རྩིས་ཞིབ་ལས་ཁང་གི་ལས་དོན་གནང་ཕྱོགས་སྐོར་དང༌།
རྩིས་ཞིབ་ལས་ཁང་གི་ལས་དོན་གནང་ཕྱོགས་སྐོར་དང༌། རྒྱུན་ལས་དང་བཀའ་ཤག་དབར་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡོད་ཚུལ།
ཡིག་ཆ་ཨང་ ༥༧ ཐོག་བགྲོ་གླེང་གནང་བའི་སྐབས་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་ཟིན་པ་དང༌། དངོས་སུ་འགྲོ་གྲོན་གཏོང་བའི་སྐབས་རྒྱུན་ལས་དང་རྩིས་ཞིབ་ནས་དགག་བྱ་གནང་ཆོག་མིན་གྱི་བཀའ་མོལ་ཞིག་བྱུང་སོང༌། དེ་གསལ་པོ་ཞིག་མ་བཟོས་ན་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་ཟིན་ཚད་འགྲོ་གྲོན་ཇི་ལྟར་གཏོང་རུང༌། རྒྱུན་ལས་ཀྱིས་སྟངས་འཛིན་བྱེད་རྒྱུ་མེད་པ་དང༌། ལྷག་པར་དུ་རྩིས་ཞིབ་ཀྱིས་དགག་བྱ་གནང་མི་ཆོག་པ་ཞིག་ཆགས་ཚེ་གུ་ཡངས་པོ་ཞིག་ཏུ་འགྱུར་སྲིད། རྩིས་ཞིབ་ཀྱིས་རྩིས་ཞིབ་གནང་རྒྱུའི་དངུལ་འབོར་ནང་རིག་པའི་གཞུང་ལུགས་དང་མཐུན་པ་བྱས་ནས་ཞུས་ན། སྤྱི་འཐུས་ཀྱིས་བཀའ་ཁྲོལ་གནང་བ་ཞིག་མ་གཏོགས་བཀའ་ཁྲོལ་མེད་པ་ཞིག་ལ་རྩིས་ཞིབ་གནང་རྒྱུ་མེད། གང་ལགས་ཟེར་ན། སྤྱི་འཐུས་ཀྱིས་བཀའ་ཁྲོལ་མ་གནང་བ་ཞིག་འཛིན་སྐྱོང་ལ་འགྲོ་གྲོན་གཏོང་རྒྱུ་མེད། རྩིས་ཞིབ་ཀྱི་དགག་བྱ་ཐམས་ཅད་སྤྱི་འཐུས་ཀྱིས་བཀའ་ཁྲོལ་བའི་འགྲོ་གྲོན་ཞིག་གི་ཐོག་གནང་གི་ཡོད། བཀའ་མ་ཁྲོལ་བའི་འགྲོ་གྲོན་ཞིག་གི་ཐོག་རྩིས་ཞིབ་ནས་དགག་བྱ་གནང་དགོས་དོན་མེད། སྤྱི་འཐུས་ནས་བཀའ་ཁྲོལ་ཟིན་པའི་དངུལ་འབབ་ཅིག་ཁྲིམས་དང་སྒྲིག་གཞི་དང་མཐུན་པའི་ཐོག་འགྲོ་གྲོན་གཏོང་ཚེ་རྩིས་ཞིབ་ནས་གསུང་རྒྱུ་གང་ཡང་མེད། རྩིས་ཞིབ་ཀྱི་ལས་འགན་ནི་སྤྱི་འཐུས་ནས་བཀའ་ཁྲོལ་གནང་བ་བཞིན་འགྲོ་གྲོན་བཏང་ཡོད་མེད་གཟིགས་རྒྱུ་ཡིན། དཔེ་མཚོན་ཙམ་དུ་གཞི་ལ་སྦྱར་ནས་ཞུས་ན། དྲུང་ཆེ་གཅིག་གི་ས་མིག་ཅིག་ལ་ཟླ་བ་ ༡༣ གྱི་གསོལ་ཕོགས་སྤྱི་འཐུས་ལྷན་ཁང་གིས་སྔོན་རྩིས་ནས་བཀའ་ཁྲོལ་གནང་གི་ཡོད། བཀའ་ཁྲོལ་ཐོབ་རྗེས་དྲུང་ཆེ་ཡོད་རུང་མེད་རུང་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་པའི་དབང་དུ་བཏང་སྟེ་འགྲོ་གྲོན་གཏོང་ཤག་བྱས་ན་དེ་འགྲིག་གི་མེད། རྩིས་ཞིབ་ཀྱིས་གསོལ་ཕོགས་བཀའ་ཁྲོལ་ཐོབ་པ་གཞིར་བཟུང་གསོལ་ཕོགས་གནང་སའི་དྲུང་ཆེ་ཡོད་མེད་གཟིགས་དགོས་ཡོད། མ་ཟད་དྲུང་ཆེའི་གནས་ཚད་ཡོད་པའི་མི་གཅིག་ས་མིག་དེའི་ཐོག་ཟླ་བ་ ༡༢ རིང་ཕྱག་ལས་གནང་ཡོད་མེད་གཟིགས་རྒྱུ་ཡིན། དྲུང་ཆེའི་གནས་ཚད་ཡོད་པའི་མི་ཞིག་གིས་ཕྱག་ལས་གནང་མེད་ན་ཟླ་བ་ ༡༣ རིང་གི་གསོལ་ཕོགས་དེ་སྤྱི་འཐུས་ཀྱི་བཀའ་ཁྲོལ་ཡོད་པའི་རྒྱུ་མཚན་གྱ྄ིས་འགྲོ་གྲོན་གཏོང་ཆོག་པ་ཞིག་ཆགས་ཀྱི་མེད། གཉིས་པར་ཟླ་ ༡༢ རིང་ཕྱག་ལས་གནང་མཁན་ཡོད་པ་ཡིན་ནའང་ལས་བྱེད་འདེམས་བསྐོའི་སྒྲིག་གཞི་གཞིར་བཟུང་ཕྱག་ལས་གནང་མཁན་དེ་དྲུང་ཆེའི་གནས་ཚད་དུ་བསྐོ་གཞག་གནང་རྒྱུའི་ཆ་རྐྱེན་ཚང་ཡོད་མེད་རྩིས་ཞིབ་ནས་གཟིགས་རྒྱུ་ཡིན། གང་ཟག་དེ་དྲུང་ཆེའི་གནས་ཚད་དུ་བསྐོ་གཞག་གནང་རྒྱུའི་འོས་ཆོས་ཚང་ཡོད་ནའང༌། བསྐོ་གཞག་གནང་ཚུལ་དེ་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དང་མཐུན་པ་ཞིག་བྱུང་ཡོད་མེད་དེའང་རྩིས་ཞིབ་ནས་གཟིགས་རྒྱུ་ཡིན། དེ་འདྲ་གང་ཡང་རུང་བ་ཞིག་དང་འགལ་ཡོད་ཚེ་རྩིས་ཞིབ་ལས་ཁང་ནས་འཛིན་སྐྱོང་གིས་གསོལ་ཕོགས་གནང་བ་དེ་ཕྱིར་ལོག་གནང་དགོས་གསུངས་ན་གསུང་རྒྱུའི་གཞི་རྩ་དེ་བསྡད་ཡོད་པ་ལས། གྲོས་ཚོགས་ཀྱིས་བཀའ་ཁྲོལ་གནང་བ་དེ་བཟོ་ཆེན་འོག་ནས་བཟོ་ཆུང་ཐོན་ཏེ་རྩིས་ཞིབ་པས་ཇི་ལྟར་བཀག་གི་ཡོད་གསུངས་ན་རྒྱུ་མཚན་ལྡན་པ་མ་རེད། དེ་འདྲའི་སྐྱོན་མེད་པར་ས་མིག་ཡོད་པ་དང༌། ས་མིག་དེར་ལས་བྱེད་ཡོད་པ་དང༌། ལས་བྱེད་པ་དེའང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་ལྟར་བཀོད་བསྒྲིགས་གནང་ཡོད་ན་རྩིས་ཞིབ་ནས་བཀག་མི་ཤེས། རྒྱུ་མཚན་ནི་ས་མིག་སྤྲད་དང་མ་སྤྲད། ས་མིག་དེའི་ཐོག་ལས་བྱེད་པ་བཀོད་བསྒྲིགས་གནང་དང་མི་གནང་སོགས་ལ་རྩིས་ཞིབ་ཀྱིས་བྱུས་གཏོགས་བྱས་མེད། གྲོས་ཚོགས་ནས་བཀའ་ཁྲོལ་གནང་ཟིན་པ་ཞིག་རྩིས་ཞིབ་ནས་བཀག་ཆོག་མི་ཆོག་གི་བཀའ་མོལ་དེ་གསལ་པོ་མ་བཟོས་ན་བཀའ་མོལ་དེ་གང་དུ་འཐེན་འཐེན་གྱིས་ཁྱབ་ཆེན་པོར་འགྱུར་ཉེན་འདུག རྩིས་ཞིབ་ཀྱི་ལས་དོན་གང་ཡིན་ཞུ་ན། རྩིས་ཞིབ་གནང་བའི་སྐབས་དང་པོ་ལས་འཆར་དེ་དང་དེར་གཏོང་རྒྱུའི་དངུལ་འབབ་དེ་གྲོས་ཚོགས་ནས་བཀའ་ཁྲོལ་ཐོབ་ཡོད་མེད་གཟིགས་རྒྱུ་དང༌། ལས་འཆར་དེ་དང་ལས་འཆར་དེ་ལ་གཏོང་རྒྱུའི་དངུལ་འབོར་དེ་གྲོས་ཚོགས་ནས་བཀའ་ཁྲོལ་ཐོན་པ་ཞིག་ཡིན་ན། ལས་འཆར་དེའི་འཆར་གཞི་སྒྲིག་ཚུལ་དང་འགྲོ་གྲོན་གཏོང་ཚུལ་དེ་དཔལ་འབྱོར་གྱི་སྒྲིག་གཞི་དང་མཐུན་པ་ཞིག་རེད་འདུག་མི་འདུག་གཟིགས་རྒྱུ། དངུལ་འབོར་དེ་བཀའ་ཁྲོལ་ཟིན་པ་དང༌། ལས་འཆར་དེ་ཁྲིམས་དང་མཐུན་པ་ཞིག་ཡིན་ནའང་ད་དུང་དེའི་ཐོག་དགོས་ངེས་ཐུབ་ངེས་བསྲི་ཚགས་གནང་ཡོད་མེད་དང༌། ལས་འཆར་དེའི་དམིགས་ཡུལ་དང་མཐུན་པའི་གྲུབ་འབྲས་ཐོན་ཡོད་མེད་གཟིགས་རྒྱུ་བཅས་རྩིས་ཞིབ་ཀྱི་ལས་འགན་ཡིན། དེར་བརྟེན་རྩིས་ཞིབ་ཀྱི་དབང་ཚད་ཁྱབ་ཁོངས་དེ་ཆུང་ཆུང་བཟོས་ན་འགྲིག་གི་མེད། དེ་དང་ཆབས་ཅིག་འཛིན་སྐྱོང་གི་ཕྱག་ལས་གནང་མཁན་ཚོས་རྩིས་ཞིབ་ཀྱི་ཁྱབ་ཁོངས་ཀྱི་གནས་ཚུལ་རྣམས་ཤེས་པའི་ཐོག་ནས་ཐོག་མར་ཕྱག་ལས་འགོ་འཛུགས་ཏེ་རྩིས་ཞིབ་ཀྱིས་དགག་བྱ་དང་ཟུར་བརྗོད་མི་ཡོང་བའི་ཆེད་དུ་རྩིས་ཀྱི་ལས་དོན་ལ་ཉེ་བར་མཁོ་བའི་ཡན་ལག་ཉེ་ལག་ཆ་ཚང་བ་ཞིག་གནང་ན་རྩིས་ཞིབ་ཀྱིས་དགག་བྱ་དང་ཟུར་བརྗོད་གནང་དགོས་ཆགས་ཀྱི་མེད། དེས་ན་ཕྱག་ལས་གནང་མཁན་ཚོས་རྩིས་ཀྱི་འགྲོ་སྟངས་ཐད་དམིགས་བསལ་གྱིས་ཟབ་སྦྱོང་གནང་དགོས་རྒྱུ་དང་འགན་བཞེས་དགོས་པ་གལ་ཆེན་པོ་ཡིན་ཞེས་ཞུ་རྒྱུ་དང༌།
གཉིས་པ་དོན་གནད་གཞན་ཞིག་འཕྲོས་དོན་དུ་ཞུས་ན། གོ་བརྡ་མ་འཕྲོད་པ་དང་གསལ་པོ་མེད་པ་རྣམས་གསལ་པོ་བཟོ་ཐུབ་ན་སྟབས་བདེ་པོ་རེད་དྲན་གྱི་ཡོད། ལྷག་པར་དུ་ཕྱི་ནས་གཟིགས་མཁན་ཚོས་རྒྱུན་དུ་དྲན་གྱི་ཡོད། ང་རྡ་རམ་ས་ལར་རྒྱུན་དུ་བསྡད་ཐུབ་ཀྱི་མེད། དེར་བརྟེན་ངའི་བསམ་བློའི་ནང་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་དབར་གནས་ཚུལ་གང་ཡིན་ཡང་བཀའ་བསྡུར་གནང་སྟེ་གསལ་པོ་བཟོས་ན་ལེགས། ཡིན་ཡང་དངོས་ཡོད་གནས་ཚུལ་ཐོག་དེ་ཡོང་ཐུབ་ཀྱི་མེད་ལ། ཡར་མར་ཡི་གེ་བྲིས་ཏེ་གསལ་པོ་བཟོ་རྒྱུའི་འབད་བརྩོན་ཞུ་གི་ཡོད། ང་རང་སྤྱི་འཐུས་རྒྱུན་ལས་ཀྱི་ཆ་ཤས་ཡིན་པའི་ཆ་ནས་ཡི་གེ་དེ་དག་ཚད་ལྡན་ཞིག་ཡོང་གི་ཡོད་དམ་ཞུ་ན། བརྒྱ་ཆ་ ༡༠༠ ཐམ་པ་ཁྲིམས་དང་མཐུན་པ། ཚད་དང་ལྡན་པ། གང་དུ་གཏོང་ཡང་ཁུངས་འཕེར་བ་ཞིག་ཡོང་གི་མེད། སྐབས་རེ་གནས་ཚད་ལས་བརྒལ་བ་དང༌། སྐབས་རེ་མགོ་མ་འཚོས་ནས་བཏང་བའང་ཡང་ཡང་ཡོང་གི་འདུག དེ་ལ་ལན་ཡང་དེ་ལས་སྡུག་པ་ཞིག་མ་གཏོགས་ལེགས་པ་ཞིག་ཡོང་གི་མེད། དེར་བརྟེན་ཡིག་ཆུང་གཏོང་རེས་གནང་བ་ལས་མི་ངོ་མ་ངོ་འཕྲད་དམ་ཁ་པར་བརྒྱུད་དེ་གསལ་པོ་བཟོ་ཐུབ་ན་ལེགས་པ་འདུག་དྲན་གྱི་ཡོད། གནང་ཐུབ་ཀྱི་མི་འདུག སྐབས་རེ་གོ་བརྡ་མ་འཕྲོད་པ་དེ་ལས་དོན་གྱི་དམིགས་ཡུལ་ལ་ཡོད་པ་ལྟ་བུ་ལན་མང་མཐོང་སྣང་བྱུང་ལ། དཔེ་མཚོན་ཞིག་ཞུས་ན་ཞུ་རྒྱུ་ཡོད། སྐབས་རེ་གོ་བརྡ་འཕྲོད་ཆོག་ཆོག་དེའང་ཆེད་དུ་མངགས་ནས་སྐབས་འགར་རྒྱུན་ལས་ཀྱིས་གོ་བརྡ་མ་འཕྲོད་པ་གནང་བ་དང༌། སྐབས་འགར་བཀའ་ཤག་གིས་གོ་བརྡ་མ་འཕྲོད་པ་གནང་བ་དེ་འདྲ་བྱུང༌། ལྷག་པར་དུ་བཀའ་མོལ་གྱི་ནང་དོན་གང་ཡིན་ཞིབ་འཇུག་མ་གནང་བར་གསུང་མཁན་གྱི་གང་ཟག་སུ་ཡིན་དེ་ཞིབ་འཇུག་སྔོན་ལ་གནང་གི་འདུག གང་ཟག་ཆེ་གེ་མོ་ཞིག་གིས་གསུངས་པ་ཡིན་ན་ངེས་པར་དུ་དགག་བྱ་གནང་རྒྱུ་དང༌། དེ་ལས་གཞན་ཞིག་གིས་གསུངས་ན་རྒྱབ་སྐྱོར་གནང་རྒྱུ་བྱས་ཏེ་དངོས་ཡོད་ཀྱི་ལས་དོན་ཐོག་སྐྱོན་བྱུང་བ་མིག་མཐོང་ལག་ཟིན་ཡོང་གི་འདུག་སྟེ། འགྱུར་བ་གཏོང་ཐུབ་ཀྱི་མི་འདུག ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་གཙོའི་དབང་ཚད་བེད་སྤྱོད་བྱས་ཏེ་དེའི་ཐོག་བསྒྱུར་བཅོས་གཏོང་ཐུབ་ཀྱི་མེད་ལ། གོ་བརྡ་སྤྲད་དེ་གོ་བརྡ་འཕྲོད་པ་བཟོ་ཐུབ་ཀྱི་མེད། རྩ་བའི་ན་ཚ་ཐུག་ས་དེ་གང་ཟག་བྱེ་བྲག་པ་གཉིས་ཀྱི་ནང་དོན་མ་འཆམ་པའི་དབང་གིས་ཕན་ཚུན་དམའ་འབེབས་དང་སྐྱོན་བརྗོད་བྱ་རྒྱུའི་བསམ་བློ་ཞིག་གཞི་རྩར་བཞག་ནས་ཕྱག་ལས་གནང་བའི་སྐབས། ཞལ་ནས་ྋརྒྱལ་བ་རིན་པོ་ཆེ་དང་བོད་བསྟན་པ་ཆབ་སྲིད་གསུང་གི་ཡོད་ཀྱང༌། དངོས་ཡོད་དཀའ་ངལ་དེ་འདྲ་ཡོང་བསྡད་ཀྱི་འདུག གནད་དོན་དེ་སྙན་ངག་མཁན་གྱིས་སྒྲོ་བཏགས་ནས་ཞུས་པ་མིན། མ་འོངས་པར་གང་ཟག་ལ་མ་ལྟོས་པར་བཀའ་མོལ་གྱི་ནང་དོན་གང་ཡིན་དེ་ལ་གཟིགས་ནས་ཐད་ཀར་གོ་བརྡ་འཕྲོད་དེ་གནང་ན་ལས་དོན་བྱེད་ཕྱོགས་ཀྱི་ཐད་སྟབས་བདེ་པོ་ཆགས་ཀྱི་རེད་སྙམ། སྐབས་ ༡༡ པའི་སྐབས་ཉམས་མྱོང་གང་འཚམས་བྱུང་ལ། སྐབས་ ༡༢ པར་ཉམས་མྱོང་དེ་གསལ་ཆ་ཆེ་རུ་དང༌། དངོས་གསལ་དོད་དུ་ཕྱིན་སོང༌། ཡིན་ནའང་ཕན་གནོད་འདྲེས་པའི་བཟོ་བཅོས་གཏོང་ཐུབ་ཀྱི་མེད། གང་ལགས་ཟེར་ན། མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐུན་འགའ་སྨན་བསྟེན་པ་ཡིས་ཅིར་བགྱི་མཆི། །ཞེས་པ་ལྟར་ T.B. ནད་པས་སྨན་རྒྱུན་རིང་པོ་བསྟེན་དགོས་པ་ལྟར་འཁོན་འཛིན་གྱི་ན་ཚ་གཏིང་རིང་པོ་ཆགས་བསྡད་ཡོད་པ་དེ་ལམ་སེང་དྲག་རྒྱུ་ཁག་པོ་རེད། དེ་ལ་ཚང་མས་ངེས་པར་དུ་ཐུགས་སྣང་གནང་དགོས་ཀྱི་རེད་སྙམ། གང་ཟག་བྱེ་བྲག་པ་གཉིས་མ་འཆམ་པ་དེ་སྤྱི་པའི་ལས་དོན་ཐོག་ལག་ཆར་བཟུང་སྟེ་བེད་སྤྱོད་གནང་དགོས་གང་ཡང་མེད། སྒེར་མ་མཐུན་པ་དེ་སྒེར་ཐོག་ནས་ཐག་བཅད་དེ་སྤྱི་དོན་ཕྱག་ལས་གནང་སྐབས་ཚང་མས་བོད་སྤྱི་པའི་ལྷག་བསམ་གྱི་སྒོ་ནས་གང་ཟག་ལ་མ་ལྟོས་པར་ལས་ཀའི་དོན་གནད་ཐོག་རིག་པའི་གཞུང་ལུགས་དང་མཐུན་པར་ཡིན་པ་དང་མ་ཡིན་པ་བགྲོ་གླེང་གི་ལམ་ནས་ཐག་བཅད་ན་ཡག་པོ་ཡོད་རེད་སྙམ། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡