༈ ཀུན་སློང་དང་བསྔོ་བ་གལ་ཆེ་ཚུལ་སྐོར།

༄༅།། དེ་རིང་འདིར་ཆོས་ཕྱོགས་ཀྱི་དགེ་བའི་བྱ་བ་བྱེད་པའི་སྐབས་སུ་སྔོན་འགྲོ་ཀུན་སློང་དང་མཇུག་བསྔོ་བ་སྨོན་ལམ་ཇི་ལྟར་གལ་ཆེ་བའི་སྐོར་མདོར་བསྡུས་ཤིག་ཤོད་ཅེས་གསུངས་པ་རེད། དེའི་སྐོར་ལས་དང་པོ་བའི་ཆེད་དུ་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། ང་ཚོ་ད་ལྟའི་གནས་སྐབས་སུ་དལ་འབྱོར་ཚང་བའི་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་འཕྲད། སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བ་བྱེད་པར་རྣམ་དཔྱོད་དང་ཤེས་རབ་མི་དམན་པ་ཡོད་པ་བཅས་ཧ་ཅང་སྐལ་བ་བཟང་པོ་རེད། ད་རེས་ལུས་རྟེན་འདིའི་ཐོག་དོན་ཆེན་ཞིག་སྒྲུབ་མ་ཐུབ་ན་མ་འོངས་པར་རེ་བ་ཆུང་བ་ཡིན་ཙང། མི་ཚེ་དོན་དང་ལྡན་པ་ཡོང་བ་དང། དགེ་བའི་བྱ་བ་བྲེ་གསོག་ཕུལ་གསོག་གི་ཐོག་ནས་སྐྱེ་བ་ཕྱི་མའི་འདུན་མ་འགྲུབ་པ་ཞིག་བྱེད་དགོས་པ་ནི་ཞུ་མ་དགོས།

དེང་གི་ས་ཡི་གོ་ལ་འདིའི་སྟེང་མིའི་ལུས་རྟེན་ཐོབ་མཁན་གྱི་འགྲོ་བར་མཚོན་ན་དུང་ཕྱུར་བདུན་ཅུ་ཡས་མས་ཤིག་ཡོད་ཚུལ་བཤད་ཀྱི་ཡོད། དེ་ཚོའི་ནང་ནས་ཆོས་ཀྱི་གནས་ལུགས་ཤེས་མཁན་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་དང་མཇལ་ནས་སྐྱེ་བ་གཏན་གྱི་འདུན་མ་འགྲུབ་རྒྱུའི་ཐབས་ཤེས་གནང་མཁན་ཧ་ཅང་ཉུང་ཉུང་རེད། ང་ཚོར་མི་ལུས་ཐོབ་པ་ཙམ་དུ་མ་ཟད། བླ་མ་དང་འཕྲད། བསྟན་པ་དང་མཇལ། སྡིག་སྤོང་དགེ་སྒྲུབ་ཀྱི་བསམ་བློ་ཡོད་པ་དེ་ཧ་ཅང་བསོད་ནམས་ཆེན་པོ་རེད། ཡིན་ནའང་ནམ་རྒྱུན་འཚོ་བའི་ནང་དགེ་བ་བསྒྲུབ་རྒྱུའི་གོ་སྐབས་ཉུང་ཞིང། སྡིག་པ་བྱེད་རྒྱུའི་གོ་སྐབས་རང་བཞིན་གྱིས་མང་པོ་རེད། དགེ་བ་ཉུང་ངུ་ཕྱག་འཚལ་སྐོར་སྦྱོང། ཁ་ཏོན་མཆོད་འབུལ་སོགས་བྱས་ནའང་སྦྱོར་དངོས་རྗེས་གསུམ་མ་ཚང་བས་དགེ་བ་སྟོབས་ཆེན་པོ་མེད་པ་དང་། དགེ་བ་རྒྱུན་དུ་འཕེལ་བའི་མཐུན་རྐྱེན་མེད། དེས་ན་དགེ་བ་རྣམས་སྟོབས་ཆུང་བ་དང་། མི་དགེ་བ་རྣམས་སྟོབས་ཆེ་བ་ཆགས་པར་བརྟེན། དགེ་བ་སྣ་རེ་ལས་སྒྲུབས་རྒྱུ་མ་བྱུང་ནའང་ཚད་དང་ལྡན་པ་དང་། སྟོབས་ཆེན་པོ། རྒྱུན་དུ་འཕེལ་བ་ཡོང་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

བློ་སྦྱོང་ལས་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་གསུངས་པ་ལྟར། དགེ་བའི་བྱ་བ་དེ་སྟོབས་དང་ལྡན་པ་དང་། འཕེལ་བ་ཡོད་པ། རྒྱུན་དུ་མ་ཉམས་པའི་ཐབས་ཤེས་གང་ཡོད་ཅེ་ན། ཐོག་མར་ཀུན་སློང་ཡག་པོ་ཞིག་བཅོས་དགོས། ཀུན་སློང་ནི་དགེ་བའི་བྱ་བ་ལ་འཇུག་པར་བྱེད་པའི་སྐུལ་མ་འདེབས་མཁན་ནམ་མགོ་འཛུགས་མཁན་དེ་རེད། སྤྱིར་བཏང་བྱ་བ་གང་ཞིག་ཡིན་ཡང་ཐ་མལ་པ་ལ་ཀུན་སློང་སྔོན་དུ་སོང་ནས་བྱ་བ་བྱེད་པ་མ་གཏོགས། ཀུན་སློང་སྔོན་དུ་མ་སོང་བ་ཉུང་ཉུང་རེད། དཔེར་ན། སྐད་ཆ་ཞིག་བཤད་ནའང་རེད། གོམ་པ་ཞིག་སྤོས་ནའང་རེད། ངས་འདི་བཤད་ཀྱི་ཡིན། དེའི་ཆེད་དུ་འགྲོ་རྒྱུ་ཡིན་བསམ་པའི་ཀུན་སློང་རེ་སྔོན་དུ་སོང་བ་རེད། དེ་བཞིན་མཆོད་པ་ཞིག་ཕུལ་ནའང་རེད། སྦྱིན་པ་ཞིག་གཏོང་ནའང་རེད། ཕྱག་གཅིག་འཚལ་ནའང་རེད། ལས་འདི་དག་ལ་བརྟེན་ནས་དགེ་བ་ཡོང་གི་རེད། དགེ་བ་ལ་བརྟེན་ནས་གཏན་གྱི་འདུན་མ་འགྲུབ་ཀྱི་རེད་བསམ་པའི་ཀུན་སློང་ཞིག་ཡོད་དགོས་པ་རེད། ཡིན་ནའང་ཀུན་སློང་དེ་ཚད་དང་ལྡན་པ་མ་བྱུང་ན། ཀུན་སློང་དེས་དྲངས་པའི་དགེ་བ་དེའང་ཚད་དང་ལྡན་པ་ཞིག་ཡོང་ཁག་པོ་རེད།

དཔེར་ན། མི་བཞི་མཉམ་དུ་མ་ཎིའམ་སྒྲོལ་མ་ཞིག་འདོན་གྱི་ཡོད་ན། ཕྱི་མི་ཞིག་གིས་བལྟས་ན་མི་བཞིས་དགེ་བའི་བྱ་བ་གཅིག་གྱུར་ཞིག་བྱེད་ཀྱི་འདུག་བསམས་མོད། འོན་ཀྱང་མི་བཞི་སོ་སོའི་ཀུན་སློང་མི་འདྲ་བ་ཡོད་ན། སྒྲོལ་མ་ཚར་གཅིག་སྐྱོར་བའི་བྱ་བ་གཅིག་པ་ཡིན་ནའང་། སྔོན་འགྲོའི་ཀུན་སློང་གི་དབང་གིས་དགེ་བ་ཆེ་ཆུང་དང། དགེ་བ་དེའི་འཕེལ་ཚད་ལ་ཁྱད་པར་ཆེན་པོ་ཤོར་གྱི་ཡོད། མི་དང་པོ་དེས་སྒྲོལ་མ་སྐྱོར་བ་དེ་སོ་སོའི་ནད་དྲག་པ་དང་ཚོང་ལམ་འགྲོ་སོགས་ཚེ་འདིའི་བྱ་བའི་ཆེད་དུ་དམིགས་ན། དེ་ནི་དགེ་བ་ཞིག་ཆགས་པ་མ་གཏོགས་ཆོས་སུ་མི་འགྲོ་བ་རེད། ལར་ནས་དགེ་བ་ཡིན་ཚད་ཆོས་སུ་འགྲོ་བའི་ངེས་པའང་མེད། དེས་ཚེ་འདིའི་བྱ་བ་ལ་དམིགས་པ་ཡིན་ཙང་མཐའ་མ་དགེ་སྡིག་གང་འགྱུར་ངེས་པ་མེད། འོན་ཀྱང་དེ་ལ་བརྟེན་ནས་ཚེ་རིང་བ་དང་ཚོང་ལམ་འགྲོ་སོགས་ཀྱི་དགོས་པ་འགྲུབ་སྲིད། མི་གཉིས་པ་དེས་སྐྱེ་བ་ཕྱི་མ་ངན་སོང་དུ་མི་འགྲོ་བར་དམིགས་ནས་སྒྲོལ་མ་སྐྱོར་ན། སྐྱེས་བུ་ཆུང་ངུའི་ཆོས་ཆགས་པ་རེད། དེ་ནི་ཆོས་ཀྱི་ངོ་བོར་ཕྱིན་ཡང་ཆོས་ཀྱི་ནང་ནས་གནས་ཚད་དམའ་ཤོས་དང་དོན་དག་ཆུང་ཤོས་ཆགས་པ་རེད། དེའི་འབྲས་བུ་ཡང་སྐྱེ་བ་ཕྱི་མར་བདེ་འགྲོ་ལྷ་མིའི་གོ་འཕང་ཙམ་ཐོབ་སོང་ན་རྫོགས་རྒྱུ་མ་ཟད། རྒྱུན་དུ་དགེ་བ་འཕེལ་བའང་མེད། མི་གསུམ་པ་དེས་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་འཁོར་བ་ལས་ཐར་བའི་ཐར་པ་མྱང་འདས་ཙམ་ཐོབ་པའི་ཆེད་དུ་དམིགས་ཏེ་སྒྲོལ་མ་སྐྱོར་ན། དེ་ནི་སྐྱེས་བུ་འབྲིང་གི་ཆོས་ཆགས་པ་རེད། ཆོས་ཀྱི་ནང་ནས་ཐར་པའི་རྒྱུར་འགྲོ་བའི་ཆོས་ཤིག་ཆགས་པ་ཡིན་ཙང་་སྐྱེས་བུ་ཆུང་ངུ་ལས་ཡག་པ་རེད། ཡིན་ནའང་དེའི་འབྲས་བུ་རང་ཉིད་ཐར་པའི་གོ་འཕང་ཐོབ་པ་ཙམ་རེད། དེ་ནི་ཐར་པ་མ་ཐོབ་སྔོན་དུ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་ལ། རྒྱུན་དུ་འཕེལ་ཆའང་དེ་ཙམ་མེད། མི་བཞི་པ་དེས་ཀུན་སློང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་གྱིས་རྩིས་ཟིན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་སྒྲོལ་མ་སྐྱོར་ན། དེ་ནི་ཁམས་གསུམ་གྱི་སེམས་ཅན་གྲངས་མེད་པ་ལ་དམིགས་ནས་སྐྱོར་བ་ཡིན་ཙང་། སེམས་ཅན་དེ་དག་གི་གྲངས་དང་མཉམ་པའི་དགེ་བ་ཐོབ་པ་རེད། བྱང་ཆུབ་ཀྱི་སེམས་ཀྱི་ཟིན་པའི་དགེ་རྩར་ཚད་བཟུང་མི་ནུས་པ་ཡིན་ཙང་དེའི་དགེ་བའང་བློས་དཔོག་དཀའ་བ་རེད། དེས་ན་དགེ་བའི་བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་ཀྱང་དེའི་སྔོན་འགྲོའི་ཀུན་སློང་ངམ་བསམ་བློ་དེ་རང་དོན་ཡིད་བྱེད་དང་། སྐྱེ་བ་ཕྱི་མ་དང་། ཐར་པའི་གོ་འཕང་ཙམ་ལ་མ་དམིགས་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་འཐོབ་པར་བྱ། དེ་འཐོབ་པའི་ཕྱིར་དུ་དེའི་རྒྱུ་ཚོགས་ལ་དམིགས་ནས་བཏོན་ན། དགེ་བ་ཚད་མེད་པ་དང་། དགེ་བ་རྟག་ཏུ་འཕེལ་བ། བྱང་ཆུབ་མ་ཐོབ་བར་དུ་དགེ་བ་མི་ཟད་པ་བཅས་ཡོང་རྒྱུ་རེད། དེས་ན་གཙོ་བོ་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པ་བྱེད་དགོས། ཐ་མའང་སྐྱེ་བ་ཕྱི་མ་དོན་གཉེར་དང་། དེ་ལས་ཅུང་དྲག་པ་ཐར་པ་དོན་གཉེར་ཡོད་པ་ཞིག་ངེས་པར་དུ་བྱེད་དགོས།

ང་ཚོ་ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་ཡིན་ཙང། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་ལྟ་བུར་མཚོན་ན། ཐེག་པ་ཆེན་པོའི་ནང་ནས་སྔགས་ཀྱི་གཞུང་རེད། དེ་ལྟ་བུ་ཞིག་སྐྱོར་བའི་སྐབས་སུ་བཀའ་གདམས་པའི་དགེ་བཤེས་ཚོས་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག གང་ཟག་ཐེག་པ་ཆེན་པོའི་གྲལ་དུ་ཚུད་པ་ཞིག་དགོས་ཞེས་གསུངས་པ་ལྟར། ཀུན་སློང་དེ་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པ་ཞིག་མ་བྱས་ན། འདོན་བྱའི་ཆོས་དེ་སྔགས་ཀྱི་གཞུང་ཞིག་ཡིན་ཡང་། ཆོས་ཀྱི་རྣམ་གྲངས་དེ་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆོས་སུ་ཕྱིན་པ་རེད། དེས་ན་བྱུང་ན་དགེ་བའི་བྱ་བ་རེ་རེའི་སྔོན་དུ་ཀུན་སློང་ལ་བརྟག་དཔྱད་བྱས་ཏེ་ཀུན་སློང་བཅོས་དགོས། དེ་ལྟར་མ་བྱུང་ནའང་སྔ་དྲོ་ལངས་མ་ཐག་དེ་རིང་ཉིན་གཅིག་གི་ནང་དགེ་བའི་བྱ་བ་གང་ཞིག་བྱས་ཀྱང་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡིན་བསམ་པའི་བློ་ཞིག་བཅོས་ཐུབ་ན། དགེ་བ་གང་བྱས་པ་རྣམས་དུས་ཚོད་དང་འགྲོ་སྟངས་སོགས་གཅིག་པ་ཡིན་རུང་། དེའི་འབྲས་བུ་ལ་རླབས་ཆེ་ཆུང་གི་ཁྱད་ཞུགས་པར་བརྟེན། རྒྱུན་དུ་དགེ་བའི་བྱ་བ་གང་ལ་འཇུག་ཀྱང་། རང་གི་ཀུན་སློང་ལ་བརྟག་དགོས། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པ་དགོས་པ་དེ་ཧ་ཅང་གལ་ཆེ།

དགེ་བའི་བྱ་བ་བསྒྲུབས་པའི་རྗེས་ཐོགས་དེ་མ་ཐག་ཏུ་དེ་ལས་བྱུང་བའི་དགེ་བ་རྣམས་བསྔོ་བ་བྱེད་དགོས། བསྔོ་བ་བྱེད་ཚུལ་ལའང་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། གཙོ་ཆེ་བ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་དེ་རེད། དེ་ཡང་འཁོར་གསུམ་མི་དམིགས་པར་རྒྱས་བཏབ་དགོས་ཤིང་། དགེ་བའི་བྱ་བ་དང་། དགེ་བ་བྱེད་པ་པོ་དང་། དགེ་བ་བྱ་བའི་ཡུལ་བཅས་གསུམ་པོ་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ཡིན་བསམ་པའི་སྟོང་ཉིད་ཀྱི་ལྟ་བས་རྒྱས་བཏབ་ཐུབ་ན། བསྔོ་བ་ཆ་ཚང་བ་ཞིག་བྱུང་བ་རེད། སྤྱིར་བསྔོ་བ་རྣམས་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བ་ལ་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བ་ནི་མེད་དུ་མི་རུང་བ་རེད། གང་ལྟར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་དེ་མཐར་ཐུག་གི་བསྔོ་བ་རེད། མཐར་ཐུག་གི་བསྔོ་བ་དེའི་མཉམ་དུ་གནས་སྐབས་ཀྱི་དགོས་པ་ལ་དམིགས་ནས་བསྔོ་བའང་མང་པོ་ཡོད། དཔེར་ན། རང་གི་དྲིན་ཆེན་རྩ་བའི་བླ་མའི་སྐུ་ཚེ་བརྟན་པའི་ཆེད་དུ་བསྔོ་བ་དང་། སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་བསྔོ་བ། ཉམ་ཐག་རྣམས་ནད་ལས་གྲོལ་བའི་ཆེད་དུ་བསྔོ་བ། སེམས་ཅན་སྤྱི་ཡོངས་ལ་ནད་ཡམས་དང་། དམག་འཁྲུག མུ་གེ་སོགས་མི་ཡོང་བའི་ཆེད་དུ་བསྔོ་བ། དེ་བཞིན་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བ། ཆོས་འཕེལ་བ་སོགས་ཀྱི་ཆེད་དུ་བསྔོ་བ་ལྟ་བུ་རེད། དེ་དག་གང་དུ་བསྔོ་ནའང་དེའི་དམིགས་ཡུལ་མཐར་ཐུག་སངས་རྒྱས་སམ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན། ཚེ་འདིའི་ནད་དྲག་པ་དང་ཚེ་རིང་པོ་ཡོང་བ་སོགས་ཀྱི་དོན་དུ་དགེ་བའི་བྱ་བ་སྒྲུབ་དགོས་པའི་གོ་སྐབས་ཡོང་གི་རེད། ཡིན་ནའང་དེའི་སྐབས་སུ་ཀུན་སློང་དེ་ཚེ་འདི་རྐྱང་པའི་ཆེད་དུ་དམིགས་པ་མ་ཡིན་པར། དལ་འབྱོར་ཚང་བའི་མི་ལུས་འདི་ཧ་ཅང་དོན་ཆེ་བ་དང། འདི་དུས་མ་ཡིན་པའི་འཆི་བའི་དབང་དུ་སོང་ན་ཧ་ཅང་ཕངས་པོ་རེད། ཚེ་ཇི་ཙམ་རིང་བ་བྱུང་བ་དེ་ཙམ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་འབད་བརྩོན་བྱེད་ཐུབ་པ་འདུག  ལམ་ཉམས་སུ་ལེན་པའི་རྟེན་ལ་དལ་འབྱོར་གྱི་ལུས་རྟེན་འདི་དགོས་ཀྱི་འདུག དེ་བཞིན་ལམ་ཉམས་སུ་ལེན་པའི་དགེ་བའི་བྱ་བ་རྣམས་སྟོབས་ཆེན་པོ་བྱེད་ཐུབ་པའི་ཆེད་དུ་གཟུགས་པོ་བདེ་པོ་དགོས་པར་བརྟེན། གནས་སྐབས་ཀྱི་དགོས་པ་དེ་ཚོའི་ཆེད་དུ་བསྔོ་བ་བྱས་ནའང་མ་འོས་པ་མེད། དེ་བཞིན་དཔལ་འབྱོར་གྱི་ཆེད་དུ་ནོར་ལྷ་སྒྲུབ་པའང་དཔལ་འབྱོར་འདུ་འགོད་ཡག་པོ་བྱུང་ན། དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། ངན་སློང་ལ་སྦྱིན་པ་གཏོང་བ། སྤྱི་ཚོགས་ལ་ཕན་པའི་ལས་དོན་བྱེད་པ་སོགས་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཀུན་སློང་འཁྱེར་ན་མ་འགྲིགས་པ་མེད། མདོ་དོན་ཀུན་སློང་དང་བསྔོ་བ་གཉིས་ཀའི་མཐའ་མའི་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡིན་དགོས། གལ་ཏེ་ཀུན་སློང་ནད་མེད་པ་ལ་བརྟེན་ནས་སོ་སོའི་ལུས་བདེ་པོ་ཡོང་བ་ཙམ་ལ་དམིགས་ན་ཆོས་མ་ཆགས་པ་རེད། ཡིན་ནའང་ནད་མེད་པ་ལ་བརྟེན་ནས་ཆོས་ཡག་པོ་སྒྲུབ་ཐུབ་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བསམ་པའི་ཀུན་སློང་ཡོད་ན་མི་འགྲིགས་པ་མེད། ཐ་མར་བསྔོ་བ་ཡག་པོ་ཞིག་གིས་རྒྱས་མ་བཏབ་ན། ཁོང་ཁྲོའི་དབང་གིས་དགེ་རྩ་བཅོམ་པ་རེད། དགེ་རྩ་སྟོབས་ཆེ་བསགས་ཡོད་ཀྱང་། བྱང་ཆུབ་སེམས་དཔའ་སོགས་སྐྱེས་བུ་དམ་པར་ཁོང་ཁྲོ་ལངས་ན། སྐད་ཅིག་གཅིག་གི་ཁོང་ཁྲོས་བསྐལ་པར་བསགས་པའི་དགེ་རྩ་བཅོམ་པ་མདོ་དང་བསྟན་བཅོས་ནས་གསུངས་པ་ལྟར་རེད། དེས་ན་དགེ་རྩ་ཁོང་ཁྲོས་མི་བཅོམ་པའི་ཐབས་ནི་བསྔོ་བ་བྱེད་རྒྱུ་དེ་རེད། དགེ་རྩ་གང་བསགས་པ་རྣམས་བྱང་ཆུབ་ལ་བསྔོས་ན་དགེ་རྩ་དེ་དག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མི་ཟད་པ་རེད། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང།། རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད།། དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་།། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད།། ཅེས་གསུངས་པ་ལྟར་ཆུད་ཟོས་སུ་མི་འགྲོ་བ་མ་ཟད། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཀྱི་གོ་འཕང་ལ་དམིགས་པ་ཡིན་ཙང། རྒྱུན་དུ་དགེ་རྩ་རྣམས་འཕེལ་བ་རེད།

ལར་ནས་སྟོང་ཉིད་ལ་གོ་བ་མེད་ན། འཁོར་གསུམ་མི་དམིགས་པར་རྒྱས་བཏབ་རྒྱུ་དེ་ཕྲན་བུ་ཁག་པོ་རེད། དེ་ལྟ་བུའི་བསྔོ་བ་རྣམས་ཆེ་ས་བྱང་ཆུབ་ཀྱི་དོན་དུ་ཡིན་པ་དང་། གནས་སྐབས་ཀྱི་ཆེད་དུ་ཡིན་པ་རྣམས་ཀྱང་མཐར་ཐུག་བྱང་ཆུབ་ཀྱི་དོན་དུ་ཡིན་པའི་བསྔོ་བ་བྱེད་མ་ཤེས་ན། ལས་དང་པོ་བ་ཚོས་བསྔོ་བ་སྟབས་བདེ་པོ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ནས་གསུངས་པ་ལྟར་གནང་དགོས་ཤིང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་གསུངས་པ་ལྟར་ངས་འདི་དང་དེ་ཞེས་བསྔོ་བ་ཡག་པོ་ཞིག་བྱེད་ཤེས་ཀྱི་མི་འདུག་མོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་དང་། འཕགས་པ་ཀུན་ཏུ་བཟང་པོ་དེ་ཚོས་དགེ་བ་རྣམས་བསྔོ་བ་ཇི་ལྟར་མཛད་པ་བཞིན་བདག་ཀྱང་དེའི་རྗེས་སུ་བསླབས་ནས་དགེ་བསྔོ་བྱེད་ཀྱི་ཡིན་ཞེས་དང་། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས།། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར།། བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།། ཞེས་གསུངས་པ་བཞིན་འདས་པའི་སངས་རྒྱས་རྣམས་དང་། ད་ལྟར་བཞུགས་བཞིན་པའི་སངས་རྒྱས་རྣམས། མ་འོངས་པར་འབྱོན་ངེས་པའི་སངས་རྒྱས་རྣམས་ཀྱིས་བསྔོ་བ་མཆོག་ཏུ་བསྔགས་པ་དེ་ལ་བདག་གི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བསྔོ་རྒྱུ་ཡིན་ཞེས་པའི་ཚིགས་བཅད་དེ་གཉིས་ཀྱི་སྒོ་ནས་བསྔོས་ན། དེའི་ནང་མ་འདུས་པའི་བསྔོ་བ་ཞིག་མེད་པར་བརྟེན། དགེ་བའི་རྩ་བ་ཆུང་ངུ་ལས་མེད་ཀྱང་། དེ་ཚད་དང་ལྡན་པ་དང་། སྟོབས་དང་ལྡན་པ། ཁོང་ཁྲོས་མི་བཅོམ་པ། རྒྱུན་དུ་འཕེལ་བ་ནི་ཐོག་མར་ཀུན་སློང་དང་། རྗེས་སུ་བསྔོ་བ་ལ་རག་ལས་པ་རེད། དེ་ལྟར་བསྔོ་བ་གནང་ཐུབ་ན་མ་ཎི་ཚར་གཅིག་བཏོན་པའི་དགེ་བའང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། རང་ཉིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་དགེ་བ་དེའི་རྒྱུན་འཕེལ་བ། ཁོང་ཁྲོས་མི་བཅོམ་པ་སོགས་ལ་བརྟེན། ཀུན་སློང་དང་བསྔོ་བ་གཉིས་གལ་ཆེ་ཚུལ་དེ་ལྟར་རེད།།

(འཇིག་རྟེན་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱིས་གཙེས་བཞིན་པའི་སྐབས་དེར་དོན་གཉེར་ཅན་འགས་གསོལ་འདེབས་ཞུས་པ་བཞིན་ངོ་དེབ་ཐོག་འཇོག་ཆེད་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༢༠ ཕྱི་ཟླ་ ༧ ཚེས་ ༢༡ ཉིན་ཀུན་སློང་དང་བསྔོ་བ་གལ་ཆེ་ཚུལ་སྐོར་གསུངས་པ་ཞིག་ཡིན། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)