སུད་ཚོང་ཁག་ཅིག་གི་ཚོང་ཁྲལ་ཆག་ཡང་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས། ༄༅། །ལ་སླེ་བོད་རིགས་སུད་ཚོང་དང་ཀར་གྷིལ་སུད་ཚོང་སྡེ་ཚན་གཉིས་ནས་ཚོང་ཁྲལ་འབུལ་དགོས་རིགས་ཡུལ་ཁྲིམས་ལྟར་སྲུང་བརྩི་ཞུ་དགོས་པ་གསལ་པོ་ཤེས་པའི་ཐོག་སྐྱབས་བཅོལ་ཚོང་འབྲེལ་སྡེ་ཚན་གྱི་མིང་ཐོག་དེབ་སྐྱེལ་ཐུབ་ཚེ་ཚོང་ཁྲལ་ཆག་ཡང་ཐོབ་རྒྱུའི་རེ་བ་ཡོད་སྐོར་ས་གནས་ཁྲལ་ལས་མི་སྣ་ཞིག་བརྒྱུད་ཤེས་རྟོགས་བྱུང་ལུགས་ཞུ་བ་དང་ཆབས་ཅིག་དཀའ་སེལ་རོགས་སྐྱོར་ཡོང་བའི་རེ་འདུན་བཞིན་ནང་ལྷན་དུ་ཡིད་ངག་གཉིས་ཐོག་སྔ་རྗེས་སྙན་བསྐུལ་ཞུས་པའི་བཀའ་ལན་དུ་ཐག་ཉེ་འབྲེལ་མཚུངས་ལ་སྤྱིར་བཀོད་ཁྱབ་བགྱིས་ལུགས་ལ་དྲི་བ་ཞུ་རྒྱུར།

༡ བཀོད་ཁྱབ་བགྱིས་པ་ལྟར་ད་བར་གྲུབ་འབྲས་ཇི་སོན་གསལ་བཤད་ཡོང་བ་ཞུ།

བཀའ་ལན།
ལ་དྭགས་སླེ་དང༌། ཀར་གྷིལ་བོད་རིགས་སུད་ཚོང་སྡེ་ཚན་གཉིས་ནས་ཁྲིམས་མཐུན་ཚོང་ཁྲལ་འབུལ་ཆེད་བོད་རིགས་སྐྱབས་བཅོལ་ཚོང་པའི་ཚོགས་སྐྱིད་མིང་ཐོག་ཚོང་ཁྲལ་དེབ་སྐྱེལ་ཐོབ་ཐབས་འབྲེལ་ཡོད་ས་གནས་དཔོན་རིགས་མཇལ་གཏུགས་ཞུ་ཕྱོགས་ལ་སྤྱིར་བཀོད་མངགས་ཞུས་པ་བཞིན། ༢༠༠༤ ཕྱི་ཟླ་ ༡༠ ཟླ་མཇུག་ནང་ལ་སྤྱི་དང་ཚོང་སྐྱིད་འཐུས་ཚབ་བཅས་ཤྲི་ན་གྷར་དུ་བསྐྱོད་ནས་འབྲེལ་ཡོད་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་ལ་སླེ་ཚོང་ཁྲལ་ཚོད་དཔག་ལས་ཁུངས་ལ་བོད་རིགས་སུད་ཚོང་བའི་ཚོགས་སྐྱིད་ཀྱི་མིང་ཐོག་ཚོང་ཁྲལ་དེབ་སྐྱེལ་བྱེད་དགོས་པའི་བཀའ་ཁྱབ་ ༢༠༠༤།༡༠།༢༧ འཁོད་པ་ཞུ་ཐོབ་བྱུང་འདུག
སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས་འཕྲོས་དོན་དྲི་བར།
ལས་སླེའི་ཚོགས་སྐྱིད་མིང་ཐོག་ནས་ཚོང་ཁྲལ་དེབ་སྐྱེལ་ཐོབ་ཐབས་ཞེས་འཁོད་འདུག་པས་དེབ་སྐྱེལ་བྱེད་ཐུབ་པ་ཙམ་གྱིས་ཚོང་ཁྲལ་ཚོད་དཔག་ལས་ཁུངས་ལ་བོད་རིགས་སུད་ཚོང་བའི་ཚོགས་སྐྱིད་ཀྱི་མིང་ཐོག་ནས་ཚོང་ཁྲལ་དེབ་སྐྱེལ་ཐུབ་པ་ཙམ་གྱིས་ཚོང་ཁྲལ་ཆག་ཡང་ཐོབ་པ་ཡིན་ནམ། དེ་འདྲའི་ཚོང་ཁྲལ་ཆག་ཡང་ཡོང་རྒྱུ་དེ་ཇ་མུ་ཀ་ཤ་མིར་གཅིག་པུར་ཡིན་ནམ། ཡང་ན་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཡོངས་རྫོགས་གཅིག་གྱུར་ཡིན་ནམ། གལ་སྲིད་མངའ་སྡེ་ཡོངས་རྫོགས་སུ་གཅིག་གྱུར་ཡིན་ན། བོད་པའི་སུད་ཚོང་བ་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་ཡོད་སྟབས། དེ་དག་ཚང་མའི་དཀའ་ངལ་སེལ་ཐབས་སུ་སྤྱི་མཐུན་གྱི་ཐབས་ཤེས་ཤིག་བཟོ་གནང་འཆར་ཡོད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོར། ཚོང་ཁྲལ་དེབ་སྐྱེལ་བྱས་པ་ཙམ་གྱིས་ཚོང་ཁྲལ་ཆག་ཡང་ཐོབ་ཀྱི་རེད་དམ་ཞེས་བཀའ་གནང་སོང་བས། དེ་ངེས་པ་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན། ཚོང་ཁྲལ་དེབ་སྐྱེལ་བྱས་ཏེ་དེབ་སྐྱེལ་གྱི་ཨང་གྲངས་ཡོད་ན་གཞི་ནས་ཚོང་ཁྲལ་ཆག་ཡང་ཞུ་རྒྱུའི་ཐོབ་ཐང་ཐོབ་ཀྱི་ཡོད་རེད། དེབ་སྐྱེལ་བྱས་པའི་རྗེས་སུ་ཚོང་ཁྲལ་ཆག་ཡང་གཞི་ནས་ཞུ་དགོས་ཀྱི་ཡོད་རེད། ཆག་ཡང་ཞུས་པའི་སྐབས་སུ་ས་གནས་ཀྱི་ཚོད་དཔག་ལས་ཁུངས་ནས་ཚོང་གི་འབོར་དང༌། ཚོང་འཁོར། ལོ་རེའི་གཙང་ཁེ་བཅས་ཐམས་ཅད་ཞིབ་འཇུག་བྱས་པའི་ཐོག་ཆག་ཡང་གནང་འོས་མིན་ཐག་གཅོད་བྱེད་ཀྱི་རེད། ལ་དྭགས་སླེ་དང༌། ཀར་གྷིལ་གྱི་བོད་རིགས་ཚོང་པ་ཚོར་ཚོང་ཁྲལ་དེབ་སྐྱེལ་བྱ་རྒྱུའི་བཀའ་འཁྲོལ་ཞུ་རྒྱུའི་འབད་བརྩོན་བྱས་ཏེ་ད་ཆ་བཀའ་འཁྲོལ་ཐོབ་ཡོད། འོན་ཀྱང་བཀའ་འཁྲོལ་ཐོབ་རྗེས་བོད་རིགས་ཚོང་པ་རྣམས་དགུན་ཚོང་དུ་བསྐྱོད་ཟིན་པར་བརྟེན་ད་ལྟ་དེབ་སྐྱེལ་བྱེད་ཐུབ་མི་འདུག དེབ་སྐྱེལ་བྱས་པ་དང་ཆབས་ཅིག་ཏུ་ཚོང་ཁྲལ་ཆག་ཡང་ཞུ་རྒྱུའི་སྙན་ཞུ་གཏོང་དགོས་ཀྱི་ཡོད་རེད། ལས་དོན་འདི་ཐོག་མུ་མཐུད་མཇུག་སྐྱོང་བྱེད་དགོས་ལ་སྤྱི་ལ་བཀོད་མངགས་བྱས་ཡོད་ཅེས་ཞུ་རྒྱུ་དང༌།
འཕྲོས་དོན་དྲི་བ་གཉིས་པ་ཚོང་ཁྲལ་གྱི་གནས་སྟངས་དེ་རྒྱ་གར་མངའ་སྡེ་སོ་སོར་མི་འདྲ་བ་ཞིག་རེད། ལྷག་པར་དུ་མངའ་སྡེ་གཅིག་ནས་མངའ་སྡེ་གཞན་དུ་ཅ་ལག་འགྲེམས་ཚོང་བྱེད་དགོས་པ། དཔེར་ན། སུད་ཚོང་དེ་བོད་མི་སྐྱབས་བཅོལ་བ་མང་ཆེ་བའི་འཚོ་རྟེན་གཙོ་བོ་ཞིག་རེད། ཚོང་ལས་དེ་མངའ་སྡེ་གཉིས་གསུམ་བརྒལ་ནས་འགྲོ་དགོས་པ་དང༌། དེ་བཞིན་དབུས་དང་ས་གནས་ཀྱི་ཚོང་ཁྲལ་མི་འདྲ་བ་བརྒྱབ་དགོས་པའི་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། དེ་ཚོའི་དཀའ་ངལ་སེལ་སླད་སྤྱི་ཡོངས་ནས་བསམ་ཞིབ་བྱ་རྒྱུའི་ཆེད་འདས་པའི་ལོ་འདིའི་ནང་ཚོང་ལས་ཉམས་ཞིབ་ཞུས་པ་ཡིན། འོན་ཀྱང་འདི་བྱེད་ཐུབ་ཀྱི་རེད་ཅེས་ད་ལྟ་ཞུས་ཐུབ་ཀྱི་མི་འདུག ས་གནས་སོ་སོ་ནས་སུད་ཚོང་བའི་སྒྲིག་འཛུགས་བྱེ་བྲག་པའི་བདེ་སྡུག་གི་གནས་ཚུལ་ཁྲལ་དང་འབྲེལ་བ་ཡོད་པ། ཁྲོམ་ས་དང་འབྲེལ་བ་དེ་འདྲ་ནང་སྲིད་ལས་ཁུངས་སུ་ཞུ་མཁན་བྱུང་བའི་སྐབས་ལ་ཡིག་འབྲེལ་བྱེད་དགོས་ཀྱི་འདུག་གམ། མི་གཏང་དགོས་ཀྱི་འདུག ཁ་པར་གཏང་དགོས་ཀྱི་འདུག་གང་ལ་གང་འོས་རོགས་སྐྱོར་ཞུ་མུས་ཡིན།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨