ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་དབར་གྱི་འབྲེལ་བ་དང༌།

ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་དབར་གྱི་འབྲེལ་བ་དང༌། ང་ཚོའི་གྲོས་ཚོགས་དང་བཀའ་ཤག་དབར་གྱི་འབྲེལ་བ་མི་མཚུངས་པའི་སྐོར། གྲོས་ཆོད་དེའི་བགྲོ་གླེང་གི་སྐབས་བྱུང་བའི་དོན་གནད་ཁ་ཤས་ཐོག་གྲོས་ཚོགས་ཀྱི་ནང་ཚོགས་གཙོས་གསལ་པོ་བཟོ་དགོས་འདུག དེ་ནི་བགྲོ་གླེང་གི་སྐབས་ཨ་རི་གྲོས་ཚོགས་ནང་བཞག་པའི་གྲོས་ཆོད་དེ་འདྲ་དཔེར་བླངས་ཏེ་གསུངས་སོང༌། ཨ་རི་གྲོས་ཚོགས་དང་ཨ་རི་སྲིད་འཛིན་དབར་གྱི་འབྲེལ་བ་དང༌། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་བཀའ་ཤག་དབར་གྱི་འབྲེལ་བ་དེ་མི་མཚུངས། ཨ་རིའི་ནང་དབང་ཆའི་དབྱེ་བ་འབྱེད་ཚུལ་ནི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་ཁྱབ་དགོས་མེད། གྲོས་ཚོགས་ནས་དགོས་དངུལ་བཀའ་ཁྲོལ་ཞུ་རྒྱུ་ཙམ་མ་གཏོགས། དེ་མིན་འཛིན་སྐྱོང་གིས་ཐག་གཅོད་གང་གནང་བ་དེ་གྲོས་ཚོགས་ལ་ལྟོས་མི་དགོས་པ་དང༌། གྲོས་ཚོགས་ཀྱི་ཐག་གཅོད་རྣམས་ཁྲིམས་ཡིག་ཅིག་ཡིན་ན་མ་གཏོགས། གྲོས་ཆོད་དང༌། གྲོས་ཚོགས་ཀྱི་དགོངས་ཚུལ། གྲོས་ཚོགས་ཀྱི་ཚོར་སྣང་གསལ་བཤད་གནང་བ་རྣམས་འཛིན་སྐྱོང་གིས་ངེས་པར་དུ་ཕྱག་ལེན་བསྟར་དགོས་ཀྱི་མེད། དབང་ཆའི་དབྱེ་བ་ཕྱེ་ཚུལ་དེས་གྲོས་ཚོགས་དང་འཛིན་སྐྱོང་གཉིས་སྲིད་བྱུས་འཛིན་སྟངས་ཀྱི་ལམ་ཐ་དད་དུ་བསྐྱོད་ཆོག་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་གཞུང་གི་འཛིན་སྐྱོང་དེ་བརྒྱ་ཆ་ ༡༠༠ ཐམ་པ་གྲོས་ཚོགས་ལ་འགན་ཁྱེར་དགོས་པ་དང༌། རྩིས་རྒྱག་དགོས་པ། དེ་བཞིན་ལན་བརྒྱབ་དགོས་པ་ཞིག་ཡིན། དེར་བརྟེན་གྲོས་ཚོགས་ནས་ཐག་གཅོད་གང་གནང་བ་དེ་འཛིན་སྐྱོང་གི་སྟེང་ཁྱབ་ཀྱི་ཡོད་ལ་ངོས་ལེན་ཡང་གནང་དགོས་ཀྱི་ཡོད། དེ་ལས་བརྒལ་ཏེ་འཛིན་སྐྱོང་གིས་ཐག་གཅོད་གཞན་ཞིག་གི་ཐོག་ཕེབས་རྒྱུའི་བསྐྱོད་ལམ་མེད། ཨ་རིའི་ལམ་སྲོལ་འདིར་དཔེ་སྦྱར་བ་ཡིན་ན་བཀའ་ཤག་མཉེས་པོ་ཡོང་སྲིད། ཡིན་ཡང་ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དང་མི་མཐུན། དེར་བརྟེན་གྲོས་ཚོགས་སུ་གང་ཐག་གཅོད་བྱུང་བ་དེ་བཀའ་ཤག་གིས་ཕྱག་ལེན་བསྟར་དགོས་ཀྱི་ཡོད། གཉིས་པ། གྲོས་ཆོད་དང་ཁྲིམས་ཡིག་གི་ཐོག་བགྲོ་གླེང་གནང་བའི་སྐབས་ཚིག་བརྗོད་བསྒྱུར་བཅོས་གཏོང་དགོས་ངེས་པར་དུ་བཟོ་བཅོས་གྲོས་འཆར་བཏོན་གནང་དགོས། དེ་མིན་ངོས་ལེན་ཞུ་དཀའ། གསུམ་པ། ཚོགས་གཙོས་ལས་དོན་སྟངས་འཛིན་བྱེད་ཕྱོགས་དང་ལས་དོན་བང་རིམ་སྒྲིག་ཕྱོགས་ཀྱི་ཐད་དགོངས་འཆར་གང་ཡོད་པ་དེ་དག་ལས་རིམ་རྣམ་གཞག་གི་དགོངས་འཆར་ཐོག་བཏོན་དགོས། དེ་ཚོགས་མི་ཚང་མས་གསན་གྱི་རེད་ལ། ཐག་གཅོད་གང་བྱུང་བ་དེ་མཐའ་མ་ཡིན། དེ་མིན་ཤོག་འཛར་སྟེང་བྲིས་ཏེ་ཚོགས་གཙོར་དགོངས་འཆར་གནང་རྒྱུ་དེ་གྲོས་ཚོགས་ཀྱི་ལམ་སྲོལ་ནང་མེད། ཚོགས་གཙོས་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐད་གནད་དོན་གང་ཡིན་རུང༌། གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ལ་ལས་རིམ་རྣམ་གཞག་གི་དགོངས་འཆར་གནང་རྒྱུའི་ཐོབ་ཐང་ཡོད། དེར་བརྟེན་ཐད་ཀར་ཕྱག་བརྐྱངས་ཏེ་ལས་རིམ་རྣམ་གཞག་གི་དགོངས་འཆར་གནང་བ་ཡིན་ན། དེ་ཐོག་བགྲོ་གླེང་དང་ཁས་ལེན་བྱ་རྒྱུའི་ཆ་རྐྱེན་ཡང་སྒྲིག་གཞིའི་ནང་ཡོད། དེ་མིན་ཤོག་འཛར་སྟེང་གནང་ཚེ་ནང་ཚགས་ལྟ་བུར་འགྱུར་བ་དང༌། དེས་ཚོགས་གཅོའི་བསམ་ཚུལ་ལ་ཕན་གནོད་འབྲེལ་ཚེ་ལེགས་པོ་མེད། ཚོགས་གཙོའི་བསམ་བློ་དེ་རང་དབང་གི་ཐོག་འགྲོ་དགོས་རྒྱུ་དང༌། དེ་ལ་བསྒྱུར་བཅོས་གཏོང་དགོས་ན་གྲོས་ཚོགས་ཚང་མས་མཁྱེན་པའི་ཐོག་བགྲོ་གླེང་གནང་སྟེ་བསྒྱུར་བཅོས་གཏོང་དགོས། དེ་གྲོས་ཚོགས་ཀྱི་ལས་རིམ་གལ་ཆེ་བ་ཞིག་ཡིན་པས་ཚོགས་མི་ཡོངས་ནས་ངེས་པར་དུ་དགོངས་པར་འཇགས་རོགས་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠