ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དང་འབྲེལ་བའི་ཐོག་གསལ་བཤད།
དེ་རིང་ཁྱོན་ཡོངས་ཀྱི་གོ་ལའི་ཁོར་ཡུག་ནང་ལ། བོད་དང་རྒྱ་གར་ལ་ཡིན་ནའང་རེད། ཞེ་དྲག་ཛ་དྲག་གི་སེམས་ཚོར་ཡོད་པའི་སྐབས་ཤིག་ལ་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཐོག་ལ་བཀའ་ཤག་ནས་བཀའ་མོལ་ཞུ་དགོས་པ་ཆགས་ཀྱི་མི་འདུག་ལ། ཞུ་འདོད་ཀྱང་མེད། རྒྱབ་སྐྱོར་བྱེད་དགོས་པ་དང་དགག་བྱ་བྱེད་དགོས་པ་ཆགས་ཀྱི་ཡོད་མ་རེད། ཡིན་ནའང་བཀུར་འོས་སྤྱི་འཐུས་གཅིག་གིས་གནས་ཚུལ་དེ་ཚོ་ཚང་མ་བཀའ་ཤག་གིས་མཁྱེན་གྱི་ཡོད་ཅེས་གསལ་པོ་བྱས་ནས་བཀའ་གནང་ཙང༌། ཡང་བཀའ་ཤག་གིས་ཤེས་ཀྱི་ཡོད་མེད་དེ་གསལ་པོ་མ་བཟོས་པར་རི་བོང་རྡོར་བརྫུས་ཀྱིས་བསྡད་ན་དེ་ཏོག་ཙམ་འགྲིགས་ཀྱི་ཡོད་མ་རེད་བསམ་གྱི་འདུག
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་སྐོར་དེ་ལ་ཆ་མཚོན་ན། རྒྱུན་རིང་པོ་ནས་སེམས་འཚབ་བྱེད་དགོས་པ་དང༌། བློ་ཁ་མ་ཁེངས་པའི་གནས་སྟངས་ཤིག་ཆགས་ཡོད་རེད། ཡིན་ནའང་དེ་ལ་ཁོ་རང་ཚོས་འགྲེལ་བརྗོད་ག་རེ་གནང་གི་ཡོད་རེད་ཅེ་ན། ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་འདི་མང་གཙོ་ཟེར་བ་ཙམ་མ་གཏོགས། དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོར་བཟོད་བསྲན་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ལ་སྡང་ཟུག་བྱེད་ཀྱི་ཡོད་རེད་ཅེས་གསུང་གི་ཡོད་རེད། དེ་རྩ་བ་ནས་བདེན་པ་མ་རེད་ཞུ་རྒྱུ་ཡིན། ྋརྒྱལ་བ་རིན་པོ་ཆེ་ལས་ལྷག་པ་མང་གཙོའི་དགོངས་བཞེད་ཡོད་པ་ཞིག་དང༌། ད་ལྟ་བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོར་སྡོད་མཁན་ཚོས་མང་གཙོའི་དགོངས་གཞི་གཞན་ལ་སྤེལ་གྱི་ཡིན་ཟེར་ཁ་བྱེད་ཀྱི་ཡོད་ཀྱང༌། གཞན་ལ་སྤེལ་བ་ལ་རང་ལ་གཅིག་ཡོད་དགོས་རེད། དངོས་གནས་དྲང་གནས་བདེན་པ་བདེན་ཐུབ་ཀྱི་ཐོག་ནས་དགག་པ་གནང་མཁན་ཚོ་ལ་དགའ་བསུ་ཞུ་ཡི་ཡོད་མ་གཏོགས། དགག་བྱ་གང་ཡང་ཞུ་ཡི་མེད། ཡིན་ནའང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གིས་བདེན་པ་མ་ཡིན་པའི་གནས་ཚུལ་མང་པོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང༌། དེ་ལ་བརྟེན་ནས་ྋརྒྱལ་བ་རིན་པོ་ཆཻ་དང་བཙན་བྱོལ་བོད་གཞུང་ནག་པོ་བཟོ་རྒྱུ། ལྷག་པར་དུ་བོད་ནང་སྡོད་མཁན་གྱི་མི་ཚོའི་མདུན་ལ་ནག་པོ་བཟོ་རྒྱུ་དེ་དམིགས་ཡུལ་གཅིག་ལ་བཟུང་ནས་གནང་གི་ཡོད་རེད། ཁོ་རང་ཚོ་སྨྲ་བརྗོད་རང་དབང་རེད། གསར་འགོད་པ་རེད། དེ་འདྲ་ཡིན་ཙང་ང་ཚོས་གཞན་པ་གང་ཡང་བྱེད་རྒྱུ་ཡོད་མ་རེད་དེ། འདས་པའི་ལོ་ལྔའི་རིང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ནམ་ཡང་རང་དབང་རླུང་འཕྲིན་ཁང་ལ་བཅར་འདྲི་གནང་ཡོད་མ་རེད། བཀའ་ཤག་གི་ངོས་ནས་བཀའ་བློན་གསར་པ་ཁ་ཤས་ནོར་ནས་བཀའ་བློན་གསར་དུ་བསྐོས་པ་རེད་ཟེར་དུས། ང་ཚོས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་ལ་བཅར་འདྲི་གནང་གི་ཡོད་མ་རེད་ཅེས་ཞུ་རྒྱུ་མ་བྱུང་གོང་ནས་བཅར་འདྲི་ཞུ་མཁན་དེ་འདྲ་གཅིག་གཉིས་བྱུང་སོང་མ་གཏོགས༌། ང་ཚོ་བཀའ་བློན་རྣམ་པ་ཚོས་རང་དབང་རླུང་འཕྲིན་ཁང་ལ་བཅར་འདྲི་རྩ་བ་ཉིད་ནས་སྤྲོད་ཀྱི་མེད། གནའ་སྔ་མོའི་སྐད་ཆ་དེ་ཚོ་གཡུག་ཞོག ལྷག་པར་དུ་ཉེ་བའི་ཆར་ ༢༠༠༢།༠༣ ལ་ང་ཚོས་ཡིག་འབྲེལ་མང་པོ་བྱས་པ་བྱུང་བ་རེད། བོད་རྒྱ་ཞི་མོལ་གནས་བབ་དང་འབྲེལ་བའི་སྒང་ལ་གཞི་རྩ་ཁྱོན་ནས་མེད་པ་དང༌། བདེན་པ་རྩ་བ་ནས་མེད་པའི་གནས་ཚུལ་དེ་འདྲ་གསར་ཁང་ནས་ཡིན་ཤག་ཤག་གིས་གསལ་བསྒྲགས་གནང་བར་བརྟེན་ནས་དཀའ་ངལ་བྱུང་བ་རེད། དེ་འདྲའི་རྒྱུ་མཚན་གྱིས་ང་ཚོས་ཡི་གེ་བཏང་བ་ཡིན་ཡང༌། ཆུ་ལ་རྡོ་གཡུགས་པ་བཞིན་ཨ་ལན་གང་ཡང་མི་འདུག་ལ། ཡིག་ལན་ཡང་མི་འདུག གང་ལྟར་དྲག་ཏུ་ཕྱིན་མ་སོང༌།
ལོ་འདིའི་ཟླ་བ་དང་པོ་གཉིས་པའི་ནང་ལ་དོལ་རྒྱལ་སྐོར་ལ་ཁོ་རང་ཚོས་དྲིལ་བསྒྲགས་བྱེད་སྟངས་དང་བགྲོ་གླེང་གནང་སྟངས་གང་འདྲ་གནང་ཡོད་རེད། དོལ་རྒྱལ་ཚོགས་པ་ག་ཚོད་ཅིག་སྤེལ་བ་བྱེད་རྒྱུའི་ཐབས་ཤེས་གནང་ཡོད་རེད། ཡིན་ནའང་བོད་ནང་ཡོད་པའི་བོད་མི་ཚོ་དང༌། ཨ་རིའི་ནང་ལ་ཡོད་པའི་བོད་མི་ཚོས་ཤུགས་ཆེན་པོས་ངོ་རྒོལ་བྱས་ཙང༌། བགྲོ་གླེང་གཉིས་པ་གསུམ་པ་དེ་རྒྱང་སྲིང་བྱེད་མ་ཐུབ་པར་བཞག་པ་རེད། ཡིན་ནའང་ད་ལྟ་དེ་ཚོ་ཚང་མ་རང་དབང་རླུང་འཕྲིན་ཁང་ནང་ཡོད་རེད། དོལ་རྒྱལ་ཚོགས་པའི་མི་དང་བཅར་འདྲི་ཞུས་པ་དང༌། ཁོ་རང་ཚོའི་ངོས་ནས་གང་འདྲ་ཞིག་ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གིས་མ་འགྲིགས་པ་དང་མ་འཐུས་པ་བཤད་རྒྱུ་ཡོད་པ་ཚང་མ་ཚར་གསུམ་དྲིལ་བསྒྲགས་བྱ་རྒྱུའི་ཆེད་དུ་འཁོར་ཐག་ནང་བཅུག་བཞག་པ་དེ་ཡོད་རེད།
ལར་ནས་འཛམ་བུ་གླིང་གི་མི་ཡོངས་སུ་རྫོགས་པས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཉིས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་ལ་ཐེ་ཚོམ་དྭོགས་པ་གཅིག་ཀྱང་ཡོད་མ་རེད། སུ་དང་སུ་ཡིན་ནའང་དེ་ག་རང་ཞུ་ཡི་ཡོད་རེད། ཡིན་ནའང་གསར་འགོད་ཀྱི་ལྟ་གྲུབ་དང་དེ་འདྲའི་ཐོག་ནས་ལུང་དྲངས་ནས། ཅང་ཙེ་མིན་ལ་ Mr. President ཅང་ཙེ་མིན་ཟེར་གྱི་ཡོད་ན། ྋརྒྱལ་དབང་རིན་པོ་ཆེ་ལ་ Mr. ྋརྒྱལ་དབང་རིན་པོ་ཆེ་ལབ་པ་མ་གཏོགས། ལྷ་མིའི་རྣམ་འདྲེན་སོགས་ལབ་ན་འགྲིགས་ཀྱི་ཡོད་མ་རེད། གསར་འགོད་པའི་བཟང་སྤྱོད་དང་འགལ་བ་རེད་ཅེས་ལན་མང་པོ་བཀའ་སློབ་གནང་འདུག ཡིན་ནའང་ལས་ཀ་བྱེད་མཁན་མང་ཆེ་བ་བོད་པ་ཡིན་ཙང་ཉན་པ་ཡོད་རེད་ལ་མ་ཉན་པའང་ཡོད་རེད།
དེ་འདྲའི་གནས་ཚུལ་མང་པོའི་ཐོག་ལ་བསམ་གཞིགས་བྱེད་པའི་སྐབས་ལ། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གིས་དེ་སྔ་ཕན་ཆད་ཕྱག་ལས་གནང་སྟངས་དེ་བོད་ཀྱི་རྩ་དོན་ལ་ཕན་པ་དང༌། ྋརྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་ཕན་པ་དེ་ཚོ་གང་ཡང་བྱུང་མེད་པ་དེ་ང་ཚོའི་བཀའ་ཤག་ནས་ཤེས་ཀྱི་ཡོད། སྤྱི་འཐུས་རྣམ་པ་ཚོས་མཁྱེན་པ་ལས་མང་བ་མཁྱེན་གྱི་ཡོད། ཚང་མ་ངས་གྲོས་ཚོགས་ནང་ཞུ་དགོས་པ་མི་འདུག ཞུ་ཐུབ་ཀྱི་མི་འདུག དེ་ང་ཚོས་ཤེས་ཀྱི་ཡོད། ཤེས་པ་ཡིན་ནའང་ང་ཚོའི་ལངས་ཕྱོགས་དེ་གོང་དུ་ཞུས་པ་ནང་བཞིན་དེ་འདྲ་ཙམ་གྱིས་བསྡད་རྒྱུ་མ་གཏོགས། དེ་ལས་ལྷག་པའི་གནས་ཚུལ་གང་ཡང་ཆགས་ཀྱི་ཡོད་མ་རེད།
སྔ་ལོ་རླུང་འཕྲིན་གཉིས་ཀའི་སྔོན་རྩིས་གཅོག་ཆ་གནང་རྒྱུའི་གནས་ཚུལ་དེ་གོ་དུས། ང་རང་ཨ་རི་ལ་ཡོད་པའི་སྐབས་འཁེལ་དུས་བདེ་པོ་ཞིག་དང་སྟབས་བདེ་པོ་ཞིག་གང་ཡང་བྱུང་མ་སོང༌། རླུང་འཕྲིན་འགན་འཛིན་རྣམ་པ་ཚོས་གང་ཡང་གསུང་གི་མི་འདུག་ཀྱང༌། ལས་བྱེད་ཚོས་བློས་མ་བཟོད་པར་གཅིག་བྱ་རྒྱུ་མི་འདུག་གམ་ཞེས་བཀའ་གནང་དུས་ང་ཚོས་གོ་བསྡུར་མང་པོ་བྱས་པ་རེད། གོ་བསྡུར་མང་པོ་བྱེད་དུས་རླུང་འཕྲིན་ཁང་དེ་གཉིས་ཀྱི་ལས་རིམ་ལ་གཅོག་ཆ་ཕྱིན་པ་ཡིན་ན། དེ་སྤྱིར་བཏང་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀའི་ནང་ལ་མཚོན་རྟགས་འདྲ་པོ་ཞིག་ག་རེ་འགྲོ་ཡི་རེད་ཅེ་ན། ཨ་རིའི་གཞུང་གིས་བོད་དོན་ཐོག་ལ་སེམས་འཁུར་ཆུང་དུ་ཕྱིན་པའམ། ཡང་གལ་གནད་ཆེ་ཆུང་བརྩི་ས་ཁྱད་པར་ཕྱིན་པ་མིན་འགྲོ། ཨ་རིའི་གཞུང་གིས་བོད་དོན་ཐོག་ལ་དེ་ཙམ་ཐུགས་སྣང་མེད་པ་མིན་འགྲོ་ཞེས་དེ་འདྲའི་གནས་ཚུལ་ཡོང་སྲིད་ཀྱི་རེད་དྲན་ནས། སྐབས་དེ་དུས་ཐུབ་ཚད་ལ་དེ་མ་བཅག་པའི་ཐབས་ཤེས་གནང་རྒྱུ་མི་འདུག་གམ་གནང་རོགས་གནང་ཞེས་བརྗོད་མོད། དུས་ཚོད་ཏོག་ཙམ་ཕྱིས་དྲགས་འདུག གང་ལྟར་བརྒྱུད་ལམ་ཚང་མ་ནས་ཕར་ཚུར་ཞུས་པའི་ཉེར་ལེན་ལ་བརྟེན་ནས་འདི་འདྲ་ཆགས་ཡོད་རེད། འདི་ལོ་བསྐྱར་དུ་གཅོག་ཆ་ཡོད་རེད་ཅེས་ཟེར་དུས་སྐབས་ལ་བཀའ་ཤག་ངོས་ནས་གཅིག་བྱས་ན་དབྱེ་བ་ཕྱེ་ནས་འདི་ལ་གཅོག་ཆ་མ་གནང་རོགས། འདི་ལ་གང་ཡང་ཞུ་རྒྱུ་མེད་ཅེས་ཕལ་ཆེར་ང་ཚོས་ཞུ་དགོས་བྱུང་ན་དེ་བརྗོད་དགོས་ཆགས་ཀྱི་རེད་བསམ་གྱི་འདུག
དེ་ནས་སྤྱི་འཐུས་རྣམ་པ་དང་མང་ཚོགས་ཚང་མས་གཅིག་བྱས་ན་མཐོང་སྣང་བྱུང་ཡོད་ཀྱི་རེད། གཅིག་བྱས་ན་མཐོང་སྣང་བྱུང་ཡོད་ཀྱི་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བརྒྱུད་ལམ་དེ་གཉིས་ལ་བཀག་སྟངས་དེ་མི་འདྲ་བ་ཡོད་རེད། ཨ་རི་བོད་སྐད་རླུང་འཕྲིན་ཁང་ལ་བོད་ནང་འགོག་རྒྱུའི་འཕྲུལ་ཆས་བཙུགས་ཡོད་པ་ནང་བཞིན་གྱིས་རང་དབང་རླུང་འཕྲིན་ལ་བཙུགས་ཡོད་མ་རེད། བྱས་ཙང་བོད་ནང་ལ་གསལ་ལོད་བྱས་པ་ཡིན་ན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་དེ་ཞེ་དྲགས་གསལ་བ་གསན་ཐུབ་པ་བྱུང་བ་དེ་གོ་རྒྱུ་གཅིག་ཡོད་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་ད་ལྟ་འདིར་མ་ཞུ་ཐབས་མེད་དེ་བཀའ་ཤག་གིས་ཤེས་ཡོད་རེད་གསུངས་པ་དེ་ཤེས་ལུགས་ཤེས་སྟངས་དེ་གཅིག་མ་ཞུས་ན། ཡང་གྲོས་ཚོགས་ཀྱི་དེབ་ཐེར་གྱི་ནང་ཏག་ཏག་བསྡད་ཀྱི་མ་རེད་བསམས་སོང༌།
ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥