམ་ཟེས་འདུལ་བ་ལ་བྲམ་ཟེའི་གཟུགས། ལག་ན་རྡོ་རྗེས་འདུལ་བ་ལ་ལག་ན་རྡོ་རྗེའི་གཟུགས་ (ལག་ན་རྡོ་རྗེ་ཞེས་པ་མཚོན་པ་ཙམ་རེད། ཁ་ཤས་ཞི་བས་འདུལ་དུ་མ་ནུས་པ་ལ་དྲག་པོས་འདུལ་དགོས་ཀྱི་ཡོད།) བསྟན་ནས་ཆོས་སྟོན་པ་དང་། འགྲོ་བའི་དོན་བྱེད་ཀྱི་ཡོད། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལྡན་པར་བརྟེན། སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་ཅིང་འདུད་པར་བྱེད་ན་ཧ་ཅང་གི་དགེ་བ་ཆེན་པོ་ཡོད་པར་གསུངས་པ་རེད། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་གྱི་ནུས་པ་དང་། དེའི་ཕན་ཡོན། མཐུ་སྟོབས། མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ནང་རྣམ་པ་ཇི་ལྟ་བུས་ཆོས་སྟོན་གྱི་ཡོད་པ་བཅས་ཚང་མ་གསུངས་པའི་རྗེས་སུ།

བློ་གྲོས་མི་ཟད་པས་སངས་རྒྱས་ལ། བཅོམ་ལྡན་འདས། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཀྱི་དགབ་པ་སྩལ་བར་བགྱིའོ། །ཞེས་ངས་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཀྱི་ཁྱབ་པའི་ཡོན་ཞིག་འབུལ་གྱི་ཡིན། དགབ་པ་ནི་ཁྱབ་པའི་དོན་རེད། དེ་འབུལ་ན་འགྲིག་གི་རེད་དམ་ཞེས་ཞུས་པའི་སྐབས་སུ། སངས་རྒྱས་ཀྱིས། རིགས་ཀྱི་བུ། དེའི་དུས་ལ་བབ་པར་ཤེས་ན་བྱིན་ཅིག །ཅེས་དེ་ནི་དུས་ཚོད་རན་པ་རེད། ཕུལ་ན་འགྲིགས་ཀྱི་རེད་ཅེས་གསུངས་པ་རེད། དེ་ནས་བློ་གྲོས་མི་ཟད་པས་རང་གི་མགུལ་དུ་གྱོན་པའི་གསེར་སྲང་བརྒྱ་སྟོང་རི་བའི་མུ་ཏིག་གི་དོ་ཤལ་དེ་བཀྲོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཀྱི་དགབ་པའི་ཡོན་དུ་ཕུལ་བ་རེད།

འདི་ཕུལ་བའི་སྐབས་སུ་གང་གསུངས་པ་རེད་ཅེ་ན། སྐྱེས་བུ་དམ་པ། བདག་ལས་ཆོས་ཀྱི་དགབ་པ་འདི་ལོངས་ཤིག །ཅེས་ངའི་ཆོས་ཀྱི་ཁྱབ་པའི་ཡོན་འདི་བཞེས་རོགས་གནང་ཞེས་ཞུས་པའི་སྐབས་སུ། སྤྱན་རས་གཟིགས་དབང་ཕྱུག་གིས་མ་བཞེས་པ་རེད། དེ་ནས་ལན་གཉིས་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སྤྱན་རས་གཟིགས་དབང་ཕྱུག་ལ། རིགས་ཀྱི་བུ། ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་འདི་བདག་ལ་སྙིང་བརྩེ་བའི་ཕྱིར་ལོངས་ཤིག །ཅེས་ང་ལ་ཐུགས་རྗེས་གཟིགས་ནས་ངེས་པར་དུ་ཆོས་ཀྱི་དགབ་པའི་ཡོན་འདི་བཞེས་དགོས་ཀྱི་རེད་ཅེས་བསྐྱར་དུ་ཞུས་པའི་སྐབས་སུ། བློ་གྲོས་མི་ཟད་པ་ལ་ཐུགས་རྗེས་གཟིགས་པ་ཙམ་དུ་མ་ཟད། འཁོར་བཞི་པོ་དེ་དག་དང། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་འཁོར་དུ་འདུས་པ་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཕུལ་བའི་མུ་ཏིག་གི་དོ་ཤལ་འདི་སྤྱན་རས་གཟིགས་ཀྱིས་བཞེས་པ་རེད་ཅེས་གསུངས།

བླངས་ནས་ཆ་གཉིས་སུ་བགོས་ཏེ། བགོས་ནས་ཆ་གཅིག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕུལ་ལོ། །ཆ་གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་རིན་པོ་ཆེའི་མཆོད་རྟེན་ལ་ཕུལ་ལོ། །ཞེས་མུ་ཏིག་གི་དོ་ཤལ་བཞེས་པའི་རྗེས་སུ་དེ་ཆ་གཉིས་སུ་བགོས་ཏེ། ཆ་གཅིག་སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་སྟོན་བཞིན་དུ་བཞུགས་པ་དེ་ལ་ཕུལ་བ་དང་། ཆ་གཅིག་དེའི་འགྲམ་དུ་ཡོད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་རིང་བསྲེལ་གྱི་མཆོད་རྟེན་ལ་ཕུལ་བ་རེད། (ལེའུ་གཞན་ཞིག་ཏུ་སངས་རྒྱས་རིན་ཆེན་མང་གི་རིང་བསྲེལ་གྱི་མཆོད་རྟེན་དེ་གང་ལས་བྱུང་བ་དེ་གསུངས་ཡོད།) གང་ལྟར་སྤྱན་རས་གཟིགས་རང་གིས་གཏན་ནས་མ་ཉར་བ་རེད། དེ་ལྟར་སྤྱན་རས་གཟིགས་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདིའི་ནང་མཛད་པ་འཕྲིན་ལས་དང་། ཆོས་ཀྱིས་འདུལ་བ་རྣམས་བསྟན་པ་རེད། མདོར་ན། བློ་གྲོས་མི་ཟད་པས་མུ་ཏིག་གི་ཕྲེང་བ་ཕུལ་བ་དང་། སྤྱན་རས་གཟིགས་ཀྱིས་དང་པོ་མ་བཞེས་པ། དེ་ནས་བསྐྱར་དུ་ཞུས་པའི་སྐབས་སུ་བཞེས་པ། བཞེས་ནས་ཆ་གཉིས་སུ་བགོས་ཏེ་ཆ་གཅིག་སངས་རྒྱས་ལ་ཕུལ་བ། ཆ་གཅིག་རིན་ཆེན་མང་གི་རིང་བསྲེལ་གྱི་མཆོད་རྟེན་ལ་ཕུལ་བ་བཅས་སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པའི་ཚིག་ལྷུག་གི་རིམ་པ་འདིར་རྫོགས་པ་རེད།

རྒྱལ་མཚན་ཁྲ་བོས་བློ་གྲོས་མི་ཟད་ལ། །ཞེས་སོགས་ཚིགས་བཅད་ཉི་ཤུ་རྩ་གསུམ་བསྟན་པ་རེད། ལེའུ་གཞན་དག་ནང་ཚིགས་བཅད་མང་ཆེ་བ་དེ་སངས་རྒྱས་ཀྱིས་གསུངས་པའམ། ཡང་ན་དྲི་བ་ཞུ་མཁན་གྱིས་སངས་རྒྱས་ལ་ཞུས་པ་དེ་འདྲ་རེད། ལེའུ་འདི་ལ་བྱང་ཆུབ་སེམས་དཔའ་རྒྱལ་མཚན་ཁྲ་བོ་དང་བློ་གྲོས་མི་ཟད་པ་གཉིས་ཕན་ཚུན་བགྲོ་གླེང་བྱེད་པའི་རྣམ་པ་མ་གཏོགས། སངས་རྒྱས་ཀྱིས་གསུངས་པ་དང་སངས་རྒྱས་ལ་ཞུས་པའི་རྣམ་པ་མེད། འདི་ནི་གསར་པ་ཞིག་རེད། བྱང་ཆུབ་སེམས་དཔའ་རྒྱལ་མཚན་ཁྲ་བོ་ཞེས་པ་དེ་ཡོངས་གྲགས་ཀྱི་མཚན་ཞིག་མ་རེད། འདིར་མ་གཏོགས་གཞན་དུ་དེ་ཙམ་ཡོང་གི་མི་འདུག ཐོག་མར་གླེང་གཞིའི་ནང་དུའང་བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་སུའང་མཚན་འདི་མེད། འདིའི་ནང་བྱང་ཆུབ་སེམས་དཔའ་རྒྱལ་མཚན་ཁྲ་བོས་བློ་གྲོས་མི་ཟད་པ་ལ་དྲིས་པ་དང་། དེ་ནས་བློ་གྲོས་མི་ཟད་པས་ལན་གནང་བ་ཤ་སྟག་རེད། འདིའི་ནང་དོན་མང་ཆེ་བ་གོང་དུ་ཞུས་པ་བཞིན་ཚིག་ལྷུག་ནང་ཡོད་པ་དེ་ཚོ་དང་འདྲ་པོ་རེད། འོན་ཀྱང་འཇིགས་པ་དེ་ཚོ་ཕྲན་བུའི་མི་འདྲ་བ་འདུག་ཀྱང་། གོང་གི་འཇིགས་པ་བརྒྱད་ཀྱི་རྣམ་གྲངས་རྣམས་ཚིག་ལྷུག་གཞིར་བཟུང་གིས་ཞུས་པ་ཡིན། གང་ལགས་ཤེ་ན། ཚིག་ལྷུག་དེ་ཞལ་ནས་གསུངས་པའི་བཀའ་རེད།

ཤློཀ་ཉི་ཤུ་པའི་ནང་སྤྱན་རས་གཟིགས་ཀྱི་སྤྱན་གྱི་བཤད་པ་ལ། སྙིང་རྗེའི་སྤྱན་དང་བྱམས་པའི་སྤྱན་དང་ལྡན། །ཞལ་བཟང་སྤྱན་བཟང་ཤིན་ཏུ་ལྟ་འདོད་པ། །དྲི་མ་མེད་པ་དྲི་མ་བྲལ་བའི་འོད།། རབ་རིབ་མེད་པ་ཡེ་ཤེས་ཉི་མའི་འོད། །སྤྲིན་གྱིས་ཆོད་པར་གྱུར་པ་མེད་པའི་འོད། །འཇིག་རྟེན་དག་ན་ལྷག་གེ་ལྷང་ངེར་མཛེས།། ཞེས་སྤྱན་རས་ཞེས་པའི་སྤྱན་ལ་སྙིང་རྗེའི་སྤྱན་དང་། བྱམས་པའི་སྤྱན། ཞལ་བཟང་པོ་དང་ལྡན་པའི་སྤྱན། ཤིན་ཏུ་ལྟ་བར་འདོད་པའི་སྤྱན། དྲི་མ་དང་བྲལ་བའི་སྤྱན། དྲི་མ་མེད་པའི་ཉི་མ་ལྟ་བུའི་སྤྱན་ཞེས་སྤྱན་གྱི་ཡོན་ཏན་སྣ་ཚོགས་གསུངས། ནུབ་ཀྱི་ཕྱོགས་ན་བདེ་བའི་འབྱུང་གནས་ཏེ། །རྡུལ་བྲལ་འཇིག་རྟེན་ཁམས་འདི་བདེ་བ་ཅན། །དེ་ན་སེམས་ཅན་ཁ་ལོ་སྒྱུར་བ་ཡི། །འདྲེན་པ་ཚེ་མཐའ་ཡས་པའང་ད་ལྟར་བཞུགས། །ཞེས་སོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་སྐོར་དང་། འདྲེན་པ་སྣང་བ་མཐའ་ཡས་གཡས་གཡོན་ནས། །བསིལ་ཡབ་ཐོགས་ཏེ་དེ་བཞིན་གཡོབ་ཅིང་འདུག །ཅེས་སོགས་འོད་དཔག་མེད་ཀྱི་སྲས་ཀྱི་ཐུ་བོ་ཡིན་པ་དང་། སངས་རྒྱས་སྣང་བ་མཐའ་ཡས་ལ་བསིལ་ཡབ་གཡོབ་བཞིན་པ་བཅས་ཚིགས་བཅད་ནང་མི་འདྲ་བ་མ་གཏོགས། གཞན་དག་ཚིག་ལྷུག་དང་ཕལ་ཆེར་གཅིག་པ་རེད།

སྤྱིར་བཏང་ལེའུ་འདི་ཐུང་ཐུང་རེད། གཙོ་ཆེ་བ་དེ་སྤྱན་རས་གཟིགས་ཀྱི་མཚན་དང་། འཕྲིན་ལས་ཀྱི་ནུས་པ། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་འཕྲིན་ལས་མཛད་ཚུལ། དེ་བཞིན་སངས་རྒྱས་བྱང་སེམས་ཉན་རང་ལ་སོགས་པ་དང་། ལྷ་དང་གནོད་སྦྱིན་ལ་སོགས་པ་སྣ་ཚོགས་ཀྱི་གཟུགས་སུ་བསྟན་ནས་ཆོས་སྟོན་ཚུལ་དེ་དག་གསུངས་པ་ཡིན་སྟབས། བརྗོད་བྱ་གོ་མི་བདེ་བ་དང་། དཀའ་ལས་ཁག་པ་གང་ཡང་མེད་པ་ལྟ་བུ་རེད། ཡིན་ནའང་འདིའི་ནང་གསུངས་པའི་དོན་ལ་དྭོགས་པ་རྣམ་རྟོག་མང་པོ་ཞིག་ཡོང་གི་ཡོད། ལྷག་པར་དུ་དེང་རབས་ཀྱི་བསམ་ཚུལ་ཡོད་མཁན་ནམ་ནུབ་ཕྱོགས་པའི་བསམ་ཚུལ་ཡོད་མཁན་མང་པོ་ཞིག་གིས་འདི་ལ་དྲི་བ་མང་པོ་དྲིས་ཀྱི་ཡོད། དྲི་བ་ཁ་ཤས་ནི་དེ་ཙམ་གྱི་དོན་དག་མེད་པ་དང་། དྲི་བ་ཁ་ཤས་ནི་མཚན་ཉིད་པས་བཤད་སྟངས་ལྟར་ན་རྟོག་ལྡན་ལ་སྐྱེས་པའི་དོགས་པ་དེ་འདྲའང་འདུག དེས་ན་དྭོགས་པ་དེ་དག་སྐོར་ལ་ང་ཚོས་གོ་བསྡུར་ཕྲན་བུ་བྱེད་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག །ཐོག་མར་མང་པོ་ཞིག་གིས་ངས་སྤྱན་རས་གཟིགས་ཀྱི་མཚན་ནས་འབོད་ཀྱི་ཡོད། གསོལ་བ་འདེབས་ཀྱི་ཡོད། ཡིན་ནའང་ང་ལ་འདིའི་ནང་གསུངས་པ་བཞིན་འཇིགས་པ་ལས་གྲོལ་བ་དང་འདོད་དོན་གྲུབ་པའི་རྟགས་མཚན་གང་ཡང་ཡོང་གི་མི་འདུག དེར་བརྟེན་འདིའི་ནང་གསུངས་པ་དེ་ཇི་ལྟར་ཡིན་ནམ་སྙམ་པའི་དོགས་པ་བྱེད་མཁན་ཡོད། འདི་ནི་གཏི་ཐུག་གི་དྭོགས་པ་ཞིག་རེད། གཞུང་ནས་གསུངས་པའི་དོན་རྣམས་འགྲུབ་པ་ལ། གཞུང་ནས་གསུངས་པའི་ཆ་རྐྱེན་དེ་ཚོ་ཚང་དགོས། དཔེར་ན། སྐྱབས་འགྲོའི་ཕན་ཡོན་ནང་གསུངས་པ་རྣམས་ཇི་ལྟར་ལག་ཏུ་ལོན་གྱི་རེད་ཅེ་ན། གལ་ཏེ་སྐྱབས་འགྲོ་ཚད་ལྡན་བྱུང་ན། གཞི་ནས་ཡོང་རྒྱུ་རེད་མ་གཏོགས། སྐྱབས་སུ་མཆིའོ་ཞེས་བརྗོད་ཤེས་པ་ཙམ་གྱིས་སྐྱབས་འགྲོའི་ཕན་ཡོན་ཐམས་ཅད་ཡོང་རྒྱུ་མེད། སྐྱབས་འགྲོ་ཚད་ལྡན་ཇི་ལྟར་ཡོང་དགོས་ཤེ་ན། སྐྱབས་འགྲོའི་རྒྱུ་འཇིགས་པ་དང་ཡིད་ཆེས་གཉིས་ཚད་དང་ལྡན་པ་ཞིག་དགོས་ཀྱི་ཡོད། ཕལ་ཆེར་འཇིགས་པ་ང་ཚོ་ལ་ཡོད་འགྲོ དཔེར་ན། ངན་སོང་གི་འཇིགས་པ་དང་འཁོར་བའི་འཇིགས་པ་རྣམས་ཧ་མ་གོ་བ་ཡོང་སྲིད། འོན་ཀྱང་ཁ་ཐུག་གི་ན་ཚའི་འཇིགས་པ་དང་། དབུལ་ཕོངས་ཀྱི་འཇིགས་པ་སོགས་ཡོད་ཀྱི་རེད། ཡིན་ནའང་ཡིད་ཆེས་དེ་ཡོང་ཁག་པོ་རེད། གང་ལགས་ཤེ་ན། ཡིད་ཆེས་ཡོང་བ་ལ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་སྐྱབས་ཡུལ་གྱི་དོན་རྣམས་ཤེས་དགོས། གལ་ཏེ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་དོན་ཡག་པོ་མ་ཤེས་ན། ཡིད་ཆེས་དེ་མིང་ཙམ་མ་གཏོགས། ཚད་དང་ལྡན་པ་ཞིག་ཡོང་རྒྱུ་མེད།

ནམ་རྒྱུན་མི་ཕལ་པ་ཚོས་སངས་རྒྱས་ཞེས་པ་ནི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་ཤཱཀྱ་ཐུབ་པ་ལ་གོ་བ་མ་གཏོགས། སངས་ཚུལ་དང་རྒྱས་ཚུལ་བཅས་སུ་གོ་མཁན་དཀོན་པོ་རེད། དེ་བཞིན་ཆོས་ཞེས་པའང་ཕལ་ཆེར་པོ་ཏི་དཔེ་ཆ་ལྟ་བུ་ལ་གོ་བ་མ་གཏོགས། ལུང་རྟོགས་ཀྱི་ཆོས་ཀྱི་གནས་སྟངས་ཇི་བཞིན་གོ་མཁན་ཁག་པོ་རེད། དེ་མཚུངས་དགེ་འདུན་ཞེས་པའང་འཕགས་ལམ་ཐོབ་པའི་གང་ཟག་གམ། ཡང་ན་སོ་སོའི་སྐྱེ་བོ་དགེ་སློང་ཚད་ལྡན་གྱི་སྡོམ་པ་ཡོད་མཁན་བཞི་གྲ་ཡན་ལ་བརྗོད་པ་དང་། དགེ་འདུན་གྱི་དོན་དང་དགེ་འདུན་གྱི་ཡོན་ཏན་སོགས་ཞིབ་ཚགས་པོ་ཤེས་ཀྱི་མེད། དེར་བརྟེན་ཡིད་ཆེས་དེ་ཚད་ལྡན་ཞིག་ཡོང་གི་མེད། དེ་མ་བྱུང་ན་སྐྱབས་སུ་འགྲོ་བའི་བློ་ལིང་གིས་འགེལ་བ་དེ་ཡོང་ཁག་པོ་རེད། དེས་ན་སྐྱབས་འགྲོའི་བསམ་བློ་ཚད་ལྡན་མེད་པ་ཞིག་གིས་ཁ་ནས་སྐྱབས་སུ་མཆི་ཞེས་པ་དེ་འབུམ་ཕྲག་མང་པོ་བསགས་ནའང་། སྐྱབས་འགྲོའི་ཕན་ཡོན་ནས་བཤད་པའི་དོན་རྣམས་ལམ་སེང་མི་འགྲུབ་པའི་རྒྱུ་མཚན་དེ་རང་རེད།

ལྷག་པར་དུ་དམ་ཆོས་པདྨ་དཀར་པོ་འདི་ཐེག་པ་ཆེན་པོའི་མདོ་རེད། འདིའི་དོན་ཉམས་སུ་ལེན་པ་ལའང་གང་ཟག་དེ་ཐེག་པ་ཆེན་པོའི་རིགས་ཅན་ཙམ་གྱིས་མི་ཆོག་པར་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་གང་ཟག་ཅིག་ཡིན་དགོས། དེར་བརྟེན་འདི་ནས་བཤད་པའི་དོན་དེ་རྣམས་འགྲུབ་པ་ལ། ཉམས་སུ་ལེན་ཚུལ་ཡང་འདི་ནས་བཤད་པ་བཞིན་དགོས་ཀྱི་རེད། སྐབས་འདི་ལ་མཚོན་ན། སྤྱན་རས་གཟིགས་ཀྱི་མཚན་བོས་པའི་ཀུན་སློང་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་མ་ཟིན་པར། རང་དོན་ཡིད་བྱེད་ཀྱི་བློ་ཙམ་གྱིས་བོས་ན། གཞུང་ནས་གསུངས་པའི་དོན་རྣམས་ཡོང་ཁག་པོ་རེད། གང་ལྟར་མཚན་བརྗོད་ཚུལ་དང་གསོལ་བ་བཏབ་ཚུལ་དེ་ཐེག་པ་ཆེན་པོའི་ལམ་དང་མཐུན་པར་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པའི་ཐོག་ནས་བོས་ན། ཏན་ཏན་འདིའི་ནང་ཡོད་པའི་གྲུབ་འབྲས་རྣམས་ཡོང་རྒྱུ་རེད། གང་ལགས་ཤེ་ན། སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་དངོས་སུ་མེ་དང་ཆུའི་འཇིགས་པ་ལས་གྲོལ་བའི་བྱུང་བ་མང་པོ་འདས་པའི་དུས་སུ་བྱུང་ཡོད། དེ་ཡང་ལུང་པ་གཅིག་རྐྱང་པ་མིན་པར། ལུང་པ་གང་སར་དེ་འདྲའི་གནས་ཚུལ་བྱུང་ཡོད། ལུང་པ་འདིའི་ནང་དུའང་ཕལ་ཆེར་བྱུང་ཡོད་ཀྱི་རེད། གཅིག་ལ་བྱུང་བ་དང་གཞན་ལ་མ་བྱུང་བ་དེས་སྤྱན་རས་གཟིགས་ལ་ཉེ་རིང་ཡོད་པའི་དབང་གིས་མ་ཡིན་པར། སྤྱན་རས་གཟིགས་ཀྱི་མཚན་བོས་ནས་ཉམས་སུ་ལེན་མཁན་དེའི་ཉམས་ལེན་གྱི་ཁྱད་པར་གྱི་ཐོག་ནས་ཡིན་པ་དེ་གསལ་པོ་རེད། དེས་ན་རང་ལ་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་མདོ་ལས་གསུངས་པ་དེ་བདེན་པ་མ་རེད་ཅེས་ལམ་སེང་ལབ་ཆོག་ཆོག་ཅིག་མེད། སྔོན་ལ་མདོ་ལས་གསུངས་པའི་ཁྱད་ཆོས་རྣམས་རང་ལ་ཚང་བར་བྱས་ཏེ། དེ་ནས་མ་བྱུང་ན། གཞི་ནས་དོགས་པ་ཟ་ཆོག་པ་ཞིག་རེད།

ད་དུང་མཁྱེན་དགོས་པ་ཞིག་ལ། འཇིགས་པ་དེ་ཚོ་ཕྱིའི་འཇིགས་པ་ལ་དཔེ་མཚོན་ཙམ་གསུངས་པ་རེད་མ་གཏོགས། དོན་དུ་ནང་གི་འཇིགས་པ་ལ་གསུང་གི་ཡོད། རྗེ་བཙུན་སྒྲོལ་མའི་གཟུངས་ཀྱི་ནང་སྒྲོལ་མའི་མཚན་བརྗོད་ན་འཇིགས་པ་བརྒྱད་ལས་གྲོལ་བ་དང་། དེ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཅེས་པ་ཡོངས་གྲགས་རེད། འཇིགས་པ་བརྒྱད་ནི་སེངྒེའི་འཇིགས་པ་དང་། གླང་པོ་ཆེའི་འཇིགས་པ། མེའི་འཇིགས་པ། སྦྲུལ་གྱི་འཇིགས་པ། རྐུན་པོའི་འཇིགས་པ། ལྕགས་སྒྲོག་གི་འཇིགས་པ། ཆུ་བོའི་འཇིགས་པ། ཤ་ཟའི་འཇིགས་པ་བཅས་རེད། དེ་དང་ད་ལྟ་འདིའི་ནང་གསུངས་པའི་འཇིགས་པ་རྣམས་ཁ་ཤས་མ་གཏོགས་གཅིག་པ་རེད། གང་ལྟར་དེ་བརྒྱད་པོ་ནི་འཇིག་རྟེན་གྱི་མཐུན་སྣང་ལ་ཡོད་པའི་འཇིགས་པ་རྣམས་རེད། ཡིན་ནའང་དེ་ཚོ་ཕལ་ཆེ་བ་ཤིང་ནགས་སུ་མ་གཏོགས། གྲོང་ཁྱེར་གྱི་མི་ལ་ཡོང་དགོས་པ་མེད་པ་ལྟ་བུ་རེད། འོན་ཀྱང་དེའི་དོན་ངོ་མ་ལྟ་བུ་དེ་གང་རེད་ཅེ་ན། དེ་ནི་ང་རྒྱལ་དང་། གཏི་མུག་དང་། ཞེ་སྡང་དང་། ཕྲག་དོག་དང་། ལྟ་བ་ངན་པ་དང་། སེར་སྣ་དང་། འདོད་ཆགས་དང་། ཐེ་ཚོམ་བཅས་ལ་གསུངས། ལེགས་བྲིས་མ་འདོན་མྱོང་མཁན་ཡིན་ན་དེའི་ནང་ཆ་ཚང་གསུངས་ཤིང་། དེ་དག་རེ་རེ་བཞིན་སྦྱར་ནས་བཤད་ན། ང་རྒྱལ་སེངྒེའི་འཇིགས་པ་དང་། གཏི་མུག་གླང་པོའི་འཇིགས་པ། ཞེ་སྡང་མེའི་འཇིགས་པ། ཕྲག་དོག་སྦྲུལ་གྱི་འཇིགས་པ། ལྟ་ངན་རྐུན་པོའི་འཇིགས་པ། སེར་སྣ་ལྕགས་སྒྲོག་གི་འཇིགས་པ། འདོད་ཆགས་ཆུ་བོའི་འཇིགས་པ། ཐེ་ཚོམ་ཤ་ཟའི་འཇིགས་པ་བཅས་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དང་ཉེ་ཉོན་དེ་དག་ལས་སྐྱོབ་ཐུབ་ཀྱི་རེད་གསུངས་པ་རེད།

འདི་ལས་ཀྱང་གནད་འགག་ཆེ་བའི་དྭོགས་པའམ་དྲི་བ་ཞིག་ཡོད་ཅིང་། དེ་ནི་དེང་སང་ནུབ་ཕྱོགས་དེང་རབས་པ་ཚོས་ཡང་ཡང་དྲིས་ཀྱི་རེད། ང་ཚོའི་བསམ་བློའི་ནང་དུའང་གསལ་པོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། སངས་རྒྱས་ཀྱིས་གང་གསུངས་ཡོད་ཅེ་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་ཁྲུས་ཤིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཞེས་སངས་རྒྱས་ཀྱིས་སེམས་ཅན་གྱི་སྡིག་པ་ཆུས་བཀྲུ་རྒྱུ་མེད་པ་དང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་རྒྱུ་མེད་པ། དེ་བཞིན་སངས་རྒྱས་རང་ལ་བརྙེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་གདུལ་བྱ་ལ་སྤོ་རྒྱུའམ་གསོལ་རས་གནང་རྒྱུ་མེད། དེས་ན་སངས་རྒྱས་ཀྱིས་གདུལ་བྱའི་དོན་ཇི་ལྟར་མཛད་ཀྱི་ཡོད་ཅེ་ན། ཆོས་བསྟན་པའི་ལམ་ལ་བརྟེན་ནས་གྲོལ་བར་མཛད་པ་མ་གཏོགས། ཆོས་བསྟན་པ་ལས་གཞན་པའི་སངས་རྒྱས་རང་གིས་ཐད་ཀར་གདུལ་བྱའི་དོན་མཛད་རྒྱུ་མེད་པ་དེ་གསལ་པོ་གསུངས་ཡོད། འདི་རིམ་པ་གཅིག་རེད།

རིམ་པ་གཉིས་པ་ནི། ལས་ངེས་པ་དང་། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཅས་ལས་འབྲས་ཀྱི་རྣམ་གཞག་བཤད་པའི་སྐབས་སུ། སེམས་ཅན་སོ་སོར་བདེ་བ་དང་སྡུག་བསྔལ་གང་བྱུང་ནའང་དེའི་རྒྱུ་ལས་དགེ་བ་དང་མི་དགེ་བ་ལ་བརྟེན་ནས་བྱུང་བ་ནི་ལས་ངེས་པ་རེད། དེའི་རྒྱུ་རྣམས་བཤགས་ནས་དག་པའམ། འབྲས་བུ་གྲུབ་ནས་རྫོགས་ན་མ་གཏོགས་མེད་པ་ཆགས་རྒྱུ་མེད་པ་ནི་བྱས་པ་ཆུད་མི་ཟ་བ་རེད། ལས་དེ་བྱས་མེད་ན་འབྲས་བུ་ཡོང་རྒྱུ་མེད་པ་ནི་ལས་མ་བྱས་པ་དང་མི་འཕྲད་པ་རེད། དེར་བརྟེན་འཇིགས་པ་བྱུང་ན་རང་གི་མི་དགེ་བའི་ལས་ཀྱི་འབྲས་བུ་རེད། དེས་ན་འཇིགས་པ་དེ་ལས་གྲོལ་དགོས་ན་དེའི་ཆེད་དུ་རང་གི་རྒྱུད་ལ་དགེ་བའི་ལས་ཤིག་ཡོད་དགོས་མ་གཏོགས། སངས་རྒྱས་ཀྱི་མཐུ་དང་། བླ་མའི་མཐུ་ལ་བརྟེན་ནས་ལས་ཀྱི་འབྲས་བུ་མི་འབྱིན་པ་ཆགས་རྒྱུ་དང་། ལས་ཀྱི་འབྲས་བུ་འབྱིན་མི་དགོས་པ་ཆགས་རྒྱུ་མེད། དེ་བཞིན་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་འདོད་ཆགས་ཞེ་སྡང་གཏི་མུག་གི་འཇིགས་པ་ལས་སྐྱབས་ཀྱི་ཡོད་ན། ལམ་སྒོམ་དགོས་པ་མེད། ལམ་མ་བསྒོམ་པར་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པ་ལ་བརྟེན་ནས་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ས་བོན་དང་བཅས་པ་སྤང་ཐུབ་ཀྱི་རེད་དམ་ཞེ་ན། དེ་ནི་སྤང་ཐུབ་ཐབས་མེད། ཉོན་མོངས་པའི་རྩ་བ་མ་རིག་པའི་འཛིན་སྟངས་དང་འགལ་བའི་ལམ་བསྒོམས་པ་ལ་བརྟེན་ནས་བཅོམ་དགོས་པ་རེད་མ་གཏོགས། ལྷ་ལ་གསོལ་བ་བཏབ་ནས་བཅོམ་ཐུབ་ཐབས་མེད། འོན་ཀྱང་འདིར་འཇིགས་པ་ལས་སྐྱོབ་ཟེར་བ་འདི་གང་བརྗོད་ཀྱི་ཡོད་ཅེ་ན། ཉོན་མོངས་མངོན་འགྱུར་བ་ཤུགས་དྲག་པོ་མི་སྐྱེ་བའི་ཆེད་དུ་ལྷའི་བྱིན་རླབས་འཇུག་རྒྱུ་དང་། འཕྲིན་ལས་བསྒྲུབ་རྒྱུ་ཡོད་རེད། ཉོན་མོངས་མངོན་འགྱུར་བ་ཤུགས་ཆེན་པོ་མ་སྐྱེས་པའི་སྐབས་སུ་ལམ་སྒོམ་པའི་མཐུན་རྐྱེན་དེ་ཡག་ཏུ་འགྲོ་བ་དང། དེ་ལ་བརྟེན་ནས་ལམ་བསྒོམས་པས་ཉོན་མོངས་སྤང་རྒྱུ་རེད།

དེ་ཙམ་དུ་མ་ཟད། མེ་དང་ཆུའི་འཇིགས་པ་ལས་སྐྱོབ་པ་ལྟ་བུ་ལ་མཚོན་ནའང་། རང་གི་རྒྱུད་ལ་མེའི་འཇིགས་པ་དང་ཆུའི་འཇིགས་པ་ལས་འགྲོལ་བའི་དགེ་བའི་ལས་ཤིག་ཡོད་ན། མེ་དང་ཆུའི་འཇིགས་པའི་མི་དགེ་བའི་ལས་དེའི་འབྲས་བུ་ཕྱིས་འགྱངས་གིས་དགེ་བའི་ལས་ཀྱི་འབྲས་བུ་སྔོན་ལ་སྨིན་པ་དང་། དེ་ནས་རིམ་པས་ལས་ངན་པ་དེ་དག་སྟོབས་བཞིས་བཤགས་ནས་འགྲོ་བ་མ་གཏོགས། ལས་འབྲས་ཀྱི་རྣམ་གཞག་འཆོལ་ནས་འགྲོ་རྒྱུ་ཞིག་མེད། རང་གི་རྒྱུད་ལ་དགེ་བའི་ལས་ཤིག་མེད་ན་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་འཇུག་ཐབས་མེད། འདི་ཚིག་སྐྱོན་མ་བཅད་ན། གང་ལྟར་རང་རྒྱུད་ལ་དགེ་བའི་ས་བོན་ཞིག་མེད་ན། སངས་རྒྱས་བྱང་སེམས་སོགས་གང་ལ་བསྟེན་ནའང་གནང་རྒྱུ་གང་ཡང་མེད།  བླ་མའི་བྱིན་རླབས་དང་ལྷའི་འཕྲིན་ལས་ཀྱིས་གང་བྱེད་ཀྱི་ཡོད་ཅེ་ན། དགེ་བ་དེ་སྟོབས་ཆེ་རུ་འགྲོ་རྒྱུ་དང་། མགྱོགས་པོ་འབྲས་བུ་སྨིན་པའི་ཆེད་དུ་མཐུན་རྐྱེན་སྒྲུབ་ཐུབ་པ་རེད། དེ་བཞིན་སྡིག་པ་དེ་གནས་སྐབས་འབྲས་བུ་མི་འབྱིན་པ་དང་། བཤགས་རྒྱུའི་གོ་སྐབས་ཐོབ་པའི་མཐུན་རྐྱེན་སྒྲུབ་ཐུབ་པ་ཞིག་ལ་བླ་མའི་བྱིན་རླབས་དང་ལྷའི་དངོས་གྲུབ་ཀྱི་དོན་གོ་དགོས་པ་མ་གཏོགས། བྱིན་རླབས་དང་དངོས་གྲུབ་ཀྱིས་ལས་དང་ལས་ཀྱི་འབྲས་བུའི་རྣམ་གཞག་འཆུག་ཏུ་བཅུག་རྒྱུ་དང་། རང་གིས་ལམ་སྒོམ་མི་དགོས་པར་གྲོལ་བ་འཐོབ་པའི་གནས་སྟངས་མེད་པ་འདི་ངེས་པར་དུ་གསལ་པོ་མཁྱེན་དགོས།

ལྷ་དེ་ཚོས་དངོས་གྲུབ་གནང་བའི་སྐབས་སུའང་སོ་སོའི་ལས་ཀྱི་འབྲས་བུ་ལ་བརྟེན་པ་མ་གཏོགས་གཞན་གནང་རྒྱུ་མེད། བོད་ལ་སྒྲུང་ཞིག་བཤད་རྒྱུ་ཡོད། དབུལ་པོ་ཞིག་གིས་སྔགས་ཀྱི་ནུས་པ་ལ་བརྟེན་ནས་ནོར་ལྷ་རྣམ་ཐོས་སྲས་བསྒྲུབས་ཏེ་ཞལ་གཟིགས་སྐབས་ནོར་གྱི་དངོས་གྲུབ་ཞུས་པ་རེད། དེ་ནས་རྣམ་ཐོས་སྲས་ཀྱིས་རྒྱལ་མཚན་དཀྲུག་དཀྲུག་བཏང་བ་དང་། ནེའུ་ལི་བཙིར་བ་སོགས་ཐབས་གང་བྱས་ཀྱང་གསེར་རྡོག་རྡོག་ཅིག་མ་གཏོགས་མ་ཐོན། གསེར་རྡོག་རྡོག་དེ་རྗེས་སུ་བེད་སྤྱོད་གཏོང་བའི་སྐབས་སུ་ཕྱི་ལ་གསེར་སྲབ་མོ་ཞིག་མ་གཏོགས་ནང་དུ་རྡོ་ཞིག་ཐོན་པ་རེད། དེའི་རྒྱུ་མཚན་དྲིས་པར། ཁྱོད་ལ་སྐྱེ་བ་སྔ་མར་ཁྱི་ལ་ཟས་ཤིག་སྦྱིན་པའི་དགེ་བ་ཞིག་མ་གཏོགས་མི་འདུག དེ་ཡང་ཟས་ཀྱི་ནང་དུ་རྡོ་ཞིག་བསྒྲིལ་ནས་སྦྱིན་འདུག དགེ་བ་འདི་མ་གཏོགས་མེད་པར་བརྟེན་དངོས་གྲུབ་ཀྱང་འདི་མ་གཏོགས་ཡོང་རྒྱུ་མེད་ཅེས་བཤད་སྲོལ་འདུག གང་ལྟར་དངོས་གྲུབ་ཅེས་པ་ནི་རང་གི་ལས་ཀྱི་འབྲས་བུ་ཞིག་སྨིན་པར་བྱེད་པའི་ཐབས་མ་གཏོགས། སོ་སོས་གང་ཡང་བྱེད་མི་དགོས་པར་ཕྱི་ནས་འཁྱེར་ཡོང་རྒྱུ་ཞིག་མེད་པ་དེ་རྭ་འཕྲོད་དགོས། ང་ཚོས་ཕྱོགས་གཅིག་ནས་ལས་དང་ལས་ཀྱི་འབྲས་བུའི་རྣམ་གཞག་མི་འཆོལ་བ་བཤད་པ་དང་། ཕྱོགས་གཞན་ནས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ན་འདི་དང་འདི་ཡོང་ཞེས་པ་གཉིས་པོ་འགལ་འདུ་གཟུང་ན་འགྲིག་གི་མེད། འདི་གཉིས་པོ་མི་འགལ་བར་ཕྱོགས་གཉིས་ཀར་དོན་གསུང་རྒྱུ་ཡོད་པ་དེ་གསལ་པོ་མཁྱེན་དགོས་པ་གལ་ཆེན་པོ་རེད།

དེས་ན་ནད་པ་འཆི་ཁར་སངས་རྒྱས་དཀོན་མཆོག་གི་མཚན་རྣ་བར་སྒྲོགས་རྒྱུ་དང་། སངས་རྒྱས་ཀྱི་སྐུ་སོགས་མདུན་དུ་གཞག་རྒྱུ། དཀོན་མཆོག་ལ་གསོལ་བ་ཐོབ་ཅེས་བཤད་རྒྱུ་དེ་ཚོས་གང་བྱེད་ཀྱི་ཡོད་ཅེ་ན། འཆི་ཁར་ལས་ངན་པར་མཚམས་མ་སྦྱར་བར་ལས་བཟང་པོར་མཚམས་སྦྱར་རྒྱུའི་དོན་དུ་རེད། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །ཞེས་སངས་རྒྱས་སྨན་བླ་ལྟ་བུར་མཚོན་ན། འཆི་ཁར་མཚན་ཐོས་པ་ལ་བརྟེན་ནས་རང་རྒྱུད་ལ་ཡོད་པའི་བདེ་འགྲོར་སྐྱེད་བྱེད་ཀྱི་ལས་ལ་གསོས་བཏབ་ཐུབ་པ་དང་། ངན་སོང་དུ་སྐྱེད་བྱེད་ཀྱི་ལས་ལ་གསོས་མི་བཏབ་པའི་མཐུན་རྐྱེན་དེ་མཚན་གྱི་མཐུ་ལ་བརྟེན་ནས་ཡོང་གི་ཡོད་ཅེས་གསུང་གི་ཡོད། དེ་དག་ནི་རྒྱུ་མཚན་ལྡན་པ་ཤ་སྟག་རེད་མ་གཏོགས། རྨོངས་དད་ཀྱི་སྐད་ཆ་མེད། དེས་ན་སྤྱན་རས་གཟིགས་ཀྱི་ལེའུའི་ནང་གསུངས་པ་རྣམས་ཀྱང་རྨོངས་དད་ཀྱི་སྐད་ཆ་མ་རེད། ཡིན་ནའང་དོན་དེའི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དམ་ཆོས་པདྨ་དཀར་པོའི་བསྟན་བྱའི་གཙོ་བོ་ནི་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དེ་རེད། མངོན་རྟོགས་རྒྱན་སྐབས་གཉིས་པའི་རྩ་འགྲེལ་དང་། དེ་བཞིན་རྒྱུད་བླ་མའི་རྩ་འགྲེལ་སོགས་གཟིགས་དགོས། དེའི་ནང་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་ཚུལ་གསལ་པོ་གསུངས་ཡོད། སྤྱིར་བཏང་མཐར་ཐུག་ཐེག་པ་གཅིག་མིན་པར་མཐར་ཐུག་གི་ཐེག་པ་ཐ་དད་བཞེད་མཁན་ནང་རིག་པ་རྒྱུན་མི་ཆད་པར་འདོད་མཁན་ཡོད་ཀྱང་། མང་ཆེ་བས་ལྷག་བཅས་དགྲ་བཅོམ་པ་དེ་ལྷག་མེད་མྱ་ངན་ལས་འདས་པའི་སྐབས་སུ་རིག་པ་རྒྱུན་ཆད་པར་འདོད་པའི་དབང་གིས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་འདོད་ཚུལ་ཡོང་བ་ཡིན། ང་ཚོས་ནམ་རྒྱུན་ཉན་ཐོས་སྡེ་གཉིས་ལ་ཤེས་རབ་དེ་ཙམ་མེད་པ་དང་། སྟབས་བདེ་པོས་ཁོང་ཚོས་རིག་པ་རྒྱུན་ཆད་པར་འདོད་ཀྱི་ཡོད་ཟེར་བ་ལས། དེའི་རྒྱུ་མཚན་དང་བཀག་ཚུལ་རྣམས་གསལ་པོ་སློབ་སྦྱོང་བྱེད་ཀྱི་མེད། དེ་ནི་ཐུགས་ཁག་ཡོད་མ་རེད། དེས་ན་རིག་པ་རྒྱུན་ཆད་པར་འདོད་དགོས་པའང་། ཟག་བཅས་ཀྱི་ལས་ཀྱིས་འཕངས་པའི་ཕུང་པོ་ལྔ་པོ་དེ་འཕེན་བྱེད་ཀྱི་ལས་དང་དེའི་རྒྱུ་ཉོན་མོངས་དང་བཅས་པ་ཐམས་ཅད་རྩ་མེད་ཆགས་པའི་སྐབས་སུ། རྣམ་ཤེས་ཀྱི་ཕུང་པོ་རྐྱང་པ་རྒྱུ་གང་གིས་མུ་མཐུད་ཐུབ་སྙམ་པའི་ཐེ་ཚོམ་དེ་རང་བཞིན་གྱིས་ཡོང་སྲིད་པ་རེད། དེ་ནི་རྟོགས་ལྡན་ལ་སྐྱེས་པའི་དྭོགས་པ་ཞིག་རེད།

དེ་བཞིན་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་གནས་སྟངས་འདི་ཧ་ཅང་ཤེས་ཁག་པོ་རེད། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཞེས་པ་ནི་འདོད་ཆགས་ཀྱི་རང་བཞིན་ལ་འདོད་ཆགས་དང་ཞེ་སྡང་གི་རང་བཞིན་ལ་ཞེ་སྡང་མ་ཞུགས་པར་ཟེར་གྱི་མེད། དེ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་བློ་དང། ཉོན་མོངས་པའི་བློ་དེ་ཚོའི་བག་ཆགས་རྣམས་རྒྱུན་མཐུད་ནས་མི་བསྡད་པ་དང། དེ་ནི་རང་བཞིན་གྱིས་འགག་འགྲོ་གི་རེད། དེ་འགགས་པའི་སྐབས་སུ་མ་འགག་པའི་རྒྱུན་ཞིག་ཟུར་དུ་ཇི་ལྟར་ཡོང་བ་དེ་ཕར་ཕྱིན་ཐེག་པའི་སྐབས་སུ་ཤེས་ཁག་པོ་རེད། དེ་ནི་སྔགས་ཀྱི་ཐེག་པའི་སྐབས་སུ་མ་གཏོགས་གསལ་པོ་ཆགས་ཁག་པོ་རེད། དེར་བརྟེན་རྒྱུད་བླ་མའི་ནང་མང་ཆེ་བ་སྔགས་ཀྱི་ཐ་སྙད་ཡོང་སྟངས་དེ་འདྲ་རེད། སེམས་ལའང་རགས་པ་གློ་བུར་བའི་སེམས་དང། ཤིན་ཏུ་ཕྲ་བའི་གཉུག་མའི་སེམས་གཉིས་ཡོད་པའི་དབྱེ་བ་དེ་ཕྱེ་མ་ཤེས་ན། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་མ་ཞུགས་ཀྱི་གནས་སྟངས་དེ་གསལ་པོ་ཤེས་ཐུབ་དཀའ། དེ་ལྟར་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཚུལ་ཡང་ཞིབ་ཚགས་པོས་མཁྱེན་འདོད་ཡོད་ན། སྔགས་ཀྱི་གཞུང་དང་རྒྱུད་བླ་མའི་གཞུང་སོགས་ལ་གཟིགས་དགོས།

དམ་ཆོས་པདྨ་དཀར་པོ་ལ་ལེའུ་ཉི་ཤུ་རྩ་བདུན་ཡོད། ལེའུ་ཉི་ཤུ་རྩ་བདུན་པ་དེ་ཡོངས་གཏད་ཀྱི་ལེའུ་རེད། ལེའུ་ཉི་ཤུ་རྩ་དྲུག་པ་དེ་རྩ་བའི་གཞུང་ཐ་མ་རེད། ལེའུ་ཉི་ཤུ་རྩ་ལྔ་པ་གསུངས་པའི་རྗེས་སུ་སངས་རྒྱས་ཀྱི་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་བཅས་སངས་རྒྱས་ཀྱི་སྐུ་མདུན་ལ་ཕེབས་ནས། ཡང་བསྐྱར་དམ་ཆོས་པདྨ་དཀར་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གསུང་རོགས་གནང་ཞེས་ཞུས་པའི་སྐབས་སུ། སངས་རྒྱས་ཀྱིས་ཁྱོད་རང་མཉམ་དུ་ཡོང་མཁན་གྱི་བྱང་ཆུབ་སེམས་དཔའ་དེ་དག་དབང་པོ་རྣོན་པོ་ཤ་སྟག་རེད་འདུག དེས་ན་ཕྱོགས་ཙམ་ཞིག་བསྟན་གྱི་ཡིན་གསུངས་ཏེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ནི། འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་དབྱེར་མེད་པའོ། །ཞེས་དམ་ཆོས་པདྨ་དཀར་པོ་ཡོངས་རྫོགས་ཀྱི་བསྡོམས་དེ་གསུངས་པ་རེད། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་མཐའ་མའི་རིགས་པ་འདིར་བབས་ཀྱི་ཡོད། འདི་ཡན་ཆད་ཀྱིས་དམ་ཆོས་པདྨ་དཀར་པོ་རྫོགས་པ་ཡིན།

ལེའུ་ཉི་ཤུ་རྩ་བདུན་ཡོངས་སུ་རྫོགས་པ་དེ་མཐར་ཐུག་པ་ཐེག་པ་གཅིག་སྒྲུབ་དང་འབྲེལ་བ་ཡོད་མེད་ཅི་རིགས་ཡིན་རུང་། དོན་དུ་མདོ་འདི་གསུང་དོན་གཙོ་བོ་ནི་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་ཚུལ་དེ་རང་རེད། དེ་དག་ཤེས་པར་བྱས་ཏེ་སངས་རྒྱས་པའི་ཆོས་ལ་འགྱུར་བ་མེད་པའི་ཡིད་ཆེས་དང་། རང་གི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བའི་རྩིས་ཟིན་པའི་ཐོག་ནས་དམ་ཆོས་པདྨ་དཀར་པོ་ཀློག་པ་དང་། བྲིས་པ། གཞན་ལ་འཆད་པ། མཆོད་པ་ཕུལ་བ་སོགས་གནང་ན་གཞུང་ནས་གསུངས་པའི་ཕན་ཡོན་དེ་དག་ཏན་ཏན་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་གསུངས། བདག་གིས་ཇི་སྙེད་བསགས་པའི་དགེ་བའི་འདིས།། ཞེས་སོགས་གསུངས་ནས་ཆོས་ཐུན་དང་པོ་གྲོལ།

ཉིན་ལྔ་པ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༦)

༄༅།། ཆོས་ཐུན་དང་པོར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་རྣམས།། སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

འོ་ལགས་སོ།། དེ་ཡང་ཇི་སྐད་དུ་སློབ་དཔོན་འཕགས་པ་ལྷའི་གསུང་ (བཞི་བརྒྱ་པ་) ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུའང་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །ཞེས་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་ནས་ཁམས་གསུམ་གྱི་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་ནང་བྱིང་བ་ལ་བྱིས་པ་སོ་སོའི་སྐྱེ་བོས་ཅིའི་ཕྱིར་འཇིགས་སྐྲག་སྐྱེ་གི་མེད་པ་ཡིན་ནམ། དངོས་གནས་བྱས་ན་འཁོར་བའི་མཐའ་མེད་པའི་ཚུལ་ལ་བསམ་ན་ངེས་པར་དུ་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་ལ་བསམ་ན། རྟེན་འབྲེལ་ཁོག་གཅིག་གི་འབྲས་དུས་ཀྱི་རྟེན་འབྲེལ་གཅིག་གི་རིང་ལ་རྒྱུ་དུས་ཀྱི་རྟེན་འབྲེལ་གྲངས་མེད་པ་བསགས་པའི་གནས་སྟངས་ཡོད་པར་བརྟེན། འཁོར་བ་ལས་ཐར་བའི་རེ་བ་ཧ་ལམ་མེད་པ་ལྟ་བུ་རེད། བརྟག་པ་མཐའ་བཟུང་གི་ཚུལ་དུ་འཁོར་བ་སྤང་རུང་དང་ཐར་པ་ཐོབ་རུང་ཡིན་པ་དེ་སྒྲུབ་པ་མ་གཏོགས། དོན་དུ་རང་གིས་འཁོར་བ་འདི་མཐའ་དང་བཅས་པ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་སོ་སོའི་ཁ་ཐབས་ལ་བལྟས་ན་དཔོག་ཐུབ། དེ་འདྲའི་གནས་ཚུལ་མཐོང་བཞིན་དུ་ད་དུང་འཇིགས་སྐྲག་མི་སྐྱེ་བ་དང་། འཁོར་བ་ལ་ངེས་འབྱུང་སྐྱེས་ནས་ཐར་པ་དོན་དུ་མི་གཉེར་བ་དེ་ཡ་མཚན་པོ་རེད། ཅིིའི་ཕྱིར་འཇིགས་པ་སྐྱེ་གི་མེད་ཅེས་གསུངས་པ་རེད། དེ་བཞིན་ང་ཚོས་ཀྱང་ངེས་པར་དུ་མཐའ་མེད་པའི་འཁོར་བའི་སྡུག་བསྔལ་གྱི་རང་བཞིན་འདིའི་གནས་ཚུལ་ལ་བསམས་ནས། ད་རེས་དལ་འབྱོར་ལན་གཅིག་ཐོབ་པའི་སྐབས་འདིར་འཁོར་བ་མཐའ་ཅན་དུ་བྱེད་པའི་འབད་རྩོལ་ཞིག་ངེས་པར་དུ་བྱེད་དགོས་པ་ཡིན། དེ་ལྟ་བུའི་འབད་རྩོལ་བྱེད་པ་ལའང་ཐོག་མར་ཚུལ་དེ་ཤེས་དགོས་པ་རེད། ཚུལ་དེ་ཤེས་པ་ལ་ཐོག་མར་ཐོས་དགོས་པར་བརྟེན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་གྱི་ཡིན་སྙམ་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་དེ་ཚོ་གསལ་བཏབ་ནས་གསན་དགོས་པ་ཡིན་པ་རེད།

གསན་བྱའི་དམ་པའི་ཆོས་ནི་ཁ་སང་བར་དུ་དམ་ཆོས་པདྨ་དཀར་པོའི་ལེའུ་ཁ་ཤས་ཐོག་འཆད་ཉན་ཞུས་པ་རེད། དེ་རིང་དེའི་མཐའ་བསྡོམས་ལྟ་བུར་ཕྱི་དྲོ་ཆོས་ཞུ་བ་ཁྱིམ་པ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་དང་། དེ་ནས་ཁྱིམ་པ་དང་རབ་བྱུང་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་རྒྱུ་ཡིན་པ་རེད། ཁྱིམ་པ་ལ་འབོགས་པའི་དགེ་བསྙེན་གྱི་སྡོམ་པ་ནི་སོ་སོར་ཐར་པའི་སྡོམ་པ་རེད། སོ་སོར་ཐར་པའི་སྡོམ་པ་ཐོབ་པ་ལ་མེད་དུ་མི་རུང་བའི་སྔོན་འགྲོ་དེ་ངེས་འབྱུང་གི་སེམས་རེད། (མདོ་རྩ་བ་ལས།) ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་ངེས་པར་འབྱུང་བའི་བློ་ཞིག་རྒྱུད་ལ་མེད་ན་སོ་སོར་ཐར་པའི་སྡོམ་པ་གང་ཡང་སྐྱེ་མི་ཐུབ། གལ་ཏེ་སྡོམ་པ་ཞིག་སྐྱེས་ནའང་འཇིགས་སྐྱོབ་ཀྱི་སྡོམ་པ་དང་ལེགས་སྨོན་གྱི་སྡོམ་པ་མ་གཏོགས། ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྐྱེ་ཁག་པོ་རེད།

ཁྱིམ་པ་ཚོས་ཕྱི་དྲོ་དགེ་བསྙེན་གྱི་སྡོམ་པ་ཞུ་བའི་སྔོན་འགྲོར་འཁོར་བ་ལས་ཡིད་འབྱུང་བའི་ངེས་འབྱུང་གི་བསམ་པ་དང་། ཐར་པ་དོན་གཉེར་གྱི་བློ་བཅོས་མ་ཚུན་ཆད་སྐྱེ་བའི་ཐབས་ཤེས་བྱེད་དགོས་པར་བརྟེན། འཁོར་བ་ངོས་ཟིན་པ་དང་། འཁོར་བའི་སྡུག་བསྔལ་ངོས་ཟིན་པ་བྱས་ནས། འཁོར་བ་འདི་ལས་ཐར་འདོད་ཀྱི་བསམ་པ་སྐྱེ་བའི་ཐབས་ཤེས་བྱེད་དགོས་པ་ཡིན། དེའི་ཆེད་ད་ལྟ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་དང་མཐུན་པར་འཁོར་བའི་སྡུག་བསྔལ་གྱི་སྐོར་མདོར་བསྡུས་ཞུ་ན། འཁོར་བ་དེ་ཐག་རིང་པོ་ཞིག་ན་མེད། འདི་ན་འཁོར་བའི་རྒྱ་མཚོ་ཆེ། །ཞེས་ཉེ་བའི་ཚིག་གིས་སྨོས་པ་དེ་གང་རེད་ཅེ་ན། འཁོར་བ་ཟེར་བ་དེ་ད་ལྟ་ང་ཚོ་ལ་ཡོད་བཞིན་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེ་རང་རེད། འཁོར་ཞེས་པ་ནི་སྐོར་བ་བརྒྱབས་ཏེ་སྒོར་སྒོར་འགྲོ་རྒྱུ་དེ་ལ་བརྗོད། སྒོར་སྒོར་འགྲོ་བའི་སྐབས་སུ་སླེབས་ས་གང་ཡང་མེད། ཕར་འགྲོ་ས་དེ་རང་ལ་ཚུར་སླེབས་པར་བརྟེན་འཁོར་བ་ཞེས་བརྗོད་ཀྱི་ཡོད།

ད་ལྟ་ཡོད་པའི་ཕུང་པོ་འདི་ང་ཚོ་སྐྱེ་བ་ལེན་པའི་སྐབས་སུ་བསམ་བཞིན་དུ་ཕ་མ་འདི་འདྲ་ཞིག་ལ་སྐྱེ་བ་ལེན་གྱི་ཡིན་བསམ་པ་ལྟ་བུ་དང་། བུ་དང་བུ་མོ་ལ་སྐྱེ་གི་ཡིན་བསམ་པ་ལྟ་བུ་འདོད་པའི་ཐོག་ནས་སྐྱེ་བ་བླངས་མེད། ལས་དང་ཉོན་མོངས་པས་གར་བསྐྱལ་རེད། སྤྱིར་བཏང་ཉོན་མོངས་ཀྱི་དབང་གིས་བསགས་པའི་ལས་རྣམས་ཤི་ཁར་སྲེད་པ་དང་ལེན་པས་གསོས་ཇི་ལྟར་བཏབ་པ་བཞིན་དབང་མེད་དུ་སྐྱེས་པ་རེད། ད་ལྟ་ཁ་ཤས་དར་མ་དང། ཁ་ཤས་རྒས་འཁོགས། ཁ་ཤས་གཞོན་ནུ་རེད། ང་ཚོའི་ལུས་སེམས་ཀྱི་འབྲེལ་བ་འདི་གཞན་དབང་གིས་བསྡད་པ་མ་གཏོགས། གཟུགས་པོ་འདི་བཞག་ནས་གཟུགས་པོ་གཞན་ཞིག་ལེན་གྱི་ཡིན་བསམས་ནས་འགྲོ་ས་གང་ཡང་མེད། དེ་བཞིན་གཟུགས་པོ་འདི་མ་དོར་བར་ལོ་ཉིས་བརྒྱ་བསྡད་ཀྱི་ཡིན་དྲན་པ་ཡིན་ནའང་བསྡད་ས་མེད། ཚེ་རྫོགས་པའི་ཉིན་མོར་ལོ་ཆུང་ཆུང་དང་ཆེན་པོ། དར་མ་དང་བྱིས་པ་སོགས་བཤད་ས་གང་ཡང་མེད་པར་ལུས་སེམས་གཉིས་བྲལ་བ་རེད། དེ་ནས་ལས་ཉོན་གྱིས་འཕངས་པའི་ལུས་རྟེན་གཞན་ཞིག་བླང་རྒྱུ་རེད། དེས་ན་སྐྱེ་བའི་གནས་སྐབས་དང། གསོན་པའི་གནས་སྐབས། རྒས་པ་དང་ན་བའི་གནས་སྐབས་བཅས་སུ་རང་དབང་མེད་པར། ལས་ཉོན་གྱིས་གར་དེད་ལ་འགྲོ་རྒྱུ་རེད། ད་ལྟ་ང་ཚོའི་ཟག་བཅས་ཀྱི་ཕུང་པོ་དང་རྣམ་པར་ཤེས་པའི་འབྲེལ་བ་གཉིས་ལས་ཉོན་གྱིས་བཅིངས་ཡོད་པར་བརྟེན། ལས་དང་ཉོན་མོངས་པའི་འཕེན་པ་མ་རྫོགས་བར་དུ་འབྲལ་མ་ཐུབ་པར་གནས་པ་འདི་རང་འཁོར་བ་རེད། འཁོར་བ་ཟེར་ན་ཐག་རིང་པོར་བལྟ་དགོས་པ་མེད། སྤྱིར་བཏང་ཁམས་གསུམ་འཁོར་བའི་གནས་ནི་ང་ཚོ་ཚང་མའི་སྤྱི་མཐུན་གྱི་ལས་ལས་གྲུབ་པར་བརྟེན། དེའི་ནང་སོ་སོའི་ལས་ཀྱི་དབང་གིས་ཆ་ཤས་བླང་རྒྱུའི་སྐལ་བ་ཞིག་ཀྱང་ཡོད། གཙོ་བོ་དེ་རྣམ་པར་ཤེས་པ་དང་དེའི་རྒྱབ་ཏུ་འཆིང་བར་བྱེད་མཁན་གྱི་ལས་དང་ཉོན་མོངས་པ་དེས་ཐར་དུ་མི་བཅུག་པར། ག་དུས་ཡིན་ནའང་སྐོར་བ་བརྒྱབས་ནས་བསྡད་བཅུག་པ་དེ་ལ་འཁོར་བ་ཞེས་བརྗོད།

འཁོར་བའི་ནང་སྡུག་བསྔལ་གྱི་རྣམ་པ་གྲངས་ལས་འདས་པ་ཡོད་པ་དེ་དག་བསྡོམས་ན། འཁོར་བའི་སྡུག་བསྔལ་བརྒྱད་བསམ་པ་དང་། འཁོར་བའི་སྡུག་བསྔལ་དྲུག་བསམ་པ། འཁོར་བའི་སྡུག་བསྔལ་གསུམ་བསམ་པ་བཅས་ནང་པའི་གཞུང་ནས་གསུངས། འཁོར་བའི་སྡུག་བསྔལ་བརྒྱད་བསམ་པ་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནང་དངོས་སུ་ཚིག་གིས་ཟིན་པ་འདི་ཡོངས་གྲགས་ལྟ་བུ་རེད། དེ་ནས་སྡུག་བསྔལ་གསུམ་བསམ་པའང་འཁོར་ལོ་དང་པོས་ཕལ་ཆེར་ཚིག་གིས་ཟིན་པ་ལྟ་བུ་རེད། སྡུག་བསྔལ་དྲུག་བསམ་པ་ནི་བཤེས་སྤྲིངས་སོགས་བསྟན་བཅོས་ནས་བྱུང་བ་ཞིག་རེད། ད་ལྟ་དེ་ཚོ་ཆ་ཚང་སྐོར་ཞུ་རྒྱུའི་གོ་སྐབས་མེད་ཀྱང་། སྡུག་བསྔལ་བརྒྱད་ཀྱི་རྣམ་གྲངས་ཙམ་ཞུ་ན། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་འདི་སྡུག་བསྔལ་བ་བཅས་ཡིན།

སྐྱེ་བའི་སྡུག་བསྔལ་ནི་ང་ཚོས་མཐོང་བ་དེ་རེད། ཕྲུ་གུ་མངལ་དུ་གནས་པའི་སྐབས་སུ་སྡུག་བསྔལ་ཇི་ཙམ་ཡོད་པ་དང། སྐྱེས་པའི་སྐབས་སུ་སྡུག་བསྔལ་ཇི་ཙམ་ཡོད་པ་དངོས་སུ་མཐོང་ཐུབ། ཕྲུ་གུ་སྐྱེས་པའི་སྐབས་སུ་ངུ་ཤར་བརྒྱབས་ནས་སྐྱེས་པ་མ་གཏོགས་དགའ་དགའ་སྤྲོ་སྤྲོ་བྱས་ནས་སྐྱེ་མཁན་གཅིག་ཀྱང་མེད། རྒ་བའི་སྡུག་བསྔལ་ནི་རྒས་འཁོགས་ཚོས་ཤེས་ཀྱི་རེད། རྒས་འཁོགས་མིན་པ་ཚོས་རྒས་འཁོགས་ཚོ་ལ་བལྟས་ན་མངོན་སུམ་དུ་མཐོང་ཐུབ། ན་བའི་སྡུག་བསྔལ་ནི་ང་ཚོས་རྟག་ཏུ་མཐོང་རྒྱུ་དེ་རེད། ནད་པ་ཚོ་ལུས་ལ་ན་བའི་སྡུག་བསྔལ་དང་། དེའི་དབང་གིས་སེམས་ཀྱི་སྡུག་བསྔལ་གཉིས་ཀ་ཡོང་གི་ཡོད། འཆི་བའི་སྡུག་བསྔལ་ནི་རང་དང་། གཉེན་ཉེ་འཁོར་ཆ་ཚང་ལ་ཡོང་རྒྱུ་ཞིག་རེད། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ལྟ་བུ་རེད། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི་ཡིད་དུ་མི་འོང་བ་སྟེ་མི་དགའ་བ་དང་འཕྲད་པའི་སྡུག་བསྔལ་དེ་རེད། ང་ཚོས་རྟག་ཏུ་ཡིད་དུ་འོང་བ་དང་འཕྲད་ན་བསམ་གྱི་ཡོད་ཀྱང་། དེ་ལས་ལྡོག་སྟེ་ཡིད་དུ་མི་འོང་བ་དང་འཕྲད་ཀྱི་ཡོད། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་རང་གི་ཡིད་དུ་འོང་བ་ཧ་ཅང་ཐག་ཉེ་པོ་དང་བྲལ་འགྲོ་རྒྱུ་དེ་རེད། འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་ནི་འདོད་པའི་དངོས་པོ་ཅི་ཞིག་ཡིན་ནའང་ལས་སླ་པོས་རྙེད་རྒྱུ་མེད། དངུལ་གསོག་མཁན་ཞིག་ཡིན་ནའང་ཧ་ཅང་དཀའ་ལས་བརྒྱབ་དགོས་ཤིང། ལུས་དང་སེམས་ཀྱི་སྡུག་བསྔལ་མང་པོ་ཡོད། དེ་བཞིན་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ནའང་རང་གི་མངོན་འདོད་འགྲུབ་པ་ལ་ཧ་ཅང་དཀའ་ངལ་མྱོང་དགོས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་འདི་སྡུག་བསྔལ་བ་ཞེས་པ་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཉེ་བར་ལེན་པའི་ཕུང་པོ་འདི་ལ་བརྟེན་ནས་མྱོང་གི་ཡོད། ཉེ་བར་ལེན་པའི་ཕུང་པོ་འདིའི་དབང་གིས་སྡུག་པ་དང་མི་སྡུག་པ་དང་ཡིད་དུ་འོང་བ་དང་མི་འོང་བའི་ཁྱད་པར་ཕྱེ་བ་དང་། དེའི་དབང་གིས་འདི་ཡང་སྡུག་བསྔལ་གྱི་རང་བཞིན་རེད། སངས་རྒྱས་ཀྱིས་མཐའ་བསྡོམས་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཐོག་བརྒྱབས་པ་རེད། དེ་ལྟར་གོང་དུ་ཞུས་པའི་སྡུག་བསྔལ་བརྒྱད་པོ་ནི་འཁོར་བ་སྤྱི་ལ་ཁྱབ་པ་རེད། དེ་ནས་འགྲོ་བ་རིགས་དྲུག་སོ་སོར་ཕྱེ་ན། དམྱལ་བ་ལ་ཚ་གྲང་བཙོ་བསྲེག་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ། དུད་འགྲོ་ལ་གླེན་ཞིང་གཏི་མུག་པ་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆི་སོགས་རེད། དེ་ལྟར་འགྲོ་བ་རིགས་དྲུག་སོ་སོའི་སྒེར་གྱི་སྡུག་བསྔལ་སྣ་ཚོགས་ཡོད།

དེ་དག་ཆ་ཚང་སྡུག་བསྔལ་གསུམ་གྱི་ནང་འདུས་ཤིང་། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རེད། སྡུག་བསྔལ་གྱི་སྡུག་བསྔལ་ནི་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་ཡོངས་སུ་རྫོགས་པ་དེ་རེད། ནམ་རྒྱུན་འཆར་ཅན་སྡུག་བསྔལ་རེད་ཅེས་བརྗོད་རྒྱུ་དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར། འགྱུར་བའི་སྡུག་བསྔལ་ནི་ཟག་བཅས་ཀྱི་ཚོར་བ་བདེ་བ་ཡོངས་སུ་རྫོགས་པ་དེ་རེད། འཁོར་བས་བསྡུས་པའི་བདེ་བ་རྣམས་བདེ་བར་སྣང་ཡང་དོན་དུ་སྡུག་བསྔལ་རེད། འདི་སྡུག་བསྔལ་ཡིན་པའི་རྒྱུ་མཚན་གང་རེད་ཅེ་ན། སྡུག་བསྔལ་མངོན་གྱུར་བ་ཞིག་འགགས་ནས་སྡུག་བསྔལ་གཞན་ཞིག་མགོ་བཙུགས་པའི་སྐབས་སུ་བདེ་བའི་སྣང་བ་ཞིག་ཚོར་གྱི་ཡོད། དཔེར་ན། གོམ་པ་སྤོས་ནས་ཐང་ཆད་པའི་སྐབས་སུ་ས་ལ་བསྡད་རྒྱུ་བྱུང་ན་བདེ་བའི་ཚོར་བ་ཞིག་ཡོང་གི་རེད། འདི་ནི་ཐང་ཆད་པའི་སྡུག་བསྔལ་དེ་འགགས་ནས་བསྡད་པའི་སྡུག་བསྔལ་དེ་མགོ་བཙུགས་པ་ཡིན་སྟབས། བསྡད་པའི་སྡུག་བསྔལ་གྱི་མགོ་ལ་བདེ་བའི་འདུ་ཤེས་ལྟ་བུ་ཞིག་སྐྱེས་ཀྱི་ཡོད། འོན་ཀྱང་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་འགུལ་བསྐྱོད་མེད་པར་བསྡད་ན་པུས་མོ་དང་རྐང་པ་ན་བ་སོགས་ཀྱིས་གང་མཚམས་ནས་ཉལ་དགོས་པའམ་ལང་དགོས་པ་ཆགས་ཀྱི་རེད། གལ་ཏེ་བསྡད་རྒྱུ་དེ་བདེ་བ་ཡིན་ན། ཇི་ཙམ་བསྟེན་པ་དེ་ཙམ་གྱིས་བདེ་བ་ཆེ་རུ་འགྲོ་དགོས་ཀྱང་དེ་ལྟར་ཡོང་གི་མེད། དེ་ནི་འགྱུར་བའི་སྡུག་བསྔལ་ཡིན་པའི་དབང་གིས་རེད། དེ་འདྲ་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཕུང་པོ་འདི་ཡོད་པའི་དབང་གིས་ཡོང་གི་ཡོད། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་སྡུག་བསྔལ་གྱི་གཞི་རྟེན་ལྟ་བུ་རེད། དེ་ནི་ལས་ཉོན་གྱིས་འཕངས་པའི་ཟག་པ་དང་བཅས་པ་ཡིན་སྟབས། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གཉིས་ཀ་དེའི་ཐོག་ཡོང་བ་རེད། དེར་བརྟེན་འདི་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དེ་ནི་སྡུག་བསྔལ་ཡིན་པར་ཤེས་རྒྱུ་དེ་ཏོག་ཙམ་ཁག་པོ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པར་ཤེས་པ་དེ་དུད་འགྲོ་ལའང་ཡོད། འགྱུར་བའི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པར་ཤེས་པ་དེ་ཆོས་ལ་བློ་ཁ་མ་ཕྱོགས་པའམ། ཡང་ན་ཕྱི་རོལ་པ་སོགས་ལའང་ཡོད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་མཐོང་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ་བ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད།

གང་ལྟར་སྡུག་བསྔལ་ཡིན་པ་ཡོངས་གྲགས་དེ་ཚོ་བཤད་མི་དགོས་པ་རེད། བདེ་བ་ཡིན་པར་ཚོར་བ་དེ་ཚོའང་དོན་དུ་མི་རྟག་པ་ཡིན་སྟབས། བདེ་བ་དེས་དངོས་སུ་སྡུག་བསྔལ་ལ་མ་སྦྱར་བ་ཡིན་ནའང་བདེ་བ་དེ་ཉམས་པའི་སྐབས་སུ་སྡུག་བསྔལ་དུ་འགྱུར་བ་ཡིན། དཔལ་འབྱོར་ལོངས་སྤྱོད་ཆེན་པོ་ཡོད་ན་དེ་ནི་བདེ་བའི་རྒྱུ་ལྟ་བུ་ཞིག་ཏུ་མཐོང་། ཉིན་ཞིག་ཇག་པས་ཁྱེར་བ་དང་། མེས་ཚིག་པ། ཆུས་ཁྱེར་བ་སོགས་བྱུང་ན། སྔ་མ་ཡོད་པ་དེ་ད་ལྟ་མེད་པ་ཆགས་པ་ཡིན་སྟབས་འདིའང་སྡུག་བསྔལ་གྱི་རྒྱུ་ལ་འགྲོ་བ་རེད། འགྱུར་བའི་སྡུག་བསྔལ་ཟེར་བ་དེ་འདྲ་ཞིག་རེད། དཔེར་ན། རྐང་པ་དང་ལག་པ་ཆག་པའི་སྐབས་སུ་ན་ཟུག་ཆེན་པོ་དེ་སྡུག་བསྔལ་གྱི་སྡུག་བསྔལ་ལྟ་བུ་རེད། དེ་ནས་ཟུག་བཅག་གི་སྨན་བཟས་ནས་ཏོག་ཙམ་ན་ཟུག་མེད་པར་བདེ་སང་སང་བྱུང་བ་དེ་འགྱུར་བའི་སྡུག་བསྔལ་ལྟ་བུ་རེད། དེ་ནི་གནས་སྐབས་ཤིག་ལ་བདེ་སང་སང་ཡོད་ཀྱང་། དེའི་ནུས་པ་རྫོགས་མ་ཐག་ཏུ་ཡང་བསྐྱར་ན་ཟུག་དེ་སླེབས་ཡོང་གི་རེད། དེ་བཞིན་ཟུག་བཅག་གི་སྨན་དེས་སྐྱོན་གཞན་མང་པོའང་བཟོ་གི་ཡོད། དེས་ན་དེ་དག་ནི་འགྱུར་བའི་སྡུག་བསྔལ་རེད། དེ་འདྲའི་སྡུག་བསྔལ་གཉིས་ཀ་ལག་པ་ཆག་པ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ལག་པ་དེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལྟ་བུ་རེད། གང་ལྟར་ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེ་མཐོང་རྒྱུ་ཧ་ཅང་ཁག་པོ་གང་ཡང་མེད། བློ་ཁ་ནང་དུ་ཕྱོགས་ནས་བལྟས་ན། ད་ལྟ་ང་ཚོས་བདེ་བ་ཡིན་ཟེར་བ་དེ་ཡང་སྡུག་བསྔལ་ཡིན་པ་དང་། དེ་དག་ཐམས་ཅད་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་བའི་དབང་གིས་ཡོང་གི་ཡོད་པ་དེ་རྣམ་དཔྱོད་ཅན་ཡིན་ན་མཐོང་ཐུབ་པ་ཞིག་རེད།

སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་བསྟན་པའི་སྐབས་སུ་སྡུག་བསྔལ་བདེན་པ་ཐོག་མར་གསུངས་པ་ཡིན་སྟབས། དེང་རབས་ཀྱི་ནུབ་ཕྱོགས་པའི་མཁས་པ་ཁ་ཤས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་སྡུག་བསྔལ་གྱི་ཆོས་ཞེས་བཤད་མཁན་ཡང་ཡོད། ཁོང་ཚོའི་མཐོང་ཚུལ་ལ་འདི་འདྲ་ཡོང་སྲིད། འོན་ཀྱང་སངས་རྒྱས་ཀྱིས་སྡུག་བསྔལ་གྱི་རྣམ་གཞག་གསུངས་པ་རྣམས་དངོས་ཡོད་གནས་ཚུལ་གསུང་གི་ཡོད་རེད་མ་གཏོགས། མེད་པ་ཞིག་ཡོད་ཅེས་གསུང་གི་མེད། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དེ་དག་སྡུག་བསྔལ་མིན་པར་བདེ་བ་རེད་ཅེས་བརྗོད་ཐུབ་བམ། གང་ལྟར་དངོས་ཡོད་གནས་ཚུལ་ལས་གཡོལ་རྒྱུ་དེ་སངས་རྒྱས་པའི་ལུགས་ལ་མེད། དེར་བརྟེན་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་རེད། སྡུག་བསྔལ་མཐོང་ན། སྡུག་བསྔལ་ལས་འབྲལ་འདོད་དང་། བདེ་བ་ཐོབ་འདོད་དེ་སྲོག་ཆགས་སམ་སེམས་ཅན་ཚང་མའི་རང་གཤིས་ལ་ཡོད་པས་གསར་པ་བཟོ་དགོས་པ་མེད། དེས་ན་སྡུག་བསྔལ་དེ་སྡུག་བསྔལ་དུ་མཐོང་ན། སྡུག་བསྔལ་ལས་འབྲལ་འདོད་དེ་རང་བཞིན་གྱིས་ཡོང་རྒྱུ་རེད། སྡུག་བསྔལ་དང་བྲལ་བ་དེ་ཇི་ལྟར་ཡོང་གི་རེད་ཅེ་ན། སྡུག་བསྔལ་དེ་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མིན་པར་རྒྱུ་ལས་བྱུང་བ་མ་ཟད། རྒྱུ་ལས་ཀྱི་ཀུན་འབྱུང་ལས་བྱུང་བ་རེད། རྒྱུ་ལས་ཀྱི་ཀུན་འབྱུང་དེ་ཉོན་མོངས་ལས་བྱུང་བ་དང་། ཉོན་མོངས་དེ་མ་རིག་པ་ལས་བྱུང་བ་རེད། མ་རིག་པ་ནི་ལོག་ཤེས་ཡིན་པ་རེད། དེའི་ཞེན་ཡུལ་སུན་ཕྱུང་བའི་འགལ་ཟླའི་བློ་ཡོད་པ་དང། རིག་པ་ཡེ་ཤེས་ཀྱི་བློ་དེ་གོམས་པར་བྱེད་ན་མ་རིག་པ་མེད་པ་ཆགས་པ་དང་དེ་ལས་ཉོན་མོངས་པ་མེད་པ་ཆགས་པར་བརྟེན། ལས་གསོག་གི་མ་རེད། དེས་ན་འཁོར་བ་དེ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རང་བཞིན་གྱིས་འགག་འགྲོ་རྒྱུ་རེད། དེ་ཚོ་ཟུར་དུ་བཀག་པའི་ཐབས་ཤེས་བྱེད་དགོས་པ་མེད།

འཁོར་བ་འགོག་བྱེད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བ་ལ། དེའི་སེམས་རྟེན་བྱེད་ནུས་པའི་སེམས་རྩེ་གཅིག་ཏུ་གནས་པའི་བསམ་གཏན་ཞིག་དགོས་པར་བརྟེན། བསམ་གཏན་གྱི་བསླབ་པ་ལ་བསླབ་དགོས་པ་དེ་གལ་ཆེན་པོ་རེད། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཁམས་གོང་མའི་ཞི་གནས་མཚན་ཉིད་པ་ཞིག་ཐོབ་པ་ལ། ཕྱི་རོལ་གྱི་གཡེང་བ་རགས་པ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞིག་ངེས་པར་དུ་དགོས་པར་བརྟེན། སྡོམ་པ་གང་ཡང་རུང་བ་ཞིག་བླངས་ནས་ཚུལ་ཁྲིམས་བསྲུང་དགོས། མདོར་ན་འཁོར་བ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེ་ན། དེ་ནས་ཤེས་རབ་ཀྱི་བསླབ་པ་ངེས་པར་དུ་རྒྱུད་ལ་སྐྱེ་བའི་ཐབས་ཤེས་བྱེད་དགོས་པ་དང་། ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེ་བ་ལ་བསམ་གཏན་གྱི་བསླབ་པ་དགོས་པ་དང་། བསམ་གཏན་གྱི་བསླབ་པ་རྒྱུད་ལ་སྐྱེ་བ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་པ་དེ་རང་བཞིན་གྱིས་གཅིག་མཇུག་གཉིས་མཐུད་ཀྱིས་ཡོང་རྒྱུ་ཞིག་རེད། དེས་ན་སོ་ཐར་གྱི་སྡོམ་པ་གང་འདྲ་ཞིག་ཡིན་ནའང་དམིགས་ཡུལ་དེ་འཁོར་བ་སྤང་རྒྱུ་ལ་དམིགས་ཤིང་། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བ་དང་། དེ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་པ་སྔོན་དུ་འགྲོ་དགོས། དེ་ལས་ཐར་བ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་དུ་མི་རུང་བར་མཐོང་བ་དང་། དེ་ལྟ་བུའི་ཤེས་རབ་སྐྱེ་བ་ལ་བསམ་གཏན་གྱི་བསླབ་པ་དགོས་པ། བསམ་གཏན་གྱི་བསླབ་པ་དེ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་རག་ལུས་པར་མཐོང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་པའི་དགོས་པ་ཤེས་པར་འགྱུར། དེ་ལྟར་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་སོ་སོར་ཐར་པའི་སྡོམ་པ་ཟེར་བ་དེ་གཞི་ནས་ཆགས་ཀྱི་ཡོད་རེད།

དགེ་བསྙེན་གྱི་སྡོམ་པའི་སྐོར།

དེས་ན་ཕྱི་དྲོ་དགེ་བསྙེན་གྱི་སྡོམ་པ་བཞེས་མཁན་ཚོས་གོང་དུ་ཞུས་པའི་འཁོར་བའི་སྡུག་བསྔལ་རྣམས་རགས་རིམ་ཙམ་ངེས་ན། འདིས་རང་ཉིད་ཡིད་སུན་པའམ། དེ་ལ་མི་དགའ་བ་ཞིག་སྐྱེས་ཏེ། དེ་ལས་ཐར་འདོད་ཀྱི་བློ་ཞིག་རང་བཞིན་གྱིས་ཡོང་རྒྱུ་རེད། དེ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་པའི་སྐབས་སུ། ཚུལ་ཁྲིམས་མ་བསྲུང་ན་བསམ་གཏན་མི་འབྱུང་བ་དང་། བསམ་གཏན་མེད་ན་ཤེས་རབ་མི་འབྱུང་བ། ཤེས་རབ་མེད་ན་འཁོར་བ་ལས་ལྡོག་མི་ནུས་པའི་རིམ་པ་དེ་ཤེས་པར་བྱས་ནས། འཁོར་བ་ལྡོག་པའི་ཕྱིར་དུ་ཤེས་རབ་ཀྱི་བསླབ་པ་སྐྱེ་བའི་སྔོན་འགྲོ་ལ་དགེ་བསྙེན་གྱི་སྡོམ་པ་བླང་རྒྱུ་ཡིན་བསམ་པའི་ཀུན་སློང་བཟོ་ཐུབ་པའི་ཐབས་ཤེས་གནང་དགོས།

སྤྱིར་བཏང་བསྙེན་གནས་སོགས་ཉིན་ཞག་གཅིག་གི་མཐའ་ཅན་ཡང་ཡོད་མོད། འོན་ཀྱང་ཕྱི་དྲོ་ཁྱིམ་པ་ཚོས་བླང་རྒྱུའི་དགེ་བསྙེན་གྱི་སྡོམ་པ་ནི་ཇི་སྲིད་འཚོའི་མཐའ་ཅན་ནམ་མི་ཚེའི་རིང་ལ་བླང་རྒྱུའི་སྡོམ་པ་ཞིག་རེད། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་པ་ལ་ལོག་པར་གཡེམ་པ། མི་ཆོས་བླ་མའི་རྫུན། མྱོས་འགྱུར་གྱི་བཏུང་བ་བཅས་ལྔ་པོ་དེ་སྤང་བྱ་རེད། འདིའི་ནང་དགེ་བསྙེན་གྱི་སྡོམ་པ་གཏོང་བའི་རྩ་བའི་ལྟུང་བ་དང་། ཁ་ཤས་རྩ་བའི་ལྟུང་བ་མིན་ཡང་ཉེས་པ་ཡོད་པའང་ཡོད། དགེ་བསྙེན་གྱི་སྡོམ་པ་ལ་སྣ་གཅིག་སྤང་བའི་དགེ་བསྙེན་ནས་བཟུང་སྟེ་ཡོངས་རྫོགས་དགེ་བསྙེན་གྱི་བར་དུ་མི་འདྲ་བ་ཁ་ཤས་ཡོད། དེ་ནས་ཚངས་སྤྱོད་དགེ་བསྙེན་ཡང་ཡོད། ཡོངས་རྫོགས་དགེ་བསྙེན་ནི་སྤང་བྱ་ལྔ་པོ་སྤང་བ་ཁས་ལེན་མཁན་དེ་རེད། སྣ་གཅིག་སྤང་བའི་དགེ་བསྙེན་ནི་སྤང་བྱ་གཅིག་ཙམ་སྤང་བ་ཁས་ལེན་པ་རེད། དེ་བཞིན་སྣ་གཉིས་དང་། སྣ་གསུམ་སོགས་རེད། ཚངས་སྤྱོད་དགེ་བསྙེན་ནི་འདོད་པ་ལ་ལོག་པར་གཡེམ་པའི་ཚབ་ཏུ་མི་ཚངས་པར་སྤྱོད་པ་སྤང་བ་དེ་རེད། དཔེར་ན། རྒྱལ་བ་འབྲོམ་སྟོན་པ་ལྟ་བུ་ཚངས་སྤྱོད་དགེ་བསྙེན་རེད།

སྐབས་འདིའི་བསྲུང་བྱ་ལ་སྲོག་གཅོད་སྤང་བ་ནི་སྲོག་གཅོད་ཀྱི་རིགས་ཐམས་ཅད་སྤང་རྒྱུ་དེ་རེད། མི་བསད་པ་ཡིན་ན་རྩ་བའི་ལྟུང་བ་རེད། མ་བྱིན་པར་ལེན་པ་སྤང་བ་ནི་རིན་ཐང་ཚང་བའི་དངོས་པོ་གང་ཞིག་མ་བྱིན་པར་ལེན་ནའང་རྩ་བའི་ལྟུང་བ་རེད། དེ་སྤང་བ་ནི་མ་བྱིན་པར་ལེན་པ་སྤང་བ་རེད། ལོག་གཡེམ་སྤང་བ་ནི་རང་གིས་བདག་ཏུ་བཟུང་བའི་ཆུང་མའམ་ཁྱོ་བོ་ལས་གཞན་ལ་མི་སྤྱོད་པ་དེ་རེད། རྫུན་སྨྲ་བ་སྤང་བ་ནི་སྤྱིར་བཏང་རྫུན་སྨྲ་བ་ཐམས་ཅད་སྤང་བ་དེ་རེད། མི་ཆོས་བླ་མའི་རྫུན་སྨྲ་ན་རྩ་བའི་ལྟུང་བ་རེད། དེ་ནི་གང་ཟག་ཕལ་པ་ལ་འབྱུང་དཀའ། གང་ལྟར་ཁམས་གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་སོང་ཞེས་བཤད་པ་ལྟ་བུ་རེད། མི་ཆོས་བླ་མའི་རྫུན་དེའང་འདུ་ཤེས་བསྒྱུར་ནས་སྨྲ་བ་མ་གཏོགས། སྐབས་རེ་ནོར་ནས་མ་ཐོབ་པ་ལ་ཐོབ་པར་མངོན་ནས་སྨྲ་ན། དེ་ནི་མི་ཆོས་བླ་མའི་རྫུན་མིན། (སོ་ཐར་གྱི་མདོ་ལས།) མངོན་པའི་ང་རྒྱལ་ཅན་ནི་མ་གཏོགས་སོ།། ཞེས་དགེ་སློང་ལའང་མངོན་པའི་ང་རྒྱལ་གྱི་སྒོ་ནས་མི་ཆོས་བླ་མ་སྨྲ་བ་དེ་ཕམ་པ་ལ་མི་འགྲོ་བ་རེད། མྱོས་འགྱུར་གྱི་བཏུང་བ་སྤང་བ་ནི་མྱོས་འགྱུར་གྱི་བཏུང་བ་ཆང་གཙོ་བོར་གྱུར་པའི་བཟི་ཡོད་པའི་བཟའ་བ་དང་བཏུང་བའི་རིགས་སྤང་རྒྱུ་དེ་རེད།

སྤང་བྱ་ལྔ་པོ་ལས་སོ་སོས་གང་ཐུབ་པ་དེ་སྤང་རྒྱུའི་ཁས་ལེན་བྱེད་དགོས། སྡོམ་པ་འདི་ཉམས་ན་བསྐྱར་དུ་བླང་རྒྱུ་ཡོད། དེ་བཞིན་སྡོམ་པ་ཡོད་བཞིན་དུའང་བསྐྱར་དུ་ཡང་ཡང་བླང་རྒྱུ་ཡོད་པའི་སྡོམ་པ་ཞིག་རེད། སྡོམ་པ་ཞེས་པ་ནི་བསྲུང་བྱའི་གནས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པའི་ཁ་ན་མ་ཐོ་བ་གང་ཡང་རུང་བ་ངས་བྱེད་ཀྱི་མིན་ཞེས་དམ་བཅའ་བྱེད་རྒྱུ་དེ་རེད། སྡོམ་པ་དེའི་དབང་གིས་སམ། ཡང་ན་སྲུང་བའི་འཕེན་པ་དེའི་དབང་གིས་རྒྱུན་དུ་སྤང་བྱ་དེ་སྤང་བའི་དགེ་བ་ཞིག་ཐོབ་ཀྱི་ཡོད། སྡོམ་པ་བླངས་མེད་ན་སྲོག་མ་བཅད་ནའང་སྲོག་མ་བཅད་པ་རེད་མ་གཏོགས། སྲོག་གཅོད་སྤང་བའི་དགེ་བ་དེ་ཡོང་གི་མེད། སྲོག་གཅད་རྒྱུའི་གནས་སྐབས་དང་གོ་སྐབས་བྱུང་ནས་སྲོག་མ་བཅད་ན་གཞི་ནས་སྲོག་གཅོད་སྤང་བའི་དགེ་བ་དེ་ཡོང་གི་ཡོད། དེ་བཞིན་སྲོག་གཅད་ན་ཁྲིམས་ལ་ཐུག་གི་རེད་ཅེས་ཁྲིམས་ཀྱིས་འཇིགས་པས་སྲོག་གཅོད་སྤངས་པ་ལའང་དགེ་བ་མེད། འདིར་ཐར་པ་དོན་གཉེར་གྱི་བློས་ཀུན་ནས་བསླངས་ཏེ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ། འདོད་པ་ལ་ལོག་པར་གཡེམ་པ། རྫུན་སྨྲ་བ། མྱོས་འགྱུར་གྱི་བཏུང་བ་བཅས་སྤང་རྒྱུ་ཡིན་ཞེས་སྤངས་པ་དེ་ཁས་བླངས་པ་ཡིན་ཙང་། ཉིན་མཚན་ཀུན་ཏུ་དེ་དག་སྤང་བའི་དགེ་བ་དེ་ཡོང་བར་བརྟེན་སྡོམ་པ་བླང་རྒྱུ་དེ་གལ་ཆེན་པོ་རེད། དགེ་བ་གཞན་ལའང་སྡོམ་ལྡན་ཡིན་མིན་གྱིས་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད། རྟེན་གྱི་སྒོ་ནས་སྟོབས་ཆེ་བ་ཞེས་པ་ནི་དགེ་བ་བྱེད་མཁན་གྱི་རྟེན་སྡོམ་ལྡན་དང་སྐྱེ་བོ་ཕལ་པ་གཉིས་ལ་དགེ་རྩ་ཆེ་ཆུང་གི་ཁྱད་པར་ཡོད་པ་ལ་ཟེར། དེས་ན་སྡོམ་པ་བླང་རྒྱུ་དེ་གལ་ཆེན་པོ་དང་ཧ་ཅང་ཕན་ཡོན་ཆེན་པོ་ཡིན་པ་རེད།

བྱང་སྡོམ་གྱི་སྐོར།

བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཁྱིམ་པ་དང་རབ་བྱུང་གཉིས་ཀས་བླང་རྒྱུ་ཡོད་པ་ཞིག་རེད། འདི་ལ་འཇུག་སྡོམ་ཡང་ཟེར། འདི་བླང་བ་ལ་ངེས་འབྱུང་གི་བསམ་པ་ཡོད་དགོས་པ་བཤད་མི་དགོས་ཀྱང་། དེ་ཙམ་གྱིས་མི་ཆོག་པར་སྨོན་སེམས་སྐྱེས་པ་ཞིག་དགོས། བྱང་ཆུབ་ཀྱི་སེམས་ལ་སྨོན་སེམས་དང་འཇུག་སེམས་གཉིས་རེད། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་ལ་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་པ་དང་། བྱང་སེམས་དབང་རྟུལ་གྱི་དབང་དུ་བྱས་པ་གཉིས་རེད། བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གྱིས་སྐྱེ་ཡོང་རྒྱུ་ཞིག་མེད་པར། བློ་སྦྱང་དགོས་པ་ཞིག་རེད། བློ་སྦྱོང་བའི་ཚུལ་ལའང་། སངས་རྒྱས་ནས་འཇམ་དབྱངས་དང་། འཇམ་དབྱངས་དང་ཀླུ་སྒྲུབ་སོགས་ནས་ཞི་བ་ལྷ་ལ་བརྒྱུད་པ་ལ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་དང་། དེ་བཞིན་སངས་རྒྱས་ནས་བྱམས་པ་དང་། བྱམས་པ་དང་ཐོགས་མེད་སོགས་ནས་ཇོ་བོ་རྗེ་སོགས་ལ་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་བཅས་གཉིས་རེད། གང་ལྟར་འདི་གཉིས་ཀ་སྙིང་རྗེ་རྩ་བ་ཅན་གྱི་བློ་སྦྱོང་ཚུལ་ཞིག་རེད།

སྤྱིར་བཏང་བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པར་སྡུག་བསྔལ་དེ་དག་ལས་སྒྲོལ་བའི་ཁུར་དེ་ངས་བླང་རྒྱུ་ཡིན་བསམ་པའི་ལྷག་བསམ་རྒྱུད་ལ་སྐྱེས་པ་ན། རང་ཉིད་ལ་ད་ལྟ་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་རྒྱུ་ལྟ་ཞོག སེམས་ཅན་གཅིག་གི་དོན་ཆ་ཚང་བ་ཞིག་ཀྱང་བྱེད་མི་ཐུབ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བསམ་པ་དང་མོས་པ་དང་བག་ལ་ཉལ་གང་ཡོད་པ་དེ་མཁྱེན་ཐུབ་པའི་བློ་ཞིག་དགོས་པ་དང། དེ་ནས་དེ་དང་འཚམས་པའི་འཕྲིན་ལས་འབད་མེད་ལྷུན་འགྲུབ་ཅིག་ཀྱང་དགོས། རྣམ་རྟོག་མི་མངའ་ལྷ་ཡི་རྔ་བཞིན་གྲགས། །ཞེས་གསུངས་པ་ལྟར་རྩོལ་བ་མི་དགོས་པར་འཕྲིན་ལས་རང་བཞིན་གྱིས་འཇུག་པ་ཞིག་མ་བྱུང་ན་གཞན་དོན་སྒྲུབ་མི་ཐུབ། དེར་བརྟེན་གཞན་དོན་སྒྲུབ་པའི་ཐབས་སུ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པ་དེ་མེད་དུ་མི་རུང་བ་རེད་འདུག་པས། དེ་འཐོབ་པར་བྱེད་ཀྱི་ཡིན་སྙམ་པའི་དམ་བཅའ་བའི་བློ་དེ་ལ་ཟེར།

བྱང་ཆུབ་སེམས་དཔའི་ཕུགས་ཀྱི་བསྒྲུབ་བྱའི་གཙོ་བོ་ནི་བྱང་ཆུབ་མིན་པར་གཞན་དོན་ཡིན། གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སངས་རྒྱས་ཀྱི་གོ་འཕང་དེ་དགོས་ཀྱི་ཡོད། བྱང་ཆུབ་མེད་པ་ལ་གཞན་དོན་སྒྲུབ་མི་ནུས་པ་ཡིན་སྟབས། དམིགས་ཡུལ་གཙོ་བོ་གཞན་དོན་ལ་བཞག་ནས་དེའི་ཡན་ལག་ཏུ་བྱང་ཆུབ་དོན་དུ་གཉེར་བ་འདི་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གཞན་དོན་དེ་སྔོན་ལ་གསུངས་པ་ཡིན། རྫོགས་པའི་བྱང་ཆུབ་དེ་རང་གི་དོན་དུ་འདོད་ན་བྱང་ཆུབ་ཀྱི་སེམས་མིན། གང་ལྟར་གཞན་དོན་དུ་རྫོགས་བྱང་ཐོབ་པའི་འདུན་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད།

བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཐབས་ཤེས་ལྟ་བུ་མི་འདྲ་བ་གཉིས་ཏེ། མན་ངག་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེ་གཉིས་རེད། དེ་གཉིས་ཀ་ལ་བློ་སྦྱོང་ཚུལ་རགས་ཙམ་མཁྱེན་ན། བྱང་ཆུབ་ཀྱི་སེམས་སྐྱེ་བའི་རེ་བ་ཡོད། གང་ལྟར་མན་ངག་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེ་གང་གི་སྒོ་ནས་བློ་སྦྱང་བ་ཡིན་ནའང་དང་པོ་བསྒོམ་རྒྱུ་དེ་བཏང་སྙོམས་རེད། འོན་ཀྱང་བཏང་སྙོམས་འདི་མན་ངག་རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེའི་བློ་སྦྱོང་དངོས་གཞིའི་རིམ་པའི་ནང་མེད་ཀྱང་། དེ་དག་གི་སྔོན་འགྲོ་ཡིན་པར་བརྟེན། གཉིས་ཀའི་སྔོན་དུ་བཏང་སྙོམས་ཀྱི་བློ་སྦྱང་དགོས་པ་དེ་མེད་དུ་མི་རུང་བ་རེད། བཏང་སྙོམས་དེ་མ་སྦྱང་ན། བློ་གཞན་རྣམས་ཚད་དང་ལྡན་པ་ཞིག་སྐྱེ་མི་ཐུབ།

ད་ལྟའི་གནས་སྐབས་སུ་ང་ཚོའི་བློ་འདི་གང་ལ་གོམས་ཡོད་ཅེ་ན། རང་དབུས་སུ་བཞག་པའི་འབྲེལ་བ་བྱེད་སྟངས་ཤིག་གམ། ཡང་ན་རང་དོན་ཡིད་བྱེད་ཀྱི་བློའི་ཐོག་ནས་གཞན་ལ་འབྲེལ་བ་བྱེད་སྟངས་ཤིག་ལ་གོམས་པར་བརྟེན། ཉིན་གཅིག་ལ་མི་བཅུ་ཐུག་ནའང་དེའི་ནང་ཁ་ཤས་རང་ལ་ཧ་ཅང་ཉེ་བ་དང་། ཁ་ཤས་རང་དང་འབྲེལ་བ་མེད་པ། ཁ་ཤས་རང་གིས་མི་དགའ་བ་བྱེད་ས་བཅས་དགྲ་གཉེན་བར་མ་ལ་དབྱེ་བ་ཕྱེ་བ་རེད། དེ་བཞིན་མི་དང་དུད་འགྲོ་མཐོང་ནའང་མི་ལ་ཕྲན་བུ་ཚོར་བ་ཤུགས་ཆེ་བ་དང་། དུད་འགྲོ་གཞན་དག་ལ་ཚོར་བ་ཏོག་ཙམ་ཤུགས་ཆུང་བ། དུད་འགྲོ་ཡིད་དུ་མི་འོང་བ་ལ་དེ་བས་ཀྱང་ཚོར་བ་ཤུགས་ཆུང་བ་བཅས་ཡོང་གི་ཡོད། དཔེར་ན་ལུང་པ་གཅིག་ལ་ས་ཡོམ་བརྒྱབས་ནས་མི་མང་པོ་ཤི་བ་རེད་ཅེས་གནས་ཚུལ་ཐོན་སྐབས། སོ་སོ་དང་འབྲེལ་བ་མེད་པ་ཞིག་ཡིན་ན། གསར་འགྱུར་ཙམ་མ་གཏོགས་སེམས་ལ་ཚོར་བ་གང་ཡང་ཡོང་གི་མེད། སོ་སོ་དང་ཐག་ཉེ་བ་ཞིག་ཡིན་ན་ཏོག་ཙམ་སེམས་ཁྲེལ་ཡོང་གི་ཡོད། རང་གི་ཁྱིམ་ཚང་ཡོད་པའི་ས་ཕྱོགས་ལ་ཡིན་ན་ལམ་སེང་སེམས་ཁྲལ་བྱེད་ཀྱི་ཡོད། གང་ལྟར་གསར་འགྱུར་གཅིག་པ་ཡིན་ནའང་རང་གི་བློ་ལ་ཚོར་བ་སྐྱེ་སྟངས་མི་འདྲ་བ་ཡོང་བ་དེ་གང་རེད་ཅེ་ན། རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ལ་བློ་མཉམ་པ་མེད་པ་དེའི་དབང་གིས་རེད། དེ་མིན་རྒྱུ་མཚན་ལ་བསམ་བློ་གཏང་ན། ཁ་ཤས་ལ་ཐག་ཉེ་པོས་དགའ་པོ་བྱེད་རྒྱུ་དང་། ཁ་ཤས་ལ་ཐག་རིང་པོ་བྱས་ནས་མི་དགའ་བ་བྱེད་རྒྱུ། ཁ་ཤས་ལ་ཧ་མི་གོ་བར་བཏང་སྙོམས་སུ་གཞག་རྒྱུ་བཅས་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་གྱི་མེད། དངོས་ཡོད་ཀྱི་གནས་སྟངས་ལ་སེམས་ཅན་ཚང་མ་གཅིག་པ་རེད། སེམས་ཅན་སུ་དང་སུ་ཡིན་ནའང་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། བདེ་བ་སྒྲུབ་པའི་ཐོབ་ཐང་ཡོད་པ་དང་། སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པའང་གཅིག་པ་རེད། བདེ་བ་སྒྲུབ་པའི་ནུས་པ་ཡོད་པ་དང་། སྡུག་བསྔལ་སེལ་བའི་ནུས་པ་ཡོད་པའང་གཅིག་པ་རེད། དེར་བརྟེན་སེམས་ཅན་ཐམས་ཅད་མཉམ་པ་མ་གཏོགས། ཁ་ཤས་མཐོ་བ་དང་ཁ་ཤས་དམའ་བ། ཁ་ཤས་མཆོག་དང་ཁ་ཤས་དམན་པ་དེ་འདྲ་མེད།

རང་ལ་ལྟོས་ནས་ཆ་བཞག་ནའང་སྐྱེས་འཆི་འཕོས་ནས་ངོ་མ་ཤེས་པ་མ་གཏོགས། སེམས་ཅན་ཚོའི་ནང་ལ་རང་གི་གཉེན་ཉེ་ཤོས་བྱས་མ་མྱོང་བ་གཅིག་ཀྱང་མེད་ལ། རང་གི་དགྲ་སྡུག་ཤོས་བྱས་མ་མྱོང་བ་ཡང་གཅིག་ཀྱང་མེད། དེ་བཞིན་རང་དང་འབྲེལ་བ་མེད་པའང་གཅིག་ཀྱང་མེད། ཚེ་འདིའི་དགྲ་གཉེན་བར་མ་ལ་མཚོན་ནའང། ཚེ་སྟོད་ཀྱི་གཉེན་དེ་ཚེ་སྨད་ལ་དགྲར་འགྱུར་བ་དང། ཚེ་སྟོད་ཀྱི་དགྲ་དེ་ཚེ་སྨད་ལ་གཉེན་དུ་འགྱུར་བ་བཅས་ཉིན་ཤས་ནང་འགྱུར་བ་འགྲོ་བའི་གནས་སྟངས་ཡོད་པར་བརྟེན། དགྲ་གཉེན་བར་མའི་དབྱེ་བ་ཕྱེ་བ་དེ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་གྱི་མེད།

དེས་ན་བཏང་སྙོམས་ཀྱི་སེམས་སྒོམ་པའི་སྐབས་སུ་ལས་དང་པོ་བས་ཐོག་མར་རང་གི་མདུན་ལ་རང་གི་ཤིན་ཏུ་སྙིང་ཉེ་བའི་གཉེན་ཞིག་དང། རང་གིས་ཤིན་ཏུ་སྡང་བའི་དགྲ་བོ་ཞིག། ངོ་མི་ཤེས་པ་ཡལ་བར་འདོར་རྒྱུའི་བར་མའི་མི་ཞིག་བཅས་གསུམ་གསལ་བཏབ་ནས་སོ་སོའི་བློའི་འཇུག་སྟངས་ལ་བལྟས་ན། གཅིག་ལ་ཧ་ཅང་ཉེ་བ་དང། གཅིག་ལ་ཧ་ཅང་སྡང་བ། གཅིག་ལ་ཧ་ཅང་དོ་སྣང་མེད་པ་བཅས་གསལ་པོ་ཤེས་ཐུབ། འདི་འདྲ་ཡོང་བའི་རྒྱུ་མཚན་ལ་བལྟས་ན། གཉེན་འདིས་རང་ལ་ཕན་ཐོགས་པ་དང། དགྲ་འདིས་རང་ལ་གནོད་པ་བྱེད་པ། བར་མ་འདིས་འབྲེལ་བ་མེད་པ་བཅས་ཡིན་པ་མཐོང་ཐུབ། གང་ལྟར་རྒྱུ་མཚན་དེར་ཞིབ་ཏུ་བསམ་ན། དགྲ་འདིས་ཀྱང་གཉེན་བྱས་པའི་སྐབས་གྲངས་མེད་པ་བྱུང་ཡོད་པ་དང་། གཉེན་གྱིས་ཀྱང་དགྲ་བྱས་པའི་སྐབས་གྲངས་མེད་པ་བྱུང་ཡོད་པ། དེ་བཞིན་ད་ལྟ་གཉེན་འདི་མ་འོངས་པ་ལ་དགྲར་འགྱུར་སྲིད་པ་དང་། ད་ལྟའི་དགྲ་འདི་མ་འོངས་པ་ལ་གཉེན་དུ་འགྱུར་སྲིད་པ། ད་ལྟ་ངོ་མི་ཤེས་པ་འདི་མ་འོངས་པ་ལ་ཧ་ཅང་ནང་ཚགས་ཀྱང་ཆགས་སྲིད་པ་བཅས་ལ་བརྟེན། དེ་ཚོ་རང་བཞིན་གྱི་ཆ་ནས་གཅིག་གྱུར་མ་གཏོགས། ཁ་ཤས་ལ་ཐག་རིང་བ་དང་། ཁ་ཤས་ལ་ཐག་ཉེ་བ་མེད། དེས་ན་དེ་ལྟ་བུའི་འདུ་ཤེས་མེད་པར་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས། སྔོན་དུ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བྱམས་པ་དང་སྙིང་རྗེ་ཡོང་བའི་གཞི་རྩའི་རྨང་གཞི་ལྟ་བུ་དང་པོ་དེ་བཏང་སྙོམས་ཀྱི་བློ་སྦྱང་རྒྱུ་དེ་རེད།

མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱང་བའི་རིམ་པ།

བཏང་སྙོམས་ཀྱི་བློ་དེ་ཡག་པོ་བྱུང་བའི་རྗེས་སུ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱང་བ་ཡིན་ན་རྒྱུའི་བསམ་པ་བཞི་དང་འབྲས་བུའི་བསམ་པ་གསུམ་ཡོང་གི་ཡོད། རྒྱུའི་བསམ་པ་བཞི་ནི་མར་ཤེས་པ་དང་། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ་བཅས་རེད། འབྲས་བུའི་བསམ་པ་གསུམ་ནི་སྙིང་རྗེ་དང་། ལྷག་བསམ། སེམས་བསྐྱེད་བཅས་རེད། དང་པོ་མར་ཤེས་བསམ་པ་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཡོངས་སུ་རྫོགས་པ་སྐྱེས་འཆི་འཕོས་ནས་ངོ་མ་ཤེས་པ་མ་གཏོགས། དོན་དུ་རང་གི་མ་བྱས་མ་མྱོང་བ་གཅིག་ཀྱང་མེད་བསམ་པ་དེ་རེད། འཁོར་བ་ལ་ཐོག་མ་མེད་པ་ཡིན་སྟབས་སྐྱེ་བ་ལ་ཡང་ཐོག་མ་མེད་པ་དང། སྐྱེ་བ་ལ་ཐོག་མ་མེད་པ་ཡིན་སྟབས་མ་ལ་ཡང་གྲངས་མེད་པ་རེད། མར་ཤེས་པ་ཡིན་ན་དྲིན་དེ་རང་བཞིན་གྱིས་དྲན་ཐུབ་པ་ཞིག་རེད། དྲིན་མི་གཟོ་མཁན་གྱི་མི་ཐབས་ཆག་ཅིག་ཡིན་ན་མ་གཏོགས་ཨ་མའི་དྲིན་མ་དྲན་མཁན་དཀོན་པོ་རེད། གཉེན་ཐམས་ཅད་ཀྱི་ནང་ནས་དྲིན་ཆེ་ཤོས་དེ་ཨ་མ་ཡིན་སྟབས། ཨ་མ་བྱས་པའི་གནས་སྐབས་སུ་གང་དང་གང་དྲིན་གྱིས་བསྐྱངས་པ་དྲན་རྒྱུ་རེད། དྲིན་དྲན་ཁྱད་པར་བ་འདིའི་བར་དུ་བཅུག་ན། ཨ་མ་བྱས་པའི་གནས་སྐབས་སུ་དྲིན་ཆེ་བ་ཙམ་དུ་མ་ཟད། ཨ་མ་མ་བྱས་པའི་གནས་སྐབས་སུའང་སེམས་ཅན་ཐམས་ཅད་དྲིན་ཆེ་བ་རེད། གང་ལགས་ཤེ་ན། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་སྟབས། ཚེ་འདི་ལ་ཨ་མ་མིན་པའི་སེམས་ཅན་ཧ་ཅང་མང་པོ་ཞིག་གིས་དྲིན་གྱིས་བསྐྱངས་ཡོད། དཔེར་ན་གནས་ཚུལ་ཆུང་ཙག་ཡན་ཆད་ནས་སེམས་ཅན་མང་པོ་ཞིག་གི་རྩོལ་བ་ལ་བརྟེན་ནས་ང་ཚོ་འཚོ་བ་རེད་མ་གཏོགས་རང་ཉིད་གཅིག་པུས་འཚོ་མི་ཐུབ། དེ་ནས་དྲིན་དྲན་ན་དྲིན་གཟོའམ་དྲིན་ལན་མ་འཇལ་ན་མ་རབས་ཐ་ཤལ་ཡིན་པས་དྲིན་ལན་འཇལ་དགོས་ཀྱི་ཡོད། དེ་ནས་དྲིན་ལན་འཇལ་དགོས་པ་མཐོང་ན། སེམས་ཅན་ཐམས་ཅད་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པའི་བློ་འདི་རང་བཞིན་གྱིས་སླེབས་པ་ཡིན།

སྙིང་རྗེ་ཆེན་པོའི་བློ་དེས་གང་བསམ་གྱི་ཡོད་ཅེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བསམ་པ་ཞིག་ལ་སྙིང་རྗེ་ཆེན་པོ་ཟེར། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་དེ་ནི་མཐའ་མེད་པའི་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན། དེ་འདྲ་བའི་སྙིང་རྗེ་ཆེན་པོ་སྐྱེས་ན། སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་དེའི་དབང་གིས་སྡུག་བསྔལ་ལས་བྲལ་བ་དེ་ངས་བྱེད་ཀྱི་ཡིན་བསམ་པའི་ལྷག་བསམ་དེ་སླེབས་ཀྱི་རེད། ལྷག་བསམ་དེས་ཇི་ལྟར་སྡུག་བསྔལ་ལས་སྒྲོལ་བར་བྱེད་དགོས་ཤེ་ན། གོང་དུ་ཞུས་པ་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་འབད་མེད་ལྷུན་འགྲུབ་ཀྱི་འཕྲིན་ལས་ལ་བརྟེན་ནས་གང་ལ་གང་འདུལ་གྱི་མཛད་པས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་མཛད་ཅིང་། འཕྲིན་ལས་དེ་མེད་ན་སེམས་ཅན་གྱི་དོན་མཐར་ཕྱིན་པ་བྱེད་མི་ཐུབ། ཇི་ཙམ་སྙིང་རྗེ་ཆེན་པོ་ཤུགས་ཆེན་པོ་ཡོད་པ་དེ་ཙམ་གྱིས་སེམས་བསྐྱེད་དེ་ཡང་ཤུགས་ཆེ་བ་ཡོང་གི་ཡོད། སེམས་ཅན་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཙམ་མིན་པར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་ཚུལ་ལ་སྙིང་རྗེ་བསྐྱེད་དགོས་པས། ངེས་འབྱུང་གི་བསམ་པ་ཤུགས་དྲག་ཡོད་པའི་གང་ཟག་ཅིག་ཡིན་ན་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་སྟབས་བདེ་བ་ཡོད། ངེས་འབྱུང་གི་བསམ་པ་མེད་ན་སྙིང་རྗེ་ཆེན་པོ་སྐྱེ་རྒྱུ་ཁག་པོ་རེད། རང་ཉིད་སྡུག་བསྔལ་གྱིས་མནར་བ་ལ་བ་སྤུ་གཡོ་འགུལ་ཙམ་ཡང་མེད་པར་གཞན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་ཇི་ལྟར་སྐྱེ།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བའི་རིམ་པ།

བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བའི་རིམ་པ་ནི་གོང་དུ་ཞུས་པ་ལྟར་བཏང་སྙོམས་ཀྱི་བློ་སྦྱང་བ་སྔོན་དུ་སོང་དགོས། དེའི་རྗེས་སུ་ཐོག་མར་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་རྒྱུ་དེ་རེད། དེ་ཡང་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱོང་དགོས་པ་སོགས་མ་འགྲིག་པ་ཐམས་ཅད་རང་གཅེས་འཛིན་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། དེ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ལས་བསགས་པ་དང་། དེ་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཡོང་གི་ཡོད། དེས་ན་རང་གཅེས་འཛིན་འདི་སྐྱོན་ཐམས་ཅད་ཀྱི་འབྱུང་གནས་རེད་འདུག་བསམ་པའི་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ་རེད། འདིའི་མཇུག་ཏུ་གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་རྒྱུ་དེ་ཡིན་ཞིང་། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བདེ་བ་ཕྲན་བུ་མྱོང་བ་ཚུན་ཆད་གཞན་ལ་བརྟེན་ནས་བྱུང་བའམ། གཞན་གཅེས་འཛིན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་སྟབས། གཞན་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུངས་པ་བཞིན་གཞན་གཅེས་པར་འཛིན་པའི་བློ་དེ་ཡོན་ཏན་ཐམས་ཅད་འབྱུང་བའི་སྒོ་ཡིན་པར་བསམ་པ་རེད། དེ་ནས་བདག་གཞན་མཉམ་པ་དེ་རེད། སྤྱིར་བཏང་རང་གཅེས་འཛིན་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན་དེ་ཤུགས་ཆེན་པོ་བསམ་བློ་གཏང་ཐུབ་ན།  བདག་གཙོ་ཆེ་བ་དང་གཞན་ཕལ་པ་ཡིན་པའི་བློ་དེ་རང་བཞིན་གྱིས་མེད་པར་ཆགས་པར་བརྟེན། བདག་གཞན་མཉམ་པ་དེ་ཡོང་ཐུབ། བདག་གཞན་མཉམ་པའི་རྗེས་སུ་བདག་གཞན་བརྗེ་བ་དེ་རེད། དེ་ནི་བདག་གཞན་དུ་འགྱུར་རྒྱུ་དང་གཞན་བདག་ལ་འགྱུར་རྒྱུ་གང་ཡང་མེད་ཀྱང་། རང་གི་ངོས་ནས་བདག་གཅེས་པར་འཛིན་པ་དང་གཞན་ཡལ་བར་དོར་བ་འདི་གོ་ལྡོག་ནས་གཞན་གཅེས་པར་འཛིན་པ་དང་རང་ཡལ་བར་དོར་བ་འདི་ལ་བདག་གཞན་བརྗེ་བ་ཟེར། དེ་འདྲ་བའི་བདག་གཞན་བརྗེ་བའི་ཀུན་སློང་སླེབས་ན། དེ་ནས་བདག་གཞན་བརྗེ་བའི་བྱ་བར་དངོས་སུ་འཇུག་པའི་ལྷག་བསམ་དེ་སླེབས་པ་ཡིན། ལྷག་བསམ་ནི་གོང་དུ་ཞུས་པ་བཞིན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་བདག་གཞན་བརྗེ་མི་ནུས་པ་དང་། གཞན་དོན་སྒྲུབ་མི་ནུས་པར་མཐོང་ནས། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདུན་པ་དེ་སྐྱེས་ཡོང་གི་རེད། དེ་ལྟར་ཐོག་མར་བཏང་སྙོམས་དང། དེ་ནས་རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་པ། གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་པ། བདག་གཞན་མཉམ་པ། བདག་གཞན་བརྗེ་བ་བཅས་ཡོང་། བདག་གཞན་བརྗེ་བའི་སྐབས་སུ་གཏོང་ལེན་གྱི་ཉམས་ལེན་ཡང་མཉམ་དུ་ཡོང་གི་ཡོད། དེ་ནས་ལྷག་བསམ་དང། དེའི་རྗེས་སུ་བྱང་ཆུབ་ཀྱི་སེམས་ཡོང་བ་ཡིན། དེ་ལྟར་བློ་སྦྱོང་བའི་མན་ངག་གཉིས་སོ་སོའི་སྒོ་ནས་བློ་སྦྱང་རྒྱུ་དང་། ཡང་མན་ངག་གཉིས་ཀ་ཕྱོགས་གཅིག་ཏུ་བསྲེས་ཏེ་སྒོམ་པའི་ཚུལ་ཡང་ཡོད་ཀྱང་། སོ་སོས་གང་བདེ་བྱེད་རྒྱུ་རེད། གང་ལྟར་སྙིང་རྗེ་ཆེན་པོ་ཤུགས་ཆེན་པོ་ཞིག་སྐྱེ་ཐུབ་པ་དང་། སྙིང་རྗེ་དེས་དྲངས་པའི་གཞན་དོན་སྒྲུབ་པའི་འདུན་པ་རླབས་ཆེན་ཞིག་སྐྱེས་ན། དེས་དྲངས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་བློ་དེ་བྱང་ཆུབ་ཀྱི་སེམས་ངོ་མ་ཆགས་ཀྱི་ཡོད།

སླར་ཡང་ཕྱག་ཚོད་གཉིས་པ་ལ་མ་ཚོགས་གོང་དུ་དུས་ཚོད་ཏོག་ཙམ་ཡོད། གོང་དུ་ཞུས་པའི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་ཚུལ་སོགས་ལ་ཤར་སྒོམ་རགས་པ་ཙམ་གནང་སྟེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱི་གོ་བ་ཆགས་པ་ཞིག་གནང་ཐུབ་ན། སྡོམ་པ་བླང་རྒྱུར་ཕན་ཐོགས་ཡོད་པ་དང་དོན་དང་ལྡན་པ་ཡོང་རྒྱུ་རེད། ཅེས་གསུངས། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། ཞེས་སོགས་གསུངས་ནས་ཆོས་ཐུན་དང་པོ་གྲོལ།

ཆོས་ཐུན་གཉིས་པར། ཐོག་མར་བླ་སློབ་ཐུན་མོང་གིས་སངས་རྒྱས་ཆོས་ཚོགས་མ་བཏོན། དེ་ནས་རིན་པོ་ཆེ་མཆོག་གིས། ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱེད་པ་ རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།།

དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པ་བཞིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་བློ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའི་བློ་གཉིས་པོ་བྱ་ནམ་མཁའ་ལ་འཕུར་བའི་གཤོག་པ་གཉིས་འཛོམས་པ་བཞིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས། ཡང་ན་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འཛོམས་ན། སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་ལ་བདེ་བླག་ཏུ་འགྲོ་ནུས་པ་ཡིན་ཞེས་གསུངས་པ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀས་རྒྱབ་ཁྱོག་པ་དགོས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ཆ་མཉམ་དུ་བསག་དགོས་པ་འདི་སངས་རྒྱས་དང་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་པ་རེད།

ད་ལྟ་ང་ཚོས་འདིར་འཆད་ཉན་གྱི་ཐ་མ་དེ་ལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པའི་ཐབས་བློ་སྦྱོང་བའི་རིམ་པ་མན་ངག་རྒྱུ་འབྲས་བདུན་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སྒོམ་ཚུལ་མདོར་བསྡུས་ཤིག་སྔ་དྲོ་ཞུས་པ་བཞིན་དགོངས་པ་བཞེས་ཏེ། དེའི་ཐོག་ནས་བྱང་ཆུབ་ཏུ་སྨོན་པའི་སེམས་རྣམ་པར་དག་པ་ཞིག་བསྐྱེད་རྒྱུ་དང་། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཆོ་གས་བཟུང་བ་ལ་བརྟེན་ནས་བྱང་ཆུབ་ཏུ་འཇུག་པའི་སེམས་རྒྱུད་ལ་བསྐྱེད་དགོས་པ་ཡིན། ད་ལྟ་དགེ་བསྙེན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་བྱེད་རྒྱུ་ཡིན། ཁྱིམ་པ་རྣམས་ལ་དགེ་བསྙེན་གྱི་བསྲུང་བྱའི་རིགས་རྣམས་སྔ་དྲོ་ཞུས་ཟིན་པ་རེད། བྱང་སྡོམ་གྱི་མི་མཐུན་པའི་ཕྱོགས་བསྲུང་བྱའི་རིགས་ལ་རྩ་བའི་ལྟུང་བ་བཅོ་བརྒྱད་དང་ཉེས་བྱས་བཞི་བཅུ་ཞེ་དྲུག་ཡོད་པ་རྣམས་དངོས་གནས་བྱས་ན་ངོ་སྤྲོད་བྱེད་དགོས་ཀྱང་། དུས་ཚོད་དང་ནུས་པ་གཉིས་ཀས་འདང་བ་མི་འདུག། སྤྱིར་བཏང་ནས་གསུང་ཆོས་གོ་སྒྲིག་གནང་མཁན་ཚོས་བྱང་ཆུབ་གཞུང་ལམ་ནས་ཚུར་བཏོན་ནས་ཀོ་རི་ཡའི་སྐད་དུ་པར་བརྒྱབས་ཡོད་གསུང་གི་འདུག ཁྱེད་རང་ཚོས་གཟིགས་ཏེ་སྡོམ་པ་བཟུང་བ་ལ་དཔའ་བ་ཙམ་མ་ཡིན་པར་སྡོམ་པ་སྲུང་བའི་ཐབས་ལ་འབད་དགོས། དེས་ན་སྡོམ་པའི་མི་མཐུན་ཕྱོགས་རྣམས་ཤེས་དགོས། དེ་ལྟར་རྩ་ལྟུང་དང་ཉེས་བྱས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་འདིའི་ནང་ཡོད་པ་བཞིན་ཐུགས་ཞིབ་ཀྱིས་ཡག་པོ་ཞིག་ཐུགས་ལ་ངེས་པ་དང། དེ་ནས་གང་ཐུབ་ཀྱིས་བསྲུང་དགོས། གལ་ཏེ་བསྲུང་མ་ཐུབ་པར་ཉམས་པ་བྱུང་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་རང་གིས་ཀྱང་རྟེན་གྱི་དྲུང་ནས་བླང་ཆོག་པ་དང། དེ་བཞིན་བླ་མའི་དྲུང་ནས་ཀྱང་བླང་ཆོག། ནམ་རྒྱུན་ཐུན་དྲུག་འདོན་མཁན་ཡིན་ན་ཉིན་ལྟར་བླང་དགོས་ཀྱི་ཡོད།

དགེ་བསྙེན་གྱི་སྡོམ་པ་འབོག་ཆོག།

དེ་ནས་ཁྱིམ་པ་ཚོས་དགེ་བསྙེན་གྱི་སྡོམ་པ་བླང་རྒྱུ་ཡིན། དེ་ནི་སློབ་དཔོན་གྱི་དྲུང་ནས་བླང་རྒྱུ་རེད། ཐོག་མར་རྒྱབ་ཀྱི་རས་གཞིའི་ཐོག་ཡོད་པའི་སྟོན་པའི་སྐུ་བརྙན་འདི་སྟོན་པ་དངོས་ཡིན་སྙམ་པའི་འདུ་ཤེས་དང། དེ་ལ་དད་པ་བརྟན་པོའི་སྒོ་ནས་ཐལ་མོ་དེ་སྤྱི་བོ་དང་མགྲིན་པ་དང་སྙིང་གར་སྦྱར་ནས་ལན་གསུམ་གྱི་བར་དུ་ཕྱག་འཚལ་གྱི་ཡོད་བསམ་དགོས། དེ་བཞིན་དུ་སྡོམ་པ་གནང་མཁན་གྱི་སློབ་དཔོན་ལའང་ཕྱག་འཚལ་བའི་མོས་པ་ལན་གསུམ་གྱི་བར་དུ་གནང་དགོས། དེའི་རྗེས་སུ་སྡོམ་པ་ལེན་པའི་ཆོ་གའི་ཚིག་དེ་ངས་བོད་སྐད་ཀྱི་ཐོག་ནས་བརྗོད་རྒྱུ་དང་། ཁྱེད་རང་ཚོས་བོད་སྐད་དང་ཀོ་རི་ཡའི་སྐད་གང་རུང་ཐོག་ནས་རྗེས་ཟློས་གནང་དགོས། དེ་ཡང་ སློབ་དཔོན་དགོངས་སུ་གསོལ། ཞེས་སློབ་དཔོན་ལ་དགོངས་གསོལ་དང། དེ་ནས་ བདག་མིང་འདི་ཞེས་བགྱིས་པས་ ཞེས་བརྗོད་སྐབས་སོ་སོའི་མིང་གང་ཡིན་པ་དེ་སྨོས་དགོས། དེའི་རྗེས་སུ་སྐྱབས་འགྲོ་དང་། དེ་ནས་ སློབ་དཔོན་གྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། ཞེས་པ་ནི་དངོས་གཞི་རེད། དེ་ལྟར་ལན་གསུམ་གྱི་བར་དུ་རྗེས་ཟློས་ཀྱིས་ལན་གསུམ་པའི་ བདག་དགེ་བསྙེན་དུ་གཟུང་དུ་གསོལ་ ཞེས་པའི་ཚིག་དེ་བརྗོད་མ་ཐག་ཏུ་རང་གི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྣ་གཅིག་བསྲུང་བ་དང། སྣ་འགའ་བསྲུང་བ། ཡོངས་རྫོགས་དགེ་བསྙེན་སོགས་གང་བླངས་པ་དེའི་སྡོམ་པ་རྣམ་པར་དག་པ་ཞིག་ཐོབ་སོང་སྙམ་པའི་ཐུགས་དམིགས་གནང་དགོས་པ་རེད། འདི་རྗེས་ཟློས་གནང་བའི་སྐབས་སུ་ལུས་ཀྱི་རྣམ་འགྱུར་དེ་ཡང་ ཙོག་ཙོག་པུར་འདུག་སྟེ་ ཞེས་ཙོག་ཙོག་བསྡད་དགོས་ཀྱི་ཡོད། ཙོག་ཙོག་བསྡད་ཚུལ་ལ་མི་འདྲ་བ་ཁ་ཤས་ཡོད་འདུག མདོ་མང་པོའི་ནང་ པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ ཞེས་པུས་མོ་གཡས་པ་ས་ལ་མར་བཙུགས་པ་དང། པུས་མོ་གཡོན་པ་ཙོག་ཙོག་བསྡད་པ་དང་། དེང་སང་གནས་བརྟན་སྡེ་པའི་ལུང་པའི་ནང་ཏོག་ཙམ་མི་འདྲ་བར་པུས་མོ་གཉིས་ཀ་ས་ལ་བཞག་ནས་རྐང་པ་ཕྱོགས་གཅིག་ལ་བཞག་པ། བོད་བརྒྱུད་ནང་བསྟན་དེ་ཚོས་པུས་མོ་གཉིས་ཀ་ཙོག་ཙོག་བསྡད་པའི་ཚུལ་བཅས་རེད།

དགུང་ལོ་བགྲེས་པོ་ཙོག་ཙོག་བཞུགས་མ་ཐུབ་མཁན་རྣམས་ཀྱིས་བསམ་བློའི་ནང་དུ་ཙོག་ཙོག་བསྡད་ཡོད་བསམ་པ་ལས། ངེས་པར་དུ་ཙོག་ཙོག་བསྡད་དགོས་མེད། དེ་ལྟར་པུས་མོ་གཡས་པ་ས་ལ་བཙུགས་ཏེ་གཡོན་པ་ཙོག་ཙོག་དང། ཡང་ན་པུས་མོ་གཉིས་ཀ་ཙོག་ཙོག་བཅས་སོ་སོས་གང་བདེ་གནང་དགོས། དེ་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་ངས་བརྗོད་པའི་རྗེས་སུ་ཁྱེད་རང་ཚོས་རྗེས་ཟློས་གནང་དགོས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེ་ལྟར་རྗེས་ཟློས་ལན་གསུམ་པའི་ བདག་དགེ་བསྙེན་དུ་གཟུང་དུ་གསོལ། ཞེས་བརྗོད་པའི་སྐབས་སུ་སྡོམ་པ་ཐོབ་སོང་སྙམ་པ་དང། དེ་ནས་ངས་ ཐབས་ཡིན་ནོ།། ཞེས་བརྗོད་སྐབས། དེའི་ལན་དུ་ཁྱེད་རང་ཚོས་ ལེགས་སོ།། ཞེས་ལན་བཏབ་རྒྱུ་རེད། ད་འགྲིགས་སོང་།

དེ་ལྟར་ཁྱིམ་པ་ལ་དགེ་བསྙེན་གྱི་སྡོམ་པའི་འབོག་པའི་ཆོ་ག་དེ་ཟིན་སོང་། ཁྱེད་རང་ཚོ་དགེ་བསྙེན་དུ་འགྱུར་བ་ཡིན་སྟབས་ཁྱིམ་པ་ཡིན་ནའང་སྡོམ་ལྡན་རེད། སངས་རྒྱས་ཀྱི་འཁོར་རྣམ་པ་བཞིའི་ནང་ཚུད་པ་རེད། འཁོར་རྣམ་པ་བཞིའི་ནང་རབ་ཏུ་བྱུང་བའི་སྡོམ་ལྡན་གྱི་སྡེ་གཉིས་དང་། ཁྱིམ་པའི་སོ་ཐར་གྱི་སྡོམ་ལྡན་གྱི་སྡེ་གཉིས་རེད། སྡོམ་པ་ཡོད་པ་དང་སྡོམ་པ་མེད་པའི་གང་ཟག་གི་བར་ལ་རྟེན་གྱི་སྒོ་ནས་ཁྱད་པར་ཆེན་པོ་ཕྱིན་པར་བརྟེན། དགེ་སྡིག་གང་བྱས་ནའང་ཤུགས་ཆེ་བ་རེད། སྡོམ་པ་མེད་མཁན་གྱིས་སྡིག་པ་བྱས་པ་དང་། སྡོམ་པ་ཡོད་མཁན་གྱིས་སྡིག་པ་བྱས་པ་གཉིས་ལ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་རེད། དཔེར་ན། སྲོག་གཅོད་ལྟ་བུ་ལ་མཚོན་ན། སྡོམ་པ་མེད་མཁན་གྱིས་སྲོག་བཅད་ན། སྲོག་བཅད་པའི་སྡིག་པ་ཙམ་རེད། དགེ་བསྙེན་གྱི་སྡོམ་པ་ཡོད་མཁན་གྱིས་སྲོག་བཅད་ན། སྡོམ་པ་དང་འགལ་བའི་ཉེས་པ་གཅིག་དང་། སྲོག་བཅད་པའི་ཉེས་པ་གཅིག་བཅས་ཉེས་པ་ཉིས་བརྩེགས་རེད། དེས་ན་སྡོམ་པ་ལེན་པའི་དགོས་པ་ནི་སྒོ་གསུམ་གྱི་བྱ་བ་དགེ་བའི་ཕྱོགས་སུ་གང་ཐུབ་གཏང་རྒྱུ་དང་། དགེ་བསྙེན་གྱི་སྡོམ་པ་ཞུས་པའི་སྡོམ་ལྡན་ཞིག་ཡིན་དགོངས་ནས་ནམ་རྒྱུན་ནས་ཀུན་སྤྱོད་ཡག་པོ་བྱེད་རྒྱུ། འཚེ་བ་མི་བྱེད་རྒྱུ་སོགས་གལ་ཆེན་པོ་རེད། སྡོམ་པ་ཡོད་མཁན་དང་མེད་མཁན་དབར་ཁྱད་པར་མ་བྱུང་ན་སྡོམ་པ་བླངས་པའི་གོ་མ་ཆོད་པ་རེད། དེར་བརྟེན་སྡོམ་ལྡན་ཡིན་པའི་སྣང་བ་འདི་རྟག་ཏུ་དྲན་ཤེས་བཞིན་གྱིས་ཟིན་ནས་ཀུན་སྤྱོད་བཟང་པོ་བྱེད་དགོས་པ་དང་། སྡོམ་པ་ཡག་པོ་བསྲུང་དགོས་པ་ནི་སྡོམ་པ་བླངས་པའི་དགོས་པ་གཙོ་བོ་དེ་རེད།

བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག

དེ་ནས་ཁྱིམ་པ་དང་རབ་བྱུང་ཡོངས་རྫོགས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབུལ་རྒྱུ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་རྟེན་ནི་བླ་མ་རྒྱལ་བ་སྲས་བཅས་རྣམས་ཡིན་པ་རེད། དེ་དག་གི་དྲུང་ནས་སྡོམ་པ་བླང་རྒྱུ་རེད། དེས་ན་རྒྱབ་ཀྱི་རས་གཞི་ལ་ཡོད་པའི་སྟོན་པའི་སྐུ་བརྙན་འདི་སྟོན་པ་ཐུབ་པའི་དབང་པོ་དངོས་ཡིན་སྙམ་པ་དང་། སྟོན་པའི་ཕྱག་གཡས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དབྱངས་ཡོངས་གྲགས་ཀྱི་གླེགས་བམ་དང་རལ་གྲི་འཛིན་པ། འདིའི་མཐའ་སྐོར་ལ་འཇམ་དཔལ་དབྱངས་ནས་རང་གི་བླ་མའི་བར་དུ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་བརྒྱ་ཕྲག་མང་པོ་སྤྲིན་གྱི་ཕུང་པོ་ཐིབས་པ་ལྟ་བུར་བཞུགས་ཡོད་བསམ་པ་དང། སྟོན་པའི་ཕྱག་གཡོན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། འདིའི་མཐའ་སྐོར་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་བཞུགས་ཡོད་སྙམ་པ། དེ་ནས་སྟོན་པའི་མདུན་དུ་རང་གི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དེ་ཚོ་བཞུགས་ཡོད་སྙམ་པ། དེ་ནས་སྟོན་པའི་སྐུ་རྒྱབ་ལ་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་བཀོད་པའི་ལུགས་སྲོལ་ཞིག་ཡོད་ཀྱང་། མ་བཀོད་པ་ཡིན་ནའང་ཆད་པའི་སྐྱོན་མེད། གཞུང་གི་ནང་དུ་བརྒྱུད་པ་གཉིས་དང། བརྒྱུད་པ་གསུམ་སོགས་སྣ་ཚོགས་ཡོད་རེད། སྤྱིར་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་ནང་དུ་མ་འདུས་པ་མེད། དེ་དག་ཟིན་རྗེས་དེ་དག་གི་མཐའ་སྐོར་ལ་བསྐལ་བཟང་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས་དང་། ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་བྱང་ཆུབ་སེམས་དཔའ། གནས་བརྟན་བཅུ་དྲུག་ལ་སོགས་པའི་ཉན་ཐོས་དང་རང་རྒྱལ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ནམ་མཁའི་དབྱིངས་སུ་སྤྲིན་གྱི་ཕུང་པོ་ཐིབས་པ་བཞིན་ཁེངས་ནས་བཞུགས་ཡོད་པར་བསམ་དགོས།

བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བ་ལ་བསོད་ནམས་ཀྱི་ཚོགས་རླབས་ཆེན་པོ་ཞིག་མེད་ན་ཡོང་ཁག་པོ་རེད། དེས་ན་བསོད་ནམས་ཀྱི་ཚོགས་བསག་པའི་ཆེད་དུ་མདུན་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུའི་མདུན་དུ་ཐོག་མར་ལུས་ངག་ཡིད་གསུམ་གྱི་ཕྱག་འཚལ་བ་སྟེ། ལུས་ཀྱིས་ཐལ་མོ་སྦྱར་བ་དང། ངག་གིས་བསྔགས་པ་དང་བསྟོད་པ་བརྗོད་པ། ཡིད་ཀྱིས་དད་པ་བྱས་པ་སོགས་ཀྱིས་ཕྱག་འཚལ་བ། དེ་ནས་མཆོད་པ་འབུལ་རྒྱུ་རེད། མེ་ཏོག་དང་བདུག་སྤོས་དང་སྣང་གསལ་དྲི་ཆབ་ལ་སོགས་པ་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་རྒྱུ། དེ་ནས་སྡིག་པ་བཤགས་རྒྱུ་རེད། སྡིག་པ་མ་བཤགས་པ་ཚབས་ཆེན་པོ་དེ་འདྲ་ཡོད་ན་སྡིག་པའི་དབང་གིས་སྡོམ་པ་ཐོབ་པ་ལ་བར་ཆད་བྱེད་ཀྱི་ཡོད། དེས་ན་རང་གིས་སྡིག་པ་བྱས་པ་དྲན་པ་རྣམས་དང་། རང་གིས་མ་ཤེས་པའི་སྐྱེ་བ་ཐོག་མེད་ནས་བསགས་པའི་སྡིག་པ་གང་ཡོད་པ་རྣམས་སྔར་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས། དེ་ནས་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་པའི་སྒོ་ནས་སྡིག་པ་བཤགས་རྒྱུ། སྡིག་པ་བཤགས་པ་དང་ཆབས་ཅིག་ཏུ་དགེ་བ་རླབས་ཆེན་པོ་མགྱོགས་པོ་ཇི་ལྟར་བསྒྲུབ་དགོས་ཤེ་ན། གང་ཟག་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བསྒོམ་རྒྱུ་དེ་རེད། ཉལ་ནས་དགེ་ཆེན་ཞིག་སྒྲུབ་འདོད་ན། རྗེས་སུ་ཡི་རང་རང་སྒོམས་ཤིག །ཅེས་གུང་ཐང་གིས་གསུངས་པ་བཞིན་དཀའ་ལས་བརྒྱབ་མི་དགོས་པར་ལས་སླ་པོས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསག་འདོད་ན། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད། ཉན་ཐོས་དང་རང་རྒྱལ་སོགས་བཟང་སྤྱོད་སྨོན་ལམ་ནས་གང་ཟག་བདུན་དུ་གསུངས། གང་ཟག་བདུན་ནང་མ་འདུས་པ་མེད། དེ་ལྟར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་སོགས་དགེ་བ་བྱེད་མཁན་ཚང་མའི་དགེ་བ་ལ་ངས་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་སྙམ་པའི་རྗེས་སུ་ཡི་རངས་བྱེད་རྒྱུ། དེ་ནས་སངས་རྒྱས་སོགས་ལ་མཎྜལ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་རྒྱུ་དང་། སངས་རྒྱས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་དང་། རང་གི་བླ་མ་རྣམས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་རྒྱུ། དེ་ལྟ་བུའི་ཕྱག་འཚལ་བ་དང་། མཆོད་པ་ཕུལ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་དགེ་རྩ་རྣམས་རང་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ལ་བསྔོ་རྒྱུ་རེད། འདི་བདུན་པོ་ལ་ཡན་ལག་བདུན་པ་ཟེར།

ཡན་ལག་བདུན་པ་འདི་ལ་བསག་སྦྱང་གི་གནད་བསྡུས་པ་ཞེས་གསུང་གི་རེད། གལ་ཏེ་ལས་སླ་པོའི་ཐོག་ནས་ཚོགས་རྒྱ་ཆེན་པོ་བསག་རྒྱུ་དང་། སྡིག་པ་སྟོབས་ཆེན་པོ་བཤགས་རྒྱུ་ལ་སྟབས་བདེ་པོ་བྱེད་དགོས་བྱུང་ན་ཡན་ལག་བདུན་པའི་སྒོ་ནས་བྱེད་རྒྱུ་དེ་རེད། ཡན་ལག་བདུན་པའི་གཙོ་བོའི་ཁུངས་ལྟ་བུ་དེ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རེད། དེ་མིན་མདོའི་ཁུངས་གཞན་དག་ཀྱང་མང་པོ་ཡོད། བྱམས་པའི་སྨོན་ལམ་ནས་གསུངས་པའི་ཡན་ལག་བདུན་གྱི་གོ་རིམ་དང་། བསྟན་བཅོས་ཀྱི་ནང་དུ་སྤྱོད་འཇུག་ནས་གསུངས་པའི་ཡན་ལག་བདུན་གྱི་གོ་རིམ་ལ་ཕྲན་བུ་མི་འདྲ་བ་ཡོད་ཀྱང་། གྲངས་ཀ་དེ་གཅིག་པ་རེད།

དེ་ནས་ང་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྔོན་འགྲོ་ལ་མཉམ་དུ་ཡན་ལག་བདུན་པ་བྱེད་རྒྱུ་ཡིན། ཡན་ལག་བདུན་པའི་ཆོ་ག་དེ་བོད་སྐད་དུ་འདོན་རྒྱུ་ཡིན་སྟབས། འདོན་རྒྱུ་མེད་མཁན་ཚོས་ང་ཚོའི་མཉམ་དུ་ཕྱག་འཚལ་གྱི་ཡོད། མཆོད་པ་འབུལ་གྱི་ཡོད། སྡིག་པ་བཤགས་ཀྱི་ཡོད་སྙམ་པའི་མོས་པ་གནང་ན་འགྲིག་གི་རེད། ཅེས་གསུངས་ཏེ། བླ་སློབ་ཐུན་མོང་གིས་ཇི་སྙེད་སུ་དག་ཅེས་སོགས་ཡན་ལག་བདུན་པ་འདོན་པ་གནང། འདིས་ཡན་ལག་བདུན་པ་དེ་འགྲིག་པ་ཡིན། ཡན་ལག་བདུན་པ་ལ་བརྟེན་ནས་ང་ཚོས་སྡོམ་པ་ལེན་པའི་བར་ཆད་ཀྱི་སྡིག་པ་ཐམས་ཅད་དག་པ་དང་། དེའི་ཆེད་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་སོང་སྙམ་པ་གནང་དགོས།

དངོས་སུ་སྡོམ་པ་ལེན་པའི་ཚིག་དེ་འདྲ་མིན་སྣ་ཚོགས་རེད། བྱང་ས་ནས་གསུངས་པ་དང་། བསྟན་བཅོས་གཞན་དག་ནས་གསུངས་པ། ཇོ་བོ་རྗེས་ཀྱང་སྡོམ་པ་ལེན་པའི་ཆོ་ག་མཛད་པ་བཅས་ཁ་ཤས་ཡོད། ཡིན་ནའང་མང་ཆེ་བས་སྤྱོད་འཇུག་ནས་གསུངས་པའི་ཚིག་དེ་ལག་ལེན་གནང་གི་ཡོད། ཁྱེད་རང་ཚོས་ཀྱང་པར་བརྒྱབས་ཡོད། དེས་ན་འདི་རང་བྱེད་ན་སྟབས་བདེ་བ་ཡོད། ཚིགས་སུ་བཅད་པ་འདིའི་དོན་གང་རེད་ཅེ་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྐབས་སུ། སྔར་རྒྱལ་བ་སྲས་དང་བཅས་པས་ཐོག་མར་ཐུགས་བསྐྱེད་པ་དང། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་པ་དེ་དཔེ་ལ་བཞག་སྟེ། ངས་ཀྱང་དེ་དག་གི་རྗེས་སུ་འཇུག་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱི་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་བསླབ་ཀྱི་ཡིན། སངས་རྒྱས་མ་ཐོབ་ཀྱི་བར་དུ་བརྩོན་འགྲུས་རྩོམ་གྱི་ཡིན་ཞེས་དམ་བཅས་པ་རེད།

དེ་ནས་སྡོམ་པ་ལེན་པའི་ཆོ་ག་འདིའི་རྗེས་ཟློས་བྱེད་རྒྱུ་ཡིན་སྟབས། ཚང་མ་ཙོག་ཙོག་བཞུགས་དགོས། བླ་མ་རྒྱལ་བ་སྲས་བཅས་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པའི་ལན་གསུམ་པའི་སྐབས་སུ་ རིམ་པ་བཞིན་དུ་བསླབ་པར་བགྱི།། ཞེས་པའི་ཚིག་འདི་གསུངས་མ་ཐག་རང་གི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་སྔར་ཡོད་ན་གོང་ནས་གོང་དུ་འཕེལ་སོང་སྙམ་པ་དང། ཉམས་ཡོད་ན་དེ་སོར་ཆུད་སོང་སྙམ་པ། སྔར་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་མེད་ན་སྡོམ་པ་གསར་དུ་ཐོབ་སོང་སྙམ་པའི་ཐོབ་བློ་ངེས་པར་དུ་སྐྱེ་དགོས། འོ་འགྲིགས་སོང་། ཚང་མ་བཞུགས་ཤིག འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་པའི་ཆོ་ག་དེ་ཟིན་པ་ཡིན།

སྡོམ་པ་ལེན་པ་ཙམ་གྱིས་ཕན་ཐོགས་མེད། ངེས་པར་དུ་སྡོམ་པ་བསྲུང་བའི་འབད་རྩོལ་བྱེད་དགོས། དེའི་དོན་དུ་སྡོམ་པའི་མི་མཐུན་པའི་ཕྱོགས་རྩ་ལྟུང་དང་ཉེས་བྱས་རྣམས་ངེས་པར་བྱེད་དགོས་པ་དང་། ལྷག་པར་དུ་བྱང་ཆུབ་ཀྱི་སེམས་སྦྱང་བའི་ཆེད་དུ་ཉིན་ལྟར་བསམ་བློ་གཏང་དགོས་པ་དེ་གལ་ཆེན་པོ་རེད། བྱང་ཆུབ་ཀྱི་སེམས་བསྐྱེད་ཟིན་པ་ཡིན་ནའང་ཡང་ནས་ཡང་དུ་གོམས་པར་མ་བྱེད་ན། ལམ་ཞུགས་ཀྱི་གང་ཟག་ཀྱང་ལམ་ལས་ཉམས་པ་ཡོང་སྲིད་པ་རེད། དེར་བརྟེན་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ནང་ཉིན་ལན་གསུམ་མཚན་ལན་གསུམ་ཞེས་ཉིན་མཚན་ཀུན་ཏུ་ཡང་ཡང་བྱེད་དགོས་པ་དེ་མི་ཉམས་པར་གོང་འཕེལ་དུ་འགྲོ་བའི་ཆེད་དུ་རེད། དེ་ནས་བྱང་ཆུབ་སེམས་སྦྱོང་གི་གཞུང་ལ་ཕྲན་བུ་སློབ་སྦྱོང་བྱས་ཏེ། དཀར་པོ་ཆོས་བཞི་བསྟེན་པའི་ཚུལ་དང། ནག་པོ་ཆོས་བཞི་སྤོང་བའི་ཚུལ་རྣམས་གཟིགས་ནས་ཉམས་ལེན་གནང་ཐུབ་ན་ཡག་པོ་རེད།

བྱང་ཆུབ་སེམས་དཔའི་སྡོམ་པ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་རེད། དེས་ན་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་སྐྱེ་བ་དང་། དེ་བཞིན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྨོན་ལམ་བརྒྱབ་པ་ཚུན་ཆད་ལ་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཡོད་པ་དང་། མ་འོངས་པ་ལ་དངོས་སུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་རྒྱུའི་རེ་བ་ཡོད་པར་བརྟེན། ཚང་མས་ཧུར་ཐག་གནང་དགོས། བྱང་ཆུབ་སེམས་བསྐྱེད་པའི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྨོན་པ་ཙམ་ཚུན་ཆད་གསར་དུ་སྐྱེ་མཁན་བྱུང་ན། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་ལ་འདིའི་བརྡ་འགྲོ་གི་རེད་ཅེས་༧སྐྱབས་རྗེ་རྡོ་རྗེ་འཆང་གིས་སེམས་བསྐྱེད་གནང་བའི་སྐབས་སུ་གསུང་གི་ཡོད། དཔེར་ན་དགའ་ལྡན་གྱི་ཞིང་ལ་བྱམས་པ་མགོན་པོའི་དྲུང་དུའང་སྤོས་ཀྱི་དྲི་ཞིམ་པོ་དང་མེ་ཏོག་གི་ཆར་ལ་སོགས་པ་བབས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཚོས་དེ་རིང་ལྟས་བཟང་པོ་དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་སྐབས། བྱམས་པས་འཛམ་བུའི་གླིང་གི་ས་ཆ་འདི་འདྲ་ཞིག་ལ་བླ་མ་འདི་ལྟ་བུའི་དྲུང་ནས་སློབ་མ་འདི་དང་འདིས་སེམས་བསྐྱེད་པ་དེའི་བརྡ་རེད། ང་རང་ཚོ་ཚང་མས་སློབ་མ་དེའི་སེམས་བསྐྱེད་མཐར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡག་པོ་བསླབ་ཐུབ་པའི་སྨོན་ལམ་བརྒྱབ་དགོས་ཞེས་བཀའ་གནང་ཚུལ་གསུང་གི་ཡོད། གཅིག་བྱས་ན་དེ་ཚོ་མཚོན་དོན་ཙམ་རེད། གཅིག་བྱས་ན་དངོས་ཡོད་གནས་སྟངས་རེད། གང་ལྟར་སེམས་བསྐྱེད་ཐུབ་མིན་ལ་མ་ལྟོས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་རྒྱུའི་ཚིག་ཙམ་རྗེས་ཟློས་བྱེད་རྒྱུ་བྱུང་བ་དེ་ཡང་ཧ་ཅང་སྐལ་བ་བཟང་པོ་རེད། དེས་ན་འདི་ལས་བྱུང་བའི་དགེ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་ཀྱི་སྡུག་བསྔལ་སེལ་བ་དང་། མཐར་བྱང་ཆུབ་ཆེན་པོའི་ས་ལ་འགོད་པའི་ཆེད་དུ་བསྔོ་བ་སྨོན་ལམ་ཡག་པོ་གནང་དགོས་པ་དེ་གལ་ཆེན་པོ་རེད།

འདི་ལོའི་འཆད་ཉན་གྱི་རིམ་པ་གྲུབ་པ་ཡིན། ལོ་སྔོན་མ་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་མཉམ་དུ་ཆོས་ཀྱི་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། འདི་ལོ་བསྐྱར་དུ་བྱེད་དགོས་ཞེས་གསུངས་པ་བཞིན་ཡོང་རྒྱུའི་ཐབས་ཤེས་བྱས་ཀྱང་། ཐོག་མར་ཡོང་ཁར་ག་འདྲ་བྱེད་ཡོང་སྙམ་པ་དང་། དིལླཱི་ལ་འབྱོར་བའི་རྗེས་སུའང་ཕྲན་བུ་དཀའ་ངལ་བྱུང། ཡིན་ནའང་ད་རེས་འདིར་འབྱོར་ཐུབ་པ་རེད། དེ་ནས་ཉིན་ལྔའི་འཆད་ཉན་ལ་བར་ཆད་མེད་པ་བྱུང་བ་དེ་ང་ཚོ་ཚང་མའི་དམ་ཚིག་དང་། ཁྱེད་ཚོའི་དད་པ་དམ་ཚིག་མི་གཡོ་བ་དེའི་དབང་གིས་བྱུང་བ་རེད། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་བཞིན། གང་ལྟར་འཆད་ཉན་བྱས་པའི་ཐ་མར་ཐོས་དོན་ངེས་པ་ཙམ་གྱིས་འགྲིག་གི་མེད། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །ཅེས་གསུངས་པ་བཞིན་བསམ་པ་ལ་སྦྱར་དགོས། བསམས་ནས་སྒྲོ་འདོགས་ཆོད་པའི་རྗེས་སུ་བསྒོམ་དགོས། མ་བསྒོམ་པ་ལ་ཐོས་པ་ཙམ་གྱིས་ས་ཆོད་ཆེ་རྒྱུ་མེད། དེར་བརྟེན་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་པ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད། ཁྱེད་ཚོས་གང་ཐོས་པ་རྣམས་བསམ་པ་དང། བསམས་པ་རྣམས་རྒྱུད་ལ་སྦྱར་ཏེ། གང་ལྟར་ཚེ་འདི་ལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཐུབ་པའི་བརྩོན་འགྲུས་ཀྱི་སྙིང་སྟོབས་ངེས་པར་དུ་བསྐྱེད་དགོས། དེ་ནས་རྒྱུན་དུ་དགེ་བའི་བྱ་བ་ལ་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པ་དང། མི་དགེ་བའི་བྱ་བ་གང་ཐུབ་ཅི་ཐུབ་ཀྱིས་སྤོང་བའི་འབད་རྩོལ་གནང་ཐུབ་ན་དལ་བ་ཐོབ་པ་དོན་དང་ལྡན་པ་ཡོང་རྒྱུ་རེད། དེ་ནས་ང་ཚོའི་འཆད་ཉན་ལ་བརྟེན་ནས་བྱུང་བའི་དགེ་བའི་རྩ་བ་རྣམས་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་པ་དང། སངས་རྒྱས་ཀྱི་བསྟན་པ་རྒྱས་པ། སེམས་ཅན་ལ་བདེ་སྐྱིད་བྱུང་བ། ལྷག་པར་དུ་སྙིགས་མའི་དུས་ཀྱི་རྒུད་ཚོགས་ཞི་བའི་ཆེད་དུ་ང་ཚོ་ཚང་མས་མཉམ་དུ་བསྔོ་བ་སྨོན་ལམ་གྱིས་མཚམས་སྦྱར་དགོས། གཞན་དེ་ག་ཡིན། ཞེས་གསུངས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཞེས་སོགས་གསུངས་ནས་ཆོས་ཐུན་གཉིས་པ་གྲོལ། འདི་ནི་ཤཱཀྱའི་དགེ་སྦྱོང་དགེ་སློང་ཐུབ་བསྟན་བསོད་ནམས་ཀྱིས་བལ་ཡུལ་གྱི་རང་ཁྱིམ་དུ་ནད་ཡམས་ཀྱི་རྐྱེན་པས་ཐེམ་སྤང་དུ་གནས་སྐབས་ ༢༠༢༠ ཕྱི་ཟླ་ ༥ ཚེས་༡ ཉིན་རྫོགས་པར་ཕབ་བཤུས་བགྱིས་པའོ།། །།

(སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་ (Busan, South Korea) དུ་རྟེན་གཞི་བྱས་པའི་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་ ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༢ ནས་ ༡༦ བར་་ཉིན་ལྔའི་རིང་སྔ་དྲོ་དང་ཕྱི་དྲོ་བཅས་ཆོས་ཐུན་གཉིས་རེར་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་ནང་ནས་གླེང་གཞིའི་ལེའུ་དང་། ཐབས་ལ་མཁས་པའི་ལེའུ། དཔེའི་ལེའུ། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ་བཅས་ཀྱི་ཐོག་བཀའ་ཁྲིད་མདོར་བསྡུས་དང་། དེ་བཞིན་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་བཅས་གནང་ཡོད།)