ས་གནས་འགོ་འཛིན་དང་ཁྲིམས་དཔོན་གཅིག་ལྕོགས་ཚོའི་བཞུགས་གྲལ་ཇི་ཡིན།

མཛད་སྒོ་ལ་ཕེབས་སྐབས་མཛད་སྒོའི་ངོ་བོ་ལ་བལྟ་དགོས་པ་ཡིན། མཛད་སྒོ་དེའི་སྐབས་ཁྲིམས་དཔོན་ངེས་པར་དུ་བཅར་དགོས་པ་ཞིག་ཡིན་ན་ཁྲིམས་དཔོན་གྱི་ངོ་བོ་བྱས་ཕེབས་རྒྱུ་རེད། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོའི་གོང་ལ་བཞུགས་རྒྱུ་དང༌། ཁྲིམས་དཔོན་བཅར་མི་དགོས་པའི་མཛད་སྒོའི་རིགས་ལ་ས་གནས་འགོ་འཛིན་ས་གནས་འགོ་འཛིན་གྱི་ངོ་བོ་རང་བྱས་ཕེབས་རྒྱུ་རེད། དེ་སྐབས་ཁྲིམས་དཔོན་མ་ཡིན་སྟབས་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་དེ་ས་གནས་འགོ་འཛིན་གྱི་གོང་ལ་བཞུགས་དགོས་པ་ཡིན། གང་ལྟར་ཚོགས་འདུ་བསྡུ་བསྐོང་བྱ་ཕྱོགས་ཀྱི་ངོ་བོ་ལ་ལྟོས་དགོས་པ་ཡིན། རྡརྨ་སཱ་ལཱ་ལྟ་བུ་ལ་ཁྲིམས་དཔོན་མཛད་སྒོ་ཁག་གི་སྐབས་བཅར་གྱི་ཡོད་སྟབས་དེའི་ཐོག་ནས་དྭོགས་གཞི་ཡོང་གི་ཡོད་པ་འདྲ། གཞན་དཔེར་ན་གཞིས་ཆགས་ཁག་ལ་ས་གནས་འགོ་འཛིན་དེ་རྒྱུན་དུ་ས་གནས་འགོ་འཛིན་མ་གཏོགས་ཁྲིམས་དཔོན་མ་རེད། འཁྲུངས་སྐར་དུས་ཆེན་ལྟ་བུ་ལ་ཁྲིམས་དཔོན་ངེས་པར་ཕེབས་དགོས་པའི་འབྲེལ་བ་ཆགས་ཀྱི་མེད། དེ་བཞིན་མཛད་སྒོ་གཞན་སྐབས་ཀྱང་དེ་མཚུངས་རེད། གང་ལྟར་ཚོགས་འདུའི་རྣམ་པ་ལ་གཟིགས་ནས་སྐབས་བསྟུན་གྱི་ཐག་གཅོད་དགོས་པ་ཞིག་རེད། དེ་མིན་གཞན་ཚོགས་འདུའི་སྐབས་མཛད་དཀའ་མེད་པར་གསུངས་པ་ལྟར་དོན་ལ་དེ་ལྟར་གནས་ཀྱི་ཡོད། མཛད་སྒོའི་ངོ་བོ་ལ་དྭོགས་གཞིའི་ཐད་གསལ་བཤད་འདིས་འཐུས་ཀྱི་འདུག ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༧/༠༩/༡༥ ་་་ ༡༩༩༧/༠༩/༢༦