ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད།
༄༅། ། སྐབས་ ༡༢ པའི་བཀའ་ཤག་ནས་ལས་ཁུར་བཞེས་རྗེས་དུས་ཚོད་རིང་པོ་མ་སོང་གོང་ས་གནས་འགོ་འཛིན་ཚོགས་འདུའི་ཐོག་བཀའ་ཤག་གི་བསམ་ཚུལ་དང༌། ལས་འཆར། སྲིད་བྱུས། དེ་དག་གི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་རྣམས་ངོ་སྤྲོད་རིང་པོ་ཞུས་ཡོད། གཞུང་གི་སྲི་ཞུ་བ་ཚང་མས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཕྱག་ལས་གནང་བ་ལས་སོ་སོའི་འཚོ་ཐབས་ཆེད་དུ་ཕྱག་ལས་གནང་མཁན་ཕལ་ཆེར་གཅིག་ཀྱང་མེད་བསམ་པ་སྔོན་མ་ཞུ་རྒྱུ་བྱུང་ལ། ད་དུང་བསྐྱར་ལྡབ་བྱས་ཏེ་ཞུ་རྒྱུ་ཡིན། སོ་སོའི་འཚོ་ཐབས་ཆེད་དུ་ཡིན་ན་འདི་ལས་ལེགས་པའི་འཚོ་ཐབས་གཞན་དག་མང་པོ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཕྱག་ལས་གནང་རྒྱུ་ནི་ཚང་མས་ྋགོང་ས་མཆོག་ལ་དད་གུས་དང༌། གཞིས་བྱེས་བོད་མིའི་གནས་བབ་ལ་དགོངས་པ་བཞེས་ནས་ཕྱག་ལས་གནང་མཁན་ཤ་སྟག་ཡིན་པར་བརྟེན་འཛིན་སྐྱོང་ངོས་ནས་གནས་ཚུལ་འགྲིགས་མིན་དང༌། མང་ཚོགས་ངོས་ནས་ལྟ་སྟངས་ལེགས་ཉེས་ལ་སོགས་པའི་ཐོག་ནས་སེམས་ཤུགས་ལ་འཕར་ཆག་དགོས་པའི་རྒྱུ་མཚན་རྩ་བ་ནས་མེད། ཐོག་མ་ནས་གཏམ་སྙན་གྲགས་ཡོང་རེ་དང༌། མི་མང་གིས་དགའ་པོ་ཡོང་བ། ཡང་ན་གོང་རིམ་གྱི་མཛད་གཙོ་རྣམ་པས་ལེགས་སོ་བསྔགས་བརྗོད་ཐོབ་རྒྱུའི་ཆེད་དམིགས་ཡུལ་བཟུང་སྟེ་ཕྱག་ལས་གནང་ཡོད་ན་བསྔགས་བརྗོད་ཡོང་སྐབས་སེམས་ཤུགས་འཕར་རྒྱུ་དང༌། བསྔགས་བརྗོད་མ་བྱུང་བའི་སྐབས་སེམས་ཤུགས་ཆག་རྒྱུའི་གནས་ཚུལ་ཡོང་སྲིད་པ་རེད།
ང་ཚོ་དེ་འདྲ་མིན་པར་ྋགོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང༌། བོད་སྤྱིའི་དམིགས་ཡུལ་བཟུང་སྟེ་ལས་ཀ་བྱེད་མཁན་ཡིན་པར་བརྟེན་གོང་རིམ་གྱི་བསྔགས་བརྗོད་ཐོབ་མིན་དང༌། མང་ཚོགས་ཀྱིས་དགའ་པོ་བྱེད་མིན་ལ་བརྟེན་ནས་ང་ཚོའི་སེམས་ཤུགས་ལ་ཁྱད་པར་འགྲོ་བའི་གནས་སྟངས་རྩ་བ་ནས་ཡོང་ཤེས་ཐབས་མེད། རང་སེམས་དཔང་པོར་བཞག་སྟེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པར་བརྟེན་རང་ངོས་ནས་དམིགས་ཡུལ་བཟུང་བ་དང་མཐུན་པའི་ལས་རྒྱུ་འབྲས་འཕེར་བ། ཚེ་འདི་ཕྱི་འཕེར་བ། རྒྱབ་མདུན་ངོ་ལྐོག་མེད་པར་ལེགས་ཉེས་གང་ཞིག་བྱུང་ཡང་སོ་སོས་དགའ་བ་བསྒོམ་རྒྱུ་དང༌། འདོད་པ་ཚིམ་རྒྱུ་ལས་དེ་མིན་སེམས་ཤུགས་འཕར་ཆག་གི་གནས་སྟངས་ཡོང་དགོས་དོན་མེད་པ་བསྐྱར་དུ་གསལ་འདེབས་ཞུས་ན་བསམ་པ་བྱུང༌། ནང་སྲིད་ལས་ཁུངས་ནས་དེ་རིང་བསྡུ་བསྐོང་གནང་བའི་ས་གནས་འགོ་འཛིན་གྱི་ཚོགས་འདུའི་ཐོག་ས་གནས་འགོ་འཛིན་གཅིག་མ་གཏོགས་ཚང་མ་འཛོམས་ཡོད་པར་བརྟེན་དེའི་གོ་སྐབས་བླངས་ནས་བཀའ་ཤག་གིས་རེ་བསྐུལ་ཞུ་རྒྱུའི་དོན་ཚན་གསུམ་ཡོད།
༡ ས་གནས་འགོ་འཛིན་རྣམས་ས་གནས་སུ་བཞུགས་པའི་སྐབས་བཙན་བྱོལ་གཞུང་གི་སྐུ་ཚབ་ཡིན་ཞིང༌། བཙན་བྱོལ་གཞུང་གི་སྐུ་ཚབ་མཚོན་ཐུབ་པ་ཞིག་དང༌། མང་ཚོགས་ལ་བཙན་བྱོལ་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ནས་ཐུགས་འགན་བཞེས་ཐུབ་པ་ཞིག་གནང་དགོས་ཀྱི་འདུག་ཅེས་བསྐྱར་ལྡབ་བྱས་ཏེ་འབོད་སྐུལ་ཞུ་རྒྱུ་ཡིན། སྐབས་རེ་ང་ཚོའི་མཐོང་སྣང་ལ་ས་གནས་འགོ་འཛིན་ཚོས་མང་ཚོགས་ནང་བཙན་བྱོལ་གཞུང་གི་སྐུ་ཚབ་མཚོན་པར་བྱས་ཏེ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང༌། དེའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་ཡོད་པ་དེ་དག་གསལ་བཤད་གནང་རྒྱུའི་ཚབ་ཏུ་མང་ཚོགས་མཉམ་དུ་ཡར་ཁ་སློག་ནས་གཞུང་གི་འགྲིགས་མིན་དང༌། ལྟ་སྐྱོང་བྱེད་མིན་སྐོར་སྐྱོན་བརྗོད་དང་བསམ་འཆར་འདོན་མཁན་ཡོང་བའི་སྐབས་གཞུང་གི་སྒྲིག་འཛུགས་ཀྱི་ཆ་ནས་ཏག་ཏག་གནས་ཀྱི་མེད། ད་ལྟའི་འཛིན་སྐྱོང་གིས་ལས་དོན་ཐག་གཅོད་གང་ཞིག་བྱས་ཀྱང་ལོ་ཉི་ཤུ་སུམ་ཅུའི་རྗེས་སུ་ཡོང་རྒྱུའི་གནས་ཚུལ་ལ་བསམ་བློ་བཏང་ནས་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཕུགས་ཀྱི་ཁེ་ཕན་དང༌། ྋགོང་ས་མཆོག་གི་མཛད་འཕྲིན་གྱི་གནས་ཚུལ་གཙོ་བོར་གྱུར་པའི་གཞི་རིམ་ཁྱོན་ཡོངས་ལ་བསམ་བློ་བཏང་ནས་ཐག་གཅོད་བྱས་པ་མང་ཆེ་བ་རེད། འཕྲལ་དུ་མི་མང་གིས་དགའ་མོས་བྱེད་པ་དང༌། སྲི་ཞུ་བས་ངོས་ལེན་བྱེད་མིན། ཡང་ན་ད་ལྟའི་སྐབས་འཕྲལ་གྱི་དཀའ་ངལ་སེལ་ཐབས་ཁོ་ན་བསམས་ནས་དེ་དག་ལ་གཞི་རྩར་མ་བཞག་པར་ཕུགས་རྒྱང་རིང་པོར་བསམ་བློ་བཏང་སྟེ་ྋགོང་ས་མཆོག་གིས་ག་དུས་ཡིན་ཡང་རེ་བ་བཟང་ས་ནས་རྒྱག་དགོས་པ་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་རླབས་ཆེན་གྱི་ལམ་སྟོན་ཁག་དམིགས་ཡུལ་ལ་བཟུང་ནས་ཕུགས་རྒྱང་རིང་པོའི་གནས་སྟངས་ལ་བསམ་བློ་བཏང་སྟེ་ལས་དོན་བྱེད་ཀྱི་ཡོད། གལ་སྲིད་སྡུག་ས་ཞིག་ནས་བསམ་བློ་བཏང་ན་ྋགོང་ས་མཆོག་སྐུ་གསེར་ཞལ་མི་བཞུགས་པའི་གནས་ཚུལ་བྱུང་བ་དང༌། ཡང་ན་རང་རེ་ད་དུང་བཙན་བྱོལ་དུ་ལོ་མང་པོ་སྡོད་དགོས་པའི་གནས་ཚུལ་བྱུང་ན་དེ་འདྲའི་སྐབས་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོང་རྒྱུ་དང༌། དེ་དག་གི་ཕུགས་རྒྱང་རིང་པོའི་གནས་ཚུལ་བློ་ཕུགས་སུ་བཞག་ནས་ཐག་གཅོད་བྱེད་དགོས་དུས་སྐབས་འཕྲལ་མང་ཚོགས་ཀྱི་བློ་ལ་མི་འགྲོ་བ་དང༌། མང་ཚོགས་ཀྱིས་དགའ་པོ་མི་བྱེད་པའི་གནས་ཚུལ་ཡོང་སྲིད་པ་རེད། དེང་རབས་ཀྱི་རང་དབང་ཡོད་པའི་རྒྱལ་ཁབ་གཞན་པའི་ཆབ་སྲིད་པ་བཞིན་མི་མང་དགའ་པོ་ཡོང་གི་འདུག་དང་མི་འདུག འོས་ཤོག་ཐོབ་མ་ཐོབ་ལ་བསམ་བློ་རྩ་བ་ནས་གཏོང་མི་དགོས་པའི་སྤྱི་ཚོགས་ཀྱི་གནས་བབ་ཅིག་ཡིན་པར་བརྟེན་ང་ཚོས་བོད་རྒྱ་ཆེའི་མང་ཚོགས་ཕུགས་སུ་དྲིན་ཆུང་དུ་མི་གཏོང་བ་དང༌། ལས་རྒྱུ་འབྲས་དཔང་འཕེར་ཐུབ་པ་ཞིག་མ་བྱས་ན་མི་འགྲིགས། དེར་བརྟེན་བཀའ་ཤག་གི་ཐག་གཅོད་མང་ཆེ་བ་དེ་ལྟར་བྱས་ཏེ་འགྲོ་གི་ཡོད། སྐབས་རེ་ས་གནས་སུ་བཞུགས་མཁན་གཞུང་གི་སྒྲིག་འཛུགས་འགན་ཁུར་བས་གཞུང་དང་མཉམ་དུ་ལངས་ཕྱོགས་གཅིག་པ་བྱས་ཏེ་མར་ཁ་སློག་ནས་སྐད་ཆ་ཤོད་པའི་སྐབས་སུ་རང་ཉིད་ལ་མི་མང་གིས་དགའ་པོ་བྱེད་ཀྱི་མ་རེད་བསམ་པའི་རང་ཟོན་གྱིས་གཞུང་གི་སྐུ་ཚབ་མི་མཚོན་པར་མི་མང་གི་སྐུ་ཚབ་མཚོན་པའི་ཕྱོགས་སུ་འགྲོ་རྒྱུའི་གནས་ཚུལ་བྱུང་ན་འགྲིགས་ཐབས་མེད། མི་མང་གི་སྐུ་ཚབ་ངོ་མ་ས་གནས་འཐུས་མིའི་ཚོགས་འདུས་མཚོན་དགོས་པ་ཡིན། ས་གནས་འགོ་འཛིན་མི་མང་གིས་འོས་འཕེན་བྱས་པ་ཞིག་ཡིན་ཡང་ས་གནས་སུ་སྡོད་སྐབས་གཞུང་གི་སྐུ་ཚབ་ཡིན་པ་ལས་མི་མང་གི་སྐུ་ཚབ་མིན། མི་མང་ནས་འོས་འདེམས་བྱས་པ་རྣམས་སྲི་ཞུ་བའི་སྒྲིག་གྲལ་ནང་གཞུང་ཞབས་འདེམས་ལྷན་གྱིས་འདེམས་སྒྲུག་མ་བྱས་པར་མི་མང་གིས་འོས་བསྡུ་བྱས་ཏེ་དུས་ཚོད་ངེས་ཅན་གྱི་ཆེད་དུ་སླེབས་པ་ཡིན་ཡང་འགོ་འཛིན་ཆགས་རྗེས་གཞུང་གི་སྲི་ཞུའི་གྲལ་དུ་སླེབས་པ་རེད། དེར་བརྟེན་ལེགས་ཉེས་གནས་ཚུལ་གང་ཞིག་བྱུང་ཡང་གཞུང་གི་སྐུ་ཚབ་མཚོན་ཐུབ་པ་བྱས་ཏེ་གཞུང་གི་ལངས་ཕྱོགས་དང་གཅིག་གྱུར་གྱི་ཁ་མར་སློག་ནས་གཞུང་གི་སྐུ་ཚབ་མཚོན་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད།
༢ གཞུང་གི་ལངས་ཕྱོགས་དང༌། སྲིད་བྱུས་གང་ཡིན་པ་མི་མང་ལ་བརྡ་ལན་འཕྲོད་པ་གནང་ཐུབ་རྒྱུ་ཞིག་དང༌། མང་ཚོགས་ལ་ལན་རྒྱག་ཕོད་མཁན་ཞིག་ཡིན་དགོས། ས་གནས་སུ་གནས་ཚུལ་འདྲ་མིན་བྱུང་བའི་སྐབས་སུ་མཁྱེན་བཞིན་དུ་དབུས་ལ་ཁ་པར་བཏང་ནས་ད་དུང་ག་རེ་བྱེད་དགོས་རེད་ཅེས་འདྲི་དགོས་པ་བྱུང་ན་ནོར་བ་རེད། བཀའ་ཤག་ལས་ཁུར་བླངས་མ་ཐག་གི་འགོ་སྡོད་ཡིན་ན་གཞུང་གི་མཛད་ཕྱོགས་གསལ་པོ་མ་ཆགས་པར་བརྟེན་ཁག་མེད། ད་ལྟའི་གནས་སྐབས་ལ་ཚང་མར་གསལ་པོ་ཆགས་ཟིན་པར་བརྟེན་ས་གནས་ས་ཐོག་ཏུ་མི་མང་ལ་གདོང་ལེན་བྱེད་དགོས་པ་ཞིག་ཡོང་སྐབས་ཡར་ངས་དབུས་ལ་བཀའ་འདྲི་ཞུས་པ་ཡིན་མ་བྱེད་གསུང་གི་འདུག་ཅེས་ཤོད་དགོས་པ་བྱུང་ན་འདི་ནི་འབག་གྱོན་ནས་འཁྲབ་པ་ལྟ་བུ་ཆགས་རྒྱུ་ཡིན།
༣ ས་གནས་ཀྱི་སྲི་ཞུ་བས་གཞུང་གི་ལམ་སྟོན་དང༌། སྒྲིག་གཞི། སྲིད་བྱུས་ཁག་མཐིལ་ཕྱིན་པའི་ཤེས་རྟོགས་དང་གོ་དོན་ལེགས་རྟོགས་དགོས་པ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དེ་ལྟར་མེད་ན་ས་གནས་སུ་གཞུང་གི་སྐུ་ཚབ་མཚོན་པའི་ས་གནས་འགོ་འཛིན་གནང་རྒྱུར་སྐུ་ངལ་འཕྲད་ཀྱི་རེད། གཞུང་གིས་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་མ་འགལ་བའི་ཐོག་ནས་ས་གནས་མི་མང་གི་མངོན་འདོད་བསྒྲུབ་པའི་ཆེད་དུ་རང་འགུལ་སྒྲིག་མཐུན་གྱི་ཐོག་ནས་ལས་དོན་བྱེད་རྒྱུ་གལ་ཆེན་པོ་ཡིན། རང་རེས་ཁྲིམས་དང་སྒྲིག་གཞི་དང་མི་འགལ་བ་དགོས་པར་ཤུགས་སྣོན་རྒྱག་སྐབས་གང་འཚམས་ནས་རང་འགུལ་གྱིས་ལས་དོན་བརྩམ་རྒྱུ་ཉུང་དུ་འགྲོ་བའི་གནས་ཚུལ་ཡོང་གི་འདུག ལམ་སྲོལ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་འགྲོ་དགོས་པ་རེད་ཅེས་ཞུ་སྐབས་ཕལ་ཆེར་གང་ཡང་འགུལ་ས་མེད་པ་ལྟ་བུའི་དགོངས་པ་བཞེས་མཁན་ཡོང་གི་མེད་དམ་སྙམ་པའི་ཚོར་སྣང་བཀའ་ཤག་ལ་ཡང་ཡང་ཡོང་གི་ཡོད། ཁྲིམས་ཀྱི་དབང་བསྒྱུར་ཡོད་པའི་སྐབས་སུ་མི་སུ་ཡིན་ཡང་རང་འགུལ་ནས་ལས་དོན་བྱེད་རྒྱུ་ལས་སླ་རུ་འགྲོ་བ་ལས་དཀའ་ངལ་ཆེ་རུ་ནམ་ཡང་འགྲོ་གི་མེད། ས་གནས་ཀྱི་ལས་དོན་ས་གནས་རང་ནས་བརྩམ་རྒྱུ་Initiativeབྱེད་རྒྱུ་ཉུང་དུ་ཕྱིན་པ་ཡིན་ན་སྨན་དུག་ཏུ་འགྱུར་བ་རེད། ང་ཚོས་ཁྲིམས་ཀྱི་དབང་བསྒྱུར་ཡོང་རྒྱུར་འབད་བརྩོན་བྱས་པ་དེའི་ཐོག་ནས་གཞི་རིམ་དང༌། ས་གནས་ནས་རང་འགུལ་གྱིས་ལས་དོན་བསྒྲུབ་རྒྱུ་མང་དུ་མ་ཕྱིན་པར་ཉུང་དུ་ཕྱིན་པ་ཡིན་ན་ཏག་ཏག་ལྡོག་ཕྱོགས་སུ་ཕྱིན་པ་རེད། དེར་བརྟེན་ས་གནས་སོ་སོའི་ནང་རང་འགུལ་གྱིས་འགན་ཁུར་དང༌། གསར་གཏོད་ཀྱི་ལས་དོན་མང་དུ་གཏོང་དགོས་ཞེས་ཐེངས་མང་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་ལ། མ་འོངས་པར་ཡང་ངེས་པར་དུ་ཐུགས་ལ་བཞག་རོགས་གནང་ཞུ་རྒྱུ་ཡིན།
མི་མང་གི་བཀའ་ལུང་ཡོད་པའི་གྲོས་ཚོགས་དང༌། འཛིན་སྐྱོང་གཉིས་ཀའི་ངོས་ནས་ྋགོང་ས་མཆོག་གི་ཐུགས་བཞེད་དང་མཐུན་པའི་བཙན་བྱོལ་བོད་མིའི་མངོན་འདོད་སྒྲུབ་ཐབས་ཀྱི་ཆེད་དུ་སྲིད་བྱུས་དང༌། ལས་གཞི་རྣམ་གྲངས་ལེགས་པོ་མང་པོ་ཞིག་གཏོད་པ་ཡིན་ཡང་དེ་ཚོ་ས་གནས་འགོ་འཛིན་གྱིས་དངོས་སུ་ལག་བསྟར་བྱེད་པའི་སྐབས་སུ་ཕྱར་གྲུ་མཉམ་འདེགས་དང་ལག་ལེན་དུ་འཁེལ་བ་ཞིག་མ་བྱུང་བ་ཡིན་ན་དབུས་ནས་བསམ་བློ་བཏང་བ་དང༌། ཤོག་ཐོག་བྲིས་པ་ཚང་མ་དོན་མེད་དང་འཕྲོ་བརླགས་ཡིན། རྡ་ས་ནས་བསམ་བློ་བཏང་སྟེ་འཆར་གཞི་སྒྲིག་གི་ཡོད། གང་འཚམས་ཀྱི་ལས་དོན་རྒྱ་ཆེན་པོ་དང་ཕུགས་རྒྱང་རིང་པོའི་ལས་དོན་བྱེད་ཀྱི་ཡོད། དེ་དག་དོན་དག་ཡོད་པ་ཞིག་ཡོང་མིན་མི་མང་མཉམ་དུ་རྒྱུན་དུ་གཤིབ་ནས་སྡོད་མཁན་ས་གནས་འགོ་འཛིན་ཚོས་ཕྱག་ལེན་དུ་བསྟར་ཕྱོགས་སུ་བརྒྱ་ཆ་བརྒྱ་ཐམ་པ་རག་ལུས་ཡོད། ས་གནས་འགོ་འཛིན་གྱིས་མཐུན་འགྱུར་དང་མཉམ་རུབ་ཡག་པོ་ཞིག་མ་གནང་བ་ཡིན་ན་རྡ་ས་ནས་ས་གནས་ཀྱི་ལས་དོན་སྣེ་གཅིག་ཀྱང་བསྒྲུབ་ཐུབ་རྒྱུར་རེ་བ་རྒྱག་རྒྱུ་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན། དེར་བརྟེན་ང་ཚོས་དུས་རྒྱུན་དུ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་ཡོད་པའི་ལས་བྱེད་ནང་ལས་བྱེད་གལ་གནད་ཆེ་ཤོས་ནི་ས་གནས་འགོ་འཛིན་རྣམ་པ་དང༌། སྐུ་ཚབ་དོན་གཅོད་ཁག་བརྩི་གི་ཡོད། ཆབ་སྲིད་ཀྱི་ལས་དོན་ཐད་རྒྱལ་སྤྱིའི་ནང་ང་ཚོས་ཅི་ཙམ་འཁྲབ་ཀྱང་ས་གནས་སོ་སོའི་དོན་གཅོད་ཀྱིས་ཕྱག་ལེན་དུ་མ་བསྟར་ན་ནུས་པ་ཐོན་རྒྱུ་གང་ཡང་མེད། བཙན་བྱོལ་བོད་མིའི་བདེ་དོན་གྱི་ཆེད་དུ་ང་ཚོས་འཆར་གཞི་མང་པོ་བསྒྲིགས་ཀྱང་ས་གནས་འགོ་འཛིན་རྣམ་པས་ཕྱག་ལེན་དུ་མ་བསྟར་ཚེ་གྲུབ་འབྲས་གང་ཡང་ཡོང་རྒྱུ་མེད། དེར་བརྟེན་ད་ལྟའི་གནས་སྐབས་སུ་དབུས་ཀྱི་དྲུང་ཆེ་དང༌། བཀའ་བློན་ལ་དེ་ཙམ་གྱི་འབྱོན་ཐང་མེད་པ་དང༌། ཡང་ན་དཀའ་ངལ་རྒྱག་མ་ཐུབ་ཀྱང་སྤྱི་ཚོགས་ཀྱི་ལས་དོན་ཐོག་གནོད་སྐྱོན་འགྲོ་གི་མ་རེད་བསམ་གྱི་ཡོད། ས་གནས་འགོ་འཛིན་གཅིག་གིས་ཐུགས་འགན་མ་བཞེས་པའམ། ཡང་ན་འབྱོན་ཐང་བཏོན་མ་ཐུབ་ན་ས་གནས་མི་མང་གི་བདེ་དོན་ཐད་ཉིན་རེ་ཉིན་རེའི་ཕན་ནུས་འབྲེལ་མི་ཐུབ་པ་མ་ཟད། འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ས་གནས་ནང་ཕྱག་ལས་གནང་མཁན་ཚོར་སྐུ་ངལ་ག་ཚོད་ཡོད་པ་དབུས་ལ་སྡོད་མཁན་ཚོས་མི་ཤེས་པ་རྩ་བ་ནས་མ་རེད། ལས་དོན་བྱེད་པའི་སྐབས་སུ་ག་དུས་ཡིན་ཡང་དཀའ་ངལ་ཡོང་གི་ཡོད་པ་དང༌། བར་ཆད་ཡོང་གི་ཡོད་པ་ཡིན་ཤག་ཤག་བྱས་ཏེ་འགྲོ་རྒྱུ་རེད་མ་གཏོགས་ལམ་སེང་བྱེད་ཆོག་ཆོག་ཡོད་ན་གཅིག་བྱས་ན་ས་གནས་འགོ་འཛིན་དགོས་མཁོ་མེད་པ་ཆགས་ཀྱི་རེད། དཀའ་ངལ་ཡོང་གི་ཡོད་པར་བརྟེན་དེར་གདོང་ལེན་བྱེད་རྒྱུ་དང་དེར་གདོང་ལེན་བྱེད་པའི་ཐབས་ལམ་འཚོལ་རྒྱུ། དེའི་ཆེད་དུ་དབུས་དང་ཐག་ཉེ་པོ་བྱས་ཏེ་ལས་དོན་བྱེད་རྒྱུ་དེ་དག་ས་གནས་འགོ་འཛིན་གྱི་ལས་འགན་ཡིན། ས་གནས་ཁག་ཏུ་ལས་དོན་གནང་མཁན་ཚོར་སོ་སོའི་མི་ཚེ་སྐྱེལ་སྟངས་དང༌། འཚོ་བའི་མཐུན་རྐྱེན། གཟུགས་གཞིའི་འཕྲོད་བསྟེན་སོགས་ཕྱོགས་མང་པོ་ནས་དཀའ་ངལ་ཡོད། དཀའ་ངལ་དེ་དག་ལ་གསུང་བསྐྱོན་ནས་བཞུགས་ཏེ་བང་བསྒྲིག་པ་ལས། གདོང་ལེན་གྱིས་སྐུ་ངལ་བསྐྱོན་མི་ཐུབ་པ་ཡིན་ན། དཀའ་ངལ་དེ་དག་སྡུག་གྱོང་དུ་འགྲོ་རྒྱུ་རེད། དཀའ་ངལ་ཡོད་པར་གདོང་ལེན་བྱས་པའི་ཐོག་ནས་མི་མང་གི་ལས་དོན་སྒྲུབ་པ་ཡིན་ན་དཀའ་ངལ་བརྒྱབ་པ་གོ་ཆོད་པ་ཡིན། ཚེ་འདི་ལ་བསམ་བློ་བཏང་ཡང་ངེས་པ་དོན་དང་ལྡན་པ་ཞིག་གནང་དགོས་པ་ཐུགས་འགན་ཆེན་པོ་རེད། དཀའ་ངལ་ལ་གདོང་ལེན་གནང་བའི་སྐབས་སུ་དབུས་ནས་མཐུན་འགྱུར་རམ་འདེགས་གང་དགོས་པ་ག་ཚོད་ཐུབ་ཐུབ་འབུལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ཁྱེད་རང་ཚོས་བཞེས་དགོས་པ་ཡིན། དེར་བརྟེན་དབུས་ས་མཉམ་རུབ་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཕྱིན་པ་ཡིན་ན་གྲུབ་འབྲས་མ་ཐོན་ཀྱང་ང་ཚོས་འབད་བརྩོན་ཆ་ཚང་ཞིག་བྱེད་ཐུབ་པ་ཡིན་ན་ངེས་པ་དོན་ལྡན་ཆགས་ཀྱི་རེད།