སྤྱི་ལྷན་གྱི་སྒྲིག་གཞི་གུ་ཡངས་པོ་ཡོད་གནད་སྐོར།

སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་འདི་འཛིན་སྐྱོང་དང༌། དཔལ་འབྱོར། རྩིས་སོགས་ཀྱི་སྒྲིག་གཞི་དང་མི་འདྲ་བར་ཉིན་རེ་ཉིན་རེའི་གྲོས་ཚོགས་ཀྱི་ལས་རིམ་གྱི་འགྲོས་ལ་ལྟོས་ནས་སྐབས་མང་པོར་འགྱུར་བ་གཏོང་དགོས་རྒྱུ་དང༌། གུ་ཡངས་གཏོང་དགོས་རྒྱུ། སྒྲིག་གཞིའི་ནང་མེད་ཀྱང་སྟངས་འཛིན་བྱེད་དགོས་རྒྱུ་སོགས་ཡོང་གི་ཡོད། རྒྱུ་མཚན་དེར་བརྟེན་སྒྲིག་གཞིའི་ནང་གི་ལས་རིམ་རྣམ་གཞག་གི་བསམ་འཆར་བཏོན་རྒྱུ་དང༌། དེ་དང་འབྲེལ་བའི་ཚོགས་གཙོས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་འགའ་རེ་ཚོགས་ཐེངས་རེ་རེའི་ཆེད་དུ་མི་དགོས་པ་བྱེད་རྒྱུའི་དབང་ཚད་དང༌། དེ་དང་མཚུངས་པའི་སྒྲིག་གཞིའི་ནང་མ་གསལ་བ་དེ་དག་ཚོགས་གཙོའི་དབང་ཚད་ལྷག་མའི་ནང་བཞག་ནས་བཅའ་ཁྲིམས་དང་མང་གཙོའི་གྲོས་ཚོགས་ཀྱི་ལྟ་གྲུབ་དང་མི་འགལ་བ་ཞིག་ཡིན་ན། གང་ཡིན་ཡང་ཐག་གཅོད་བྱེད་ཆོག་རྒྱུའི་གུ་ཡངས་པོ་བཟོས་པ་ཞིག་རེད། གུ་ཡངས་པོ་བཟོ་དགོས་རྒྱུ་གང་ཡིན་ཞེ་ན། ཆོ་ག་ཕྱག་ལེན་ལྟར་དོ་དམ་པོ་བྱེད་ན་ཚོགས་འདུའི་ནང་གི་ལས་དོན་མང་པོ་ཇི་མ་ཇི་བཞིན་འགྲོ་མི་ཐུབ་པའི་དཀའ་ངལ་ཡོང་སྲིད་ཙང༌། དེ་གུ་ཡངས་བྱེད་རྒྱུའི་ཆ་རྐྱེན་འདི་མ་བཞག་ཐབས་མེད་བྱུང་བ་རེད། སྤྱི་འཐུས་རྣམ་པ་ཚོས་ཞིབ་ཚགས་པོའི་ཐོག་ནས་ཐུགས་སྣང་གནང་ན་ཉིན་རེ་བཞིན་དུ་ང་ཚོའི་གྲོས་ཚོགས་ནང་གི་ལས་དོན་དེ་དག་སྒྲིག་གཞིའི་འབྲུ་དོན་ཇི་མ་ཇི་བཞིན་མ་མཁྱེན་པར་དེ་དང་མི་མཐུན་པ་མང་པོ་ཞིག་འགྲོ་གི་ཡོད། ཡིན་ནའང་གཞི་རིམ་གྱི་གྲོས་ཚོགས་ཀྱི་ལས་རིམ་ལ་གནོད་སྐྱོན་མི་བྱུང་བ་ཡིན་ན་དོ་སྣང་ཆེན་པོ་མ་གནང་བར་བཏང་གི་ཡོད་རེད། མ་ཟད་བཏང་བ་དེ་ཡང་དགེ་མཚན་ཆེ་བར་མཐོང་གི་ཡོད། དཔེར་ན། སྒྲིག་གཞི་ལྟར་བྱས་ན་ཐོག་མ་ཁྲིམས་འཆར་འབུལ་རྒྱུ་དང༌། དེའི་རྗེས་བརྗོད་པ་དང་པོ་མ་ཟིན་བར་དུ་དྲི་བ་དང་བགྲོ་གླེང་གནང་རྒྱུ་མེད་པ། བརྗོད་པ་དང་པོ་ཟིན་ནས་ཡང་བསྐྱར་བརྗོད་པ་གཉིས་པར་ཕེབས་མ་ཕེབས་ཀྱི་གྲོས་འཆར་གཏང་དགོས་རྒྱུ་དང༌། གྲོས་འཆར་བཏང་བའི་རྗེས་བརྗོད་པ་གཉིས་པར་ཕེབས་པའི་སྐབས་གཞི་ནས་ཁྲིམས་འཆར་དང་འབྲེལ་བའི་བགྲོ་གླེང་གནང་རྒྱུའི་སྒྲིག་གཞི་ཡོད་རེད། ཡིན་ནའང་དངོས་སུ་ཕྱག་ལེན་བསྟར་བའི་སྐབས་ཁ་སང་སྐབས་འགའ་ཞིག་ལ་བརྗོད་པ་དང་པོ་འགོ་མ་ཚུགས་གོང་ནས་བགྲོ་གླེང་རྒྱས་ཤིང་རྒྱས་པ་གནང་དགོས་རྒྱུ་དང༌། ཡང་ན་བརྗོད་པ་དང་པོར་བགྲོ་གླེང་ཆ་ཚང་ཟིན་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་རྩ་ནས་མེད་པ་ལ་སོགས་པ་དེ་འདྲ་ཡོང་གི་ཡོད། དོན་སྙིང་པོ་ནི་ཁྲིམས་འཆར་དེའི་ཐོག་སྤྱི་འཐུས་ཚོའི་དགོངས་འཆར་གསུང་དགོས་རྒྱུ་དང༌། བཟོ་བཅོས་གྲོས་འཆར་བཏོན་དགོས་རྒྱུ་དེ་དག་ཆ་ཚང་མ་འགག་པར་ཏག་ཏག་སླེབས་པས་སྒྲིག་ལམ་གྱི་ཆ་ཤས་རེ་ཟུང་འགལ་བ་ཡིན་ནའང་སྣང་མེད་བྱས་ནས་ཕྱིན་པ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡