བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་དུས་དྲན་མཛད་སྒོར་གནང་བའི་གསུང་བཤད།

༄༅། །སྐྱབས་ཡུལ་དགེ་འདུན་རྣམ་པ། སྐུ་ངོ་བཀའ་བློན་བསྟན་འཛིན་རྣམ་རྒྱལ་ལགས། རང་དབང་ཅན་གྱི་སྡེ་ཚན་ཁག་གི་དབུ་འཛིན་རྣམ་པ། སྤྱི་འཐུས་རྣམ་པ། གཞུང་ཞབས་རྣམ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཀྱི་ཚོགས་གཙོ་དང་ལས་བྱེད་རྣམ་པ།གཞན་ཡང་འདིར་ཕེབས་པའི་གཞོན་ནུའི་ཚོགས་མི་དང་ཚོགས་མི་མ་ཡིན་པའི་སྐུ་མགྲོན་ཚང་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ཉི་ཤུ་རྩ་གཉིས་འཁོར་བའི་དུས་སྐབས་འདིར་ངས་ང་རང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གཞོན་ནུའི་དབུས་དང་ས་གནས་ཀྱི་རྒྱུན་ལས་པ་ཚོས་མཚོན་པའི་ཚོགས་མི་འདིར་ཡོད་པ་རྣམས་དང༌། ཁྱེད་རྣམས་བརྒྱུད་ནས་རྒྱ་ཁྱབ་རྒྱལ་ཡོངས་སུ་ཡོད་པའི་གཞོན་ནུ་ལྷན་ཚོགས་ཀྱི་ལས་བྱེད་དང་ཚོགས་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང༌། བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

གཞོན་ནུ་ལྷན་ཚོགས་ལོ་ཉི་ཤུ་རྩ་གཉིས་ཀྱི་སྔོན་ལ་བཙུགས་སྐབས་ང་དང་ངའི་ངོ་ཤེས་གྲོགས་པོ་མང་པོ་མཉམ་དུ་ཡོད་ཅིང༌། བོད་པའི་གཏམ་དཔེར། བུ་མོས་ཨ་མ་བྱེད་མ་མྱོང་བ་མ་གཏོགས། ཨ་མས་བུ་མོ་བྱས་མ་མྱོང་བ་མ་རེད་ཟེར་བ་བཞིན་རྒས་འཁོགས་ཚོས་གཞོན་ནུ་བྱས་མ་མྱོང་བ་མ་རེད། གཞོན་ནུ་ལྷན་ཚོགས་ཐོག་མ་ཚུགས་སྐབས་ང་རང་ཡང་དོ་སྣང་ཆེན་པོའི་ཐོག་ནས་སྒྲིག་འཛུགས་དེར་མཉམ་རུབ་ཀྱི་ལས་ཀ་བྱེད་མཁན་གྱི་གྲས་སུ་ཡོད། བར་ལམ་ཞིག་ནས་ལས་ཀའི་གནས་སྟངས་དང༌། ས་བབས་ཀྱི་གནས་སྟངས། ལོའི་གནས་སྟངས་ཚང་མའི་ཆ་ནས་རིམ་པས་སྒྲིག་འཛུགས་ནང་ལ་དངོས་སུ་ལས་ཀ་བྱེད་པའི་གོ་སྐབས་བྱུང་མེད་ཀྱང༌། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱུན་དུ་མཛད་བྱུས་ག་རེ་གནང་མིན་དང༌། ཕྱག་ལས་ག་རེ་གནང་མིན་དེ་དག་ལ་སེམས་ཐག་ཉེ་པོའི་ཐོག་ནས་ལྟ་རྟོག་དང་འབྲེལ་བ་མུ་མཐུད་ཡོད་མུས་རེད།

ང་ཚོའི་སྤྱི་ཚོགས་ཀྱི་གོམས་གཤིས་ཤིག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང༌། འགལ་ཟླ་བྱེད་རྒྱུ་གཉིས་ཀར་དཀའ་ངལ་ཡོད་རེད། ག་རེ་བྱས་ཀྱང་ལས་དོན་གྱི་ངོ་བོའི་ཐོག་ལ་མ་བལྟས་པར་གང་ཟག་སྒེར་གྱི་འབྲེལ་ལམ་དང༌། ཡང་ན་དེའི་འགལ་ཟླའི་ཐོག་བལྟ་བའི་གཤིས་ཀ་ཞིག་ཡོད་རེད། དེ་སྔོན་དང་བསྡུར་ན་ཡག་ཏུ་ཕྱིན་ཡོད་ཀྱང༌། ད་ལྟ་ཡང་གཤིས་ཀ་དེ་རྩ་བ་ནས་སྤང་མ་ཐུབ་པར་གཞུང་སྒེར་དང༌། ཚོགས་པ་ལ་སོགས་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་དཀའ་ངལ་དེ་ཡོང་གི་ཡོད། དངོས་གནས་བྱས་ན་ང་ཚོ་ནང་པ་ཡིན་པས་དེ་ཚོའི་ཐོག་ལ་གཞན་ལས་ཡག་པ་ཡོད་དགོས། གང་ཡིན་ཟེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལམ་སྟོན་ཆོས་སྲིད་ཀྱི་ལས་དོན་གང་ལའང་སྦྱར་ཆོག་པ་ཞིག་ནི་རྟོན་པ་བཞིའི་རྣམ་གཞག་དེ་རེད། རྟོན་པ་བཞིའི་ནང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་ཞིག་ཡོད་ཅིང༌། བྱ་བའི་ངོ་བོ་བཟང་ངན་ལ་བརྟགས་ནས་རྒྱབ་སྐྱོར་འཐོབ་མཁན་ལ་བྱེད་དགོས་པ་དང༌། གང་ཟག་དེ་ལ་རྟག་ཏུ་བྱམས་སེམས་དང་མཛའ་བ་མ་གློད་པ་ཞིག་དགོས་པ་གཉིས་པོ་དེ་ང་ཚོའི་གོམས་གཤིས་ནང་སླེབས་ཁག་པོ་ཆགས་འདུག དེ་ནི་སྒྲིག་འཛུགས་ཤིག་གི་ལས་དོན་གྱི་གནས་སྟངས་ལ་ཆ་བཞག་ནའང་གཅིག་པ་རེད།

གཞོན་ནུ་ལྷན་ཚོགས་ཀྱི་འདས་པའི་ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་ནང་གནང་བའི་ལས་དོན་ཡོངས་རྫོགས་ཧ་ཅང་ཡག་པོ་བྱུང་བ་རེད་ཅེས་བཤད་ན་དབྱེ་བ་མ་ཕྱེ་བའི་སྐད་ཆ་ཞིག་ཏུ་ཆགས་རྒྱུ་རེད། འོན་ཀྱང་བརྒྱ་ཆ་བརྒྱ་བཤད་ཐུབ་པ་ཞིག་ནི་གཞོན་ནུ་ལྷན་ཚོགས་དབུ་ཚུགས་པ་ནས་བཟུང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དམིགས་ཡུལ་དུ་བཟུང་བ་དེའི་ཐོག་ཐེ་ཚོམ་དང་དྲི་བ་གང་ཡང་བྱེད་མི་དགོས་པ་དེ་རེད། དེ་ནི་གཟི་བརྗིད་ཆེན་པོ་ཞིག་རེད་དྲན་གྱི་འདུག

ལོ་ཉི་ཤུ་རྩ་གཉིས་སོང་རྗེས་ཕྱིར་བལྟས་སློག་སྐབས་ཧ་ཅང་ཕུན་སུམ་ཚོགས་པའི་ལས་དོན་མང་པོ་ཞིག་བྱུང་ཡོད་ལ། ལས་དོན་གྱི་ངོ་བོ་བཟང་ཡང་བྱེད་སྟངས་ཡག་པོ་མ་བྱུང་བའང་མང་པོ་ཞིག་བྱུང་ཡོད། ལས་དོན་ཁ་ཤས་ནི་བྱེད་སྟངས་དང་ངོ་བོ་གཉིས་ཀར་མོས་མཐུན་དང་དགའ་བསུ་ཞུ་མི་ཐུབ་པ་དེ་འདྲའང་བྱུང་མེད་ཅེས་བརྗོད་མི་ཐུབ། གནས་ཚུལ་གང་འདྲ་ཞིག་བྱུང་ཡང་ལྷག་བསམ་ལ་སྐྱོན་མེད་པ་དེ་མཐའ་གཅིག་ཏུ་བརྗོད་ཐུབ། གཞོན་ནུའི་སྒྲིག་འཛུགས་དེ་དར་རྒུད་དང་འགྱུར་བ་ཇི་འདྲ་ཕྱིན་ཡང་ལྷག་བསམ་དང་དམིགས་ཡུལ་ལ་འགྱུར་བ་མེད་པ་དང༌། སྐྱོན་མ་སོང་བ་དེ་གཟི་བརྗིད་ཆེན་པོ་ཡིན་པས་བསྔགས་བརྗོད་ཡོད་ཅེས་གསལ་པོ་བརྗོད་འདོད་བྱུང༌།

ད་ལྟ་འདིར་ས་གནས་རྒྱུན་ལས་ཀྱི་གསུང་བཤད་གནང་མཁན་ཞིག་གིས་བར་ལམ་ནས་གཞོན་ནུའི་ལས་དོན་ཐོག་ཉམས་ཆག་དང་དཀའ་ངལ་ཆེ་རུ་ཕྱིན་པའི་གནས་ཚུལ་ཞིག་བཀའ་གནང་སོང༌། སེམས་ཁུར་ཡོད་མཁན་རྣམས་ལ་ལས་དོན་ཉམས་ཆག་དང་ཏག་ཏག་མི་ཡོང་བའི་མཐོང་སྣང་ཡོང་བ་འདི་རང་གཤིས་ལྟ་བུ་རེད། གང་ཡིན་ཟེར་ན། སེམས་ཁུར་ཇི་ཙམ་ཡོད་པ་བཞིན་ལས་དོན་མ་འགྲུབ་སྐབས་བསམ་ཚུལ་དེ་འདྲ་ཡོང་སྲིད། ཡིན་ནའང་ང་ཚོ་ཕྱི་ལོགས་ནས་ལྟ་མཁན་ཚོས་དབུས་ས་གཉིས་ཀའི་དགོངས་པ་བཞེས་སྟངས་དང༌། སྲིད་བྱུས་འཛིན་སྟངས། ལས་དོན་ལ་ལྟ་སྟངས་བཅས་ཀྱི་ཐོག་འདས་པའི་ལོ་གཅིག་གཉིས་ནང་ཡག་ཏུ་ཕྱིན་པ་མ་ཟད། སྨིན་པའི་ཚད་དུ་སླེབས་འདུག་བསམ་གྱི་ཡོད། སེམས་ཤུགས་ཧ་ཅང་ཆེ་བའི་ལས་བྱེད་ཚོ་ལ་ཐུགས་འཚབ་ཡོང་གི་ཡོད་ཀྱང་དེ་ཙམ་གྱིས་ཐུགས་འཚབ་གནང་དགོས་དོན་མེད་སྙམ་གྱི་འདུག

མང་ཚོགས་ཀྱི་ངོས་ནས་གཞོན་ནུའི་སྒྲིག་འཛུགས་དེར་སྒྲིག་འཛུགས་གཞན་དང་མི་འདྲ་བའི་རེ་བ་ཆེན་པོ་ཞིག་རྒྱག་གི་ཡོད་ལ། མངོན་འདོད་མང་པོ་ཞིག་ཀྱང་དེའི་ཐོག་སྤུངས་ཀྱི་ཡོད། མ་གཞི་ནས་དེ་ངས་ཞུ་མ་དགོས་པར་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚང་མར་ཚོར་བ་དེ་ཡོད་མུས་བརྟེན། ང་ཚོ་ཕྱི་ལ་སྡོད་མཁན་གྱིས་འདི་གནང་ན་ཡག་པོ་འདུག འདི་གནང་ན་ཡག་པོ་མི་འདུག་ཅེས་གསལ་འདེབས་ཞུ་དགོས་པའི་གནས་སྟངས་ཤིག་མ་མཐོང་རུང༌། ང་ཚོའི་མཐོང་སྣང་དེ་ལས་ཀྱི་སྣེ་མོ་བ་ཚོས་གསན་ན་ཐུགས་ཕན་གསོས་པ་ཡོང་སྲིད་པ་ཞིག་རེད། ང་ཚོ་ནང་བཞིན་མང་ཚོགས་ཀྱི་ལས་དོན་གཞན་དག་གནང་མཁན་ཚོས་དེང་སང་གཞོན་ནུ་ལྟ་བུའི་སྒྲ་འཛུགས་དེ་དག་ལ་རེ་བ་དང་མངོན་འདོད་མང་པོ་ཞིག་ཡོད་པའི་ནང་ནས་གལ་ཆེ་ཤོས་ནི་དོན་དག་གཉིས་རེད།

དང་པོ་ནི། འབྱུང་འགྱུར་ལོ་བཞི་ལྔའི་ནང་བོད་དོན་བདེན་མཐའ་གསལ་ནས་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱིས་ཆབ་སྲིད་འཛིན་སྐྱོང་བྱེད་རྒྱུའི་གོ་སྐབས་ཤིག་བྱུང་ན།

ང་ཚོའི་ངོས་ནས་གྲྭ་སྒྲིག་འཐུས་ཚང་ཡོད་དམ་སྙམ་པའི་ཞེད་སྣང་ཞིག་ཡོང་གི་འདུག ཉེ་ཆར་རང་དབང་རང་བཙན་བྱུང་བའི་རྒྱལ་ཁབ་གསར་པ་མང་པོའི་ནང་རང་དབང་བྱུང་བའི་ཉིན་མོ་དེ་ནས་ནང་གི་འཛིན་སྐྱོང་གི་དཀའ་ངལ་གང་དང་གང་བྱུང་བ་དེ་ངས་འགྲེལ་བཤད་རྒྱག་མི་དགོས་པ་ཚང་མས་མཁྱེན་གསལ་རེད། དེས་ན་ང་ཚོས་གྲ་སྒྲིག་དེ་ད་ལྟ་ནས་མ་བྱས་པར་ལོག་པའི་ཉིན་མོ་དེ་ནས་བྱེད་དགོས་བྱུང་ན་ཧ་ཅང་ཕྱིས་དྲགས་པ་རེད། དེ་ལྟ་བུའི་གྲ་སྒྲིག་གི་འགན་དེ་གཞུང་འཛིན་དང་སྤྱི་འཐུས་ལ་ཡོད་པ་མ་རེད་ལ། ཚང་མ་མི་མང་གིས་བྱེད་ཐུབ་ཐབས་ཀྱང་མེད། ང་ཚོའི་ངོས་ནས་བྱེད་དགོས་ངེས་ཡིན་པའི་ཚོར་སྣང་གསལ་པོ་ཡོད་ཀྱང༌། ང་ཚོ་ལས་གཞོན་ནུའི་སྒྲིག་འཛུགས་དེ་མང་ཚོགས་ནང་འབྲེལ་བ་ཆེ་བ་དང༌། ཐག་ཉེ་བ་ཡོད་སྟབས་དེའི་ཐོག་འགན་དེ་ཆེ་བ་མེད་དམ་བསམ་གྱི་འདུག དེ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན་ཞིང༌། སྔོན་ལ་བསམ་བློ་འཁྱེར་སྟངས་ཀྱི་ལྟ་བའི་གོ་སྒྲིག་ཁོ་ན་གཏིང་ཟབ་ཅིག་བྱེད་དགོས། དེ་ནས་ལྟ་བ་དེ་སྤྱོད་པར་ལག་ལེན་བསྟར་སྟངས་ལའང་གོ་སྒྲིག་མང་པོ་ཞིག་བྱེད་དགོས་ཀྱི་ཡོད།

གཞན་པ་ཕར་བཞག་སྟེ་ང་ཚོར་ད་ལྟ་ཕན་ལ་ཆབ་སྲིད་ཀྱི་འཛིན་སྐྱོང་ནང་གོམས་པ་སྤོ་ཐུབ་མཁན་ལྟ་སྤྱོད་ལྡན་པའི་སྲིད་དོན་གྱི་ཚོགས་པ་གཅིག་ཀྱང་མེད། དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་ཡོད་རེད། གལ་ཏེ་ལོ་བཞི་ལྔ་དང་བཅུའི་ནང་ཚུན་ལ་གཞིས་བྱེས་བོད་མི་འཛོམས་པའི་གོ་སྐབས་བྱུང་ན། ྋརྒྱལ་བ་རིན་པོ་ཆེས་མ་འོངས་པའི་ཆབ་སྲིད་ཀྱི་ལམ་སྟོན་ནང་ཆབ་སྲིད་དང༌། དཔལ་འབྱོར། ཤེས་ཡོན། སྒྲིག་འཛུགས་སོགས་ཀྱི་ཐོག་ལམ་སྟོན་གནང་བ་དེ་དག་ལག་བསྟར་ཐུབ་པའི་གོ་སྒྲིག་སུས་བྱེད་ཀྱི་རེད། ལྷག་པར་དུ་ན་གཞོན་ཚོའི་ནང་སུས་བྱེད་ཀྱི་རེད། དེས་ན་དེ་བྱེད་པའི་ནུས་པ་དང༌། གོ་སྐབས། ལས་འགན་བཅས་གསུམ་ག་གཞོན་ལྷན་གྱི་སྒྲིག་འཛུགས་འདིར་ཚང་ཡོད་བསམ་གྱི་འདུག དེའི་ཐོག་འབོད་སྐུལ་ནན་པོ་ཞིག་ཞུ་རྒྱུ་ཡིན།

དེ་ཙམ་མ་ཟད་ང་ཚོས་ཕྱོགས་གཉིས་སུ་གོ་སྒྲིག་གནང་དགོས་ཀྱི་འདུག གལ་ཏེ་བོད་དོན་བདེན་མཐའ་གསལ་བ་ལ་ལོ་སྟོང་ཕྲག་བསྒུག་དགོས་བྱུང་ནའང་ང་ཚོའི་དྲི་བ་དེ་མི་བརླག་པའི་ཐོག་ནས་བསྒུག་ཐུབ་པ་ཞིག་དང༌། ཡང་ཟླ་ཤས་ནང་བོད་དོན་བདེན་མཐའ་གསལ་བའི་གནས་ཚུལ་བྱུང་ཡང༌། ལམ་སེང་དེ་ལེན་ཐུབ་པ་དང་འཛིན་སྐྱོང་བྱེད་ཐུབ་པ་ཞིག་དགོས་ཀྱི་འདུག དེ་ནི་ད་ལྟའི་མི་རབས་འདི་དང༌། ལྷག་པར་གཞོན་སྐྱེས་ཚོའི་ཐོག་ཏུ་བབས་པའི་ལས་འགན་ཆེན་པོ་ཞིག་རེད་དྲན་གྱི་འདུག དེས་ན་དེའི་དོན་དུ་མང་ཚོགས་ནང་ཚོར་སྣང་སྤེལ་རྒྱུ་དང༌། ལམ་སྟོན་དང་གོ་སྒྲིག་བྱེད་རྒྱུ་བཅས་ཀྱི་ཐོག་ནུས་པ་སྤུངས་ཏེ་ཛ་དྲག་གི་ལས་དོན་ཞིག་ཏུ་བརྩིས་ཏེ་བསྒྲུབ་དགོས་པ་ཧ་ཅང་གལ་ཆེན་པོ་འདུག

གཉིས་པ་ནི། འདས་པའི་ལོ་གཅིག་ནང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་ང་ཚོའི་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་ལམ་སྲོལ་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། དེ་ནི་མང་ཚོགས་ཀྱི་གནས་ཚད་སྨིན་མིན་ལ་མ་ལྟོས་པར་ྋསྐྱབས་མགོན་རིན་པོ་ཆེས་བཙན་ཐབས་སུ་གནང་བའི་གོ་སྐབས་དེ་ང་ཚོས་བེད་སྤྱོད་ཀྱིས་གཞིས་བྱེས་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་པ་དང༌། ད་ལྟའི་ཉམས་མྱོང་འདིས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་པ་ཞིག་བྱེད་མ་ཐུབ་པར། བཙན་བྱོལ་དུ་མི་རེ་གཉིས་ཀྱི་དབང་ཆའི་འཐབ་རྩོད་དང༌། མིང་མཐོང་གི་འཐབ་རྩོད་ཀྱི་ཆ་རྐྱེན་དུ་འགྱུར་ན་ལོ་རྒྱུས་ནང་ཟུབ་ཏུ་མེད་པའི་སྐྱོན་དང་ནོར་འཁྲུལ་དེ་ལས་ལྷག་པ་ཞིག་མེད། དེས་ན་ད་ལྟའི་གནས་སྐབས་སུ་རང་གཞན་རོགས་གསུམ་སུ་ཡིན་རུང་རང་གི་དོན་དང༌། རང་གི་མིང༌། རང་གི་ཁེ་ཕན་བཅས་བློས་བཏང་གིས་གང་བྱས་པ་རྣམས་བོད་མི་སྤྱི་ཡོངས་ཀྱི་ཕུགས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་ཕན་པའི་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། གཞུང་གི་ཆབ་སྲིད་འཛིན་སྐྱོང་ནང་ཡོད་པ་རྣམས་བསམ་བློའི་གནས་ཚད་ཀྱིས་ལྡེང་གི་མེད། དེ་ནི་གང་ཟག་བྱེ་བྲག་པར་སྐྱོན་བརྗོད་ཞུ་གི་མེད་ཀྱང༌། གང་ལྟར་སུ་དང་སུ་ཡིན་རུང་བསམ་བློའི་གནས་ཚད་ཀྱིས་ལྡེང་གི་མི་འདུག སྤྱིར་བཏང་བསམ་བློའི་གནས་ཚད་ཀྱིས་མ་ལྡེང་བ་ཙམ་ལ་དེ་ཙམ་གྱིས་ཞེད་སྣང་བྱེད་དགོས་དོན་མེད། འོན་ཀྱང་ང་ཚོ་ཐུག་ས་རྒྱ་ནག་དེ་ཧ་ཅང་གི་སྟོབས་ཤུགས་དང་སྒྲིག་འཛུགས་ཡོད་པའི་རྒྱལ་ཁབ་ཅིག་རེད།

ཁོ་ཚོའི་སྲིད་བྱུས་དབང་གིས་ཕྱི་ནང་ནས་ང་ཚོ་ལ་དཀའ་ངལ་མང་པོ་ཞིག་ཆེད་མངགས་བཟོས་དང་བཟོ་མུས་ལ་བརྟེན། ལས་ཀ་ཧ་ཅང་བྱེད་ཁག་པོ་དང༌། སོ་སོའི་གྲིབ་ནག་ལའང་དྭོགས་པ་ཟ་དགོས་པའི་གནས་ཚུལ་གོ་སྐབས་མང་པོ་ཞིག་ལ་ཡོང་གི་ཡོད། འོན་ཀྱང་གཞུང་གི་སྒྲིག་འཛུགས་ཀྱི་སྡེ་ཚན་གང་ཡང་རུང་བའི་ལས་དོན་ཐོག་སྐྱོན་དང་ནོར་འཁྲུལ་གང་བྱུང་བ་རྣམས་བསྲང་རྒྱུ་དང༌། སྐྱོན་བརྗོད་བྱེད་རྒྱུ། མང་ཚོགས་ནང་གསལ་བཤད་བྱེད་རྒྱུའི་འགན་རྣམས་གཞོན་ནུའི་སྒྲིག་འཛུགས་འདིས་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། དེ་རེ་འདུན་གཉིས་པ་དེ་ཡིན། དེས་ན་དོན་གནད་གཉིས་པོ་དེའི་ཐོག་གཞོན་ནུའི་སྒྲིག་འཛུགས་ཀྱིས་དགོངས་པ་ཟབ་ནན་བཞེས་དགོས་ཞེས་གོ་སྐབས་འདི་བཟུང་ནས་དམིགས་བཀར་འབོད་སྐུལ་ཞུ་རྒྱུ་ཡིན།

མང་གཙོའི་ཡན་ལག་ནང་གལ་ཆེ་ཤོས་ཤིག་ནི་གསར་ཤོག་དང་གནས་ཚུལ་ཁྱབ་སྤེལ་གྱི་བརྒྱུད་ལམ་ཁག་རེད། གཞོན་ནུའི་སྒྲིག་འཛུགས་ཀྱིས་དེའི་ཐོག་དེ་སྔ་ཕན་ལ་ཆ་ཤས་གལ་ཆེ་བླངས་ཡོད་ལ། མ་འོངས་པར་ཡང་བླང་དགོས་ཀྱི་འདུག གལ་ཏེ་སྨྲ་བརྗོད་ཀྱི་རང་དབང་དེ་དྲང་བདེན་ལ་གཞི་རྩ་བཞག་པའི་ཐོག་ནས་བེད་སྤྱོད་བྱེད་ན་སྤྱི་ཚོགས་ཀྱི་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ལ་ཕན་ཐོགས་ཡོང་གི་རེད། གལ་ཏེ་སྨྲ་བརྗོད་ཀྱི་རང་དབང་དེ་དྲང་བདེན་ལ་གཞི་རྩ་མ་བཟུང་བར་བེད་སྤྱོད་ལོག་པ་བཏང་ན། སྤྱི་ཚོགས་ལ་གནོད་པའང་ཡོང་སྲིད། ད་ལྟ་ཡོད་བཞིན་པའི་བརྒྱུད་ལམ་གྱིས་སྐབས་རེ་དངོས་ཡོད་ཀྱི་གནས་ཚུལ་མ་ཤེས་པར་ནོར་བའི་གནད་དོན་ཇི་ལྟ་ཇི་སྙེད་ཡོང་གི་འདུག དེ་ཡང་སྐྱོན་ཞིག་རེད། འོན་ཀྱང་སྐྱོན་དེ་ལས་ཆེ་བ་ཞིག་ནི་ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་ནས་གང་ཟག་བློ་ལ་འགྲོ་མ་འགྲོའི་དབང་གིས་དངོས་ཡོད་གནས་ཚུལ་ཤེས་བཞིན་དུའང་ཚོས་གཞི་བསྒྱུར་ནས་མང་ཚོགས་མདུན་ཆེད་མངགས་འཇོག་པ་དེ་འདྲ་བྱུང་ན་ང་ཚོ་དཀའ་ངལ་ཆེན་པོ་རེད། འདས་པའི་གནས་སྐབས་སུའང་དེ་འདྲའི་དཀའ་ངལ་བྱུང་ཡོད་ལ། མ་འོངས་པར་ཡང་ཡོང་སྲིད་པ་ཞིག་རེད། དེ་ཚོའི་ཐོག་ལའང་གཞོན་ནུའི་སྒྲིག་འཛུགས་ངོས་ནས་ངེས་པར་དུ་ཕན་ཐོགས་གནང་ཐུབ། ལྷག་པར་དུ་མང་ཚོགས་ནང་དངོས་ཡོད་གནས་ཚུལ་གང་ཡིན་པ་གསལ་པོར་སླེབས་ཐབས་བྱེད་རྒྱུ་འདི་བརྒྱུད་ལམ་སྤྱི་དང༌། ལྷག་པར་དུ་གཞོན་ནུས་འཛིན་སྐྱོང་བྱས་པའི་བརྒྱུད་ལམ་ཀྱིས་གནང་ཐུབ་རྒྱུ་ཞིག་རེད།

ད་ལྟའང་ང་ཚོ་བོད་པའི་སྤྱི་ཚོགས་དེ་འཆལ་གཏམ་དང་དཀྲོག་གཏམ་གྱི་འོག་ཤུགས་ཆེན་པོ་འགྲོ་བའི་གཤིས་ཀ་ལ་འགྱུར་བ་ཕྱིན་མེད། འཆལ་གཏམ་དང་དཀྲོག་གཏམ་དེ་དག་ལ་བདེན་པ་ཡོད་མེད་བརྟག་དཔྱད་བྱེད་རྒྱུའི་ཚོར་སྣང་ཆུང་བ་མ་ཟད། གང་གོ་ཚོར་བྱུང་བ་དེ་བདེན་པ་ཡིན་ཤག་གནང་མཁན་མང་པོ་ཞིག་ཡོད་རེད། ཐག་རིང་པོར་སྡོད་མཁན་ཡིན་ན་ཁག་མེད་ཅིང༌། གནས་ཚུལ་གོ་བའི་བརྒྱུད་ལམ་རེ་གཉིས་ལས་མེད་པ་དེ་ལ་མ་བརྟེན་ཐབས་མེད་རེད། འོན་ཀྱང་རྡ་ས་ལ་མཚོན་ན་གངས་ཅན་སྐྱིད་གཤོངས་སུ་གཞུང་གིས་གང་བྱེད་མིན་མེག་ལོར་ལ་སྡོད་མཁན་ཚོས་མ་ཤེས་པ་དེ་བློ་ཕམ་གྱི་གནས་ཚུལ་རེད། གལ་ཏེ་དྭོགས་པ་བྱུང་ན་འབྲེལ་ཡོད་ཀྱི་མི་ཞིག་ལ་སྐད་ཆ་འདྲི་བའམ། ཡང་ན་ཁ་དཔར་ཞིག་བཏང་སྟེ་སྐར་མ་ལྔ་དྲུག་ནང་གསལ་པོ་བཟོ་ཐུབ་ཐབས་ཡོད་ཀྱང༌། གསལ་པོ་བཟོ་རྒྱུའི་འདོད་པ་མེད་པའམ། ཡང་ན་བཟོ་དགོས་པའི་ཚོར་བ་མེད་པ་ཡིན། གང་ལྟར་འཆལ་གཏམ་དང་དཀྲོག་གཏམ་དེ་ལ་རྩ་ཆེ་བརྩི་བ་ལས། བདེན་པ་བདེན་ཐུབ་མ་བྱས་པ་དེས་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་འཕྲད་མུས་རེད། དེ་ཚོའི་ཐོག་ལ་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱག་ལས་གནང་ཐུབ་ན་ང་ཚོའི་སྤྱི་ཚོགས་ལ་ཤིན་ཏུ་ཕན་ཐོགས་ཡོང་ས་རེད། ལྷག་པར་དུ་གཞོན་ནུའི་སྒྲིག་འཛུགས་དེ་བོད་མི་གནས་ཡུལ་ས་གནས་ཡོངས་རྫོགས་ལ་ཁྱབ་ཡོད་ཙང༌། དེས་གནང་ཐུབ་པ་བཞིན་སྒྲིག་འཛུགས་གཞན་དག་གིས་ཡོང་ཁག་པོ་རེད།

ད་ལྟའི་ཆར་རྒྱལ་སྤྱིའི་ནང་ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་ཛ་དྲག་པོ་དང༌། གལ་ཆེན་པོ་ཞིག་ཐོག་སླེབས་ཡོད། རྒྱ་མི་དང་འབྲེལ་བ་བྱེད་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་རེད། དེ་ནི་གསང་བ་གང་ཡང་མ་རེད། དེས་ན་སྤྱི་འཐུས་ཀྱིས་སྐད་ཆ་གང་བཤད་པ་དང༌། བསམ་བློ་གང་བཏང་བ། ཐག་གཅོད་གང་བྱུང་བ། དེར་བཀའ་ཤག་གིས་ལག་ལེན་ཇི་ལྟར་བསྟར་གྱི་ཡོད་པ། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་ཚུལ་གང་འདྲ་ཞིག་ཡོད་པ་དེ་དག་ཚང་མ་ལོང་བས་བལྟས་པའི་རྒྱལ་ཁམས་ལྟ་བུ་ཧ་ཅང་གསལ་པོ་རེད། ༡༩༩༢ ཕྱི་ཟླ་ ༡༠ ཚེས་ ༧ ཉིན

ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཨང་ ༧ པའི་སྐུལ་བའི་གཏམ་གྱི་དུས་དེབ་ལས་བཏོན་ཡང་ཚིག་ལྷག་མང་བས་ཕྲན་བུ་ཞུ་སྒྲིག་བྱས་པ་ཡིན།།