སྐྱབས་བཅོལ་ལག་འཁྱེར་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས། ༄༅། །ལོ་ཤས་ནང་བོད་མིའི་སྤྱི་ཚོགས་ནང་གི་དཀའ་ངལ་ཆེ་ཤོས་ཤིག་ R.C. བཟོ་རྒྱུ་ཡིན་ཅིང༌། དེའི་སྐོར་གྲོས་ཚོགས་ནང་བགྲོ་གླེང་མི་ཉུང་བ་ཞིག་བྱུང་བའི་ནང༌། ཀ ཚོགས་དུས་སྔོན་མའི་སྐབས་བཀའ་བློན་ཁྲི་པ་མཆོག་ནས་གསལ་བཤད་གནང་བ་ལྟར་རྒྱ་གར་གཞུང་ལ་འབྲེལ་བ་བྱས་ནས་སློབ་གྲྭའི་ལག་འཁྱེར་ཕན་ཐོགས་པ་བཟོ་རྒྱུ་དང༌། དེའི་ནང་ཡོད་པའི་སྐྱེས་ལོ་སྐྱེས་ཚེས་ཀྱི་ཕན་ཐོགས་པ་སོགས་བཟོ་ཕྱོགས་ག་རེ་བྱ་དགོས་མིན་ཆེད་བདེ་སྲུང་ལས་ཁུངས་ནས་དབུས་གཞུང་ལ་འབྲེལ་བ་གནང་སྟེ་ད་ལྟ་ཐག་གཅོད་མ་བྱུང་བར་ལྷག་ཡོད། ཅེས་དང༌།
ཁ R.C. བཟོ་རྒྱུ་ཕ་མའི་ལས་འགན་ཡིན་ཡང༌། ཕྲུ་གུ་འགའ་རེར་ཕ་མ་མེད་པ་དང༌། ཕ་མ་ས་ཐག་རིང་བ་དང་ཞུ་གཏུགས་མི་ཤེས་མཁན། ཡང་སང་ཤོག་གནངས་ཤོག་གི་དུས་འགྱངས་དང་འགྲོ་གྲོན་ཆེ་བ། ལྷག་པར་ད་ལྟའི་སློབ་ཕྲུག་རྣམས་འབྱུང་འགྱུར་མང་ཚོགས་ནང་འཐིམ་རྒྱུར་སོང་མ་འོངས་དཀའ་ངལ་སེལ་སླད། ལོ་ན་སོན་རིམ་བཞིན་ R.C. སློབ་གྲྭ་ནས་བཟོ་ཐབས་གནང་ན་བརྒྱ་ཆ་བརྒྱ་གནང་ཐུབ་སྐོར་ཞུས་པར། བརྒྱ་ཆ་བརྒྱ་ཐུབ་ས་མ་རེད་ཞེས་ཤེས་རིག་བཀའ་བློན་མཆོག་ནས་གསུངས་པ་དང༌། ཡང་ཚོགས་དུས་སྔོན་མ་ཞིག་གི་ནང་གང་ཐུབ་བཟོ་རྒྱུ་བཀའ་ཁྲི་མཆོག་ནས་ཞལ་བཞེས་ཡོད་པ་སོང༌།
བཀའ་འདྲི་ཞུ་རྒྱུར།
ཀ གོང་གི་ཐུགས་ཐག་མ་ཆོད་པ་དེ་ད་སྐབས་ཐུགས་ཐག་ཆོད་ཡོད་དམ་མེད། ཡོད་ན་མང་ཚོགས་ཀྱི་དཀའ་ངལ་སེལ་སླད་ལག་བསྟར་བྱེད་ཕྱོགས་ལམ་སྟོན་གནང་སྐྱོང་ཡོང་བ་དང༌། མེད་ན་དེའི་འགོག་རྐྱེན་ནམ་དེ་མིན་རྒྱུ་མཚན་ཇི་ཆགས་དང༌།
ཁ ད་ལྟའི་ཆར་བརྒྱ་ཆ་བརྒྱ་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཡང་སློབ་ཕྲུག་ལོ་ན་སོན་པ་རྣམས་ལ་སློབ་གྲྭ་གང་དང་གང་གི་ནང་དང༌། ཁྱོན་བསྡོམས་སློབ་ཕྲུག་ག་ཚོད་ལ་ R.C. བཟོ་ཐུབ་ཡོད། དེ་བཞིན་མ་འོངས་གནང་འཆར་ཇི་ཡོད་ཀྱི་བཀའ་གསལ་ཡོང་བ་ཞུ།

བཀའ་ལན།
ཀ བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་བཟོ་ཕྱོགས་སྐོར་རྒྱ་གར་དབུས་གཞུང་དང་འབྲེལ་བ་ཡུན་རིང་ཞུས་འབྲས། ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༢༧།༣༠ འཁོད་པའི་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་གསང་བའི་བཀོད་ཁྱབ་རྒྱ་གར་མངའ་སྡེ་ཡོངས་དང་དབུས་ཀྱི་འཛིན་སྐྱོང་ས་ཁུལ་ཡོངས་ཀྱི་ནང་སྲིད་དྲུང་ཆེ་རྣམ་པ་དང༌། ཕྱི་རྒྱལ་ལག་འཁྱེར་ལས་ཁུངས་ཁག བལ་ཡུལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་བཅས་ལ་གནང་སྟེ། བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་གནས་སྡོད་ལག་འཁྱེར་བཟོ་ཕྱོགས་སྐོར་ཐག་གཅོད་ལམ་སྟོན་གནང་ཟིན་པ་ཡིན།
ཁ སློབ་གྲྭ་གང་དང་གང་གི་ནང་དུ་སློབ་ཕྲུག་རྒྱ་གར་གནས་སྡོད་ལག་འཁྱེར་བཟོས་པ་དང༌། ཁྱོན་བསྡོམས་སློབ་ཕྲུག་ག་ཚོད་ལ་བཟོས་པའི་གྲངས་འབོར་ད་ལྟ་ཞུ་ཆོག་མི་འདུག་ཀྱང༌། དཔེ་མཚོན་ཙམ་ཞུ་ན་རྡ་སའི་ཁུལ་ཡོད་སློབ་གྲྭ་ཁག་ནས་ ༢༠༠༥ ཟླ་ ༡ ཚེས་ ༨ པའི་བར་སློབ་ཕྲུག་དང་ན་གཞོན་ ༥༨ ཀྱི་ལག་འཁྱེར་བཟོས་འདུག་ལགས་ཤིང༌། ཐུགས་མཁོ་གྱུར་ན་སློབ་གྲྭ་གཞན་གྱི་གནས་ཚུལ་རྗེས་འབུལ་ཞུས་ཆོག་པ་བཅས།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
དང་པོ་ག་པའི་ནང་ལ་སྔོན་མ་ཐུགས་ཐག་མ་ཆོད་པ་དེ་ད་ལྟ་ཐུགས་ཐག་ཆོད་ཡོད་ཅེས་བཀའ་གནང་དུས་ཧ་ཅང་དགའ་པོ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་འབྲེལ་བའི་ཆ་ནས་དྲི་བ་ཞུ་རྒྱུ་ལ། ལམ་སྟོན་གནང་ཟིན་པ་ཡིན་ཞེས་པ་དེ་རེད། ངའི་དྲི་བའི་ནང་ལ་གལ་སྲིད་དེ་ཐུགས་ཐག་ཆོད་ཡོད་པ་ཡིན་ན་ང་རང་ཚོའི་མི་མང་མང་ཚོགས་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་མི་མང་ལ་ལམ་སྟོན་གནང་རོགས་གྱིས་ཞེས་ཞུས་ཡོད། ད་ལྟ་འདིའི་བཀའ་ལན་ནང་ལ་བོད་མི་སྐྱབས་བཅོལ་བ་རྒྱ་གར་ནང་གནས་སྡོད་ལག་འཁྱེར་བཟོ་ཕྱོགས་སྐོར་ཐག་གཅོད་ལམ་སྟོན་གནང་ཟིན་པ་ཡིན་གསུངས་དུས། ལམ་སྟོན་དེ་ག་འདྲ་ཞིག་ཡིན་མིན་ང་ལ་གསལ་པོ་ཆགས་ཀྱི་མི་འདུག དེ་གཅིག་གསུང་རོགས་གནང་ཞུ་རྒྱུ་ཡིན། ཐག་གཅོད་བྱུང་བ་དེ་དཀའ་ངལ་འཕྲད་བཞིན་པའི་མི་མང་ཚོས་མཁྱེན་དགོས་ཀྱི་ཡོད་རེད། མི་མང་ཚོས་མཁྱེན་པ་ཡིན་ན་བོད་གཞུང་གི་འཛིན་སྐྱོང་གིས་སྐུ་ལས་སྐྱོན་པ་དེ་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་བྱེད་ཐུབ་ན་དཀའ་ངལ་དེ་སེལ་འགྲོ་གི་ཡོད་རེད། དེར་བརྟེན་ཐག་གཅོད་བྱུང་བའི་ཕྱག་ལས་གནང་ཕྱོགས་དེ་མི་མང་གིས་མཁྱེན་རྟོགས་བྱུང་ཡོད་རེད་མ་རེད་ཞེས་བཀའ་འདྲི་ཞུ་རྒྱུ་དང༌། གཉིས་པ། སྔོན་མ་ང་ཚོའི་བགྲོ་གླེང་ཤུགས་ཆེ་བ་དེ་སློབ་གྲྭའི་ལག་ཁྱེར་གྱིས་ཕན་ཐོགས་པ་དང་དེའི་ནང་གི་སྐྱེས་ལོ་སྐྱེས་ཚེས་དེ་ཚོ་དངོས་གནས་བྱས་ན་ངོས་འཛིན་གནང་དགོས་ཀྱི་ཡོད་རེད་དེ། ཡིན་ནའང་ད་ལྟ་བར་དུ་རྒྱ་གར་ལས་ཁུངས་ལ་འགྲོ་དུས་དེ་ངོས་འཛིན་མ་བྱས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་སོང་བཀའ་འདྲི་ཞུ་རྒྱུར། ད་ལྟ་ཐག་གཅོད་བྱུང་བ་དེའི་ནང་ལ་སློབ་གྲྭའི་ལག་ཁྱེར་ནང་ལ་འཁོད་པའི་སྐྱེས་ལོ་སྐྱེས་ཚེས་དེ་ཚོ་ད་ནས་བཟུང་བོད་མི་ཚོ་ R.C. ཞུ་བར་འགྲོ་དུས་ངོས་འཛིན་བྱེད་ཀྱི་རེད་དམ་མ་རེད། གལ་སྲིད་དེ་ངོས་ལེན་མ་བྱས་པ་ཡིན་ན་དེ་ལ་གནང་ཐབས་ག་རེ་ཡོད་རེད། ཡང་ན་སློབ་གྲྭའི་ལག་ཁྱེར་ནང་ལ་འཁོད་པའི་སྐྱེས་ལོ་སྐྱེས་ཚེས་མ་ཡིན་པའི་ཐབས་ལམ་གཞན་པ་ཞིག་གི་ཐོག་ནས་ R.C. བཟོ་རྒྱུའི་གནད་དོན་ཞིག་གི་ཐོག་ད་ལྟ་ཐུགས་ཐག་ཆོད་ཡོད་དམ། དེ་ནས་ཁ་པའི་ནང་ལ་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༨ བར་ན་གཞོན་ ༥༨ ལ་ལག་འཁྱེར་བཟོས་ཡོད་ཅེས་པ་དེའི་ནང་དུ་རྒྱ་གར་ནང་དུ་སྐྱེས་པ་དང༌། ལྷག་པར་དུ་རྡ་རམ་ས་ལར་སྐྱེས་པ་ཚོའི་ལག་འཁྱེར་བཟོ་ཐུབ་ཡོད་དམ་མེད། གང་ལགས་ཤེ་ན། བར་སྐབས་ཤིག་ལ་སློབ་གྲྭའི་ནང་ལ་ལག་འཁྱེར་བཟོས་པ་གང་ཞིག་ལ་བོད་ནས་གསར་དུ་ཕེབས་མཁན་ཚོ་ལ་མ་གཏོགས་རྡ་རམ་ས་ལར་ཡོད་པའི་མི་མང་གི་ཕྲུ་གུ་དེ་འདྲ་ལ་ལག་འཁྱེར་བཟོས་མ་སོང་ཞེས་ད་ལྟ་ཤོད་བཞིན་པ་ཞིག་རེད། བྱས་ཙང་ ༥༨ དེའི་ནང་ལ་བོད་ནས་ཕེབས་པ་དང་འདིར་སྐྱེས་པ་གཉིས་ཀ་ཚུད་ཐུབ་ཡོད་རེད་དམ་མ་རེད་ཞུ་རྒྱུ་ཡིན།
ཡང་དྲི་བའི་ནང་ལ་དེ་བཞིན་མ་འོངས་གནང་འཆར་ཇི་ཡོད་ཀྱི་བཀའ་གནང་ཡོང་བ་ཞེས་ཞུས་ཡོད་རེད་དེ། དེའི་ནང་ལ་གང་ཡང་མེད་པ་སོང་ཙང༌། མ་འོངས་པའི་གནང་འཆར་དེ་ག་འདྲ་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་དྲི་བའི་ནང་ལམ་སྟོན་གནང་སྐྱོང་ཡོང་བ་ཞེས་གསུངས་པ་དེ་དྲི་བ་འདྲ་པོ་མི་འདུག འབོད་སྐུལ་འདྲ་པོ་ཞིག་ཆགས་འདུག རྒྱ་གར་གཞུང་གི་ཕྱག་བྲིས་དེ་བཞིན་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་གཞི་ནས་ཐོན་པ་རེད། ས་གནས་ཁག་ལ་ཕྱི་ཟླ་ ༧ པའི་ཟླ་མཇུག་དང་བརྒྱད་པའི་ཚེས་ཤར་ཙམ་ལ་མ་གཏོགས་འབྱོར་མི་འདུག ཡང་ས་གནས་མང་པོ་ཞིག་ནས་དབུས་གཞུང་གི་ཕྱག་བྲིས་དེ་འབྱོར་སོང་ཡང་མངའ་སྡེའི་གཞུང་གིས་དེ་དོན་ལག་ལེན་བསྟར་དགོས་པའི་བཀའ་འབྱོར་མ་སོང་ཞེས་ད་ལྟ་ས་གནས་མང་ཆེ་བ་ལ་ལག་འཁྱེར་བཟོ་རྒྱུའི་ལས་རིམ་འགོ་འཛུགས་བྱ་རྒྱུ་ཡིན་ཡང་རིང་མིན་འགོ་འཛུགས་ཐུབ་རེ་ཡིན། འདིའི་སྐོར་ནང་སྲིད་ལས་ཁུངས་དང༌། བདེ་སྲུང་ལས་ཁུངས། བཀའ་ཤག་བཅས་ནས་མ་འོངས་པར་རྒྱ་གར་གནས་སྡོད་ལག་འཁྱེར་བཟོ་ཕྱོགས་ཀྱི་བྱེད་སྒོ་རྣམ་གསུམ་གང་དང་གང་ཡིན་ས་གནས་འགོ་འཛིན་བརྒྱུད་ལམ་སྟོན་བྱེད་རྒྱུ་ཡིན། དེ་དུས་འདྲ་བཤུས་སྤྱི་འཐུས་རྣམ་པ་ཚོ་ལ་ཡང་འབུལ་ཆོག་པ་ཞུ་རྒྱུ་ཡིན། སྐྱེས་ལོ་སྐྱེས་ཚེས་ཀྱི་སྐོར་ག་འདྲ་བྱེད་ཀྱི་རེད་ཅེས་བཀའ་གནང་ཐད། དེའི་སྐོར་རྒྱ་གར་གཞུང་གི་སྲིད་བྱུས་མཁྲེགས་པོ་རེད། རྒྱ་གར་རང་གི་ཡུལ་མི་ཚོ་ལའང་སྐྱེས་ལོ་སྐྱེས་ཚེས་སྔ་མ་ཡིན་ན་སློབ་གྲྭའི་ལག་འཁྱེར་གྱིས་གོ་ཆོད་ཀྱི་ཡོད་རེད་དེ། དེང་སང་དེས་གོ་མི་ཆོད་པའི་སྒྲིག་གཞི་དང་ཁྲིམས་ཡིག་འགྱུར་བ་ཕྱིན་ཚར་བ་ཡིན་ཙང༌། ས་གནས་སོ་སོའི་སྐྱེས་འཆི་དེབ་སྐྱེལ་བྱེད་སའི་ལས་ཁུངས་ནས་སྤྲད་པའི་སྐྱེས་ལོ་སྐྱེས་ཚེས་མེད་ན་མི་འགྲིག་པ་ཡིན་སྟབས། བཙན་བྱོལ་བོད་མི་ལ་དམིགས་བསལ་གནང་ཐབས་མེད་པ་ཞིག་རེད་འདུག དེ་འདྲ་སོང་ཙང་རྒྱ་གར་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་ཁག་གིས་སྤྲད་པའི་སྐྱེས་ལོ་སྐྱེས་ཚེས་ངོས་ལེན་བྱེད་མི་ཆོག་པའི་བཀོད་ཁྱབ་དེ་ ༢༠༠༢ ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་བཏོན་འདུག བཀོད་ཁྱབ་དེ་བཏོན་ཚེས་ནས་ཟླ་བ་གཉིས་རྩིས་པའི་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡ ཚེས་ ༡ གི་སྔོན་ལ་ས་གནས་འགོ་འཛིན་ཚོས་སྤྲད་ཟིན་པའི་སྐྱེས་ལོ་སྐྱེས་ཚེས་ཀྱི་ལག་འཁྱེར་རྙིང་པ་རྒྱ་གར་དུ་གནས་སྡོད་ལག་འཁྱེར་བཟོ་བའི་ཆེད་ངོས་ལེན་བྱེད་ཆོག ཡིན་ནའང་ཕྱི་རྒྱལ་འགྲོ་རྒྱུའི་ལག་འཁྱེར་ཆེད་བྱེད་མི་ཆོག་གསུངས་འདུག རྒྱ་གར་གཞུང་གི་བཀོད་ཁྱབ་དེའི་ནང་ལག་འཁྱེར་གསར་བཟོ་ཚང་མར་ Bureau of His Holiness ནས་རྒྱབ་གཉེར་དགོས་ཞེས་འཁོད་འདུག ཡོངས་གྲགས་སུ་ Bureau of His Holiness ཟེར་བ་དེ་ལྡི་ལི་དོན་གཅོད་ལས་ཁུངས་ལ་གོ་བ་རེད། ཡིན་ནའང་ལག་འཁྱེར་ཚང་མ་ལྡི་ལི་དོན་གཅོད་ནས་བཟོ་རྒྱུ་དེ་དཀའ་ལས་ཁག་པོ་ཡིན་ཙང༌། ས་གནས་འགོ་འཛིན་ལས་ཁུངས་རྣམས་ཀྱང་ Bureau ཡིན་པར་ངོས་འཛིན་ཡོང་ཐབས་འབྲེལ་བ་ཞུ་བཞིན་པ་ཡིན། མདོ་དོན་གསར་འབྱོར་ཡིན་ན་བལ་ཡུལ་ནས་ཞུས་པའི་དམིགས་བསལ་འཛུལ་ཞུགས་ཀྱི་ལག་འཁྱེར་གྱི་ནང་སྐྱེས་ལོ་སྐྱེས་ཚེས་གང་འཁོད་པ་དེ་ངོས་འཛིན་བྱ་རྒྱུ་དང༌། རྒྱ་གར་ནང་སྐྱེས་པ་ཡིན་ན་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལག་འཁྱེར་དགོས་རྒྱུ་དེ་ཐག་ཆོད་པ་རེད། དེ་ལ་ཡང་བསྐྱར་ཡར་ཞུ་མར་གནང་བྱེད་ས་མི་འདུག དེ་འདྲ་སོང་ཙང་ང་ཚོས་ཕ་མ་ཚང་མ་ལ་ས་གནས་ག་པར་ཡིན་ནའང་སྐྱེས་ལོ་སྐྱེས་ཚེས་ཀྱི་ལས་ཁུངས་ནང་ལ་ཕྲུ་གུ་སྐྱེས་ཚེས་དེབ་སྐྱེལ་དགོས་ཀྱི་རེད་ཅེས་ལམ་སྟོན་བྱེད་ཀྱི་ཡོད། བལ་ཡུལ་ནས་དམིགས་བསལ་འཛུལ་ཞུགས་ཀྱི་ལག་འཁྱེར་སྤྲད་རྒྱུའི་ལམ་སྲོལ་མ་བཟོ་བའི་སྔོན་དུ་རྒྱ་གར་ལ་འབྱོར་བ་ཚང་མ་བདེ་སྲུང་ལས་ཁུངས་བརྒྱུད་ནས་རྒྱ་གར་གཞུང་ལ་མིང་ཐོ་ཕུལ་ཡོད་རེད། མིང་ཐོ་དེ་གཞིར་བཟུང་རེ་རེ་བཞིན་ཞིབ་འཇུག་གིས་གཏན་སྡོད་ལག་འཁྱེར་བཟོ་རྒྱུ་གསོལ་པོ་འཁོད་འདུག བྱས་ཙང་ཁོང་ཚོའི་སྐྱེས་ཚེས་ྋསྐྱབས་མགོན་ྋརིན་པོ་ཆེའི་ལས་ཁུངས་ཤིག་ནས་རྒྱབ་གཉེར་ཞུས་པ་དེ་ལ་ཆ་བཞག་ནས་ལག་འཁྱེར་བཟོ་རྒྱུ་རེད། དེ་འདྲ་ཡིན་ཙང་བལ་ཡུལ་ནས་དམིགས་བསལ་འཛུལ་ཞུགས་ལག་འཁྱེར་ཞུ་ཡོང་མཁན་གྱི་རིམ་པ་གཅིག རྒྱ་གར་ནང་སྐྱེས་པ་ཚོའི་རིམ་པ་གཅིག བལ་ཡུལ་ནས་ལག་འཁྱེར་མེད་པར་རྒྱ་གར་དུ་འབྱོར་ཚར་བ་བདེ་སྲུང་བརྒྱུད་མིང་ཐོ་ཕུལ་བ་ཚོའི་རིམ་པ་གཅིག་བཅས་ལག་འཁྱེར་གསར་བཟོ་བྱེད་སྟངས་རིམ་པ་གསུམ་ཆགས་ཀྱི་ཡོད་རེད། སྔོན་མ་མིང་ཐོ་བཀོད་དུས་ལུས་བསྡད་ཡོད་པ་ཡིན་ན་དེ་ལ་ལག་འཁྱེར་བཟོ་ཐབས་མེད་པ་ཞིག་ཆགས་ཀྱི་ཡོད་རེད། ད་རེས་ལན་གཅིག་གསར་འབྱོར་ལག་འཁྱེར་མེད་པ་རྣམས་ལག་འཁྱེར་བཟོ་རྒྱུའི་གོ་སྐབས་འདི་ཧ་ཅང་དམིགས་བསལ་ཆེན་པོ་ཡིན་ཞེས་རྒྱ་གར་གཞུང་གིས་གསུང་གི་ཡོད་པ་རེད། མ་འོངས་པར་རྒྱ་གར་ནང་གསར་སྐྱེས་དེ་དག་ས་གནས་སོ་སོའི་སྐྱེས་འཆིའི་དེབ་སྐྱེལ་ལས་ཁུངས་ནས་སྐྱེས་ཚེས་ལག་འཁྱེར་ལེན་དགོས་པ་དེ་མེད་དུ་མི་རུང་བ་ཞིག་རེད། མ་འོངས་པར་སློབ་གྲྭར་ཞུགས་སྐབས་དང་ཐ་ན་མོ་ཊ་དང་སྦག་སྦག་ཉོ་བ་ཡན་ཆད་ལ་དགོས་པ་ཡོང་གི་རེད། བྱས་ཙང་ཕ་མ་ཚོས་སྐྱེས་ཚེས་དེབ་སྐྱེལ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་འདུག

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་འཕྲོས་དོན་དྲི་བ་འདི་དང་འབྲེལ་བའི་གནད་དོན་གཉིས་ཡོད། གཅིག་དེ་ད་ལྟ་རྒྱ་གར་གནས་སྡོད་ལག་འཁྱེར་བཟོ་ཕྱོགས་སྐོར་ལ་ཉེ་བའི་ཆར་རྒྱ་གར་གཞུང་ནས་ཕྱི་ཟླ་ ༦ ཚེས་ ༢༧ དང་ཚེས་ ༣༠ འཁོད་པའི་བཀོད་ཁྱབ་གཅིག་ཕེབས་ཡོད་པ་དེའི་ནང་དོན་དེ་ད་ལྟ་གསལ་པོ་ཞིག་ཤེས་ཀྱི་མེད་ཙང༌། ཡང་མ་ཤེས་པའི་ཐོག་ནས་དྲི་བ་ཞུས་པ་དེ་འདྲ་ཆགས་ན་དགོངས་སེལ་ཞུ་རྒྱུ་ཡིན། ད་ལྟ་ང་ཚོའི་གནས་སྡོད་ཀྱི་ལག་འཁྱེར་དེ་ལོ་ལྟར་རྒྱ་གར་ནང་ལ་སྡོད་ཆོག་པའི་དུས་ཚོད་ནར་འགྱངས་སམ་ཕར་འགྱངས་ལོ་ལྟར་ཞུ་དགོས་པ་ཞིག་ཆགས་ཡོད་རེད། ང་ཚོ་ད་བར་བཙན་བྱོལ་ལ་གྱར་ནས་ལོ་བཞི་བཅུ་ཞེ་དྲག་གི་རིང་ལོ་ལྟར་བྱེད་དགོས་པའི་གནད་དོན་ཞིག་རེད། དེ་ལ་དགེ་དང་སྐྱོན་གྱི་གནས་ཚུལ་གསུང་མཁན་འདྲ་པོ་ཁ་ཤས་ཤིག་ཡོད་རེད་དེ། ཡིན་ནའང་མི་སྒེར་སོ་སོའི་ངོས་ལ་ཞེ་དྲགས་སུན་པོ་ཞིག་དང༌། ལྷག་པར་དུ་ནང་མི་བདུན་བརྒྱད། བཅུ་གྲངས་ཡོད་པ་ཚོ། དུས་ཚོད་མི་འདྲ་བ་མི་འདྲ་བ་ཡིན་དུས། རྗེས་སུ་དུས་འགྱངས་ཕྱིན་ནས་དུས་ཚོད་ཏག་ཏག་དེ་ལ་ཕར་འགྱངས་ཞུ་མ་ཐུབ་པའི་སྐབས་ལ་ལས་ཁུངས་ལ་འགྲོ་དུས་དོ་བདག་ལས་བྱེད་ཀྱིས་དངུལ་བཟའ་རྒྱུའི་སྒོ་ཆེན་པོ་ཞིག་ཆགས་ནས་དངུལ་མང་པོ་ཞིག་ཤོར་དགོས་པ་དང་དུས་ཚོད་ལོ་ལྟར་ཕར་འགྱངས་ཞུ་དགོས་པའི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་ད་ལྟ་བར་དུ་བཙན་བྱོལ་ལ་ལོ་ ༤༦ ཕྱིན་ཚར་བ་རེད། ད་དུང་ཡང་བཙན་བྱོལ་ལ་ལོ་ག་ཚོད་ཙམ་ཞིག་སྡོད་དགོས་ཀྱི་ཡོད་མེད་དེ་ངེས་ཆ་འདྲ་པོ་གང་ཡང་ཡོད་མ་རེད། དེ་འདྲ་ཡིན་ཙང་གལ་ཏེ་དུས་ཚོད་ཕར་འགྱངས་ཞུ་རྒྱུ་དེ་ལོ་ལྔའི་ནང་ལ་ཞུ་རྒྱུའི་དགོངས་པ་བཀའ་ཤག་ལ་འཁོར་ཡོད་དམ། དཔེར་ན་ཕྱི་རྒྱལ་ལ་འགྲོ་རྒྱུའི་ལག་འཁྱེར་དེ་དག་ཀྱང་བར་སྐབས་ཤིག་ནས་འགྱུར་བ་ཕྱིན་ནས་ལོ་ལྔ་དང་ལོ་བཅུ་ལ་ཕྱིན་ནས་བདེ་རུ་ཞེ་དྲགས་ཕྱིན་ཡོད་རེད། གལ་སྲིད་གནས་སྡོད་ལག་འཁྱེར་འདི་ལོ་ལྔ་ནས་མ་གཏོགས་ཕར་འགྱངས་ཞུ་མ་དགོས་པ་ཞིག་བྱུང་བ་ཡིན་ན་དེ་ལ་བཀའ་ཤག་གིས་དགོས་པ་དགེ་མཚན་གང་གཟིགས་ཀྱི་ཡོད་མེད་དང༌། དེ་འདྲ་བྱ་རྒྱུའི་དགོངས་པ་འདྲ་འཁོར་ཡོད་དམ་ཞུ་རྒྱུ་གཅིག་ཡིན།
གཉིས་པ་དེ་དང་འབྲེལ་བའི་སྒྲིག་གཞི་དེ་ལ་རྒྱ་གར་གཞུང་གི་ཆབ་འབངས་ཀྱི་སྒྲིག་གཞི་ཞིག་ཡོད་རེད། ༡༩༥༥ ལོར་ཐོག་མར་གཏན་འབེབས་གནང༌། དེ་ནས་ ༡༩༨༦ གི་ལོ་ལ་དེར་བསྐྱར་བཅོས་ཤིག་གནང་འདུག བསྐྱར་བཅོས་གནང་བ་དེའི་ནང་ལ་ཆ་རྐྱེན་ཁ་ཤས་ཡོད་པའི་ནང་ནས་དོན་ཚན་དང་པོ་དེ་ལ་རྒྱ་གར་གྱི་ཆབ་འབངས་དེ་སྐྱེ་སྟངས་ཀྱི་ཐོག་ནས་ By birth རྒྱ་གར་གྱི་མི་སེར་ག་འདྲ་ཞིག་ཆགས་ཀྱི་རེད་ཅེས་པའི་ནང་གསེས་ཀ་པ་དེར་གང་ཟག་གང་ཞིག་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ གི་ཉིན་མོའམ་དེའི་རྗེས་ལ་སྐྱེས་པ་དང༌། ༡༩༨༦ གི་ལོར་ཆབ་འབངས་ཀྱི་སྒྲིག་གཞི་བསྐྱར་བཅོས་གནང་བའི་ལོ་དེའི་སྔོན་ལ་སྐྱེས་པ་ གང་ལྟར་ ༡༩༥༦ རྗས་དང་ ༡༩༨༦ གི་སྔོན་གྱི་དུས་ཚོད་བར་དུ་རྒྱ་གར་ནང་ལ་སྐྱེས་པའི་མི་ཐམས་ཅད་རྒྱ་གར་གྱི་ཆབ་འབངས་ཡིན། སྐྱེས་པའི་ཆ་ནས་ཆབ་འབངས་ཡིན་ཞེས་འཁོད་འདུག དེ་ཉེ་བའི་ཆ་ལ་ང་ཚོས་ཧ་གོ་བ་ཡིན་ཙང༌། དེའི་རྗེས་ལ་ཡང་བསྐྱར་བཅོས་ཕྱིན་ཡོད་མེད་བལྟ་རྒྱུ་བྱུང་མ་སོང༌། དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། གང་ལྟར་གཞི་གཞག་ས་འདྲ་པོ་དེ་རེད། གལ་སྲིད་འདི་ཡིན་ན། ང་ཚོ་བཙན་བྱོལ་ལ་ ༡༩༥༩ ནས་འབྱོར་བ་ཡིན་དུས། ༡༩༥༩ གི་དུས་ཡུན་དེའི་རིང་སྐྱེས་པའི་ཆ་ནས་རྒྱ་གར་གྱི་ཆབ་འབངས་རང་བཞིན་གྱིས་ཆགས་འགྲོ་གི་ཡོད་རེད། ཚོད་དཔག་བྱེད་དུས་ ༡༩༥༩ ནས་ ༡༩༨༦ བར་གྱི་ལོ་ ༢༧ དེ་ལ་ང་ཚོ་བཙན་བྱོལ་གྱི་ནང་ལ་ཕྲུ་གུ་གསར་སྐྱེས་ཤུགས་ཆེ་ཤོས་དེ་དེའི་བར་དུ་བྱུང་ཡོད་རེད་བསམ་གྱི་འདུག ང་རང་སློབ་གྲྭའི་དགེ་རྒན་བྱས་ནས་ཉམས་མྱོང་ཡོད་དུས་དེ་འདྲ་བསམ་གྱི་འདུག དུས་ཡུན་དེའི་རིང་ལ་སྐྱེ་སྒོ་བཀག་རྒྱུ་སོགས་ཤེས་མ་ཤེས་དང་གསལ་པོ་ཤེས་མ་ཤེས་ཀྱི་གནས་ཚུལ་མང་པོ་ཞིག་དེའི་སྐབས་ལ་བྱུང་ཡོད་ཙང༌། ཕྲུ་གུ་གསར་སྐྱེས་མང་བ་དེའི་སྐབས་ལ་བྱུང་ཡོད་རེད། དེའི་རིགས་སྐྱེས་པའི་ཆ་ནས་རྒྱ་གར་གྱི་ཡུལ་མི་ཆགས་འགྲོ་གི་ཡོད་དུས། བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱི་ཐོག་ནས་ཀྱང་ཁྱབ་འགྲོ་གི་ཡོད་རེད། རྒྱལ་ཁབ་གཉིས་ཀྱི་ཆབ་འབངས་བྱེད་ཆོག་པ་ཞིག་ཡོད་རེད། ཡིན་ནའང་རྒྱ་གར་གྱི་ནང་ལ་དེ་འདྲའི་ལོ་ཉི་ཤུ་རྩ་བདུན་དེའི་རིང་ལ་སྐྱེས་པའི་ང་ཚོའི་གསར་སྐྱེས་གཞོན་ནུ་དེ་ཚོ་གནས་སྡོད་ལག་འཁྱེར་དེ་མི་དགོས་པར་རྒྱ་གར་གྱི་ཆབ་འབངས་རང་ལ་རྩིས་པ་ཡིན་ན་དེའི་ཐོག་ལ་ཆབ་སྲིད་ཀྱི་གནས་སྟངས་འདྲ་པོ་ག་འདྲ་ཆགས་ཀྱི་ཡོད་དམ། གནས་ཚུལ་དེ་ཡང་བཀའ་ཤག་གི་མཁྱེན་རྟོགས་ནང་ལ་ཡོད་དམ་མེད་དམ། ཡང་མིན་ན་འདས་པའི་བཀའ་ཤག་དེ་འདྲའི་མཁྱེན་རྟོགས་ནང་ལ་ཡོད་དམ་མེད། ཡང་ཆབ་སྲིད་ཀྱི་གནད་འགག་ཅིག་མཐོང་ནས་མར་མང་ཚོགས་ལ་མ་གསུངས་པར་བཞག་པ་ག་འདྲ་ཡིན་ནམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བའི་དོན་ཚན་དང་པོ། རྒྱ་གར་གནས་སྡོད་ལག་འཁྱེར་གྱི་དུས་ཚོད་ལོ་རེ་བཞིན་དུ་ཕར་འགྱངས་ཞུ་རྒྱུ་དེ་ལོ་ལྔ་ཙམ་བར་དུ་འགྱངས་རྒྱུའི་ཐབས་འཚོལ་བྱ་རྒྱུ་བཀའ་ཤག་གིས་དྲན་ཡོད་དམ་ཞེས་བཀའ་གནང་སོང༌། བཀའ་ཤག་གིས་དྲན་མ་སོང་ཡང་མང་ཚོགས་ཀྱི་ནང་ནས་དེའི་སྐོར་དགོངས་འཆར་གནང་མཁན་མང་པོ་བྱུང་སོང༌། དེ་འདྲ་སོང་ཙང་ང་ཚོས་རྩད་གཅོད་བྱས་པ་ཡིན། ཕྱི་རྒྱལ་མི་རིགས་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་དེབ་སྐྱེལ་བྱེད་ཕྱོགས་ཀྱི་ཁྲིམས་གཞིའི་ནང་ Foreign Registration Act དུས་ཚོད་རིང་ཤོས་ལོ་གཅིག་རེད་འདུག དེ་འདྲ་སོང་ཙང་ཕྱི་རྒྱལ་བ་རྒྱ་གར་ནང་གནས་སྡོད་ཀྱི་ཁྲིམས་ཡིག་དེ་བསྐྱར་བཅོས་མ་ཕྱིན་གྱི་བར་དུ་ལོ་གཅིག་ལས་མང་བ་བཟོ་རྒྱུའི་ཐབས་ཤེས་མི་འདུག་ཞུ་རྒྱུ་ཡིན། ཕྱིར་འགྱངས་ཞུ་རྒྱུ་བོད་མིས་ལྐོག་རྔན་མ་སྤྲད་པ་ཡིན་ན་དཀའ་ངལ་གང་ཡང་ཡོང་གཞི་ཡོད་པ་མ་རེད། ཉིན་མ་ཁ་ཤས་འགྱངས་པ་ཡིན་ནའང་དེ་ཙམ་གྱི་ཚབས་ཆེན་པོ་རྩིས་ཀྱི་ཡོད་མ་རེད། བོད་མི་ཚོས་ལྐོག་རྔན་སྤྲད་རྒྱུའི་གོམས་གཤིས་ངན་པ་དེ་ལ་བརྟེན་ནས་དེང་སང་དུས་ཚོད་ཏག་ཏག་ལ་ཕར་འགྱངས་ཞུ་མཁན་ཞིག་ཡིན་ནའང་ལྐོག་རྔན་སྤྲད་དགོས་པའི་གནས་ཚུལ་ཡོང་གི་ཡོད་པ་རེད། སོང་ཙང་ཇི་སྲིད་ཀྱི་བར་དུ་བོད་པའི་མིའི་གཤིས་ཀ་ལ་འགྱུར་བ་མ་ཕྱིན་པ་དེ་སྲིད་ཀྱི་བར་དུ་དཀའ་ངལ་དེ་བཀའ་ཤག་དང་གྲོས་ཚོགས་སུས་ཀྱང་སེལ་ཐུབ་པ་ཞིག་མ་རེད་ཅེས་ཞུ་རྒྱུ་ཡིན།
རྒྱ་གར་ཡུལ་མིའི་ཁྲིམས་གཞི་ ༡༩༨༦ ལོ་ལ་བསྐྱར་བཅོས་གནང་བ་རེད་ཅེས་གསུངས་སོང༌། ཕལ་ཆེར་ཡིན་གྱི་རེད། ངའི་བསམ་བློའི་ནང་ལ་ ༡༩༧༧ གྱི་ལོ་ལ་བསྐྱར་བཅོས་གནང་བ་རེད་བསམ་པ་ཞིག་འདུག གང་ལྟར་རྒྱ་གར་ཡུལ་མིའི་ཁྲིམས་ཡིག་བསྐྱར་བཅོས་མ་གནང་བའི་གོང་ལ་སྐྱེས་པའི་བོད་མི་དེ་ཚོ་རྒྱ་གར་ནང་གནས་སྡོད་ལག་འཁྱེར་བཟོས་མེད་པ་ཡིན་ན་ཁྲིམས་ཁང་དུ་ཕྱིན་ནས་ང་དུས་ཚོད་འདི་འདྲ་ཞིག་ལ་རྒྱ་གར་ནང་ལ་སྐྱེས་པ་ཡིན་པས་རྒྱ་གར་གྱི་ཡུལ་མི་ཡིན་ཞེས་ཞུས་པ་ཡིན་ན་དེ་རྒྱ་གར་ཡུལ་མི་ཆགས་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ལན་གཅིག་རྒྱ་གར་གནས་སྡོད་ལག་འཁྱེར་བཟོས་ཟིན་པ་ཡིན་ན་དེ་བོད་མི་སྐྱབས་བཅོལ་བ་ཆགས་ཟིན་པ་རེད། དེའི་རྗེས་ལ་ཕྱི་རྒྱལ་གྱི་མི་རྒྱ་གར་ཡུལ་མིའི་རང་བཞིན་ལེན་རྒྱུའི་ལས་རིམ་ཡོངས་རྫོགས་བརྒྱུད་ནས་འགྲོ་ན་མ་གཏོགས་རྒྱ་གར་དུ་སྐྱེས་པའི་རྒྱུ་མཚན་གྱིས་ཡུལ་མི་ཆགས་རྒྱུ་ཡོད་མ་རེད། དེའི་གནས་སྟངས་དེ་འདྲ་རེད་འདུག་ཞུ་རྒྱུ་ཡིན།

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ཚོགས་དུས་སྔོན་མའི་ནང་ལ་ཡང་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་བཟོ་ཕྱོགས་ཀྱི་སྐོར་ལ་བགྲོ་གླེང་ཤུགས་ཆེན་པོ་གནང་བ་རེད། བྱས་པ་གཞིར་བཟུང་གིས་བཀའ་ཤག་གི་ངོས་ནས་འབྲེལ་བ་ཡུན་རིང་པོ་གནང་བ་ཡིན་གསུངས་ནས་བཀའ་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་གཞིར་བཟུང་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༦ ཚེས་ ༢༧།༣༠ འཁོད་པའི་བཀའ་རྒྱ་དབུས་ནས་མར་གནང་ཟིན་པ་ཡིན་གསུངས་འདུག སེམས་འཚབ་ག་རེ་བྱུང་གི་ཡོད་རེད་གསུངས་ན། སྤྱིར་བཏང་ནམ་རྒྱུན་བཀའ་ལན་ཁ་ཤས་ཤིག་ས་གནས་ས་ཐོག་ལ་ཐག་གཅོད་ལམ་སྟོན་གནང་ཟིན་པ་ཡོང་གི་འདུག་རུང༌། ས་གནས་ས་ཐོག་ལ་སྐབས་རེ་སྐབས་རེ་ལ་ལས་ཀ་བྱེད་དུ་འགྲོ་དུས་དེ་འདྲའི་ལམ་སྟོན་བཀོད་ཁྱབ་སླེབས་མ་སོང་ཟེར་བ་དང༌། ཡང་ད་ལྟ་དཀའ་ལས་ཁག་བསྡད་པའི་བཟོ་འདྲ་པོ་ཐོན་ཡོང་གི་འདུག དཔེར་ན་ལག་འཁྱེར་བཟོ་ཕྱོགས་ཐད་ནས་སློབ་གྲྭ་ཁག་ནས་ཐོན་ཚར་བ་ལག་འཁྱེར་མ་རག་པ་དེ་ཚོར་གཞུང་གིས་ལས་ཀའི་ས་མིག་གསལ་བསྒྲགས་གནང་བའི་སྐབས་ལ་ལག་འཁྱེར་དགོས་ཀྱི་ཡོད་གསུང་དུས་ཀྱང་ས་མིག་དེའི་སྒང་ལ་འགྲོ་མི་ཐུབ་པའི་དཀའ་ངལ་ཞིག་ཆགས་བསྡད་ཀྱི་འདུག གཅིག་བྱེད་དུས་སློབ་གྲྭ་ཁག་ནས་ཐོན་ཚར་བའི་གང་ཟག་དེ་དག་ལ་མ་འོངས་པར་ལག་འཁྱེར་རག་ཕྱོགས་སྐོར་ལ་དགོངས་པ་ག་རེ་བཞེས་ཀྱི་ཡོད་དམ། ༢༠༠༥ ལོའི་ཚུན་ཆད་ལ་སློབ་གྲྭ་ཁག་ནས་ཐོན་ཟིན་པ་གྲངས་ག་ཚོད་ལ་རྒྱ་གར་གནས་སྡོད་ཀྱི་ལག་འཁྱེར་བཟོས་ཡོད་དམ། དེའི་ཐོག་ལ་དམིགས་བསལ་དགོངས་པ་བཞེས་ཡོད་དམ་མེད་དེ་གཅིག་ཤེས་འདོད་འདུག སྤྱིར་བཏང་སློབ་གྲྭ་ཁག་ནང་ཡོད་བསྡད་པ་དེ་ཚོར་ག་ལེར་ག་ལེར་བཟོས་ནའང་དམིགས་བསལ་གྱིས་ཁྱད་པར་གང་ཡང་མཐོང་གི་མི་འདུག སློབ་གྲྭ་ཁག་ནས་ཐོན་ཚར་བ་ལས་ཀ་ལ་ཉེ་བ་ཞིག་རྒྱ་གར་གནས་སྡོད་ལག་འཁྱེར་མ་རག་པའི་ཐོག་ནས་ལས་ཀ་བྱས་ཏེ་ཞབས་འདེགས་ཞུ་རྒྱུའི་ལམ་ཁ་དེ་འགག་བསྡད་པ་ཡིན་ན། དེ་ལ་ཏོག་ཙམ་ཁྱད་པར་ཞིག་མཐོང་བསྡད་ཀྱི་འདུག ༢༠༠༥ ཚུན་ལ་རྡ་ས་ཁུལ་ནས་སློབ་ཐོན་ལག་འཁྱེར་མེད་པ་ག་ཚོད་ལ་བཟོ་ཐུབ་ཡོད་ཞུ་རྒྱུ་ཡིན།

བཀའ་ལན།
རྒྱ་གར་གནས་སྡོད་ལག་འཁྱེར་བཟོ་ཕྱོགས་ཀྱི་སྐོར་ལ་བོད་མི་སྐྱབས་བཅོལ་བ་ཕ་མ་ལ་རྒྱ་གར་གནས་སྡོད་ལག་འཁྱེར་ཡོད་མཁན་གྱི་ཕྲུ་གུ་ཡིན་པ་དེ་དག་རང་ལོ་ ༡༨ ལོན་པའི་སྐབས་ངེས་པར་དུ་རྒྱ་གར་གནས་སྡོད་ལག་ཁྱར་དེ་བཟོ་དགོས་ཀྱི་ཡོད་རེད། སྔོན་མ་ཡིན་ན་སྐྱེས་ཚེས་སློབ་གྲྭའི་ལག་འཁྱེར་དེས་འགྲིག་གི་ཡོད་རེད། ད་ལྟའི་ཆ་ལ་དེས་མ་འགྲིག་པ་ཆགས་བསྡད་ཡོད་རེད། གཞི་རིམ་སློབ་གྲྭ་ནས་ཐོན་ཡོང་དུས་མང་ཆེ་བ་ལོ་བཅོ་བརྒྱད་ཟིན་གྱི་རེད། དེ་འདྲ་ཡིན་ཙང་གཞི་རིམ་སློབ་གྲྭ་སོ་སོས་ཐུགས་འགན་བཞེས་ཏེ་སློབ་ཕྲུག་ལོ་བཅོ་བརྒྱད་ཟིན་རིམ་བཞིན་ལག་འཁྱེར་བཟོ་དགོས་པ་དེ་གལ་ཆེན་པོ་རེད། ཡང་རྒྱ་གར་གྱི་ཡུལ་མི་བྱེད་རྒྱུ་ཡིན་ནའང༌། ཡུལ་མི་བྱེད་རྒྱུའི་ཁྲིམས་མཐུན་གྱི་ལས་རིམ་བརྩམ་ན་ཡག་པོ་ཡོད་རེད། དེ་གཉིས་གང་ཡང་མ་བྱས་པར་བསྡད་པ་ཡིན་ན་དཀའ་ངལ་འཕྲད་ཀྱི་རེད། ད་གིན་ངས་མི་ ༥༨ ལག་འཁྱེར་བཟོ་ལུགས་ཞུས་པ་དེའི་ནང་མང་ཆེ་བ་སློབ་གྲྭ་ཁག་ནས་རེད། སློབ་གྲྭ་ནས་མ་ཡིན་པ་སློབ་གྲྭ་ཐོན་ཟིན་པ་ཡང་འདུག སློབ་གྲྭ་ཐོན་ཟིན་ནས་ལོ་ཉི་ཤུ་རྩ་གྲངས་སླེབས་པའི་རྗེས་ལ་གཞི་ནས་ལག་འཁྱེར་བཟོ་དགོས་བྱུང་ན་དཀའ་ལས་ཁག་ཏུ་ཕྱིན་པ་རེད་མ་གཏོགས་ལས་སླ་རུ་འགྲོ་རྒྱུ་མེད། ས་གནས་གཞན་དག་ལ་ཡང་སློབ་གྲྭ་ཐོན་ནས་ལག་འཁྱེར་མ་ཐོབ་པ་ཡོད་རེད་གསུངས་པ་དེ་སློབ་གྲྭ་དང་ཕ་མ། དོ་བདག་རང་ཉིད་བཅས་གསུམ་ཀས་དོ་སྣང་མ་བྱས་པའི་དབང་གིས་ལུས་པ་མ་གཏོགས་གཞན་གང་ཡང་མ་རེད། དེ་སྔ་ཡིན་ན་དེ་ཙམ་གྱི་དཀའ་ངལ་མེད་ནའང་ད་ལྟའི་གནས་སྐབས་སུ་སྐྱེས་ཚེས་ལག་འཁྱེར་གྱི་དཀའ་ངལ་དེ་གསར་པ་འཕྲད་ཀྱི་ཡོད་རེད་མ་གཏོགས་ལག་འཁྱེར་སྤྲོད་ཀྱི་མིན་ལབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ང་ཚོས་སློབ་གྲྭ་ཁག་དང༌། ས་གནས་འགོ་འཛིན་ཁག་ཚང་མར་ལམ་སྟོན་གསལ་པོ་ཞིག་ཞུ་རྒྱུའི་གྲ་སྒྲིག་གི་ཡོད།

སྤྱི་འཐུས་ལི་ཐང་དབང་རྒྱལ་ལགས་ནས།
ཐོ་འདིའི་ནང་རྒྱ་གར་གནས་སྡོད་ལག་འཁྱེར་གྱི་སྐོར་མ་གཏོགས་བལ་ཡུལ་གནས་སྡོད་ཀྱི་དཀའ་ངལ་གང་ཡང་འཁོད་མི་འདུག དེ་འདྲ་ཡིན་དུས་ལག་འཁྱེར་དེ་རྒྱ་གར་གཅིག་པུར་མ་རེད། བལ་ཡུལ་ས་གནས་ནང་ལ་ཡང་ལག་འཁྱེར་གྱི་དཀའ་ངལ་འཕྲད་བསྡད་ཡོད་རེད། བཀའ་ཤག་གིས་མཁྱེན་གྱི་ཡོད་རེད། སྔོན་མ་ནས་ཞུས་ཡོད་རེད། བཀའ་མོལ་གནང་ཡོད་རེད། དཀའ་ངལ་འཕྲད་སྟངས་ལ་དབུས་ཀྱི་ལག་འཁྱེར་ཁྱོན་ནས་མེད་པ་ལ་སྤྲད་རོགས་ཞེས་ཞུ་གི་ཡོད་མ་རེད། དབུས་ལག་འཁྱེར་ཕ་མ་ཆ་ཚང་ལ་ཡོད་པ་ཞིག་གི་ཐོག་ནས་དེ་ཡང་ཕ་ཡི་མིང་ཐོག་ནས་འཁོད་པ་དང༌། མ་ཡི་མིང་ཐོག་ནས་འཁོད་པ། གང་ལྟར་ལོ་བཅོ་བརྒྱད་ཡར་མི་ལོན་པར་ལག་འཁྱེར་དེ་གནང་གི་ཡོད་མ་རེད། དེ་མ་གནང་བ་སོང་ཙང༌། བར་ལམ་ལོ་མང་པོ་ཞིག་ནས་བོད་གཞུང་གིས་ལག་འཁྱེར་མ་གནང་བར་ལྷག་བསྡད་ཡོད་རེད། དེ་ཡིན་དུས་ད་ལྟ་བལ་ཡུལ་ནང་བུ་བུ་མོ་ཚོ་ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད། སུམ་ཅུ་ལ་ཡང་ལོན་འགྲོ་གི་འདུག ད་ལྟ་ལག་འཁྱེར་རག་གི་མེད་སོང་ཙང༌། དཀའ་ངལ་ཞེ་དྲགས་འཕྲད་བསྡད་ཡོད་རེད། དེ་ནས་མར་རྒྱ་གར་ལ་སློབ་གྲྭར་ཡོང་མཁན་ཡིན་ནའང་རེད། ལས་ཀར་ཡོང་མཁན་ཡིན་ནའང་རེད། ཕ་མ་སྤུན་མཆེད་ཐུག་འཕྲད་ལ་ཡོང་རྒྱུ་ཡིན་ནའང་རེད། ཚོང་གི་ཐོག་ནས་ཡོང་ནའང་རེད། ཆུང་ས་ནས་བཤད་ན་དེ་འདྲ་ལག་འཁྱེར་མེད་པར་ས་མཚམས་བཅད་ནས་ཡོང་མི་ཐུབ་པའི་རྒྱུ་མཚན་གཅིག་དེ་རེད། ཆེ་ས་ནས་བཤད་ན། ཕྱི་རྒྱལ་ལ་སློབ་སྦྱོང་དང་ལས་ཀའི་གོ་སྐབས་ལ་འགྲོ་ནའང་ལག་འཁྱེར་དེ་མེད་ན་ད་ལྟ་ལག་པ་ཆད་སོང་བ་ལྟ་བུ་ཞིག་ཆགས་བསྡད་ཡོད་རེད། བལ་ཡུལ་ལ་མི་འབོར་ཡང་མང་པོ་རེད། གཞིས་ཆགས་ཁག་བརྒྱད་དགུ་བཅུ་ཁག་ཅིག་ཡོད་རེད། དེའི་བུ་བུ་མོ་ཡོད་རེད། དེ་འདྲ་ཡིན་དུས་ཚང་མ་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། སྤྱིར་བོད་གཞུང་ནས་གནང་དང་གནང་གི་ཡོད་རེད། དེ་ག་ཚོད་ཅིག་ལ་གནང་ཡོད་རེད་དམ། ལག་འཁྱེར་དེ་མེད་ན་སྦག་སྦག་ཉོ་ཐུབ་མཁན་ཞིག་ཡོད་ནའང་སྦག་སྦག་གི་ལག་འཁྱེར་བཟོ་ཐུབ་ཀྱི་མ་རེད། པད་ཤག་ཕྲ་ལ་ཕྲན་བུ་ཞིག་བཅོལ་དགོས་ནའང་དེ་མེད་ན་དངུལ་ཁང་ནང་ལ་བཅོལ་ཐུབ་ཀྱི་ཡོད་མ་རེད་ཅེས་དེ་འདྲའི་བཀའ་འདྲི་ཞིག་ཞུ་རྒྱུ་ཡིན།
བཀའ་ལན།
དཔལ་ལྡན་ཚོགས་གཙོས་བཀའ་འཁྲོལ་གནང་བ་གཞིར་བཟུང་དངོས་གཞིའི་དྲི་བ་དང་འབྲེལ་བ་མ་ཆགས་པ་ཡིན་ན་ཡང་དེའི་སྐོར་ཞུ་རྒྱུར། བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་ཆེད་དུ་སྐྱབས་བཅོལ་བའི་ལག་འཁྱེར་རམ། བལ་ཡུལ་ནང་གནས་སྡཽད་ཆོག་པའི་ལག་འཁྱེར་བཟོ་ཐུབ་ཐབས་གཏན་ནས་མི་འདུག་ཅེས་ཐག་བཅད་ནས་ཞུ་རྒྱུ་ཡིན། འདས་པའི་ལོ་གཉིས་གསུམ་གྱི་རིང་ཐབས་ཤེས་མེད་ན་མ་གཏོགས་ཡོད་རྒུ་རྩལ་སྤྲུགས་ཞུས་པ་ཡིན། བལ་ཡུལ་གྱི་གནས་སྟངས་བཀའ་ཤག་ལས་ད་ལྟ་བཀའ་འདྲི་གནང་མཁན་གྱི་བཀུར་འོས་སྤྱི་འཐུས་ཀྱིས་མང་བ་མཁྱེན་གྱི་རེད། དེ་ཚོ་ཞིབ་ཚགས་པོ་བྱས་ནས་ཞུ་དགོས་དོན་མི་འདུག དེ་འདྲ་སོང་བ་ཡིན་ཙང༌། ཐ་མར་འུ་ཐུག་ཐབས་ཟད་ཀྱིས་བལ་ཡུལ་ནང་ལག་འཁྱེར་མེད་པའི་མིང་ཐོ་བལ་ཡུལ་གཞུང་ལ་ཕུལ་ཟིན་པའི་མི་གྲངས་ལྔ་སྟོང་མ་ཟིན་ཙམ་དེ་དང༌། དེ་དང་ཕྱོགས་མཚུངས་པའི་ལག་འཁྱེར་མེད་མཁན་དེ་ཚོ་ཕྱི་རྒྱལ་གཞན་པ་ལ་སྐྱབས་བཅོལ་དུ་གཏང་རྒྱུའི་ལས་གཞི་བསྒྲིག་ན་མ་གཏོགས། བལ་ཡུལ་ནང་གཞིས་ཆགས་ཡར་རྒྱས་གཏང་རྒྱུའི་ལས་གཞི་གང་ཡང་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་མ་ཡིན་པའི་མཐུན་རྐྱེན་ཡང་བསྐྲུན་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ད་ལྟའི་གནས་སྐབས་སུ་བལ་ཡུལ་ནང་ཡོད་པའི་ལག་འཁྱེར་མེད་པའི་བོད་མི་སྐྱབས་བཅོལ་བ་རྣམས་སོ་སོ་འདོད་པ་མེད་ན་མ་གཏོགས་འདོད་པ་ཡོད་པའི་རིགས་ཚང་མ་ཨ་རི་ལ་སྐྱབས་བཅོལ་དུ་གཏང་རྒྱུའི་ཐག་གཅོད་ཟིན་པ་ཡིན་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
འཕྲོས་དོན་དྲི་བ་དང་པོ་དེ་དྲི་བ་འདི་ཞུ་དགོས་པ་གལ་ཆེན་པོ་ཞིག་མཐོང་སོང༌། ག་རེ་བྱས་ནས་ཞུས་པ་ཡིན་ན། ང་ཚོ་སྐྱབས་བཅོལ་བའི་རིང་ལ་ཡིག་ཆ་གལ་ཆེ་ཤོས་དེ་ག་རེ་ཆགས་ཀྱི་ཡོད་རཻད་ཅེ་ན། ད་ལྟ་བཀའ་མོལ་གནང་བཞིན་པའི་ཨར་སི་ R.C. འདི་ཆགས་བསྡད་འདུག ད་བར་ཨར་སི་དེ་ག་རེ་ཡིན་པའི་ངོ་སྤྲོད་ཡག་པོ་བྱུང་མི་འདུག་བསམ་གྱི་ཡོད། བྱེད་དུས་ངོ་སྤྲོད་ཡག་པོ་ཡོང་བའི་དོན་དུ་འཛིན་སྐྱོང་གི་ཐོག་ནས་ཟབ་སྦྱོང་སོགས་བརྒྱུད་ནས་ཐབས་ཤེས་གནང་ཐུབ་ཀྱི་རེད་དམ་ཞེས་དྲི་བ་གཅིག་འདི་ཡིན། དེ་ངས་གནད་འགག་ཅིག་མཐོང་གི་འདུག ག་རེ་བྱས་ནས་ཞེ་ན། མི་མང་ནང་ལ་ཡིན་དང་མིན། གྲོས་ཚོགས་ནང་ལོགས་ལ་ཡང་དྲི་བ་ཡོང་སྟངས་ཀྱི་ཐོག་ནས་ཕལ་ཆེར་གྲོས་ཚོགས་འཐུས་མིས་ཀྱང་ཨར་སི་དེ་ག་རེ་ཡིན་མིན་ཤེས་ཀྱི་ཡོད་མེད་ཀྱི་ང་ལ་དྭོགས་པ་དེ་འཆར་ཡོང་གི་འདུག
དེ་ལས་འཕྲོས་པའི་དྲི་བ་གཉིས་པ་དེ་ག་རེ་ཆགས་ཀྱི་ཡོད་ཞུས་པ་ཡིན་ན། དོ་བདག་འདས་གྲོངས་སུ་ཕྱིན་པའི་སྐབས་ལ་ཨར་སི་དེ་ཕར་རྒྱ་གར་གཞུང་ལ་སློག་གནང་གི་ཡོད་རེད་དམ། ལས་ཀ་དེ་མང་ཆེ་བ་ཞིག་འཛིན་སྐྱོང་གི་ཐོག་ནས་གནང་བསྡད་ཀྱི་ཡོད་རེད། བོད་མི་ཚོ་འདས་གྲོངས་སུ་ཕྱིན་པའི་སྐབས་སུ་དེ་སློག་དགོས་ཀྱི་ཡོད་རེད། བྱས་ཙང་སློག་གི་ཡོད་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
གསུམ་པ་དེ་ལ་གཅིག་ཞུ་འདོད་བྱུང་སོང༌། Citizenship Amendment ཞིག་འགྱངས་གནང་སོང༌། གཅིག་བྱས་པ་ཡིན་ན་ད་ལྟ་ ༨༦ བར་དུ་ཞེས་གསུངས་སོང་སྟེ། ཕལ་ཆེར་ Amendment དེ་ཉེ་ཆར་དེ་རེད། དུས་ཚོད་དེ་དེའི་ནང་ལ་གསལ་པོ་ཐེབས་བསྡད་ཡོད་རེད་བསམ་གྱི་འདུག དེ་སྔོན་གྱི་ Citizenship by birth དེ་འདི་ལས་གུ་ཡངས་པ་ཡོད་རེད། དེའི་སྐབས་ལ་དེ་བཟོ་དགོས་པ་དེ་ཕལ་ཆེར་ Bangladesh ཡི་སྐྱབས་བཅོལ་བ་ལ་བལྟས་ནས་བསྐྱར་བཅོས་དེ་སླེབས་ཡོད་རེད་བསམ་གྱི་འདུག བྱས་ཙང་དེ་ཚོའི་རིགས་དེ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཤེས་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་འདུག

བཀའ་ལན།
ཟབ་སྦྱོང་འབུལ་ཐུབ་ཀྱི་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་ཞིག་བཀོད་རྒྱུའི་འདོད་པ་བྱུང་སོང༌། སྐྱབས་བཅོལ་ལག་འཁྱེར་འདིའི་སྐོར་ལ་མང་ཚོགས་ཀྱི་ནང་དུ་གླེང་སློང་ཆེན་པོ་དང༌། དཀའ་ངལ་ཡོད་པ། དཀའ་ངལ་དེ་ཡང་བཀའ་ཤག་གིས་བཟོས་པ་རེད་ཟེར་རྒྱུ་དང༌། དེའི་ནང་ནས་བཀའ་བློན་ཁྲི་པས་བཀའ་སློབ་གསུང་སྟངས་ཀྱི་སྐོར་ལ་ལུང་འདྲེན་བྱེད་མཁན། དེ་འདྲ་མང་པོ་ཞིག་མི་མང་ནང་ལ་ཤོད་སྡོད་ཀྱི་འདུག དེ་ངས་མ་ཞུས་ནའང་རྩ་བའི་ཚང་མས་མཁྱེན་གྱི་རེད། ད་རེས་རང་གཞུང་མཆོག་གིས་དཀའ་ངལ་ཡོད་བསྡད་པ་དེའི་ཐོག་ལ་འབད་བརྩོན་རྒྱུན་རིང་པོ་གནང་ནས་ ༢༠༠༥ ཟླ་ ༧ ཚེས་ ༢༧ དང་ ༣༠ ལ་དོན་དག་ཟིན་པ་དེར་ཞེ་དྲགས་དགའ་པོ་བྱུང༌། ཁ་སང་ཕལ་ཆེར་རླུང་འཕྲིན་ཁག་གི་ནང་དུ་ཉིན་མ་གཉིས་ཙམ་སྔོན་ལ་དེའི་སྐོར་གསལ་བསྒྲགས་བྱས་སོང༌། ཡིན་ན་ཡང་འདི་གནད་འགག་ཆེན་པོ་ཞིག་ཡིན་དུས། དེ་གསལ་པོ་ཞིག་བྱེད་དགོས་པ་དེ་གནད་འགག་ཆེན་པོ་རེད། ད་ལྟ་གོང་དུ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དྲི་བ་བཀོད་སོང༌། གང་ལ་གང་འཚམས་གསལ་པོ་ཆགས་ཀྱི་རེད་བསམས་སོང༌། ཡིན་ན་ཡང་ང་རང་སྒེར་ལ་ཤེས་ཡོན་དམན་པའི་རྐྱེན་གྱིས་དོན་ཚན་གཅིག་གཉིས་ཤིག་གསལ་པོ་མ་ཆགས་པའི་ཐོག་ནས་ཡང་བསྐྱར་བཀའ་འདྲི་ཞུ་དགོས་ཆགས་སོང༌། དང་པོ་བཀའ་འདྲི་ཞུ་རྒྱུ་ལ། སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུ་དེ་ལོ་བཅོ་བརྒྱད་ཀྱི་མཚམས་ལ་བཟོ་དགོས་རེད་ཅེས་ད་ལྟ་གསུངས་སོང༌། ད་ལྟ་རྒྱ་གར་གཞུང་ནས་བཀའ་འཁྲོལ་ཆོག་མཆན་ཐོབ་སོང་བ་དེའི་ཐོག་ལ་ཕལ་ཆེར་རླུང་འཕྲིན་གྱི་ནང་དུ་སྐད་ཆ་ཤོད་སྟངས་ལྟར་བྱས་ན། ས་གནས་གཞིས་འགོའམ་འགོ་འཛིན་བརྒྱུད་དུས་ཚོད་འདི་ནས་དེ་བར་དུ་ཐོ་བརྒྱབ་དགོས་རེད་ཟེར་རྒྱུ་འདྲ་ཞིག་ཕལ་ཆེར་གོ་སོང༌། ད་ལྟ་ལམ་སྟོན་འདི་ནས་གནང་ཟིན་པ་ཡིན་གསུངས་འདུག ཡིན་ན་ཡང་ལམ་སྟོན་སྐོར་དྲི་བ་བཀོད་སོང་སྟེ། ལམ་སྟོན་སྐོར་དེ་ད་ལྟ་ཕལ་ཆེར་ནང་སྲིད་དང་ཁག་ཁ་ཤས་ཤིག་ལ་བཀའ་བསྡུར་བྱས་ནས་བྱེད་རྒྱུ་ཞིག་མ་གཏོགས་ལམ་སྟོན་གང་ཡོད་པ་དེ་ཆ་ཚང་ད་ལྟ་གསུང་རྒྱུ་མེད་པའི་བཟོ་འདྲ་ཞིག་ང་རང་གིས་དེ་འདྲ་ཞིག་ཐོས་སོང༌། བལ་ཡུལ་ནས་རྒྱ་གར་གཞུང་བརྒྱུད་ནས་ཡིག་ཆ་དཀར་པོ་ཞུ་དགོས་ཡོད་ནའང་འདྲ། གང་ལྟར་སྐྱབས་བཅོལ་གྱི་ལག་འཁྱེར་ཞིག་གནང་བསྡད་པ་དེ་མ་གནང་སྔོན་ནས་གསར་དུ་འབྱོར་བསྡད་པ་དེ་ཚོའི་གྲས་དེ་ཡང་ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་བཞིན་རྒྱ་གར་གཞུང་ལ་ཡར་བདེ་སྲུང་ལས་ཁུངས་བརྒྱུད་ནས་ཐོ་སྔ་རྗེས་གཉིས་ཕུལ་བ་དེའི་ནང་ལ་ཡོད་བསྡད་པ་དེ་ཚོ་ཚང་མ་ད་ལྟ་བཟོ་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་ཅེས་ངས་གོ་བ་དེ་ལེན་གྱི་ཡོད། གཅིག་བྱས་ན་ང་རང་ནོར་ཡོད་ཀྱི་རེད་བསམ་གྱི་འདུག རྗེས་སུ་བལ་ཡུལ་ནས་ཡིག་ཆ་དཀར་པོ་ཐོབ་ཚར་བ་དེ་ཚོའི་གྲས་ལ་ཡང་སྐྱབས་བཅོལ་ལག་འཁྱེར་བཟོ་ཆོག་པ་དང༌། དེ་ཡང་ད་ལྟ་རྒྱ་གར་གཞུང་གི་བཀའ་འཁྲོལ་ནང་ལ་ཡོད་ས་རེད་བསམས་སོང༌། དེ་བཟོ་སྟངས་ཀྱི་སྐོར་ལ་ད་ལྟ་འདིར་ལམ་སྟོན་གནང་ཡོད་གསུངས་འདུག ལམ་སྟོན་དེ་ད་ལྟ་ཕལ་ཆེར་གསུང་ཆོག་ཆོག་ཅིག་ཡོད་མེད་ཀྱི་སྐོར་ལ་ང་རང་ལ་ཐེ་ཚོམ་ཤར་སོང༌། གལ་སྲིད་ཆོག་པ་ཡོད་ན། སྡེ་ཚན་གཉིས་ཀྱི་ཐོག་ནས་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུ་དེ་ང་རང་ཚོའི་བདེ་དོན་ལས་ཁུངས་བརྒྱུད་ནས་ས་གནས་སོ་སོ་ནས་བཟོ་ཆོག་གི་ཡོད་རེད་དམ། ད་ལྟ་འགྲོ་བཞིན་པའི་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་གྱི་ལས་ཁུངས་དེ་འདྲ་ཞིག་བརྒྱུད་ནས་བཟོ་དགོས་ཀྱི་ཡོད་དམ། དེའི་སྐོར་དེ་གལ་སྲིད་གསལ་པོ་གསུང་ཆོག་པ་ཞིག་ཡིན་ན། རྩ་བའི་དེའི་སྐོར་ལ་གསུངས་སོང་སྟེ་ང་རང་གསལ་པོ་ཆགས་མེད་པ་སོང་ཙང༌། དེའི་སྐོར་ལ་ག་འདྲ་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་གཅིག་འདི་ཡིན།
དོན་དག་གཞན་དག་ཅིག་དེ་མི་མང་པོའི་བསམ་ཚུལ་ལ་ཡོད་བསྡད་པ་ཞིག་རེད། དེ་བཞིན་འཛིན་གྲྭ་བཅིུས་ཐོན་ཚར་བའི་སློབ་ཕྲུག་ལོ་ ༡༨ ཟིན་པ་མང་པོ་ཞིག་ལ་དཔེར་ན། བོད་ཁྱིམ་སྟེང་ཤོད་ཀྱིས་གཙོས་པའི་གང་ལྟར་རྡ་རམ་ས་ལའི་ཉེ་འཁོར་དང་དེ་མིན་གྱི་སློབ་ཕྲུག་དེ་ཚོ་མཐོ་རིམ་སློབ་གྲྭའི་ནང་ལ་ཕེབས་དགོས་ཀྱི་ཡོད་དུས་སྐྱབས་བཅོལ་ལག་འཁྱེར་མེད་ནས་དཀའ་ངལ་ཆེན་པོ་ཞེ་དྲགས་འཕྲད་སྡོད་མཁན་དེ་འདྲ་མང་པོ་གློ་བུར་དུ་བཟོ་དགོས་ཡོད་དུས་ཁྲིམས་རྩོད་པའི་གླར་འགྲོ་སོང་སྒོར་མོ་སྟོང་ཕྲག་མང་པོ་བཏང་སྟེ་དུས་ཚོད་རྒྱུན་རིང་པོ་ལ་བསྒུགས། སྒུག་དུས་དེའི་དུས་ཚོད་དེ་དང་སློབ་གྲྭ་ལ་ཞུགས་དགོས་པ་གཉིས་ཐོད་པ་མ་ཐུག་ནས་ཧ་ཅང་གི་དཀའ་ངལ་མང་པོ་ཆགས་བསྡད་པ་དེ་འདྲ་མཐོང་སོང༌། ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་སྐྱབས་བཅོལ་ལག་འཁྱེར་ཡང་ན་ཕ་མ་ནས་བཟོ་དགོས་ཀྱི་རེད། ཡང་ན་སློབ་གྲྭའི་བརྒྱུད་ནས་བཟོ་དགོས་རེད་ཅེས་བཀའ་ཕེབས་སོང༌། ངས་ད་རེས་བཀའ་འདྲི་ཞུ་རྒྱུ་ལ། ཕ་མ་ནས་བཟོ་ཐུབ་ན་སྨོས་མེད་རེད། གལ་སྲིད་ཕ་མ་ནས་བཟོ་ཐབས་མེད་པ་བོད་ནས་ཚུར་གསར་དུ་འབྱོར་བ་དེ་འདྲ་མང་པོ་ཡོད་ན། རང་གཞུང་བཀའ་ཤག་གི་བརྒྱུད་ནས་བོད་ཁྱིམ་སྟེང་ཤོད་ཀྱིས་གཙོས་པའི་སློབ་གྲྭ་ཆེ་ཁག་གི་ལག་འཁྱེར་མེད་མཁན་གྱི་ཕྲུ་གུ་ཚོར་གཞུང་འབྲེལ་གྱི་ཐོག་ནས་ལག་འཁྱེར་ལས་ཁུངས་ནས་བཟོ་བའི་བཀའ་འཁྲོལ་ཞིག་གནང་ཐུབ་ཀྱི་ཡོད་རེད་དམ་མ་རེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་གཅིག་གིས་ད་གིན་བཀའ་འདྲི་གནང་བར་ངས་ལན་འབུལ་རྒྱུ་ལུས་འདུག དེ་ཞུས་ཆོག་པའི་བཀའ་འཁྲོལ་ཞུ་རྒྱུ་ཡིན། བོད་མི་འདས་གྲོངས་སོང་བའི་སྐབས་རྒྱ་གར་གནས་སྡོད་ལག་འཁྱེར་ཕྱིར་སློག་བྱེད་མཁན་ཧ་ཅང་དཀོན་པོ་རེད། ས་གནས་རེ་གཉིས་ནང་ཕྱིར་སློག་བྱེད་རྒྱུའི་ལམ་སྲོལ་ཡོད་པ་འདྲ། ད་ལྟ་མང་ཆེ་བ་ཞིག་གིས་ཕྱིར་སློག་བྱེད་ཀྱི་མི་འདུག མ་འོངས་པར་ཕྱིར་སློག་བྱེད་དགོས་པའི་གསལ་བསྒྲགས་དང་ཟབ་སྦྱོང་ཁག་གི་སྐབས་ལམ་སྟོན་ཞུ་རྒྱུ་ཡིན།
དེ་ནས་བཀུར་འོས་སྤྱི་འཐུས་གཞན་པ་ཞིག་གིས་བཀའ་འདྲི་གནང་དོན་དུ་བོད་མི་གནས་ཡུལ་ཚང་མར་འདི་སྐོར་ལམ་སྟོན་བྱས་ཡོད་རེད་དམ་མ་རེད། ལན་གྱི་ནང་བྱས་ཚར་ཟེར་བ་འདྲ་ཞིག་འདུག་ཅེས་གསུངས་ཐད། ཐུགས་ཁག་མི་འདུག ཡིག་ཐོག་དྲིས་ལན་ནང་ལམ་སྟོན་ཟིན་པ་ཡིན་ཞེས་པ་ཞིག་འཁོད་ཡོད་རེད། ད་ལྟ་ས་གནས་འགོ་འཛིན་མང་ཆེ་བ་ཞིག་གིས་རྒྱ་གར་གཞུང་གིས་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བཏང་བའི་གསང་བའི་བཀོད་ཁྱབ་ཐོན་ཟིན་པ་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་དེའི་ནང་ལ་དོན་ཚན་ག་ཚོད་ཡོད་པ་དང༌། བྱེད་དགོས་པའི་ལས་རིམ་གང་དང་གང་ཡིན་པ་དེ་ཚོ་ཞིབ་ཚགས་པོའི་ལམ་སྟོན་ད་ལྟ་བྱས་ཟིན་མེད། དེ་འདྲ་ཡིན་ཙང་ད་གིན་ངས་ཞུས་པ་ལྟར་སློབ་གྲྭ་ཁག་ལ་ཤེས་རིག་ལས་ཁུངས་དང༌། གསར་འབྱོར་བའི་སྐོར་ལ་བདེ་སྲུང་ལས་ཁུངས། སྤྱི་ཡོངས་ཀྱི་གནས་ཚུལ་སྐོར་ནང་སྲིད་ལས་ཁུངས་ནས་ས་གནས་འགོ་འཛིན་ཡོངས་རྫོགས་ལ་རྒྱ་གར་གཞུང་གི་གསང་བའི་བཀོད་ཁྱབ་དེའི་ནང་ཡོད་པའི་གནས་ཚུལ་ཆ་ཚང་བ་ཞིག་གསལ་བཤད་དང་ལམ་སྟོན་ཞུ་རྒྱུ་ཡིན། བཀོད་ཁྱབ་དེའི་ནང་བོད་མི་སྐྱབས་བཅོལ་བ་བོད་ལ་ཕར་ཕྱིན་པ་ཡིན་ན་ཚུར་ལོག་དུས་སྐྱབས་བཅོལ་བའི་གནས་བབ་བསྡད་ཀྱི་མེད་པ་དང༌། སྐྱབས་བཅོལ་གནས་བབ་བསྡད་དགོས་ཀྱི་ཡོད་ན་བྱེད་ཕྱོགས་གང་ཡིན་སོགས་བཀོད་ཁྱབ་དེའི་ནང་ལ་ཡོད་རེད། དེ་ཚོའི་སྐོར་ང་ཚོས་གྲོས་ཚོགས་གྲོལ་བའི་རྗེས་ལ་ས་གནས་ཚང་མར་ལམ་སྟོན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།
དེ་ནས་བོད་ནས་གསར་འབྱོར་རྒྱ་གར་གྱིས་བལ་ཡུལ་ནས་སྤྲད་པའི་འཛུལ་ཞུགས་ལག་འཁྱེར་ལམ་སྲོལ་མ་བཟོ་བའི་སྔོན་ལ་འབྱོར་བ་དེ་ཚོ་ཚང་མ་ལ་གནས་སྡོད་ལག་འཁྱེར་བཟོ་རྒྱུ་རེད་ལབ་སོང༌། དེ་བདེན་པ་རེད་དམ་གསུངས་སོང༌། དེ་བདེན་པ་རང་རེད། ཚང་མ་ལ་བཟོ་རྒྱུ་རེད། ཡིན་ན་ཡང་ཚང་མ་ཞེས་པ་དེ་སྔོན་ཕུལ་ཟིན་པའི་མིང་ཐོའི་ནང་ཚུད་བསྡད་པ་དེ་ཚོ་རེད། མིང་ཕུལ་མེད་པ་ཡིན་ན་ལག་འཁྱེར་བཟོ་ཐུབ་ཀྱི་མ་རེད། སྔོན་མ་ང་ཚོས་ཐེངས་ཁ་ཤས་མིང་ཐོ་བསྐྱར་བསྡུ་ཡང་བསྡུ་བྱས་པ་རེད། མིང་ཐོ་དེའི་ནང་མ་ཚུད་པ་མེད་པའི་རེ་བ་ཡིན། དེང་སྐབས་བོད་ནས་གསར་དུ་འབྱོར་བ་དེ་ཚོ་ལ་དཀའ་ངལ་གང་ཡང་ཡོད་མ་རེད། གང་ཡིན་ཞེ་ན། རྒྱ་གར་གྱིས་འཛུལ་ཞུགས་ལག་འཁྱེར་བལ་ཡུལ་ནས་སྤྲོད་ཀྱི་ཡོད་རེད། དེའི་ཆེད་དུ་བལ་ཡུལ་དུ་རྒྱུན་རིང་ཙམ་སྒུག་དགོས་པའི་དཀའ་ངལ་ཞིག་མ་གཏོགས་རྒྱ་གར་ནང་འབྱོར་ཚར་བའི་རྗེས་ལ་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་མ་རེད། བལ་ཡུལ་ནས་དམིགས་བསལ་འཛུལ་ཞུགས་ཀྱི་ལག་འཁྱེར་ཞུས། ཡོང་ས་དེ་རྒྱ་གར་གྱིས་གཏན་འབེབས་ཡོད་པའི་ལམ་ཁ་ཁག་གཉིས་པོ་གང་རུང་ནས་ཡོང༌། རྒྱ་གར་ས་མཚམས་སུ་འཛུལ་བའི་སྐབས་རྒྱ་གར་སྐོར་སྲུང་བར་ལག་འཁྱེར་བསྟན་ནས་ཐོ་འགོད་བྱས་ཐོག་དམ་ཕྲུག་བརྒྱབས་ཡོད་ན། རྒྱ་གར་ནང་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད། བལ་ཡུལ་དུ་ལག་འཁྱེར་ཞུ་དུས།
༡ སློབ་གྲྭར་འགྲོ་མཁན།
༢ གནས་མཇལ་ལ་འགྲོ་མཁན།
༣ གཉེན་འཕྲད་དུ་འགྲོ་མཁན།
༤ རྒྱུན་རིང་པོར་སྡོད་མཁན་ཞེས་པའི་རེའུ་མིག་ཁ་ཤས་ཤིག་ཡོད་པའི་ནང་རྒྱུན་རིང་པོར་སྡོད་མཁན་ཞེས་པ་དང༌། སློབ་གྲྭར་འགྲོ་མཁན་ཡིན་ཞེས་འཁོད་པའི་རིགས་ལ་སློབ་གྲྭར་འགྲོ་མཁན་ཡིན་ན་སློབ་གྲྭའི་ནང་ཞུགས་ནས་དུས་ཚོད་ངེས་ཅན་ཞིག་གི་ནང་སློབ་གྲྭ་སོ་སོས་གནས་སྡོད་ལག་འཁྱེར་བཟོ་དགོས་ཀྱི་ཡོད་པ་རེད། མི་རྒན་པ་རྒྱ་གར་ལ་རྒྱུན་རིང་པོར་སྡོད་མཁན་ཡིན་ཞེས་པ་བྲིས་ནས་ཡོང་མཁན་དེ་ཚོ་ལག་འཁྱེར་དེའི་ནང་ལ་བཀོད་པའི་དུས་ཚོད་དེ་མ་རྫོགས་གོང་ལ་ས་གནས་ཀྱི་དེབ་འགོད་ལས་ཁུངས་ལ་ཕྱིན་ནས་འཛུལ་ཞུགས་ལག་འཁྱེར་བསྟན་ཏེ་གཏན་སྡོད་ལག་འཁྱེར་ R.C. ཞུ་དགོས་ཀྱི་ཡོད་པ་རེད།
དེ་ནས་སློབ་གྲྭ་ཁག་ནས་འགན་བཞེས་དགོས་ཀྱི་འདུག་གསུངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། སློབ་གྲྭ་མང་ཆེ་བ་ཞིག་གིས་འགན་བཞེས་ཀྱི་ཡོད་པ་རེད། ད་ལྟ་ལན་ཞུ་མཁན་རང་ཉིད་ལྟ་བུར་མཚོན་པ་ཡིན་ན་ལོ་སུམ་ཅུ་སློབ་གྲྭ་ཞིག་གི་འགན་འཛིན་བྱས་པ་ཡིན། ལོ་རེ་བཞིན་དུ་སློབ་ཕྲུག་ལོ་གྲངས་བཅོ་བརྒྱད་ལོན་པ་ཚང་མ་ཟུར་འདོན་བྱས་ནས་ལག་འཁྱེར་བཟོ་མཁན་གྱི་ལས་བྱེད་པ་སློབ་གྲྭ་རང་དུ་གདན་འདྲེན་ཞུས་ནས་ལག་འཁྱེར་བཟོ་རྒྱུའི་ལས་རིམ་བྱེད་ཀྱི་ཡོད་པ་རེད། དཀའ་ངལ་གང་ཡང་ཡོད་མ་རེད། སློབ་གྲྭ་ཚང་མས་དེ་འདྲ་གནང་ཐུབ་པ་ཡིན་ན་ལམ་སྲོལ་ཞིག་ཆགས་ནས་ཕྱོགས་གཉིས་ཀ་ལ་ལས་སླ་པོ་ཡོང་རྒྱུ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོས་སློབ་གྲྭ་ཡོངས་རྫོགས་ལ་ཤེས་རིག་ལས་ཁུངས་བརྒྱུད་ནས་ཐུགས་འགན་བཞེས་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣