རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད།

༄༅། ། འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་འདིའི་ཐོག་ཁྱེད་རྣམས་ཀྱིས་དུས་ཚོད་རྩ་ཆེ་བཏང་སྟེ་ཆིབས་སྒྱུར་གནང་བར་ངས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཚབ་ཞུས་ཏེ་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ད་རེས་ཀྱི་ཚོགས་ཆེན་འདི་བོད་མི་མང་གི་བྱུང་རབས་ལོ་རྒྱུས་ཁྲོད་གཉན་འཕྲང་ཆེ་བའི་དུས་སྐབས་ཤིག་ཏུ་འཚོགས་ཀྱི་ཡོད་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ད་ལྟའི་དུས་སྐབས་འདི་ནི་བོད་མི་མང་གི་སེམས་ཤུགས་དང༌། དེ་བཞིན་བོད་ཀྱི་ཆོས་ཕྱོགས་དང༌། ལེགས་བྱང་གི་ཤུལ་གཞག་བཅས་ཆགས་འཇིག་གི་གནས་སུ་གྱར་བའི་དུས་སྐབས་ཤིག་ཡིན་ཞེས་རྒྱུན་དུ་འགྲེལ་བརྗོད་གནང་གི་ཡོད། དེ་ལྟར་གསུངས་དགོས་པའི་རྒྱུ་མཚན་ནི་ད་ལྟའི་དུས་སྐབས་འདིས་བོད་མི་རྣམས་ལ་གོ་སྐབས་གསར་པ་ཞིག་སྤྲོད་ཀྱི་ཡོད་པ་དང་ཆབས་ཅིག གདོང་ལེན་བྱེད་དགོས་པའི་དཀའ་ཚེགས་ཅན་གྱི་གནད་དོན་གསར་པའི་རིགས་འཕྲད་ཀྱི་ཡོད་པས་ཡིན།

བཟང་ཕྱོགས་ནས་བརྗོད་ན། ཕྱི་ལོ་ ༢༠༠༢ ནས་བཟུང་ང་ཚོས་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམས་དང་འབྲེལ་བ་བསྐྱར་མཐུད་ཐུབ་པ་བྱུང་ཞིང༌། ང་ཚོའི་ངོས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ཡངས་དཀྱེལ་ཆེའི་དབུ་མའི་ལམ་གྱི་མཛད་བྱུས་འོག་བོད་ཀྱི་གནད་དོན་འདི་ཞི་བའི་ལམ་ནས་ཐག་གཅོད་ཐུབ་ཐབས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་པའི་བརྒྱུད་རིམ་ནང་འབྲེལ་བ་འདི་དག་ཉར་ཚགས་བྱ་རྒྱུ་དང༌། འཕེལ་རྒྱས་གཏོང་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་ཡོད།

དབུ་མའི་ཐབས་ལམ་གྱིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་པའི་རྒྱབ་གཉེར་བྱེད་ཀྱི་ཡོད་པ་དང༌། དེ་ལྟར་བྱུང་ན་བོད་མི་ས་ཡ་དྲུག་པོ་འདི་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་རྒྱུ་དགའ་འདེམས་བྱ་རྒྱུ་ཡིན། འདི་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞེངས་ཕྱོགས་ཡིན་ལ། རྒྱ་ཆེའི་བོད་མི་མང་ཆེ་བའི་མངོན་འདོད་ཀྱང་ཡིན།

བོད་ཀྱི་གནད་དོན་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ཐབས་ལམ་གཞིར་བཟུང་ཐག་གཅོད་ཐུབ་པའི་ཆེད་དུ་ཞི་མོལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་བཙན་བྱོལ་བོད་གཞུང་གི་དབང་ཚད་དམ། ནུས་པའི་ཁྱབ་ཁོངས་སུ་ཡོད་པའི་ཐབས་ཤེས་ཞུ་སྒོ་གང་མཆིས་ཞུས་ཡོད་པ་མ་ཟད། ཕན་ཚུན་བར་ཡིད་ཆེས་འཕེལ་བའི་བྱ་ཐབས་ཀྱང་རིམ་པ་གཏོད་ཡོད། ང་ཚོའི་བཟང་ཕྱོགས་ཀྱི་གོམ་བགྲོད་འདི་དག་ལ་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་ངོས་འཛིན་གསལ་པོ་གནང་གི་ཡོད་པ་ནི་དགའ་སྒོམ་བྱེད་འོས་སུ་གྱུར་ཡོད་ལ། ང་ཚོའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་འདི་གྲོས་མོལ་གྱི་འགྲིགས་ཆགས་ཤིག་ལ་བརྟེན་ནས་ཐག་གཅོད་མ་བྱུང་གི་བར་བྱ་ཐབས་འདི་རིགས་མུ་མཐུད་དེ་སྤེལ་རྒྱུ་ཡིན།

རྩ་བའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཚོགས་ཆུང་གི་མཐོ་རིམ་ཚོགས་མི་སྐལ་བཟང་རྒྱལ་མཚན་ལགས་ནས་ང་ཚོ་དང༌། རྒྱ་ནག་གཞུང་གི་བར་འབྲེལ་བའི་གནས་སྟངས་སྐོར་རྒྱས་ཞིབ་ངོ་སྤྲོད་གནང་རྒྱུ་རེད། འོན་ཀྱང་ངས་ག་རེ་ཞུ་འདོད་བྱུང་ཞེ་ན། རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་ཀྱིས་གུ་ཡངས་ལྡན་པ་དང༌། ཁ་སངས་སྡིངས་སངས་ཀྱི་རྣམ་འགྱུར་ལེགས་པོ་སྟོན་གྱི་ཡོད་པ་དེ་དག་ང་ཚོས་ངོས་ལེན་ཞུ་གི་ཡོད། ལྷག་པར་དུ་ཁ་སྔོན་ཕྱི་ལོ་ ༢༠༠༥ ཟླ་ ༧ པར་སུད་སིའི་རྒྱལ་ས་བྷརན་དུ་ཚོགས་པའི་འབྲེལ་མོལ་བཀའ་བསྡུར་ནང་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དབུ་ཁྲིད་ཚོས་ྋགོང་ས་མཆོག་ལ་འབྲེལ་བ་ཞུ་རྒྱུ་དེ་གལ་ཆེན་པོར་བརྩི་གི་ཡོད་པའི་གསལ་བཤད་གནང་བར་དམིགས་བསལ་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ང་ཚོའི་ངོས་ནས་འབྲེལ་མོལ་གྱི་བརྒྱུད་རིམ་ནང་ཁོང་ཚོའི་ཕྱོགས་ནས་བཏོན་པའི་སེམས་འཚབ་ཁག་ལ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་ཞུས་ཡོད། དེ་བཞིན་རྒྱ་ཆེའི་བོད་ཀྱི་ལས་འགུལ་གྱི་ཐུགས་བློར་བབས་མིན་ལ་མ་ལྟོས་པར། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། བཙན་བྱོལ་བོད་མི་མང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ནས་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་དང༌། ངོ་རྒོལ་སྐད་འབོད་རིགས་བྱ་རྒྱུ་མེད་པ་དང༌། ལྷག་པར་དུ་རྒྱ་གཞུང་གི་དབུ་ཁྲིད་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚམས་གཟིགས་ལ་ཕེབས་སྐབས་གདོང་ཐུག་གི་དཀྲོག་རྐྱེན་བཟོ་བའི་རིགས་གནང་ཐལ་མི་གྱུར་པའི་རེ་སྐུལ་ཞུ་རྒྱུའི་ཐག་གཅོད་བྱས་པས་མ་ཚད། བོད་མིའི་སྤྱི་ཚོགས་ཀྱི་སྡེ་ཚན་ཁ་ཤས་ཤིག་ལ་བློ་ཕམ་ཆེན་པོ་ཡོང་གཞིར་གཞུང་འབྲེལ་གྱི་མཛད་སྒོའི་སྐབས་སུ་མི་རིགས་རིང་ལུགས་ཀྱི་ཁོང་ཁྲོ་དང༌། རྒྱ་རིགས་ལ་ངོ་རྒོལ་གྱི་ཀུན་སློང་བྱེད་པའི་གླུ་གཞས་རིགས་བཏང་མི་ཆོག་པའི་བཀག་རྒྱ་ནན་པོ་བྱས་ཡོད། འདི་དག་ནི་ང་ཚོའི་ངོས་ནས་ཞི་མོལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་བྱ་ཐབས་སྤེལ་བ་ཁ་ཤས་ཡིན་ཞིང༌། དེ་དག་གིས་གང་ཞིག་སྟོན་གྱི་ཡོད་ཅེ་ན། ང་ཚོས་ནར་འགྱངས་སུ་ལུས་པའི་བོད་ཀྱི་གནད་དོན་འདི་ཞི་བའི་སྒོ་ནས་ཐག་གཅོད་ཐུབ་པ་དང༌། དེ་བཞིན་ཡུན་རིང་ནས་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཡུལ་མི་རྣམས་ལ་བབས་འོས་ལྡན་པའི་ཆེ་མཐོང་དང༌། བདེ་སྐྱིད་བཅས་སླར་གསོ་ཐུབ་པའི་ཆེད་དུ་ལྷག་བསམ་རྣམ་དག་གིས་བསམ་ཞིབ་དོ་ཁུར་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད།

ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ྋགོང་ས་མཆོག་གིས་མཛའ་གྲོགས་ཀྱི་ཕྱག་གཏོང་གནང་མཛད་པ་དེར་ངོས་ལེན་ཞུ་རྒྱུའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་ཤིག་ཡོད་པར་ངོས་འཛིན་ཞུ་གི་ཡོད། རྒྱ་ནག་གིས་བོད་ནང་སྤྱི་ཚོགས་བརྟན་ལྷིང་དང༌། ཞི་བདེ་ཡོང་བའི་འབད་བརྩོན་མུ་མཐུད་བྱེད་བཞིན་པའི་ཁྲོད་དུ་ྋགོང་ས་མཆོག་ནི་རང་གི་ཕན་ནུས་འབྲེལ་བའི་རོགས་ཟླ་བློ་ཐུབ་ཅིག་ཡིན་པའི་ལྟ་ཕྱོགས་འཛིན་ཐུབ་པ་ཡིན་ན། དེས་རྒྱལ་སྤྱིའི་ནང་རྒྱ་ནག་གི་མཚན་སྙན་མཐོར་འདེགས་བྱ་རྒྱུར་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན། ལྷག་པར་དུ་བོད་མིའི་སྤྱི་ཚོགས་དཔལ་ཡོན་གྱིས་ཨེ་ཤ་ཡའི་ནང་གནས་པའི་མི་ཚོགས་ས་ཡ་མང་པོ་དང༌། ཁོང་ཚོའི་ཕ་མེས་དང་བཅས་པའི་མི་ཚེ་ཕྱུག་ཏུ་བཏང་ཡོད་པ་དང༌། དེང་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་མི་ས་ཡ་མང་པོས་ལམ་སྟོན་བཀའ་སློབ་ཞུ་ཡུལ་དང༌། བློ་སྟོབས་སྐྱེད་གཞི་ཞིག་ཡིན་པའི་ཆ་ནས་དེ་ནི་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།

ང་ཚོས་འཛམ་གླིང་ཁྱོན་གྱི་ཁྲིམས་བཟོའི་སྡེ་ཚན་ཁག་གི་ནང་ཡོད་པའི་ང་ཚོའི་གྲོགས་པོ་རྣམས་ཀྱི་རྒྱུན་མཐུད་རྒྱབ་སྐྱོར་དང༌། ལམ་སྟོན། དམ་བཅའ་བརྟན་པོ་བཅས་ལ་བརྟེན་ནས་དེ་ལྟར་མངོན་གྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དོན་དངོས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋགོང་ས་མཆོག་དང་འབྲེལ་བ་སླར་གསོ་ཞུས་པ་འདི་ནི་འཛམ་གླིང་ཁྱོན་དུ་ཡོད་པའི་སྲིད་གཞུང་དང༌། གྲོས་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཁ་ཏ་སློབ་གསོ་བྱས་པར་བརྟེན་ནས་བྱུང་ཞིང༌། བོད་རྒྱའི་འབྲེལ་བའི་སྐོར་གྱི་རྩ་འགངས་ཆེ་བའི་གནད་དོན་ཁག་གི་ཐོག་ཁྱེད་རྣམས་ཀྱིས་མུ་མཐུད་དམ་བཅའ་བརྟན་པོའི་སྒོ་ནས་རྒྱབ་སྐྱོར་གནང་ངེས་ཡིན་པར་ང་ཚོས་ཡིད་ཆེས་ཞུ་གི་ཡོད།

དབུ་མའི་ལམ་གྱི་ཐབས་ལམ་ནང་གསལ་ཁ་གཏོད་པའི་བོད་མི་མང་གི་མངོན་འདོད་ནི་རྒྱུ་མཚན་ལྡན་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་རྒྱ་ལས་འགལ་གྱི་མེད་པར་བསམ་གྱི་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ཐབས་ལམ་གཞིར་བཟུང་བོད་ཀྱི་གནད་དོན་བསལ་རྒྱུའི་འདོད་འདེམས་བྱས་ཚེ། དེས་རྒྱ་ནག་གི་ཞི་བདེ་དང༌། བརྟན་ལྷིང༌། དེ་བཞིན་རྒྱ་ནག་གི་མཚན་མཐོང་བཅས་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་འབུལ་ཐུབ་པ་ཡོང་རྒྱུ་ཡིན།

མཚམས་འདིར་ང་ཚོས་བོད་མི་མང་གི་འཐབ་རྩོད་ཀྱི་གཞི་རྩའི་རང་བཞིན་གཅིག་གསལ་པོ་བཟོ་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། དེ་ནི་ང་ཚོའི་འཐབ་རྩོད་འདི་བོད་མི་མང་གི་འབྱུང་འགྱུར་མདུན་ལམ་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་པ་ལས། ྋགོང་ས་མཆོག་གམ། ཁོང་གི་དེ་སྔའི་སྲིད་གཞུང་གི་ཁེ་དབང་སླར་གསོ་བྱ་རྒྱུའི་འཐབ་རྩོད་ཅིག་མིན། ྋགོང་ས་མཆོག་གིས་བོད་མི་མང་ཆེ་བའི་མངོན་འདོད་ལྟར་གང་ཉིད་བོད་དུ་ལོག་རྒྱུ་བྱུང་བའི་གནས་སྐབས་སུ། ཁོང་གི་སྲོལ་རྒྱུན་གྱི་སྐུ་དབང་ཡོངས་རྫོགས་བདམས་ཐོན་བྱུང་བའི་བོད་ཀྱི་སྲིད་གཞུང་ལ་སྤྲོད་རྒྱུ་ཡིན་ཞེས་བསྐྱར་ཡང་གསུངས་མྱོང་ཡོད་པ་རེད། ཅི་སྟེ་དེ་དག་མངོན་གྱུར་བྱུང་བ་ཡིན་ན། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་རང་བཞིན་གྱིས་ཕྱིར་བསྡུ་བྱ་རྒྱུ་རེད་ལ། བོད་ཀྱི་ལས་དོན་མཐའ་དག་ད་ལྟ་བོད་དུ་ལས་ཀ་བྱེད་བཞིན་པའི་བོད་རིགས་ལས་བྱེད་རྣམས་ཀྱིས་འགན་ཁུར་རྐང་ལེན་བྱ་རྒྱུ་རེད།

ཉེ་དུས་ྋགོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ཁབ་རིམ་པའི་ཉིན་རེའི་ཚགས་ཤོག་ཅིག་གི་ནང་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་དོན། ཛྲང་ཚོར་རང་དབང་གང་འཚམས་སོན་ཏེ་བོད་དུ་ལོག་རྒྱུ་བྱུང་བའི་ཉིན་མོ་ཤར་ཚེ། ངོས་ཀྱི་དབང་ཆ་ཚང་མ་བོད་མིའི་ས་གནས་སྲིད་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན། མཐར་ཐུག་ས་གནས་སྲིད་གཞུང་དེ་མང་མོས་འདེམས་བསྐོ་བྱས་པའི་སྲིད་གཞུང་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཛྲ ཅེས་གསུངས་ཡོད།

ངས་འདིར་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དང༌། རང་བཞིན་བཅས་སྙིང་བསྡུས་ཤིག་གྲོགས་པོ་རྣམ་པ་ཚོའི་སྙན་ལམ་དུ་ངོ་སྤྲོད་ཞུ་འདོད་བྱུང༌། ང་ཚོས་བོད་ཀྱི་དཀའ་རྙོག་འདི་བོད་མི་ཁེ་གཙང་གི་དཀའ་རྙོག་ཅིག་གམ། ཡང་ན་རྒྱ་བོད་མི་རིགས་གཉིས་ཀྱི་བར་གནས་པའི་འཐབ་རྩོད་ཅིག་ཡིན་པའི་ལྟ་ཚུལ་འཛིན་གྱི་མེད། བོད་རྒྱ་གཉིས་ནི་གདོད་མའི་དུས་སྐབས་ནས་བཟུང་ཁྱིམ་མཚེས་ཀྱི་ངོ་བོར་འཚོ་གནས་བྱས་ཡོད་པ་དང༌། ཕན་ཚུན་བར་གྱི་འབྲེལ་བར་མཚོན་ན། སྐབས་རེ་སྤུན་གྲོགས་དང༌། སྐབས་གཞན་དུ་དགྲ་བོ་བཅས་འབྲེལ་བའི་འཕེལ་ཕྱོགས་སྣ་ཚོགས་ཤིག་བྱུང་ཡོད་ནའང༌། འདས་པའི་ལོ་ ༥༠ ལྷག་གི་ནང་འཕྲད་བཞིན་པའི་དཀའ་རྙོག་གཏིང་ཟབ་དེ་འདྲ་དུས་ནམ་ཡང་བྱུང་མྱོང་མེད་ཅིང༌། ང་ཚོའི་ལྟ་ཚུལ་ལ་ད་ལྟའི་དཀའ་རྙོག་འདི་ནི་དེང་རབས་ཅན་གྱི་འཛམ་གླིང་ནང་འགྲོ་བ་མིར་འཕྲད་བཞིན་པའི་ཁྱབ་ཆེའི་དཀའ་རྙོག་ནད་གཞི་ཆེན་པོ་ཞིག་གི་ཕྱིར་མངོན་པའི་མཚོན་རྟགས་ཤིག་ཡིན། དེར་བརྟེན་ང་ཚོས་དེ་དག་འགོག་བཅོས་ཀྱི་ཐབས་ལམ་འཚོལ་བའི་སྐབས་སུའང་རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་སྟེ་འགྲོ་བ་མིའི་སྤྱི་ཚོགས་ཐུན་མོང་ལ་ཁྱབ་པའི་མཐོ་ཚད་ཅིག་གི་ཐོག་ནས་འཚོལ་ཐབས་བྱེད་དགོས་པ་ཡིན། ང་ཚོའི་རྩོད་རྙོག་འདི་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་རྩོད་རྙོག་ཅིག་གམ། ཡང་ན་སྲིད་དོན་གྱི་དབང་ཆ་རྩོད་ལེན་ཞིག་མིན་ལ། དེ་བས་ས་ཁྱོན་གྱི་རྩོད་ལེན་ནམ། ཡང་ན་མི་རིགས་བར་གྱི་འཐབ་རྩོད་ཅིག་མིན། བོད་མི་མང་གིས་ཁ་བྲལ་ཡང་རྩོད་ཀྱི་མེད་ལ། ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆའི་སྐལ་བའང་རྩོད་ཀྱི་མེད། ང་ཚོའི་དམིགས་ཡུལ་གཅིག་ཉིད་ཡོད་པ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་དང༌། ལེགས་བྱང་གི་ཤུལ་གཞག་རྣམས་འགྲོ་བ་མིའི་རིགས་ཐམས་ཅད་ཀྱིས་སྤྱོད་དབང་ཡོང་རྒྱུར་དེ་དག་མི་ཉམས་རྒྱུན་འཛིན་དང༌། གོང་འཕེལ་བཅས་གཏོང་ཐུབ་པའི་ཆེད་དུ་བོད་མི་རིགས་ཀྱི་ངོས་འཛིན་ཏེ། འཚེ་བ་སྤངས་པའི་སྤྱི་ཚོགས་ཤིག་གི་ངོ་བོར་འཚོ་གནས་ཐུབ་པ་བྱ་རྒྱུ་དེ་ཡིན། དབུ་མའི་ལམ་གྱི་ཉིང་བཅུད་ལྟ་བུ་ནི་བོད་མི་རིགས་ཡོངས་རྫོགས་ཀྱིས་རང་གི་བགོ་སྐལ་དུ་གྱུར་པའི་འཛམ་གླིང་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་སྒྲུབ་ཐུབ་པའི་ཆེད་དུ་དགོས་ངེས་ཀྱི་གཞི་རྩའི་རང་དབང་དང༌། འགྲོ་བ་མིའི་ཆེ་མཐོང་བཅས་སོན་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། ད་ལྟའི་གནས་སྟངས་འོག་དེ་ལྟར་སྒྲུབ་ཐུབ་རྒྱུ་མི་སྲིད་པ་ཡིན།

གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ལ་ཆབ་སྲིད་ཀྱི་འདུན་པ་ཡོད་ཚེ། གོང་སྨོས་ང་ཚོའི་མངོན་འདོད་དེ་དག་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དེ་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ་སྒྲུབ་ཐུབ་ངེས་ཡིན། དེ་ལྟར་བྱུང་ན་བོད་མི་མང་གིས་མི་སྡེའི་སྤྱི་ཚོགས་ཐུན་མོང་ལ་རང་གི་བགོ་སྐལ་དུ་བབས་པའི་ལེགས་སྐྱེས་འབུལ་ཐུབ་པ་དང༌། དེ་བཞིན་སེམས་ཚོར་གྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་སྡོད་ཐུབ་པ་ཡོང་རྒྱུ་ཡིན་ཞིང༌། དེས་རྒྱ་ནག་གཞུང་གིས་གཅིག་བསྒྲིལ་དང༌། བརྟན་ལྷིང་ཞེས་རྩ་ཆེར་འཛིན་པ་དེ་དག་ཀྱང་མངོན་གྱུར་ཐུབ་པ་ཡོང་རྒྱུ་ཡིན།

དམིགས་ཡུལ་འདི་དག་བསྒྲུབ་རྒྱུར་ང་ཚོས་འཚེ་བ་མེད་པའི་ཐབས་ལམ་ཉག་གཅིག་ལ་བརྟེན་རྒྱུའི་དམ་བཅའ་བརྟན་པོ་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀའ་ངལ་རྣམས་ཐེ་བའི་མི་སྡེའི་སྤྱི་ཚོགས་ཀྱིས་ད་ལྟའི་ཆར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཁག་ཚང་མ་འཚེ་བའི་རང་བཞིན་ཅན་དུ་གྱུར་ཡོད། ནམ་ཞིག་དྲག་སྤྱོད་དམ། འཚེ་བའི་ལས་རྩ་མེད་མ་ཕྱིན་བར་འགྲོ་བ་མི་ལས་འཕྲོས་པའི་རྒྱལ་སྤྱི་དང༌། རྒྱལ་ནང་གི་དཀའ་ངལ་གང་ཡང་རྒྱུན་གནས་རང་བཞིན་གྱི་གཞི་རྩའི་ཐོག་ནས་གཙང་སེལ་ཐུབ་པ་ཡོང་རྒྱུ་མིན། དེ་ལྟར་གོང་དུ་སྨོས་པའི་དམིགས་ཡུལ་དང༌། བྱ་ཐབས་ཁག་གཞི་ལ་བཞག་པའི་ཐོག་ནས་ང་ཚོའི་འཐབ་རྩོད་འདི་བདེན་པ་དང་རྫུན་པའི་བར་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར། དེ་བཞིན་འཚེ་བ་དང་འཚེ་བ་སྤངས་པའི་བར་གྱི་འཐབ་རྩོད་ཅིག་ཡིན། རྒྱ་ཆེའི་འཛམ་གླིང་གི་སྤྱི་ཚོགས་ཧྲིལ་པོ་ནས་ང་ཚོའི་ལས་འགུལ་གྱི་རང་བཞིན་འདིར་ངོས་འཛིན་དང་འབྲེལ་དྭང་བས་ཀུན་ནས་བསླངས་ཏེ་རྒྱབ་སྐྱོར་གནང་གི་ཡོད་ནའང༌། ང་ཚོས་ད་དུང་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་ཡིད་ཆེས་སྐྲུན་ཐུབ་པ་བྱུང་མེད་པར་མ་ཟད། འདས་པའི་ལོ་ ༢༦ རིང་ང་ཚོས་མུ་མཐུད་དེ་འགྱུར་བ་མེད་པའི་ངང་ནས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་བྱས་ཡོད་ནའང༌། ཁོང་ཚོས་རྒྱུན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ང་ཚོར་ཁ་བྲལ་རིང་ལུགས་པའི་མིང་འདོགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད། གནས་ཚུལ་དེ་ཚོར་གཞིགས་ན། སྐབས་རེ་རྒྱ་ནག་གི་དབུ་ཁྲིད་ཚོས་ང་ཚོ་ཁ་བྲལ་རིང་ལུགས་པའི་ངོ་བོར་གནས་ན་བསམ་པའམ། ཡང་ན་ཁོང་ཚོ་ནང་ཁུལ་གྱི་ཆབ་སྲིད་ཀྱི་དགོས་མཁོ་ཁ་ཤས་སྐོང་རྒྱུའི་ཆེད་དུ་ང་ཚོས་མུ་མཐུད་དེ་ཁ་བྲལ་རྩོད་རོགས་བྱས་ན་སྙམ་པའི་དགོངས་ཚུལ་ཡོང་གི་ཡོད་ཤས་ཆེ་བའི་ཐེ་ཚོམ་སྐྱེ་གི་འདུག

ངས་དེ་རིང་ལྷན་རྒྱས་ཚོར་རེ་སྐུལ་ཞུ་རྒྱུ་གཅིག་རང་ཡོད་པ་དེ་ནི་ཁྱེད་རྣམས་ཀྱིས་རང་རང་སོ་སོའི་སྲིད་གཞུང་དང༌། གྲོས་ཚོགས། རྒྱ་ནག་གི་དབུ་ཁྲིད་རྣམ་པའི་གྲོགས་འདྲིས་གང་ཟག་སྒེར་པ་ཁག་བཅས་བརྒྱུད་ནས་རྒྱ་ནག་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་ལ་གཞི་མེད་ཀྱི་དྭོགས་པ་རྣམ་རྟོག་འཆང་རྒྱུ་སྤོང་དགོས་པ་དང༌། དེ་བཞིན་དུས་ཚོད་འཕུལ་ཐབས་མ་བྱས་པའི་ཐོག་ནས་ྋགོང་ས་མཆོག་དང་ལྷན་དུ་དོན་སྨིན་ལྡན་པའི་གྲོས་མོལ་འགོ་འཛུགས་ཡོང་བའི་གོ་བསྐོན་སློབ་གསོ་དང༌། སྐུལ་སྤེལ་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ནང་ཡུལ་བདག་བོད་མི་རྣམས་མི་འབོར་དང༌། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐོག་ནས་ཐོབ་དབང་བྲལ་བའི་ཟུར་ཕུད་ཀྱི་གནས་སུ་ལྷུང་བཞིན་ཡོད་པ་འདིས་བོད་མི་རིགས་ཀྱི་ངོས་འཛིན་འཚོ་གནས་ཐུབ་རྒྱུར་འཇིག་ཉེན་བཟོ་གི་ཡོད་པ་དང༌། ཉིན་རེ་བཞིན་ཟུར་ཕུད་ཀྱི་གནས་སྟངས་དེ་ཇེ་སྡུག་ཇེ་ཞན་དུ་འགྲོ་གི་ཡོད། ད་ཆ་ང་ཚོའི་ལག་ཏུ་དུས་ཚོད་མང་པོ་ལྷག་མེད་པས་བོད་འདི་རྩ་བརླག་མ་གྱུར་གོང་ངེས་པར་དུ་སྐྱོབ་དགོས་པ་ཡིན།

མཐའ་དོན་ང་རང་དང༌། ཕྱག་སྦྲེལ་བཀའ་བློན་རྣམ་པ་བཅས་ཐུན་མོང་ནས་ལྷན་རྒྱས་ཚང་མ་ཚོགས་ཆེན་འདིའི་ཐོག་ཆིབས་སྒྱུར་གནང་སྟེ་ཆ་ཤས་བཞེས་པར་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ལྷན་རྒྱས་འདིར་ཕེབས་པ་དེས་བོད་མི་མང་གི་འཚེ་བ་མེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཡོད།

ལྷག་པར་དུ་ད་རེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་པའི་འཐུས་མི་མང་པོ་ཞིག་ཕེབས་ཐུབ་པ་འདིས་ང་རང་ལ་སྐུལ་ལྕག་ཆེན་པོ་བྱུང་ཞིང༌། དངོས་འབྲེལ་ལྟར་ན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་པ་ནས་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་འདི་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་དབུ་འཛུགས་གནང་ཡོད། དེ་རིང་ང་རང་ལྷན་རྒྱས་ཚོའི་དཀྱིལ་དུ་ཡོད་པའི་སྐབས་འདིར་སྐུ་གཤེགས་ཤྲཱི་མདྷུ་ལིམཡེ་མཆོག་ཡང་ཡང་དྲན་ལམ་དུ་འཆར་གྱི་འདུག ཁོང་སྐུ་སྒེར་གྱི་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་ཚོགས་ཆུང་འཛུགས་རྒྱུ་དང༌། དེ་བཞིན་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ ༡ དེ་རྒྱ་གར་གྱི་རྒྱལ་ས་དིལླིར་གོ་སྒྲིག་གནང་རྒྱུར་དམིགས་བསལ་གྱི་ཐུགས་ཁུར་ཆེན་པོ་བཞེས་མྱོང་ཡོད་པ་རེད། གཞན་ཡང་སྐབས་དེར་ཚོགས་ཆེན་དང་པོ་གོ་སྒྲིག་གནང་མཁན་གྲས་སྐུ་ཞབས་ཇཱོརཇ་ཕརྣན་དྲས་དང༌། མཱོ་ཧན་སིངྒ་རྣམ་གཉིས་ནས་ཀྱང་སྐུ་ལས་ཆེན་པོ་བསྐྱོན་པ་དྲན་གྱི་འདུག

དོན་དངོས་ཐོག་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་དང༌། ལེགས་བྱང་གི་ཤུལ་གཞག་རྣམས་རྩ་མེད་མ་ཕྱིན་པར་འཚོ་གནས་ཐུབ་པ་འདི་ནི་གཙོ་བོ་རྒྱ་གར་གཞུང་དང༌། མི་མང་གིས་རྒྱབ་སྐྱོར་མུ་མཐུད་གནང་བའི་བཀྲིན་ལ་བརྟེན་ནས་ཡིན་ཞིང༌། ངས་ཚོགས་ཆེན་འདིའི་ནང་ཆ་ཤས་བཞེས་མཁན་ཡོངས་དང༌། དེ་བཞིན་འཛམ་གླིང་ཁྱོན་དུ་ཡོད་པའི་བོད་དོན་ཐོག་ཤ་ཚའི་སེམས་ཁུར་གནང་མཁན་ཚང་མར་གནད་དོན་འདིར་ངོས་འཛིན་དང༌། མོས་མཐུན་ཁས་ལེན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ ༤ པ་འདི་གོ་སྒྲིག་ཞུ་རྒྱུའི་རྐང་འགན་བཞེས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེ་བཞིན་དབྱིན་ལེན་གཞུང་ནས་ཚོགས་ཆེན་འདི་གོ་སྒྲིག་ཞུ་འཐུས་ཆོག་མཆན་གནང་བར་བཙན་བྱོལ་བོད་གཞུང་གིས་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། གཞན་ཡང་དབྱིན་ལེན་དང༌། སིཀོཊ་ལེནཌའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆུང་ཟུང་ནས་དུས་ཚོད་ཐུང་ངུའི་ནང་ཚོགས་ཆེན་འདི་གོ་སྒྲིག་དང་འབྲེལ་བའི་ལས་དོན་ཞུ་སྒོའི་ཐོག་ཕྱར་གྲུ་མཉམ་འདེགས་གནང་བར་ང་ཚོས་བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན། །