དགུ་པའི་ཉེར་བདུན་གྱི་དུས་དྲན་ཐོག་གནང་བའི་གསུང་བཤད།

༄༅། །སྐྱབས་ཡུལ་བླ་སྤྲུལ་དགེ་འདུན་རྣམ་པ་དང༌། གུས་པར་འོས་པའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག གཞན་ཡང་སྤྱི་འཐུས་དང༌། གཞུང་ཞབས་རྣམ་པ། དེ་རིང་གི་མཛད་སྒོ་གོ་སྒྲིག་གནང་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དབུ་ཁྲིད་རྣམ་པ།འདི་གར་ཚོགས་འདུར་ཕེབས་པའི་རྡ་རམ་ས་ལའི་སེར་སྐྱ་མི་མང་ཚང་མར། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུ་མི་མང་གིས་ཞི་རྒོལ་གྱེན་ལངས་བྱས་ནས་ལོ་ ༢༧ ཕྱིན་པའི་རྗེས་ལ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་ ༡༩༨༧ ཕྱི་ཟླ་ ༩ ཚེས་ ༢༧ ཉིན་མོར་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རླབས་ཆེན་ཞིག་བརྩམས་ནས་དེ་རིང་ལོ་ ༡༡ འཁོར་བའི་ཉིན་མོ་འདིར་སྐབས་དེ་དུས་རང་སྲོག་བློས་བཏང་ཐོག་ནས་མི་རིགས་དང་ཆབ་སྲིད་ཀྱི་དོན་དུ་ལས་འགུལ་གནང་མཁན་རྣམ་པ་ཚོ་དང༌། ད་ལྟ་བོད་ནང་དུ་རྒྱ་མིའི་བཙན་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་ཀྱི་བཙོན་པ་དང༌། དངོས་སུ་ཆབ་སྲིད་ཀྱི་བཙོན་པ་མིན་ནའང་བཙན་གནོན་སྣ་ཚོགས་ཀྱི་འོག་ལ་ཉིན་མཚན་འཇིགས་སྣང་གི་ངང་ལ་སྐྱེལ་དགོས་མཁན་གཞིས་ལུས་བོད་མི་ཚང་མ་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་ཀྱི་ཐོག་ནས་རྗེས་དྲན་ཞུ་རྒྱུའི་ཆེད་དུ་ང་ཚོ་འདིར་འཛོམས་པ་རེད། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྤྱི་འཐུས་ལྷན་ཚོགས་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་ལུས་སྲོག་དོར་བའི་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་ཚང་མ་དང༌། ད་ལྟ་རང་དབང་འཐབ་རྩོད་གནང་བཞིན་པའི་བཙོན་ཁང་ཕྱི་ནང་དུ་ཡོད་པའི་གཞིས་ལུས་བོད་མི་ཚང་མར་རྗེས་དྲན་དང༌། མཛའ་བརྩེའི་འཚམས་འདྲི། གདུང་སེམས་མཉམ་སྐྱེད་བཅས་ཞུ་རྒྱུ་ཡིན།

ང་ཚོ་ཚང་མས་མཁྱེན་གསལ་བཞིན་བོད་ཀྱི་འཐབ་རྩོད་འདི་ས་ཡ་དྲུག་ཡོད་པའི་མི་རིགས་ཆུང་ཆུང་ཞིག་གི་འཐབ་རྩོད་མིན་ཞིང༌། དེ་ནི་བཙན་གནོན་དང༌། རྒྱ་བསྐྱེད།

གཅིག་སྡུད་བཅས་བསམ་ཚུལ་ངན་པ་དེ་དག་ལ་རྒོལ་བའི་འཐབ་རྩོད་ཅིག་ཡིན་པར་བརྟེན། འཇིག་རྟེན་ཡོངས་རྫོགས་ཀྱི་དཀའ་རྙོག་ཡིན་པས། དེ་སེལ་ཐབས་འབད་བརྩོན་བྱེད་པ་དེ་རྒྱ་མི་རིགས་དང་རྒྱ་མིའི་ཆབ་སྲིད་དབང་འཛིན་པ་ཚོར་གནོད་པ་བསྐྱལ་རྒྱུའི་ཆེད་དུ་བྱས་པ་ཞིག་མིན་པར། དེ་ནི་འགྲོ་བ་མི་རིགས་ཀྱི་ནང་ལ་གཉའ་གནོན་བཤུ་གཞོག་དང༌། འཚེ་བའི་ལམ་ནས་བཙན་གནོན་བྱེད་པའི་ལམ་སྲོལ་དེ་མེད་པ་བཟོ་རྒྱུའི་ལས་འགུལ་ཆེན་པོ་ཞིག་གི་ཆ་ཤས་ཡིན་པར་བརྟེན། བདེན་པ་དང་བདེན་པ་མ་ཡིན་པ། ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པ། དྲང་བདེན་དང་དྲན་བདེན་མ་ཡིན་པའི་དབར་གྱི་འཐབ་རྩོད་ཆེན་པོ་ཞིག་རེད། དེ་ཡང་བརྩེ་བ་དང༌། སྙིང་རྗེ། གཞན་ཕན་ལྷག་བསམ་ཐོག་ནས་བྱེད་རྒྱུའི་འཚེ་བ་མེད་པའི་འཐབ་རྩོད་ཅིག་རེད་མ་གཏོགས། གཅིག་གིས་གཅིག་ལ་གནོད་སེམས་དང༌། ཁོང་ཁྲོ། ཕྲག་དོག འཁོན་འཛིན་ཐོག་ནས་བྱེད་རྒྱུའི་འཐབ་རྩོད་ཅིག་མིན། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་འགྲོ་བ་མི་རིགས་སྤྱིའི་ཕན་བདེའི་ཆེད་དུ་ཡིན་པ་དང༌། ལྷག་པར་དུ་རྒྱ་ནག་མི་མང་དང༌། རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་ཕན་ཐོགས་པ་ཞིག་ཡིན་པ་ནི་དེང་སང་འཛམ་གླིང་མི་མང་ཕལ་ཆེ་བས་མཁྱེན་གྱི་ཡོད་ལ། ང་ཚོ་བོད་མི་ཚོ་ཡིན་ནའང་དམིགས་བསལ་གྱིས་དགོངས་པར་འཇགས་དགོས་པ་ཞིག་དང༌། མཁྱེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག དེས་ན་ང་ཚོའི་འཐབ་རྩོད་འདི་འཐབ་རྩོད་གཞན་དང་མི་འདྲ་བའི་གཟི་བརྗིད་ཆེན་པོ་ཞིག་རེད། འཐབ་རྩོད་གཞན་རྣམས་ནི། དཔེར་ན། མ་རྩའི་རིང་ལུགས་དང༌། དམར་པོའི་རིང་ལུགས་དབར་གྱི་འཐབ་རྩོད་ཅིག་ཡིན་ན་ཆབ་སྲིད་ཀྱི་ལྟ་བ་འཛིན་སྟངས་ཀྱི་འཐབ་རྩོད་ཅིག་རེད། ང་ཚོའི་འཐབ་རྩོད་ནི་ཆབ་སྲིད་ཀྱི་ལྟ་བ་འཛིན་སྟངས་ཀྱི་འཐབ་རྩོད་ཅིག་མིན་ཞིང༌། བོད་ནང་གི་བོད་མི་མང་ཚོགས་ལ་ཆབ་སྲིད་ཀྱི་ལྟ་བ་གང་གིས་ཕན་ཐོགས་ནའང་བོད་མིའི་བློ་མོས་དང་བསྟུན་ནས་རྒྱབ་སྐྱོར་བྱེད་རྒྱུ་མ་གཏོགས། འཐབ་རྩོད་བྱེད་མཁན་ཚོའི་ངོས་ནས་ཆབ་སྲིད་ཀྱི་ལྟ་བ་འདི་འདྲ་ཞིག་དགོས་པ་དང༌། འདི་ལས་གཞན་པའི་ཆབ་སྲིད་ཀྱི་ལྟ་བ་ལ་ངོ་རྒོལ་ཡོད་ཅེས་བརྗོད་རྒྱུ་གང་ཡང་མེད།

མང་པོ་ཞིག་གིས་འཛམ་བུ་གླིང་གི་འཐབ་རྩོད་མང་པོ་ཞིག་ཆབ་སྲིད་ཀྱི་ལྟ་བའི་འཐབ་རྩོད་ཡིན་སྟབས། བོད་པའི་འཐབ་རྩོད་ཀྱང་དེ་རང་མིན་ནམ་དགོངས་མཁན་ཡོད་ཀྱང༌། ང་ཚོ་དེ་ལྟར་མ་རེད། དེ་བཞིན་དེང་སང་འཛམ་གླིང་ནང་ཡོད་པའི་འཐབ་རྩོད་མང་པོ་ཞིག་མི་རིགས་ཀྱི་འཐབ་རྩོད་རེད། གྲངས་མང་མི་རིགས་དང་གྲངས་ཉུང་མི་རིགས་དབར་གྱི་འཐབ་རྩོད། དཀར་ནག་དབར་གྱི་འཐབ་རྩོད། རིགས་རྒྱུད་འདྲ་མིན་དབར་གྱི་འཐབ་རྩོད་བཅས་ཡིན་ཡང༌། ང་ཚོའི་འཐབ་རྩོད་དེ་འདྲ་གང་ཡང་མ་རེད། རྒྱ་མི་རིགས་དང༌། བོད་མི་རིགས་གཉིས་པོ་དེ་རིགས་རྒྱུད་ཀྱི་ཆ་ནས་ཐ་དད་ཡིན་ཡང༌། འདས་པའི་ལོ་སྟོང་ཕྲག་ཁ་ཤས་རིང་ཁྱིམ་མཚེས་དང༌། ལྷག་པར་དུ་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཐོག་གནས་པ་ཞིག་རེད། མ་འོངས་པར་བོད་དོན་བདེན་མཐའ་གསལ་བའི་རྗེས་སུའང་མི་རིགས་གཉིས་པོ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ངོ་བོར་གནས་རྒྱུ་མ་གཏོགས། དེ་ལས་གཞན་དུ་སྤོ་བའམ་བརྗེ་པོ་བརྒྱབ་རྒྱུ་གང་ཡང་མེད། འཇིག་རྟེན་འདི་ནམ་གནས་བར་དུ་ང་ཚོ་འཆམ་མཐུན་གྱིས་བསྡད་དགོས་ཤིང༌། རྒྱ་མི་རིགས་ཀྱིས་བོད་པར་དངོས་པོ་ཡར་རྒྱས་ཐོག་ཕན་བཏགས་རྒྱུ་དང༌། བོད་མི་རིགས་ཀྱིས་རྒྱ་མིར་ནང་དོན་རིག་པ་དང་ཆོས་ཀྱི་ལམ་སྟོན་ཐོག་ནས་ཕན་བཏགས་རྒྱུའི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དེ་མ་འོངས་པར་བསྐྱར་གསོ་མི་ཐུབ་པའི་གནས་སྟངས་གང་ཡང་མེད། དེས་ན་ང་ཚོའི་འཐབ་རྩོད་འདི་མི་རིགས་གཉིས་དབར་གྱི་འཐབ་རྩོད་ཅིག་མིན་པར། དེ་ལས་ཧ་ཅང་གཞི་རྒྱ་ཆེ་བ་ཞིག་རེད།

དེ་བཞིན་འཛམ་གླིང་ནང་ཆབ་སྲིད་དབང་འཛིན་ཆེད་དུ་འཐབ་རྩོད་མང་པོ་ཞིག་ཡོང་ཞིང༌། ངའི་ཕྱོགས་གཏོགས་ཀྱི་ཚོགས་པ་འདིར་དབང་ཆ་འདི་དགོས། ཁོའི་ཕྱོགས་གཏོགས་ཀྱི་ཚོགས་པ་དེར་དབང་ཆ་དེ་དགོས་ཞེས་མང་གཙོའི་རྒྱལ་ཁབ་ཚོའི་ནང་ལ་ཡོང་མུས་མ་ཟད། དེ་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་གྱི་འཚེ་བའི་ལས་ཚུན་ཆད་ཀྱང་ཡོང་གི་ཡོད། འོན་ཀྱང་བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིས་ཆོག་ཟེར་བའི་གཏམ་དཔེ་སྔ་མོ་ནས་ཡོད་པ་བཞིན་བོད་ཀྱི་ནང་ལ་སྲིད་གཞུང་དབང་འཛིན་སུས་བྱེད་དང་མི་བྱེད་ཀྱི་རྩོད་པ་གང་ཡང་མེད། མདོ་དོན་བོད་མི་ས་ཡ་དྲུག་ལ་བདེ་སྐྱིད་བྱུང་ན་ཆབ་སྲིད་དབང་འཛིན་སུས་བྱེད་ནའང་འགྲིགས། ྋསྐྱབས་མགོན་རིན་པོ་ཆེས་རྟག་ཏུ་༤༢༢

བོད་མིར་བདེ་སྐྱིད་དགོས་པ་མ་གཏོགས་དབང་ཆའི་འཐབ་རྩོད་མེད་ཅེས་བཀའ་གནང་རྒྱུ་དེ་དངོས་ཡོད་གནས་ཚུལ་རེད། དེས་ན་ང་ཚོས་ཆབ་སྲིད་དབང་འཛིན་གྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་མེད། ང་ཚོའི་འཐབ་རྩོད་ནི་གོང་དུ་ཞུས་པ་བཞིན་བདེན་པ་དང་རྫུན་པ། ཁྲིམས་མཐུན་དང་ཁྲིམས་མཐུན་མིན་པ། ཚུལ་མཐུན་དང་ཚུལ་མཐུན་མིན་པ་བཅས་ཀྱི་དབར་གྱི་འཐབ་རྩོད་ཅིག་རེད། འོན་ཀྱང་རྒྱ་མིས་བོད་ལ་ཆབ་སྲིད་སྐྱོང་སྟངས་དེས་བོད་མི་ས་ཡ་དྲུག་གི་དགོས་འདུན་མི་འགྲུབ་པ་མ་ཟད། དེ་ལས་ལྡོག་སྟེ་གཉའ་གནོན་དང༌། བཤུ་གཞོག བཙན་ཤུགས་ཀྱི་ཐོག་ནས་མི་སྤྱོད་ལས་འདས་པའི་མནར་གཅོད་དང༌། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཧ་ཅང་གལ་གནད་ཆེ་བའི་བོད་ཀྱི་ཆོས་དང༌། རིག་གཞུང༌། ལེགས་བྱང་བཅས་པ་རྩ་བརླག་གཏོང་བ། དེ་བཞིན་འཛམ་གླིང་ཡོངས་ལ་ཧ་ཅང་ཕན་གནོད་འབྲེལ་བའི་བོད་ཀྱི་ས་ཆའི་ཁོར་ཡུག་གི་གནས་སྟངས་རྩ་མེད་ཤུལ་མེད་གཏོང་བ་དེ་དག་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྒྱབ་འགལ་ཡིན་པར་བརྟེན། དེ་འདྲ་བྱེད་པའི་ཐོབ་ཐང་དེ་རྒྱ་མིའི་ཆབ་སྲིད་ཀྱི་དབང་འཛིན་པ་ཚོར་ནམ་ཡང་མེད། དེ་བཞིན་བོད་པ་ཚོར་བོད་མིའི་བསམ་བློ་དང་མཐུན་པའི་མི་ཚེ་བསྐྱལ་རྒྱུའི་གོ་སྐབས་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་འཇིག་རྟེན་མི་རིགས་སྤྱི་ཡོངས་ལ་ལྷག་པར་དགོས་མཁོ་ཆེ་བ་དེ་ཉམས་ཆག་མེད་པར་སྲུང་སྐྱོབ་ཀྱི་གོ་སྐབས། གང་ལྟར་བོད་པ་ཚོ་ལ་ཐུན་མོང་མ་ཡིན་པའི་འགྲོ་བ་མི་རིགས་ཡོངས་μོགས་ཀྱི་ཆེད་དུ་འཁྲི་བའི་འགན་ (Universal responsibility) དེ་ད་ལྟའི་རྒྱ་མིའི་ཆབ་སྲིད་ཀྱི་འཛིན་སྟངས་འདིའི་ཐོག་ནས་སྒྲུབ་པའི་གོ་སྐབས་མེད་པའི་རྒྱུ་མཚན་ལ་བརྟེན། དེའི་ཆེད་དུ་འཐབ་རྩོད་བྱེད་མུས་རེད། དེས་ན་ང་ཚོས་འཐབ་རྩོད་ཀྱི་ངོ་བོ་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མདོར་ན་ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་མཁོ་བའི་ལས་འགན་བསྒྲུབ་ཆེད་འཐབ་རྩོད་བྱེད་པ་མ་གཏོགས། ཐོབ་ཐང་རྐྱང་པའི་དོན་དུ་མིན་པ་དེ་ཤེས་དགོས། དེ་སྔ་ཕན་ལ་རང་སྲོག་བློས་བཏང་གིས་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཐབ་རྩོད་གནང་མཁན་ཚང་མས་སོ་སོར་རྒྱལ་ཁ་ཐོབ་ན་སྲིད་དོན་གྱི་ཁེ་ཕན་དང༌། དཔལ་འབྱོར་གྱི་ཁེ་ཕན། སྤྱི་ཚོགས་ནང་ཐུན་མོང་མ་ཡིན་པའི་ཁེ་ཕན་བཅས་འཐོབ་རྒྱུའི་བསམ་བློ་སུ་ལའང་མེད།

ང་ཚོ་བོད་པའི་འཐབ་རྩོད་ཀྱི་ངོ་བོའི་ཆ་ནས་རྒྱལ་ཕམ་གང་བྱུང་རུང་མཐའ་མ་དེར་དཀའ་སྡུག་མྱང་རྒྱུ་མཐོང་བཞིན་དུ་ད་དུང་ལས་འགུལ་འདིའི་ནང་ཞུགས་པ་དེས་ག་རེ་མཚོན་གྱི་ཡོད་ཟེར་ན། ཚང་མའི་བསམ་བློའི་ནང་རང་དོན་ཡིད་བྱེད་ཀྱི་བློ་དང༌། ཐ་ན་སོ་སོར་དངོས་པོ་དང་ཚེ་འདི་སྣང་གི་ཁེ་ཕན་འཐོབ་ཆེད་མིན་པར། བསྟན་པ་ཆབ་སྲིད་དང༌། མི་རིགས། འགྲོ་བ་སྤྱི་ཡོངས་ཀྱི་དགོས་མཁོ་ཞིག་གི་ཆེད་དུ་དམིགས་པ་དེ་ཧ་ཅང་གསལ་པོ་རེད། དེ་ཚོར་ང་ཚོས་ངེས་པར་དུ་རྗེས་སུ་ཡི་རངས་ཞུ་དགོས།

ལྷག་པར་དུ་ཕྱི་ཟླ་ ༩ ཚེས་ ༢༧ གྱི་ཉིན་མོ་འདི་ཕྱི་ཟླ་ ༣ ཚེས་ ༡༠ དང་མཚུངས་པའམ། ཡང་ན་དེ་ལས་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་ཉིན་མོ་ཞིག་རེད། ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོར་བོད་པས་གྱེན་ལངས་བྱེད་སྐབས་བོད་ནང་གི་གནས་སྟངས་ ༡༩༨༧ ལོའི་གནས་སྟངས་དང་ཁྱད་པར་ཆེ། དེ་སྐབས་ད་ལྟ་བཞིན་རྒྱ་མིའི་དབང་བསྒྱུར་དེ་ཤུགས་ཆེན་པོ་དང་ཁྱབ་ཆེན་པོ་མེད། འོན་ཀྱང་ ༡༩༨༧ ལོར་བོད་ནང་རྒྱ་མིའི་དམག་དང་ཉེན་རྟོག་སྐོར་སྲུང་བའི་ནུས་པ། སྤྱི་ཡོངས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ནུས་པ། རྒྱལ་སྤྱིའི་ནང་རྒྱ་མིའི་གནས་སྟངས་བཅས་ཕྱི་ལོ་ ༡༩༥༩ ལས་ཧ་ཅང་ཁྱད་པར་ཕྱིན་ཟིན་པའི་གོ་སྐབས་ཅིག་ལ་ཞི་རྒོལ་འདི་འདྲ་ཞིག་བྱེད་ན་རང་སྲོག་འགྲོ་རྒྱུ་ཧ་ལམ་ཐག་ཆོད་པའི་གནས་སྐབས་ཤིག་ལ་བློས་བཏང་གིས་ཞི་རྒོལ་བྱས་ཐུབ་པ་དེ་རླབས་ཆེན་གྱི་བྱ་བ་ཞིག་རེད། རྒྱལ་སྤྱིའི་ནང་ལ་བོད་དོན་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དེ་དེ་ཙམ་གྱི་གནས་ཚད་ལ་སླེབས་ཡོད་ནའང་བོད་ཀྱི་ནང་ནས་ལས་འགུལ་འབུར་དུ་ཐོན་པ་དང༌། མངོན་གསལ་དོད་པོ་ཞིག་མ་བྱུང་ན་ཕྱི་ལ་ཡོད་པའི་བཙན་བྱོལ་བོད་མི་རྐྱང་པས་ནུས་པ་འཐོན་རྒྱུ་མེད་པ་ནི་ཁྲིམས་དང༌། སྤྱི་ཚོགས། སྲིད་དོན་བཅས་གནས་སྟངས་གསུམ་གའི་ཐོག་ནས་དངོས་ཡོད་གནས་སྟངས་ཤིག་རེད། དེས་ན་བོད་ནང་ཡོད་པའི་བོད་མིས་རང་གི་མངོན་འདོད་ཀྱི་རྣམ་འགྱུར་གསལ་པོ་བསྟན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཟེར་ན། རྒྱ་མིས་རྒྱལ་སྤྱིའི་མང་ཚོགས་ལ་འཐབ་རྩོད་འདི་ྋསྐྱབས་མགོན་རིན་པོ་ཆེ་དང༌། ྋསྐྱབས་མགོན་རིན་པོ་ཆེའི་རྗེས་འཇུག་ཡུལ་གྱར་བ་བོད་རིགས་ཉུང་ཤས་ཤིག་གིས་ནུབ་ཕྱོགས་པའི་མགོ་བསྐོར་སླུ་བྲིད་འོག་བོད་ཁ་བྲལ་དང༌། རྒྱ་མིའི་བདེ་འཇགས་ལ་གནོད་པའི་ལས་འགུལ་བྱེད་ཀྱི་ཡོད་པ་དང༌། དེ་ནི་ལྟ་བའི་འཐབ་རྩོད་ཡིན་པས་དེ་ཚོར་ཧ་ལས་དགོས་པ་གང་ཡང་མེད། བོད་ནང་གི་བོད་མི་ཡོངས་རྫོགས་རྒྱ་མིའི་དབང་བསྒྱུར་ལ་དགའ་མོས་ཡོད་པ་དང༌། སྔོན་མ་ཞིང་བྲན་རིང་ལུགས་ཀྱི་སྤྱི་ཚོགས་རྙིང་པ་བཞིན་མ་ཡིན་པར་ཧ་ཅང་དགའ་སྐྱིད་ཡོད་པས། བོད་ནང་རྒྱ་མིའི་དབང་ཤུགས་ལ་ངོ་རྒོལ་བྱེད་མཁན་སུའང་མེད་ཅེས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པའི་སྐབས་དེར་བོད་ནང་ནས་དེ་དག་དངོས་ཡོད་ཡིན་མིན་གསལ་ཁ་མ་བྱུང་ན། ང་ཚོའི་ངོས་ནས་ལན་བརྒྱབ་ནའང་དངོས་སུ་མིག་མཐོང་ལག་ཟིན་མེད་དུས་ཚིག་ཙམ་གྱི་ལན་ཞིག་ཏུ་འགྱུར་རྒྱུ་རེད། དེས་ན་བོད་ནང་གི་བོད་མིས་མ་བསྐུལ་དྭང་བླངས་རང་དབང་གི་ཐོག་ནས་བོད་ནང་ཞི་བའི་གྱེན་ལངས་བྱེད་འགོ་བཙུགས་པ་དེ་བོད་ཀྱི་ལོ་རྒྱུས་ནང་ལ་ཧ་ཅང་གིས་གཟི་བརྗིད་ཆེན་པོ་དང༌། རླབས་ཆེན་ཞིག་རེད། རྒྱལ་སྤྱིའི་ནང་བོད་དོན་ཐོག་དམིགས་བསལ་གྱིས་དོ་སྣང་ཆེ་རུ་འགྲོ་བ་དེ་དངོས་སུ་ཉམས་མྱོང་ཡོང་བཞིན་པ་རེད།

དེ་རིང་གི་ཉིན་མོ་འདི་བོད་ཀྱི་ལོ་རྒྱུས་ནང་ད་དུང་གལ་ཆེ་བ་ཞིག་ནི། འདས་པའི་ལོ་མང་རིང་རྒྱ་མིའི་མཉམ་དུ་ཞི་མོལ་བཀའ་བསྡུར་བྱེད་རྒྱུའི་འབད་བརྩོན་བྱས་པ་རེད། དེ་ཡང་ང་ཚོའི་ངོས་ནས་ཕར་འགོ་བཙུགས་པ་ཞིག་མིན་པར། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་ཕྱིན་རྗེས་རྒྱ་མིའི་དབུ་ཁྲིད་ཚོའི་ངོས་ནས་ཚུར་མགྲོན་འབོད་བྱས་པ་ཞིག་རེད། སྐབས་དེར་རྒྱ་ནག་གི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་ྋསྐྱབས་མགོན་རིན་པོ་ཆེར་གསུང་འཕྲིན་ཞིག་ཕུལ་བའི་ནང༌། ཁྱེད་རང་ཕྱི་རྒྱལ་ལ་བཞུགས་ནས་ལོ་མང་ཕྱིན་པ་རེད། ད་རང་རྒྱལ་དུ་ལོག་དགོས། བོད་པའི་ཆེད་དུ་ཕྱག་ལས་གནང་དགོས། རང་བཙན་གྱི་འཐབ་རྩོད་མ་གནང་ན་གནས་ཚུལ་གཞན་པ་གང་ཡིན་ཡང་བཀའ་བསྡུར་གྱི་ཐོག་ནས་ཐག་གཅོད་བྱེད་ཆོག་ཅེས་གསལ་བར་བརྟེན། ང་ཚོས་དེ་ནི་མི་ཡ་རབས་ཀྱི་སྐད་ཆ་ཞིག་ལ་ཆ་བཞག་སྟེ། ང་ཚོའི་ངོས་ནས་བོད་རང་བཙན་གྱི་འཐོབ་རྩོད་བྱེད་ཀྱི་མིན། རྒྱ་ནག་ནང་མིང་དོན་མཚུངས་པའི་རང་སྐྱོང་ཞིག་གི་ཁེ་ཕན་དང་ལྡན་པའི་འགྲིགས་ཆགས་བྱུང་ན་ངེས་པར་དུ་འགྲིག་ཆགས་བྱེད་འདོད་ཡོད་ཅེས་གསུངས་ཏེ། དེ་ནས་བཟུང་ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་ཞི་མོལ་གནང་རྒྱུའི་ལས་འགུལ་ཞིག་འགོ་བཙུགས་པ་རེད། དེ་ལས་གཞིས་བྱེས་བོད་མི་ཕན་ཚུན་ཐུག་འཕྲད་དང༌། བོད་ནང་བཙན་བྱོལ་བའི་གནས་ཚུལ་དང་བཙན་བྱོལ་ནང་བོད་ཀྱི་གནས་ཚུལ་རྟོགས་ཐུབ་པ་སོགས་ཀྱི་ཁེ་ཕན་བྱུང་ཡོད་ཀྱང༌། གཙོ་ཆེར་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཐོག་བཀའ་མོལ་འགོ་འཛུགས་ཙམ་ཡང་མ་བྱུང་བ་མ་ཟད། ཕྱི་ལོ་ ༡༩༩༣ རྗེས་ནས་རྒྱ་མི་དང་མཉམ་དུ་ཐད་ཀར་འབྲེལ་ལམ་དེའང་ཆད་པ་རེད། དེ་ནས་ྋསྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༡༩༩༤།༡༩༩༥ གསུམ་དུས་གསུང་འཕྲིན་ནང་མ་འོངས་བོད་ཀྱི་ཆབ་སྲིད་ལང་ཕྱོགས་ཇི་དགེའི་སྐོར་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་གི་ཡིན་ཞེས་གསུངས་པ་བཞིན་བཙན་བྱོལ་བོད་གཞུང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་ཞིག་བརྩམས་པའི་འབྲས་བུར་ད་ལྟའི་གནས་སྐབས་སུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་གློ་བུར་གློ་བུར་དུ་འགྱུར་བ་གཏོང་དགོས་པའི་གནས་སྟངས་ཤིག་ཡིན་སྟབས་མང་མོས་ཐག་གཅོད་འོས་བསྡུ་བྱས་ནས་ཐག་གཅོད་རྒྱུ་དེ་ཧ་ཅང་ཁག་པོ་རེད། ྋསྐྱབས་མགོན་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་ཐག་གཅོད་གནང་རོགས་གནང་ཞེས་མང་མོས་ཐག་གཅོད་འོས་བསྡུའི་བསམ་ཚུལ་བསྡུ་བའི་ལས་རིམ་ནང་ཆ་ཤས་ལེན་མཁན་གཞིས་བྱེས་གཉིས་ཀྱི་བོད་མི་བརྒྱ་ཆ་ ༦༤ དང་གྲངས་ཆུང་ཁ་ཤས་ཤིག་གིས་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་ཞེས་ཞུས་པ་ཡིན་ཙང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་ཐོག་ནས་མི་མང་གི་བསམ་ཚུལ་འདི་འདྲ་ཞིག་འདུག མང་མོས་ཐག་གཅོད་འོས་བསྡུ་མ་གནང་རོགས་གནང༌། ྋརྒྱལ་བ་རིན་པོ་ཆེས་གང་ཐད་པ་དགོངས་པ་དེ་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་ཐག་གཅོད་གནང་རོགས་གནང༌། གང་ཐག་གཅོད་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ཐོག་ནས་ཐག་གཅོད་བྱས་པ་དང་ཁྱད་མེད་བོད་མི་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་ཞིག་ལ་ང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་ངོས་ལེན་ཞུ་རྒྱུ་ཡིན་ཞེས་གསོལ་བ་བཏབ་པ་བཞིན་འདི་ལོའི་གསུམ་དུས་དྲན་གསུང་འཕྲིན་ནང་དེས་ན་ངས་དབུ་མའི་ལམ་བརྒྱུད་ནས་རྒྱ་མིའི་མཉམ་དུ་ཞི་མོལ་གྱི་ལས་འགུལ་དེ་མུ་མཐུད་གནང་གི་ཡིན་ཞེས་ྋསྐྱབས་མགོན་རིན་པོ་ཆེས་ཐག་གཅོད་གནང་སྟངས་དེ་འདྲ་རེད། རྒྱ་མི་དང་མཉམ་དུ་ཞི་མོལ་གནང་རྒྱུའི་ཐག་གཅོད་དེ་ལ་སྔོན་མ་ཡང་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་ལ། ལྷག་པར་དུ་ད་རེས་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་གྱི་ནང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། བོད་རྒྱ་ཆེ་མང་ཚོགས་ཀྱིས་གསོལ་བ་བཏབ་པའི་དོན་གནད་ཅིག་ཡིན་ཙང༌། སྔོན་མ་ལས་ནུས་ཤུགས་ཆེ་བ་དང༌། མང་ཚོགས་ཀྱི་ཐག་གཅོད་ཡིན་པའི་རྣམ་པ་དེ་སྔོན་མ་ལས་གསལ་བ་ཞིག་བྱུང་བར་བརྟེན། རྒྱ་མི་དང་ཞི་མོལ་གནང་རྒྱུའི་གནས་རིམ་དེ་སྔོན་མ་ལས་ཧ་ཅང་མཐོ་རུ་ཕྱིན་ཡོད་བསམ་གྱི་འདུག

ད་ལྟ་འདིར་ཕྱི་དྲིལ་བཀའ་བློན་གྱིས་གསུངས་པ་བཞིན་ཕྱི་རྒྱལ་བ་ཧ་ཅང་མང་པོས་མ་བསྐུལ་དྭང་བླངས་ཀྱིས་བོད་ཀྱི་བདེན་པའི་གནས་ལུགས་དང༌། ཁྲིམས་མཐུན་དྲང་བདེན་གྱི་འཐབ་རྩོད་ཐོག་སོ་སོའི་རྒྱུ་དངོས་དང་དུས་ཚོད་ཀྱི་འགྲོ་སོང་བཏང་བ་མ་ཟད། ལུས་ངག་ཡིད་གསུམ་གྱིས་དཀའ་ལས་བརྒྱབས་པའི་འབྲས་བུར་རྒྱབ་སྐྱོར་གྱི་ནུས་པ་དེ་ད་ལྟ་ཧ་ཅང་ཚད་མཐོར་སླེབས་པའི་ཉེར་ལེན་དུ་སྲིད་གཞུང་གི་འགན་འཛིན་ཚོས་བོད་དོན་ཆེད་རྒྱ་ནག་དང་མཉམ་དུ་བཀའ་མོལ་དང༌། ཤུགས་གནོན། ཐུགས་སྣང་བཅས་མི་གནང་ཐབས་མེད་ཅིག་ཆགས་ཡོད། དེ་ཡང་ན་ནིང་ཕྱི་ཟླ་ ༡༠ ནང་རྒྱ་ནག་གི་སྲིད་འཛིན་ཅང་ཛེ་མིན་ཨ་རིར་ཡོང་སྐབས་དང༌། འདི་ལོ་ཕྱི་ཟླ་ ༦ ནང་ཨ་རིའི་སྲིད་འཛིན་ཁི་ལིན་ཊོན་རྒྱ་ནག་ལ་ཕེབས་སྐབས་གཉིས་ཀར་བོད་དོན་ཐོག་རྒྱ་ནག་དང་ྋསྐྱབས་མགོན་རིན་པོ་ཆེའི་དབར་ཞི་མོལ་གནང་དགོས་པའི་བཀའ་བསྡུར་བྱུང་བ་གཞིར་བཟུང་ད་རེས་སྲིད་འཛིན་གཉིས་ཀྱི་མཐའ་མའི་གསར་འགོད་ཚོགས་འདུའི་ནང་གང་གསུངས་པ་དང༌། གནས་ཚུལ་གང་བྱུང་བ་རྣམས་ངས་འགྲེལ་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་རེད། སྔོན་མ་ཡིན་ན་བོད་དོན་ཆེད་གྲོས་མོལ་བྱེད་རྒྱུར་སྔོན་འགྲོའི་ཆ་རྐྱེན་བདུན་དང༌། གསུམ། དྲུག་དེ་འདྲ་རིམ་པས་བཏོན་ཡོད་ཀྱང༌། ད་རེས་རྒྱ་ནག་སྲིད་འཛིན་རང་གི་ངོས་ནས་སྔོན་འགྲོའི་ཆ་རྐྱེན་གཉིས་མ་གཏོགས་བཏོན་མེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན། སྔོན་འགྲོའི་ཆ་རྐྱེན་དེ་དག་དགོས་མེད་དང༌། འབྲེལ་མེད་ཅིག་ཡིན་རུང༌།

ཕྱོགས་གཞན་ནས་བལྟས་ན་སྔོན་འགྲོའི་ཆ་རྐྱེན་དེ་ཚོ་ཁོ་རང་ཚོའི་ངོ་གདོང་བསྲུང་རྒྱུ་ཙམ་གྱི་ཁྱད་པར་རེད་མ་གཏོགས། དོན་དུ་སྔོན་འགྲོའི་ཆ་རྐྱེན་ཧ་ལམ་མེད་པ་དང་གཅིག་པ་རེད། ད་ལྟའི་གནས་སྐབས་སུ་ཁི་ལིན་ཀྲོན་དང༌། ཅང་ཛེ་མིན་གཉིས་ཀྱི་གསར་འགོད་ཚོགས་འདུ་དེའི་ཐོག་ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་བཀའ་ལན་གནང་རྒྱུའི་གོ་སྐབས་རེད་ཅེས་བཤད་མུས་རེད། དེས་ན་དེང་སང་མི་མང་པོ་ཞིག་གི་ཚོར་བ་དེ་ང་ཚོའི་ཕྱོགས་ལ་ཡོད་པ་རེད། རིང་པོར་མ་ཐོགས་པར་སྐབས་དང་དུས་འཚམས་ཤིག་ལ་ྋསྐྱབས་མགོན་རིན་པོ་ཆེས་དེའི་ཐོག་ལ་བཀའ་ལན་དང་གསལ་བཤད་ངེས་པར་དུ་གནང་མདོག་ཁ་པོ་རེད། དེས་ན་ང་ཚོ་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་གནད་དོན་དེ་དག་གསལ་པོ་མཁྱེན་པའི་ཐོག་ནས་སོ་སོའི་ལངས་ཕྱོགས་དང༌། སྐད་ཆ་ཤོད་ཕྱོགས། རྣམ་འགྱུར་བསྟན་ཕྱོགས་བཅས་ཇི་འདྲ་དགོས་མིན་གསལ་པོ་མཁྱེན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མདོ་དོན་ྋསྐྱབས་མགོན་རིན་པོ་ཆེས་གང་གནང་ནའང་ཆོག་པ་དེ་སྐབས་སྔོན་མའི་མང་མོས་ཐག་གཅོད་འོས་བསྡུ་མཇུག་བསྡོམས་སྐབས་ཀྱི་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཆོད་དང༌། དེའི་རྗེས་ཀྱི་གྲོས་ཆོད་མཐའ་མའི་ནང་དུའང་གསལ་ཡོད། མཐའ་མ་དེ་ཁ་སང་ཚོགས་དུས་དྲུག་པའི་སྐབས་སླར་ཡང་སྤྱི་མོས་གྲོས་ཆོད་བཞག་པའི་ནང་ད་རེས་ཨ་རི་དང༌། རྒྱ་ནག་སྲིད་འཛིན་བར་གྱི་བཀའ་མོལ་ལ་བཀའ་ལན་ཇི་ལྟར་གནང་མིན་ྋསྐྱབས་མགོན་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་གཅད་རོགས་གནང༌། གང་ཐུགས་ཐག་བཅད་པ་དེ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གཞིས་བྱེས་བོད་མི་ཡོངས་ཀྱིས་ཐེ་ཚོམ་མེད་པར་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད་པ་དེ་སྨོས་མེད་ཡིན་ཞེས་བསྐྱར་དུ་ཚིག་ཐག་ཆོད་པོའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེ་ལ་གསོལ་འདེབས་ཞུས་ཡོད་པ་རེད།

དབུ་མའི་ལམ་ཞེས་པ་ནི། རྒྱ་ནག་འོག་གནས་པའི་བོད་ཀྱི་ད་ལྟའི་གནས་སྟངས་དེ་མཐའ་གཅིག་རེད། བོད་དེ་རྒྱ་ནག་ནས་ཁ་བྲལ་ནས་སྔོན་མ་བཞིན་རང་བཙན་གཙང་མ་བསྐྱར་དུ་བྱེད་རྒྱུ་དེ་མཐའ་གཅིག་རེད། མཐའ་དེ་གཉིས་ལས་བརྒལ་བའི་དབུས་དེ་དབུ་མའི་ལམ་རེད། དེས་ན་ང་ཚོས་རང་བཙན་གྱི་དགོས་འདུན་མི་འདོན་པ་མ་ཟད། རྒྱ་ནག་གི་མངའ་དབང་འོག་བསྡད་རྒྱུར་ངོས་ལེན་གནང་ཡང༌། ད་ལྟའི་རྒྱ་མིའི་དབང་བསྒྱུར་བྱེད་སྟངས་དེས་མ་འགྲིགས་པར་བརྟེན། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ཀྱི་ས་ཁྱོན་ཡོངས་μོགས་ཆབ་སྲིད་ཀྱི་གོང་བུ་གཅིག་དང༌། དེའི་ནང་མང་གཙོའི་གཞི་རྩའི་རྩ་ཁྲིམས་ལྡན་པ། དེའང་བོད་མི་རང་གིས་འཛིན་སྐྱོང་བྱེད་ཆོག་པའི་རང་སྲིད་རང་སྐྱོང་གི་གནས་སྟངས་ཤིག་དགོས་ཀྱི་ཡོད་ཅིང༌། མདོར་བསྡུས་ན། ཧ་ལམ་ཧོང་ཀོང་གི་གནས་སྟངས་ལྟ་བུ་བརྒྱ་ཆ་བརྒྱ་མ་བྱུང་ནའང༌། དེ་དང་མཚུངས་པ་ཞིག་དགོས་ཀྱི་འདུག་ཅེས་པ་ནི་དབུ་མའི་ལམ་གྱི་བསྒྲུབ་བྱ་དེ་རེད། གང་ལྟར་དཔལ་འབྱོར་གྱི་འདུ་འགོད་ཆེ་བའི་རིགས་རྒྱ་ནག་གཞུང་གིས་བྱེད་རུང་ཡང༌། ནང་གི་རང་སྐྱོང་ཡོངས་སུ་རྫོགས་པ། དཔེར་ན། ཆོས་དང༌། རིག་གཞུང༌། ཤེས་ཡོན། ཡུལ་གྱི་གོམས་པའི་གཤིས་ལུགས། སོ་ནམ། ཚོང་ལས་ཆུང་ཁག ཁོར་ཡུག་སྲུང་སྐྱོབ། ཞི་བདེའི་བསྟི་གནས་ལ་སྒྱུར་ཐབས་བཅས་ཀྱི་ཐོག་བོད་མི་རང་གིས་བྱེད་ཆོག་པའི་ངེས་དོན་གྱི་རང་སྐྱོང་ཆེན་པོའམ། རང་སྲིད་རང་སྐྱོང་དེ་ང་ཚོའི་དགོས་འདུན་རེད། རྒྱ་ནག་ངོས་ནས་ཁ་བྲལ་མ་ཕྱིན་ན་གནས་ཚུལ་གཞན་པ་ཚང་མ་སྐད་ཆ་བཤད་ནས་ཐག་བཅད་ཆོག་ཅེས་བཤད་སྟབས། རྒྱ་མིའི་ལངས་ཕྱོགས་དང་འགལ་ཟླ་ཕྱིན་མེད། ང་ཚོའི་ངོས་ནས་རྒྱ་ནག་གི་ཆབ་སྲིད་མངའ་དབང་འོག་བསྡད་རྒྱུར་ཐག་ཆོད་བྱུང་ཙང༌། དེ་ཁ་བྲལ་བ་ཡིན་ཞེས་བརྗོད་མི་ཐུབ།

འོན་ཀྱང་ཁོང་ཚོས་ཞི་མོལ་གྱི་སྔོན་དུ་ཆ་རྐྱེན་མང་པོ་ཞིག་བཞག་པའི་ནང་ནས་དང་པོ་ནི། བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དེ་ྋསྐྱབས་མགོན་རིན་པོ་ཆེས་མང་ཚོགས་ཐོག་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་ཞེས་པ་དེ་རེད། དེ་ནི་ཚིག་ཙམ་ཞིག་རེད། ང་ཚོས་འགྲིག་ཆགས་བྱུང་ན་མཐའ་བསྡོམས་དེ་རྒྱ་ནག་གི་དབང་བསྒྱུར་འོག་སྡོད་ཀྱི་ཡིན་ཞེས་གསུངས་གྲུབ་པར་བརྟེན། འགྲིག་ཆགས་བྱུང་ན་བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་འགྱུར་རྒྱུ་ཡིན་པ་དེ་བརྗོད་མ་དགོས། འོན་ཀྱང་ཁྱད་ཆོས་གང་ཡང་མ་སྦྱར་བའི་ཐོག་ནས་བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ལབ་དགོས་བྱུང་ན་རྒྱལ་རབས་ལོ་རྒྱུས་ཐོག་ནས་འགྲིག་ཐབས་མེད་ཅིང༌། དེ་ནི་རང་བྱུང་གིས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ཞིག་ལ་གོ་རྒྱུ་ཡོད་སྟབས། ཚིག་དེ་ང་ཚོས་ལམ་སེང་བེད་སྤྱོད་གཏོང་བདེ་པོ་གང་ཡང་མེད། གལ་ཏེ་ཚིག་དེ་བེད་སྤྱོད་བཏང་ན་རྫུན་ཆགས་ཀྱི་རེད། ལར་ནས་ང་ཚོ་བདེན་པ་ལ་གཞི་རྩ་བཅོལ་བའི་སྲིད་དོན་གྱི་ལས་ཀ་བྱེད་མཁན་དང་འཐབ་རྩོད་བྱེད་མཁན་གྱིས་གནས་སྐབས་སྲིད་དོན་གྱི་ཁེ་ཕན་ཞིག་ལ་བལྟས་ནས་བོད་དེ་རྒྱ་མིའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཅེས་གསུང་ཐུབ་ཐབས་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། རྒྱ་མིས་ཚིག་ཆུང་ཆུང་ཞིག་ལ་ཧ་ཅང་གནད་འགག་ཆེན་པོས་ཨུ་ཚུགས་བརྒྱབ་དགོས་པ་མེད་ཅིང༌། གང་ལགས་ཟེར་ན། འགྲིག་ཆགས་བྱུང་ན་བོད་དེ་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་གི་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་འགྲོ་རྒྱུ་རེད། ད་ལྟའི་གནས་སྐབས་འདི་ལ་མཚོན་ནའང༌། ཁྲིམས་དང་མཐུན་མིན་ལ་མ་ལྟོས་པར་རྒྱ་མིའི་བཙན་དབང་འོག་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་བཞིན་པ་རེད། འོན་ཀྱང་འདས་པའི་ལོ་རྒྱུས་ནང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་ཧ་ཅང་གསལ་པོ་རེད། དེས་ན་དེ་ཚོ་ཁྱད་པར་ཕྱེ་ནས་བཤད་ཐུབ་རྒྱུ་ཡོད་པ་ཞིག་རེད།

གཉིས་པ་ནི། ཐེ་ཝན་རྒྱ་ནག་གི་མངའ་སྡེ་ཡིན་པར་བཤད་དགོས་ཞེས་པ་དེ་རེད། དང་པོ་དེར་ཐེ་ཝན་གྱི་གནས་སྟངས་དང༌། བོད་པའི་གནས་སྟངས་གཉིས་ལ་འབྲེལ་བ་གང་ཡང་མེད། གལ་ཏེ་ྋསྐྱབས་མགོན་རིན་པོ་ཆེས་ཐེ་ཝན་རྒྱ་ནག་གི་མངའ་སྡེ་རེད་ཅེས་གསུང་ན། དེའི་སང་ཉིན་ནས་ཐེ་ཝན་དེ་རྒྱ་ནག་གི་མངའ་སྡེ་ཆགས་རྒྱུ་ཞིག་དང༌། གལ་སྲིད་ྋསྐྱབས་མགོན་རིན་པོ་ཆེས་ཐེ་ཝན་དེ་རྒྱ་ནག་གི་མངའ་སྡེ་མ་རེད་ཅེས་གསུང་ན་དེའི་སང་ཉིན་ནས་ཐེ་ཝན་རང་བཙན་ལ་འགྲོ་རྒྱུ་གང་ཡང་མེད། དེ་ནི་ཚིག་ཆུང་ཆུང་ཞིག་ལ་འཁོན་ཐོགས་ཡོང་ཆེད་དོན་མེད་བཟོས་པ་ཞིག་རེད། དེས་ན་ཐེ་ཝན་གྱི་ཆབ་སྲིད་གནས་སྟངས་ཐོག་ང་ཚོས་བཤད་དགོས་དོན་མེད་ལ། འབྲེལ་བ་ཡང་ཆགས་ཀྱི་མེད། ལར་ནས་གོང་དུ་ཞུས་པ་བཞིན་ཁྱད་པར་མ་ཕྱེ་བར་ཧ་ཅང་གསུང་ཁག་པོ་རེད། ཕྱི་ལོ་ ༡༩༤༩ སྔོན་ལ་ཐེ་ཝན་རྒྱ་ནག་གི་མངའ་སྡེ་ཡིན་པ་ཡོངས་གྲགས་རེད། ང་ཚོ་ཕྱི་ལོ་ ༡༩༤༩ སྔོན་ལ་རང་བཙན་ཡིན་པ་བཞིན་ཐེ་ཝན་ ༡༩༤༩ སྔོན་ལ་རྒྱ་ནག་གི་མངའ་སྡེ་ཡིན་པར་སུས་ཀྱང་རྩོད་པ་རྒྱག་གི་མེད། འོན་ཀྱང་ཕྱི་ལོ་ ༡༩༤༩ རྗེས་ཐེ་ཝན་ལོགས་སུ་ཕྱིན་ནས་ད་བར་རྒྱལ་ཁབ་མང་པོས་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་ལེན་གྱིས་ཕན་ཚུན་གཞུང་ཚབ་འཛུགས་རེས་ཀྱི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱང་ཉི་ཤུ་རྩ་གྲངས་ཤིག་ཡོད་པར་བརྟེན། ད་ལྟའི་གནས་སྐབས་ལ་ཐེ་ཝན་རྒྱ་ནག་གི་མངའ་སྡེ་ཞིག་ཆགས་ཀྱི་མེད། མ་འོངས་པར་ཁོ་གཉིས་ཟླ་བསྒྲིལ་སོང་ན་མངའ་སྡེ་གཅིག་ཏུ་ཆགས་སྲིད་པ་ཞིག་རེད། དེ་ལྟ་བུའི་དབྱེ་བ་གང་ཡང་མ་ཕྱེ་བར་ཐེ་ཝན་རྒྱ་ནག་གི་མངའ་སྡེ་ཞིག་རེད་ཅེས་བརྗོད་ན་དེ་ནི་འོས་ཤིང་འཚམས་པ་དང༌། དྲང་པོ་གང་ཡང་མ་རེད་བསམ་གྱི་འདུག

ཚང་མས་མཁྱེན་དགོས་པ་ཞིག་ལ། བཙན་བྱོལ་བོད་གཞུང་དང༌། ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་རྒྱ་ནག་གཅིག་གི་ལྟ་གྲུབ་ལ་ནམ་ཡང་རྩོད་པ་རྒྱག་གི་མེད། མ་འོངས་པར་རྩོད་པ་རྒྱག་དགོས་དོན་ཡང་མེད། པེ་ཅིང་གི་འགོ་ཁྲིད་ཚོས་རྒྱ་ནག་གཅིག་ཡིན་ཞེས་བརྗོད་པ་བཞིན། ཐེ་ཝན་གྱི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་གཅིག་ཡིན་ཞེས་བཤད་ཀྱི་ཡོད། ྋསྐྱབས་མགོན་རིན་པོ་ཆེ་སྔ་ལོ་ཐེ་ཝན་ལ་ཆིབས་བསྒྱུར་གནང་སྐབས་ཐེ་ཝན་གྱི་སྲིད་དོན་པ་ཚོ་དང༌། གནད་ཡོད་ཀྱི་མི་སྣ་མང་པོར་ངས་རྒྱ་ནག་གཅིག་གི་ལྟ་བ་དེ་ལ་དགག་པ་རྒྱག་གི་མེད། མ་འོངས་པར་རྒྱ་ནག་གཅིག་བསྒྲིལ་བྱུང་ན་ཕྱོགས་གཉིས་ཀར་དགེ་ཕན་ཡོད་ཅེས་བཀའ་གནང་ཡོད། གལ་ཏེ་ང་ཚོས་རྒྱ་ནག་གཅིག་མིན་ཚུལ་བཤད་ཡོད་ན་རྒྱ་མིའི་ངོས་ནས་སྔོན་འགྲོའི་ཆ་རྐྱེན་བཞག་པ་དེ་འོས་ཤིང་འཚམས་པ་ཡིན་ཡང༌། ང་ཚོའི་ངོས་ནས་གང་ཡང་མ་བཤད་པ་ལ་ད་རེས་ལབ་དགོས་གསུང་རྒྱུ་དེ་འོས་ཤིང་འཚམས་པ་གང་ཡང་མ་རེད། ཚིག་ཙམ་གྱི་རྩོད་པ་ཞིག་རེད། དེ་ལ་རྒྱ་མིའི་ངོས་ནས་ཨུ་ཚུགས་མི་གནང་བའི་རེ་བ་བྱེད་ཀྱི་ཡོད། དེས་ན་རིང་པོར་མ་ཐོགས་པར་ྋསྐྱབས་མགོན་རིན་པོ་ཆེ་དང༌། རྒྱ་མིའི་དབུ་ཁྲིད་ཚོའི་དབར་བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་གྱི་གནས་སྟངས་ཐོག་མིང་དོན་མཚུངས་པའི་ཞི་མོལ་ཡོང་ཐུབ་ཐབས་ལ་ང་ཚོས་སེམས་ཤུགས་ཀྱི་ཐོག་ནས་འབད་བརྩོན་དང༌། གསོལ་བ་སྨོན་ལམ། ལས་འགུལ་བཅས་སྤེལ་དགོས་ཀྱི་འདུག མི་མང་ཚོས་དེའི་ཐོག་ད་ལྟ་ཕན་ལ་ནུས་པ་ཧ་ཅང་བཏོན་ཡོད་ལ། ད་དུང་ཡིན་ནའང་ནུས་པ་འདོན་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག

རྒྱ་བོད་ཞི་མོལ་སྐབས་དཀའ་ངལ་དང་པོ་ནི། ཆོལ་གསུམ་གཅིག་བསྒྲིལ་གྱི་བོད་གཅིག་བཟོ་རྒྱུ་དེའི་ཐོག་ལ་ཡོང་རྒྱུ་རེད། དེ་སྔ་ཡང་བཀའ་མོལ་ཞུ་རྒྱུའི་ཐབས་ཤེས་བྱེད་སྐབས། རྒྱ་མིས་དེ་རྩ་བ་ཉིད་ནས་ཡོང་ཐབས་མེད། དེའི་རྒྱུ་མཚན་ནི་ཆོལ་གསུམ་ནང་ཡོད་པའི་མི་དེ་ཚོས་དེར་འདོད་པ་བྱེད་ཀྱི་མེད། ལྷག་པར་དུ་འཛིན་སྐྱོང་ཐོག་ནས་འགྲིག་གི་མི་འདུག སྟབས་བདེ་པོ་མི་འདུག་ཅེས་ཤོད་ཀྱི་ཡོད། མ་འོངས་པར་ཆོལ་གསུམ་གཅིག་བསྒྲིལ་གྱི་བོད་དེ་ཆབ་སྲིད་ཀྱི་གོང་བུ་གཅིག་ལ་ཆགས་མ་ཐུབ་ན། བོད་དོན་ཆེད་ཞི་འགྲིག་ཡོང་ཐབས་མེད། དེས་ན་གོམ་པ་དང་པོ་ནི་ཆོལ་གསུམ་གཅིག་བསྒྲིལ་གྱི་བོད་དེ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་བཟོ་རྒྱུ་དེ་རེད། དེའི་ཆེད་དུ་བོད་ཀྱི་ནང་ནས་མང་ཚོགས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་མ་བྱུང་ན་ང་ཚོའི་ལས་དོན་དེ་བསྒྲུབ་ཁག་པོ་རེད།

གལ་ཏེ་རྒྱ་མིས་ང་ཚོ་ཕྱི་ལོགས་ཀྱི་བོད་པ་བསམ་མེད་འགའ་ཤས་ལ་ངན་བསླབ་བརྒྱབ་ཐུབ་ན། བོད་ནང་ལོགས་ལ་དེ་བས་ཀྱང་བྱེད་ཐུབ་པ་ཞིག་རེད། དེས་ན་བོད་ནང་ནས་ཆོལ་གསུམ་ཆིག་བསྒྲིལ་ཟེར་བ་དེ་ཡོང་ཐབས་མེད་ཅེས་པའི་སྐད་ཆ་དེ་ཡོང་རྒྱུའི་ཉེན་ཁ་ཏན་ཏན་ཡོད་རེད། ཉེན་ཁ་དེ་ད་ལྟ་ནས་ང་ཚོས་མཁྱེན་པ་བྱས་ནས་བོད་ནང་ལས་འགུལ་སྤེལ་ཕྱོགས་དང༌། བོད་ནང་གི་མི་མང་གིས་ཆོལ་གསུམ་ཆིག་བསྒྲིལ་དགོས་ཟེར་བའི་ཚིག་དེ་རྒྱལ་སྤྱིའི་ནང་འཐོན་ཐུབ་ཐབས་ལ་འབད་བརྩོན་བྱེད་དགོས་པ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་ཆོལ་ཁ་གསུམ་མཐུན་བསྒྲིལ་བྱེད་དགོས་ཞེས་པའི་ཚིག་དེ་མང་པོ་ཞིག་བཤད་རུང༌། དོན་དུ་གང་ཟག་བྱེ་བྲག་པ་རེ་གཉིས་མ་མཐུན་པ་དང༌། དགོངས་པ་མ་མཉམ་པ་བྱུང་སྐབས་རྒྱབ་ཏུ་ཆོལ་ཁ་ཆོས་ལུགས་འཁྱེར་ཡོང་རྒྱུ་དེ་ཡག་པོ་རྩ་བ་ནས་མི་འདུག ཆོལ་ཁ་གསུམ་གཅིག་བསྒྲིལ་ཟེར་བ་དེ་ཆུ་དང་འོ་མ་འདྲེས་པ་བཞིན་དགོས་པ་མ་གཏོགས། མདའ་གསུམ་སྐུད་པས་བསྡམས་པ་ལྟ་བུ་ག་དུས་ཡིན་ནའང་གསུམ་དེ་འགྲོ་ན་མཉམ་འགྲོ ལས་བྱེད་གཅིག་བསྐོས་ནའང་གསུམ་མ་ཚང་ན་མི་འགྲིག་པ། སྐད་ཆ་གཅིག་བཤད་ནའང་གསུམ་མེད་ན་བཤད་ས་མེད་པ་ལྟ་བུ་ཆགས་ན་ཆིག་བསྒྲིལ་མ་བྱུང་བ་རེད།

གཅིག་གིས་བཤད་པ་དེར་གཉིས་ཀྱིས་ཡིད་ཆེས་ཡོད་པ་ཞིག་ཆགས་ན་དེའི་ཉིན་མོར་དངོས་གནས་གཅིག་བསྒྲིལ་ཟེར་བ་དེ་བྱུང་བ་རེད། ཆུ་དང་འོ་མ་འདྲེས་ཟེར་དུས་ཆུ་དང་འོ་མ་བསྲེས་ཚར་ན་ཆུ་འདི་རེད། འོ་མ་འདི་རེད་ཅེས་དབྱེ་བ་ཕྱེ་ཐུབ་ཐབས་མེད། ཆུ་གང་དུ་འགྲོ་སར་འོ་མ་འགྲོ་དགོས་ཞེས་རྩོད་པ་རྒྱག་དགོས་དོན་མེད། གཉིས་ཀ་མཉམ་དུ་འདྲེས་ཚར་བ་རེད། དེས་ན་ག་དུས་ཡིན་ནའང་གསུམ་མཉམ་དུ་འགྲོ་དགོས་བྱུང་ན་གསུམ་པོ་དེ་རྡོག་སྒྲ་འགྲིག་པོ་དང༌། སྐད་གདངས་མཐུན་པོ་ཞིག་ཧ་ཅང་ཡོང་ཁག་པོ་རེད། གཅིག་གིས་གོམ་པ་ཆེ་ཙམ་བརྒྱབ་ན་གཅིག་གིས་ཆུང་ཙམ་རྒྱག་གི་རེད། གཅིག་གིས་སྐད་ཆེ་ཙམ་བརྒྱབ་ན་གཅིག་གིས་ཆུང་ཙམ་རྒྱག་གི་རེད། གང་དུ་ཡིན་ནའང་གསུམ་མཉམ་དུ་འགྲོ་དགོས་པའི་བསམ་ཚུལ་ཞིག་འཁྱེར་ན་གནས་ཚུལ་དེ་ཏག་ཏག་བསྡད་ཀྱི་མེད། སྔོན་གྱི་བཀའ་གདམས་གོང་མ་ཚོས་གྲུ་བཞི་ལམ་གྱིས་འཁྱེར་བ་ཞེས་པའི་གསུང་སྲོལ་ཞིག་ཡོད་ཅིང༌། རས་གྲུ་བཞི་ཞིག་ཡོད་ན་དེའི་ཟུར་གང་ནས་འཐེན་ནའང་ཟུར་གཞན་པ་དེ་དག་མཉམ་དུ་སླེབས་རྒྱུ་ཞིག་རེད། ང་ཚོའི་ཆིག་བསྒྲིལ་དེའང་དེ་ལྟ་བུ་ཞིག་དགོས་ཤིང༌། དེའི་ཆེད་དུ་ཕན་ཚུན་ཡིད་ཆེས་དགོས་ཀྱི་ཡོད། སྤྱིར་ཆོལ་ཁ་གསུམ་ནི་ཆོས་ལུགས་དང༌། མི་རིགས། སྐད་ཡིག་བཅས་གཅིག་པ་རེད། རྒྱལ་ཁབ་གཞན་ལ་ཡོད་པ་ལྟ་བུའི་རྩོད་གཞི་གང་ཡང་མེད། ས་ཁྱོན་ཙམ་གྱི་ཆ་ནས་དབྱེ་བ་ཞིག་ཕྱེ་བ་མ་གཏོགས། གཞན་དབྱེ་བ་གང་ཡང་མེད། དཔེར་ན། དྷ་རམ་ས་ལའི་སྟེང་ཤོད་ལྟ་བུ་ཞིག་རེད། དེ་གཉིས་མཉམ་དུ་མེད་ན་མཐུན་བསྒྲིལ་ཡོང་ཐབས་མེད་པ་ལྟ་བུའི་དགོངས་པ་བཞེས་ན་དེ་རླབས་ཆེན་ཞིག་མ་རེད། ལྷག་པར་དུ་བོད་ནང་དེ་འདྲའི་བསམ་ཚུལ་ནམ་ཡང་མེད། མ་འོངས་པར་ཆོལ་ཁ་གསུམ་པོ་ཆབ་སྲིད་ཀྱི་གོང་བུ་གཅིག་ལ་བསྡད་ཐུབ་ཆེད་བོད་ནང་བཞུགས་པའི་བོད་མི་ཚོའི་བསམ་བློའི་ནང་གནས་ཚུལ་དེ་གསལ་པོ་ཞིག་དང༌། དེའི་འབོད་སྒྲ་དེ་རྒྱལ་སྤྱིའི་ནང་གསལ་པོ་ཡོང་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

ད་རེས་མི་མང་མང་པོ་ཞིག་ཕེབས་འདུག དྷ་རམ་ས་ལའི་མང་ཚོགས་དང་ཡང་ཡང་མཇལ་རྒྱུའི་གོ་སྐབས་ཡོང་གི་མི་འདུག དེར་བརྟེན་ད་རེས་གོ་སྐབས་མང་ཙམ་བླངས་པ་ཡིན། མདོ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་ཚུལ་དང༌། ང་ཚོའི་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེར་རྒྱབ་སྐྱོར་ཞུ་སྟངས། ཞུ་དགོས་པའི་གནས་སྟངས། བོད་ནང་ལས་འགུལ་སྤེལ་ཕྱོགས་ཇི་དགེ་བཅས་ཀྱི་ཐོག་ཞུས་པ་ཡིན། ད་ལྟའི་གནས་སྐབས་ལ་རྒྱ་མིའི་དཔོན་རིགས་ཚོའི་བཟང་ཕྱོགས་ཀྱི་འགྱུར་བ་དེ་ལ་ང་ཚོས་མཐོང་ཞིག་བཞག་པ་དང༌། ཕྲན་བུའི་ངོས་ལེན་བྱས་ཏེ་ད་དུང་སེམས་ཤུགས་སྤེལ་བའི་བརྒྱུད་རྒྱ་བོད་གཉིས་དབར་ཡིད་ཆེས་དང༌། བརྩི་མཐོང་ཆེ་རུ་འགྲོ་རྒྱུ་དང༌། དེ་ལ་བརྟེན་ནས་ང་ཚོའི་གྲོས་མོལ་འགོ་ཚུགས་ཐབས་ལ་ཚང་མས་འབད་བརྩོན་གནང་དགོས་ཀྱི་འདུག་ཅེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་རྒྱུ་ཡིན། ཚང་མས་དགོངས་པར་འཇགས་རོགས་གནང༌།

མཐའ་དོན། ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་པ་དང༌། བོད་བསྟན་པ་ཆབ་སྲིད་ཆེད་དུ་ལུས་སྲོག་བློས་བཏང་བྱས་པའི་དཔའ་བོ་དེ་ཚོ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་གཟུང་བ་ཞིག་དང༌། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །

འདི་ནི་བཞུགས་སྒར་ལྷ་རྒྱལ་རིའི་མདུན་ཐང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་དགུ་པའི་ཉེར་བདུན་གྱི་དུས་དྲན་ཐེངས་ ༡༡ པའི་ཐོག་གནང་བ་ཞིག་ཡིན་འདུག ༡༩༩༨ ཕྱི་ཟླ་ ༩ ཚེས་ ༢༧ ཉིན།