སྔོན་རྩིས་གཏམ་བཤད་ཐོག་སྤྱི་ཡོངས་བགྲོ་གླེང་ཐོག་གསལ་བཤད།

བཙན་བྱོལ་བོད་གཞུང་བཀའ་ཤག་གི་རྩིས་ལོ་ ༢༠༠༨།༠༩ ལོའི་སྔོན་རྩིས་གཏམ་བཤད་ཀྱི་ཐོག་ལ་སྤྱི་ཡོངས་བགྲོ་གླེང་གི་ལན་འདེབས་ཆ་ཚང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་ད་ལྟ་གནང་གི་རེད། ཡིན་ནའང་དེའི་ནང་ལ་དཔལ་འབྱོར་ལས་ཁུངས་རྐྱང་པ་དང་འབྲེལ་བ་མེད་པའི་བཀའ་ཤག་སྤྱི་ཡོངས་དང་འབྲེལ་བ་ཆགས་པའི་གནས་ཚུལ་ཁ་ཤས་ཤིག་འདུག དེ་བཀའ་བློན་ཁྲི་པའི་ངོས་ནས་སྙན་གསན་ཞུ་རྒྱུ་ཡིན། དོན་ཚན་མང་པོ་གང་ཡང་མེད། བགྲོ་གླེང་གི་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པ་མང་པོས་ཆ་ཤས་བཞེས་པ་དང༌། བཀའ་ཤག་གིས་ཡིད་འཇགས་བྱ་རྒྱུའི་དགོངས་འཆར་རིན་ཐང་ཅན་དེ་འདྲ་མང་པོ་བྱུང་སོང༌། དེ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ང་ཚོའི་བསམ་བློའི་ནང་ལ་ངེས་པར་དུ་བློ་འཇགས་བྱེད་ཀྱི་ཡིན།
དོན་ཚན་དང་པོ་བཀའ་བློན་ཁྲི་པས་སྙན་གསན་ཞུ་དགོས་རྒྱུ་གཅིག་དེ་ལས་བྱེད་ཚོའི་གསོལ་ཕོགས་སྐོར་དེ་ཡིན། ང་ཚོའི་གནས་ཚང་རྒྱ་གར་ལྟ་བུར་ཆ་མཚོན་ན་རྒྱ་གར་གྲོས་ཚོགས་ཀྱི་ནང་ལ་རྒྱ་གར་སྲི་ཞུ་ལས་བྱེད་པའི་ཕོགས་རིམ་གྱི་སྐོར་ལ་ཐུགས་འཚབ་གནང་བ་དང་བགྲོ་གླེང་གནང་བ་ཧ་ལམ་བྱུང་ཡོད་ཀྱི་མ་རེད་བསམ་གྱི་ཡོད། སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལྷན་ཁང་གཉིས་ཀས་ལས་བྱེད་ཀྱི་གསོལ་ཕོགས་སྐོར་ལ་མང་པོ་ཞིག་བཀའ་གནང་སོང༌། སྤྱིར་བཏང་ཐུགས་ཁག་མིན་འདུག འགྲོ་སྟངས་ལྟར་བྱས་ན་སྲི་ཞུ་ལས་བྱེད་པ་དེ་ཚོ་འཛིན་སྐྱོང་བཀའ་ཤག་ལ་འགན་འཁྱེར་དགོས་ཡོད་རེད། གྲོས་ཚོགས་ལ་འགན་འཁྱེར་རྒྱུ་དེ་འཛིན་སྐྱོང་བཀའ་ཤག་བརྒྱུད་ནས་འཁྱེར་དགོས་པ་ཞིག་རེད། ཁོ་རང་ཚོའི་བདེ་བ་སྡུག་བསྔལ་དཀའ་ངལ་ག་རེ་ཡོད་པ་རྣམས་ཞུ་ས་འཛིན་སྐྱོང་བཀའ་ཤག་རེད། འཛིན་སྐྱོང་བཀའ་ཤག་ལ་ཞུས་ནས་མ་འགྲིགས་ན་དེའི་གོང་རིམ་དེ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་རེད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་བྱེད་ཀྱི་བདེ་བ་སྡུག་བསྔལ་ཆ་ཚང་ཞིག་གཟིགས་དགོས་པ་དང༌། ལས་བྱེད་ཀྱི་བདེ་བ་སྡུག་བསྔལ་གང་ཡོད་པ་དེ་ཞུ་སར་ཐད་ཀར་ཞུས་ན་མ་གཏོགས། ལས་བྱེད་ཀྱི་ངོས་ནས་ཆ་བཞག་ན་ཁོང་ཚོའི་བདེ་བ་སྡུག་བསྔལ་ཞུ་ས་དེ་སྤྱི་འཐུས་བྱེ་བྲག་པ་དང༌། སྤྱི་འཐུས་ལྷན་ཁང༌། སྤྱི་འཐུས་རྒྱུན་ལས་བཅས་ལ་གནང་བ་ཡིན་ན་གཞུང་ཞབས་བླང་དོར་གྱི་སྒྲིག་གཞིའི་ཆ་རྐྱེན་དང་མ་མཚུངས་པ་ཆགས་ཀྱི་ཡོད་རེད།
བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་གཅིག་གི་ནང་གསེས་དང་པོ་དང་གཉིས་པ་དང༌། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ལྔ་བཅུ་ང་ལྔ་པའི་ནང་གསེས་གཉིས་པ་དང༌། དོན་ཚན་བརྒྱད་པའི་ནང་གསེས་དང་པོ་ཚང་མའི་ནང་ལ་གཟིགས་པ་ཡིན་ན་བཀའ་ཤག་གིས་རྒྱབ་གཉེར་མེད་པར་དངུལ་གྱི་འགྲོ་གྲོན་གྱི་གཞི་རྩ་ཡོད་པའི་ཁྲིམས་འཆར་དང་གྲོས་འཆར་གང་ཡང་གནང་ཆོག་གི་ཡོད་མ་རེད། དེ་བཅའ་ཁྲིམས་རང་གི་དགོངས་དོན་གྱི་ཐོག་ནས་དངུལ་གྱི་འགྲོ་གྲོན་ཅན་གྱི་གཞི་རྩ་ཡོད་པ་ཚང་མ་སྔོན་ལ་བཀའ་ཤག་གིས་བཏང་ཐུབ་ཀྱི་ཡོད་མེད་ཆེད་བཀའ་ཤག་བརྒྱུད་ནས་འཁྱེར་དགོས་རྒྱུ་ཞིག་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ལས་བྱེད་ཡོངས་སུ་རྫོགས་པར་རྒྱུག་པ་ལེབ་བརྡུང་གིས་སྒོར་མོ་སྟོང་ཕྲག་རེ་སྤར་དགོས་རེད་གསུང་རྒྱུའི་ལམ་སྟོན་འབྱོར་བྱུང༌། དེ་ལག་ལེན་བསྟར་ཐུབ་མ་སོང་ལ་དོ་སྣང་ཡང་བྱེད་ཐུབ་མ་སོང༌། གང་ཡིན་ཟེར་ན་གོང་གསལ་ལ་ངས་ལུང་འདྲེན་ཞུས་པའི་བཅའ་ཁྲིམས་དང་སྒྲིག་གཞི་དེ་དག་བསྐྱར་བཅོས་མ་ཕྱིན་པའི་བར་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་གང་འདྲ་ཞིག་གནང་བ་ཡིན་ནའང་དེ་ང་ཚོ་བཀའ་ཤག་གིས་ལག་བསྟར་ཞུ་ཐུབ་རྒྱུ་ཞིག་ཆགས་ཀྱི་ཡོད་མ་རེད། ཐུགས་སྣང་གཞེན་སྐུལ་ཡིན་ནའང་འདྲ་འདུག བགྲོ་གླེང་སྐབས་ལ་བཀའ་གནང་བ་ཡིན་ནའང་འདྲ། དེ་སྤྱི་འཐུས་ལྷན་ཁང་གིས་གསལ་པོ་བྱས་ནས་ཐུགས་ལ་བཞག་རོགས་གནང༌། དེ་གཅིག་ཞུ་རྒྱུའི་འདོད་པ་བྱུང༌། དེ་དང་འབྲེལ་བ་ཡོད་པ་གཅིག་ལ་བཀའ་ཤག་གིས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བསྐོ་བཙུགས་ཟིན་པ་རེད། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བསྐོ་བཙུགས་ཟིན་པ་དེས་སྤྱིར་བཏང་རྒྱ་གར་དང༌། ཡང་སྒོས་ཧི་མཱ་ཅལ་གྱི་ཡུལ་ལུང་ལ་ཉམས་ཞིབ་གནང་རྒྱུའི་ལས་བྱེད་གནས་རིམ་སོ་སོ་དང་མཉམ་དུ་ཚོགས་འདུ་གནང་སྟེ་ལས་བྱེད་སོ་སོའི་དཀའ་ངལ་ག་རེ་ཡོད་པ་རྣམས་བགྲོ་གླེང་གནང་རྒྱུ། དེ་མ་གནང་གོང་ལས་བྱེད་མི་རེ་ངོ་རེ་ལ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་དགོངས་བཞེས་གནང་དགོས་རྒྱུའི་འགེངས་ཤོག་རྒྱས་ཤིང་རྒྱས་པ་ཞིག་བཀྲམ་ནས་འགེངས་ཤོག་ཚང་མ་བཀང་སྟེ་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ལ་ཕུལ་གྱི་ཡོད་རེད། དེ་འདྲ་ཡིན་པ་སོང་ཙང་བཀའ་ཤག་གིས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ཟིན་པའི་རྗེས་ལ་རྒྱབ་གཉེར་ག་རེ་གནང་དང་མ་གནང་ཁོ་རང་ཚོའི་རང་དབང་རེད། ཁོང་ཚོའི་ཕྱག་ལ་ཡོད་རེད། ཁོང་ཚོས་རྒྱབ་གཉེར་གནང་བ་དེ་ལག་བསྟར་ཐུབ་དང་མ་ཐུབ་བཀའ་ཤག་གིས་བལྟ་རྒྱུ་རེད། དེ་མ་གཏོགས་བཀའ་ཤག་གི་ངོས་ནས་འདིར་བགྲོ་གླེང་བྱུང་བ་ནང་བཞིན་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ལ་རྒྱབ་གཉེར་གནང་སྟངས་དེ་འདྲ་རེད་ཅེས་ལམ་སྟོན་གནང་རྒྱུའི་འཆར་གཞི་རྩ་བ་ནས་མེད་ལ། གྲོས་ཚོགས་ནང་བཀའ་མོལ་བྱུང་བ་དེ་ཚོ་ཡང་བཀའ་ཤག་བརྒྱུད་ནས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ལ་བཤད་རྒྱུའི་འཆར་གཞི་མེད་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་སྒྲིག་འཛུགས་དང་དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་རེད། སློབ་སྦྱོང་དང་ཉམས་མྱོང་གཉིས་ཀ་ཡོད་མཁན་གྱི་མི་དང་ཞབས་ལོ་རིང་པོ་སོན་པའི་ལས་བྱེད་རྒས་གྲས་རྣམས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ནང་ལ་བསྐོས་ཡོད་པ་རེད། ཁོང་ཚོའི་རྣམ་དཔྱོད་དང་ཤེས་རབ་ལ་ང་ཚོས་ཡིད་ཆེས་བྱས་ནས་གཞག་རྒྱུ་རེད་མ་གཏོགས་ཚོགས་ཆུང་ཞིག་ཟུར་དུ་བཙུགས། ཚོགས་ཆུང་དེ་ལ་བཀའ་ཤག་གི་ངོས་ནས་རྒྱབ་གཉེར་བྱེད་སྟངས་ཐད་ལ་ལམ་སྟོན་བྱེད་དགོས་ཆགས་ན། དེ་ནི་བཀའ་ཤག་གི་ལམ་སེང་ཐག་གཅོད་བྱས་བཞག་ན་མ་འགྲིགས་པ་གང་ཡང་ཡོད་ཀྱི་མ་རེད་ལ། ཚོགས་ཆུང་བཙུགས་པའི་དགོས་པ་ཡང་ཡོད་མ་རེད། དེའི་ནང་ལ་གཏིང་ཟབ་པོའི་ཞིབ་འཇུག་གི་ཆེད་དུ་ཚོགས་ཆུང་བཙུགས་པ་རེད། བྱས་ཙང་ཚོགས་ཆུང་གི་རྣམ་དཔྱོད་ཀྱི་ཐོག་ནས་རྒྱབ་གཉེར་གང་གནང་བ་ཡོང་གི་རེད་མ་གཏོགས། དེའི་ཐོག་ལ་བཀའ་ཤག་གིས་ལམ་སྟོན་བྱེད་རྒྱུའི་བསམ་ཚུལ་མེད་ཅེས་གསལ་པོ་བྱས་ནས་མ་ཞུས་ན། བཀའ་མོལ་གནང་ཕྱོགས་མང་པོ་ཞིག་གི་ཐོག་ནས་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ལ་ལམ་སྟོན་བྱེད་དགོས་ཀྱི་ཡོད་པ་དང༌། གྲོས་ཚོགས་ཀྱི་དགོངས་ཚུལ་དེ་ཡང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ལ་ལབ་དགོས་ཀྱི་ཡོད་པ་རང་ཉིད་ནས་ཚོར་བྱུང༌། དེ་འདྲའི་གནས་སྟངས་ཤིག་མ་རེད་ཞུ་རྒྱུ་ཡིན། ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གིས་རྒྱབ་གཉེར་བྱུང་བའི་སྐབས་ལ་བཀའ་ཤག་གིས་ག་རེ་ལྟ་ཡི་ཡོད་རེད་ཟེར་ན། ཁོང་ཚོའི་རྒྱབ་གཉེར་དེ་ང་ཚོའི་དཔལ་འབྱོར་གྱི་ནུས་པའི་ཐོག་ནས་ངོས་ལེན་བྱེད་ཐུབ་དང་མ་ཐུབ་བཀའ་ཤག་གིས་བལྟ་རྒྱུ་རེད། དེའི་བར་དུ་རང་དབང་གི་ཐོག་ནས་ཕྱག་ལས་གནང་རྒྱུ་ཞིག་ཆགས་འགྲོ་ཡི་ཡོད་རེད་ཅེས་དོན་ཚན་གཉིས་པོ་དེ་བཀའ་ཤག་སྤྱི་ཡོངས་དང་འབྲེལ་བ་ཆགས་ཀྱི་འདུག བར་ལམ་དེ་ཚོའི་ཐོག་ལ་གནས་ཚུལ་མང་པོ་ཞིག་བྱུང་ཟིན་པའི་གནས་སྟངས་ཤིག་རེད་ཞུ་རྒྱུ་ཡིན། ཕོགས་སྤར་རྒྱུའི་གྲོས་འཆར་ཕུལ་ནས་གྲོས་ཆོད་བཞག་ན་ཡག་པོ་ཡོད་པའི་དགོངས་འཆར་གནང་མཁན་བྱུང་སོང༌། ཕོགས་སྤར་རྒྱུའི་གྲོས་འཆར་ཕུལ་བ་ཡིན་ནའང་ཐད་ཀར་དཔལ་འབྱོར་གྱི་འགྲོ་སོང་དང་འབྲེལ་བ་ཆགས་ཀྱི་ཡོད་དུས་བཀའ་ཤག་གི་རྒྱབ་གཉེར་བཞེས་གནང་དགོས་ཆགས་ཀྱི་རེད། བཀའ་ཤག་གི་རྒྱབ་གཉེར་མ་བཞེས་པ་ལ་གྲོས་འཆར་ཕུལ་ཐུབ་ཀྱི་མ་རེད། བཀའ་ཤག་གི་རྒྱབ་གཉེར་བཞེས་ནས་གྲོས་འཆར་ཕུལ་གནང་བ་ཡིན་ན་ལས་བྱེད་ཚོ་ལ་བཀའ་ཤག་གིས་ཕོགས་སྤར་བའི་ངོ་སོ་ཐོན་གྱི་རེད་མ་གཏོགས། གྲོས་ཚོགས་ཀྱིས་ཕོགས་སྤར་བའི་ངོ་སོ་ཐོན་གནང་གི་མ་རེད། དེ་ཡིན་ཙང་ཐད་ཀར་དགོངས་པ་བཞེས་གནང་བ་ཡིན་ནའང༌། དེ་ཙམ་གྱི་གནད་འགག་ཆགས་ཀྱི་ཡོད་མ་རེད། དེ་གཅིག་ཞུ་འདོད་བྱུང་སོང༌།
མཐའ་མ་དེ་ལ་མི་འབོར་ཞིབ་བཤེར་གྱི་སྐོར་ལ་དགོངས་འཆར་གནང་སོང༌། དེའི་དགོངས་འཆར་ཧ་ཅང་གི་ཐུགས་རྒྱ་ཆེན་པོ་འདུག མི་འབོར་ཞིབ་བཤེར་གྱི་ཐོག་ལ་དགོངས་བཞེས་གནང་སྟེ་དགོངས་འཆར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་དགོངས་འཆར་གནང་མཁན་ཕལ་ཆེར་བཀུར་འོས་སྤྱི་འཐུས་གཅིག་མ་གཏོགས་བྱུང་མ་སོང༌། མི་འབོར་ཞིབ་བཤེར་དེ་སྤྱིར་བཏང་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང༌། ལྷག་པར་དུ་བཙན་བྱོལ་གྱི་སྤྱི་ཚོགས་ལ་དགོས་གལ་ཧ་ཅང་གི་ཆེ་བ་དང༌། ཆབ་སྲིད་དང༌། དཔལ་འབྱོར་འཛུགས་སྐྲུན་ལས་གཞི། དེ་བཞིན་ཤེས་ཡོན་སོགས་ཕྱོགས་མང་པོ་ཞིག་གི་ཐོག་ནས་མི་འབོར་ཞིབ་བཤེར་དེ་དགོས་གལ་ཆེན་པོ་ཆགས་ཀྱི་འདུག ཕྱི་ལོ་ ༡༩༩༨ ཀྱི་ལོ་ལ་མི་འབོར་ཞིབ་བཤེར་དང་པོ་དེ་གནང་འདུག དེ་འཆར་འགོད་ལས་ཁུངས་ནས་གནང་སྟེ་ཧ་ཅང་གི་ཡག་པོ་བྱུང་འདུག གཞུང་གི་ལས་དོན་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཡོད་པ་རེད། སྐབས་དེར་མི་འབོར་ཞིབ་བཤེར་དང་པོ་ཡིན་ཙང་སྐྱོན་རྩ་བ་ནས་མེད་པར་བརྒྱ་ཆ་བརྒྱ་ཐམ་པ་ཞིག་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་རེད་དམ་གསུངས་ན། བྱུང་ཡོད་མ་རེད། དེའི་ནང་ལ་སྐྱོན་ཆ་མང་པོ་ལྷག་ཡོད་རེད། ཡིན་ནའང་མི་འབོར་ཞིབ་བཤེར་མ་བྱས་པ་ལས་དྲག་པ་དེ་ང་ཚོར་ཁེ་ཕན་མང་པོ་རག་ཡོད་རེད། དེ་ཡིན་ཙང་སྐབས་དེ་དུས་མི་འབོར་ཞིབ་བཤེར་གནང་མཁན་ཚོ་ཚང་མར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། དེ་དུས་ཀྱི་ཉམས་མྱོང་ལ་གཞི་རྩར་བཟུང་བའི་ཐོག་ནས་ལོ་བཅུ་བཅུའི་རྗེས་ལ་མི་འབོར་ཞིབ་བཤེར་བྱ་དགོས་ཀྱི་ཡོད་རེད། དེ་ཡིན་ཙང་མི་འབོར་ཞིབ་བཤེར་དང་པོ་དེ་ཕྱི་ལོ་ ༡༩༩༨ ཀྱི་ཕྱི་ཟླ་ ༦ ཚེས་ ༡༢ ལ་གནང་བ་ཡིན་ཙང༌། ད་ལོ་ལོ་བཅུ་འཁོར་གྱི་ཡོད་རེད། དེ་ཡིན་དུས་ད་ལོ་ཡང་ད་ག་རང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༦ ཚེས་ ༡༢ ཉིན་མོ་འདིར་རྒྱ་ཁྱབ་ཡོངས་རྫོགས་ལ་བོད་མི་གནས་ཡོད་ཡོངས་རྫོགས་ཉིན་གཅིག་ལ་མི་འབོར་ཞིབ་བཤེར་གནང་རྒྱུའི་ལས་འཆར་འགྲོ་ཡི་ཡོད་རེད། ད་ལན་མི་འབོར་ཞིབ་བཤེར་གནང་རྒྱུའི་འགེངས་ཤོག་དེའི་ནང་ལ་ཤེས་རིག་དང༌། ནང་སྲིད། དཔལ་འབྱོར། འཕྲོད་བསྟེན་ཚང་མའི་དགོས་མཁོ་གང་ཡོད་པ་ཐམས་ཅད་འགེངས་ཤོག་ནང་ལ་བསྡུས་ནས་ཡོད། བྱས་ཙང་འགེངས་ཤོག་དེ་ཆེན་པོ་ཞེ་པོ་ཆགས་སོང༌། དེའི་ཐོག་བཀའ་ཤག་རང་ལ་དགོས་མཁོ་ཡོད་པའི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་དོན་ཚན་ཁ་ཤས་ཁ་སྣོན་བྱས་ཡོད། དེའི་ཡིག་ཆ་ཡོང་རྒྱུ་བསྡད་པའི་ཉིན་མ་གཅིག་གཉིས་ནང་ལ་བཀའ་ཤག་ནས་གཏན་འབེབས་གནང་རྒྱུ་ཡིན། ད་ལན་གྱི་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་མོར་བྱང་ཕྱོགས་ཀྱི་ས་གནས་འགོ་འཛིན་དང་མི་འབོར་ཞིབ་བཤེར་གྱི་འགན་འཛིན་ཡོད་པའི་མི་ཚང་མར་ཟབ་སྦྱོང་དང་པོ་དེ་འབུལ་རྒྱུ་ཡིན། དེ་འདྲ་སོང་ཙང་དེ་ཟབ་སྦྱོང་གི་ངོ་བོ་རང་རེད། ཐུགས་སྣང་ཡོད་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཡོད་མེད་མི་ཤེས་ཏེ་གལ་ཏེ་ཆིབས་བསྒྱུར་གནང་ཐུབ་ན་ཏན་ཏན་དགོངས་འཆར་གནང་ཐུབ་ཀྱི་རེད་བསམ་གྱི་འདུག ཡང་ན་ཉིན་དེར་ཕེབས་ཐུབ་ཀྱི་མེད་ན་ཐུགས་སྣང་ཡོད་པའི་སྤྱི་འཐུས་རྣམ་པ་ཚོར་འཆར་འགོད་ལྷན་ཁང་ནས་བཟོས་བཞག་པའི་རེའུ་མིག་དེ་འབུལ་ལམ་ཞུ་ཡི་ཡིན། དགོས་ཡོད་ན་བཀའ་དྲུང་ཡིག་ཚང་ལ་བཀའ་གནང་རོགས་གནང༌། དེ་དང་མཚུངས་པའི་དགོངས་འཆར་རིགས་ཡོད་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད། ཕྱི་ཚེས་ ༡༧ གྱི་རྗེས་ལ་གཏན་འཁེལ་འགྲོ་ཡི་རེད། དེའི་རྗེས་ལ་གསར་པ་བཅུག་རྒྱུའི་གོ་སྐབས་ཡོད་མ་རེད། ད་ལན་མི་འབོར་ཞིབ་བཤེར་དེ་བརྒྱ་ཆ་བརྒྱ་ཐམ་པ་སྐྱོན་གཅིག་ཀྱང་མེད་པ་ཡོང་ཐུབ་རྒྱུ་ཡོད་མ་རེད། ལོ་བཅུའི་སྔོན་ནས་བྱས་པའི་མི་འབོར་ཞིབ་བཤེར་དེ་ལས་སྤུས་དག་པ་དང་གནས་ཚུལ་མང་བ་ཚད་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་གིན་བཀུར་འོས་སྤྱི་འཐུས་གཅིག་གིས་བཀའ་དེ་ལྟར་གནང་སོང༌། སུད་འཚོང་གི་ཚོགས་པ་བཙུགས་པའི་སྐབས་ལ་སུད་འཚོང་ཚོགས་པ་བཙུགས་ཀྱི་མིན་ཞེས་བརྒྱ་ཆ་དྲུག་ཅུ་ཙམ་གྱིས་ལབ་པའི་ཉིན་མ་གཉིས་པ་དེ་ལ། དཔལ་འབྱོར་བཀའ་བློན་ཡོང་ནས་ང་ཚོ་རྒྱུན་ལས་ལྷན་ཚོགས་ཚོགས་པ་ཡིན། ྋརྒྱལ་བ་རིན་པོ་ཆེས་རང་གི་བཀའ་དགོངས་རེད་ཅེས་གོ་རྒྱུ་འདུག་ཅེས་བཀའ་མོལ་ཞིག་གྲོས་ཚོགས་ཀྱི་སྡིངས་ཆའི་སྟེང་ལ་གནང་བ་རེད། སྤྱིར་བཏང་སྲང་ལམ་བར་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་བྱུང་སྲིད་པ་རེད། ཡིན་ནའང་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་ལ་བྱུང་བའི་བཀའ་མོལ་ཞིག་གསུངས་པ་ཡིན་ཙང་དེ་ལ་གསལ་བཤད་མ་ཞུས་པར་ལུས་པ་ཡིན་ན་ཅང་མི་སྨྲ་བའི་ཚུལ་དུ་དྭང་དུ་བླངས་པ་ཞིག་ཆགས་སྲིད་པ་རེད་བསམ། དེ་ཚོར་བ་རྣོན་པོའི་ཐོག་ནས་ཐག་བཅད་དེ་ཤུགས་ཆེན་པོས་ཞུ་རྒྱུ་ལ། སྐབས་དེ་དུས་ཀྱི་དཔལ་འབྱོར་བཀའ་བློན་དང༌། སྐབས་དེ་དུས་ཀྱི་དཔལ་འབྱོར་དྲུང་ཆེ། སྐབས་དེ་དུས་ཀྱི་དཔལ་འབྱོར་ལས་བྱེད་སུ་གཅིག་གིས་ཀྱང་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ཡིན་ཞེས་དངོས་ཤུགས་བརྒྱུད་གསུམ་དང༌། ཐོག་མཐའ་བར་གསུམ་ལ་རྩ་བ་ཉིད་ནས་བཤད་མེད་ཅེས་ཐག་བཅད་ནས་གྲོས་ཚོགས་ཀྱི་སྡིངས་ཆ་དེའི་སྟེང་ལ་ཞུ་ཡི་ཡོད། གལ་སྲིད་དེ་འདྲ་ལབ་ཡོད་པ་གཅིག་གི་ཁུངས་སྐྱེལ་ར་སྤྲོད་གནང་རྒྱུ་ཡོད་པ་ཡིན་ན་དེ་ངེས་པར་དུ་གནང་རོགས་གནང༌། བཀའ་མོལ་དེའི་རིགས་བྱུང་བ་ཡིན་ཙང་གང་ཟག་རང་ཉིད་ཀྱིས་མཐོང་ཐོས་ཡོད་སར་དཔལ་འབྱོར་བཀའ་བློན་གྱིས་བཀའ་གནང་འདུག་ཅེས་གདོང་ཐུག་ར་སྤྲོད་ཀྱི་གནས་སྟངས་ཤིག་བྱུང་བ་ཡིན་ན་དེ་གནང་དགོས་རྒྱུ་ཞིག་རེད། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་དོར་དུ་མི་རུང་བའི་སྲིད་བྱུས་ཁ་ཤས་ཤིག་ཡོད་པ་དེའི་ནང་ལ་ལས་དོན་ཆེ་ཆུང་གང་འདྲ་ཞིག་བྱས་ཀྱང༌། ཆབ་སྲིད་དང༌། སྤྱི་ཚོགས། འཛིན་སྐྱོང་ག་རེ་དང་འབྲེལ་བ་ཡོད་པ་ཡིན་ནའང༌། བོད་པའི་སྤྱི་ཚོགས་དང་ཕྱི་རྒྱལ་གྱི་སྤྱི་ཚོགས་ག་རེ་དང་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཡིན་ནའང༌། ྋརྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་ནས་མི་བྱེད་རྒྱུ་གཅིག་དང༌། ྋརྒྱལ་བ་རིན་པོ་ཆེ་འབག་ལ་གྱོན་ནས་སྲུང་སྐྱོབ་མི་བྱེད་རྒྱུ་དེ་རྩ་བའི་དམ་བཅའ་རེད། སྤྱིར་བཏང་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་རྒྱུ་གལ་ཆེན་པོ་རེད། ྋརྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་རྣམས་ཉམས་ལེན་བྱེད་དགོས་རེད། དེ་ལས་འཕྲོས་པའི་བཀའ་ཤག་གིས་བྱེད་དགོས་པའི་ལས་ཀ་གཅིག་སྤྱི་ཚོགས་ནང་ལ་འགྲོ་ཡི་འདུག་ན་ྋརྒྱལ་བ་རིན་པོ་ཆེའི་བཀའ་རེད་ཅེས་དུས་ནམ་ཡང་ལབ་རྒྱུ་བཞག་ནས་ལབ་རྒྱུའི་འདུན་པ་ཙམ་ཞིག་རྨི་ལམ་ནང་ལ་བཏང་མ་མྱོང་ཞེས་ཐག་ཆོད་པོའི་ཐོག་ནས་ཞུ་ཐུབ་ཀྱི་ཡོད། དེ་འདྲ་ཡིན་ཙང་དཔེར་ན་སྤྱི་འཐུས་རྣམ་པ་ཚོའི་བཀའ་མོལ་དེ་གསན་པའི་སྐབས་ལ་དེ་འདྲ་ཞིག་མིན་ནམ་སྙམ་ནས་གྲོས་ཚོགས་ཀྱི་ནང་ལ་བཀའ་མོལ་དེའི་རིགས་བསྣམས་ཕེབས་དགོས་ཆགས་དུས་ཕྱི་ལའང་ཡིད་ཆེས་གནང་སྲིད་པ་ཞིག་རེད། དེ་གསལ་པོ་མ་བཟོས་ན་འགྲིགས་ཀྱི་མི་འདུག ཁུངས་སྐྱེལ་ར་སྤྲོད་ཡོད་པ་ཡིན་ན་ག་དུས་ཡིན་ནའང་ཁུངས་སྐྱེལ་ར་སྤྲོད་གནང་རོགས་གནང༌། དེ་མིན་ན་ང་ཚོའི་ངོས་ནས་གནས་ཚུལ་དེ་བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་མིན་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥