རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་གཟིགས་སྐོར་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡ ཚེས་༡༣ ནས་༡༥ བར་རྒྱ་གར་གྱི་སྲིད་བློན་མན་མོཧན་སིངྷ་མཆོག་རྒྱ་ནག་ལ་གཞུང་འབྲེལ་གཟིགས་བསྐོར་དུ་ཕེབས་པ་དང་འབྲེལ་བའི་དྲི་བ་ཞུ་རྒྱུར།
༡ གཟིགས་བསྐོར་དེས་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་གནོད་གང་བྱུང་ཡོད་དམ།
༢ རྒྱ་ནག་གཞུང་ནས་མོན་རྟ་དབང་གཙོས་ཨ་རུ་ན་ཅལ་མངའ་སྡེ་ཆ་ཚང་ཁོ་ཚོའི་ཁོངས་ཡིན་ལུགས་བརྗོད་བཞིན་པའི་ཐད་རང་གཞུང་བཀའ་ཤག་གི་བཞེངས་ཕྱོགས་གང་ཡིན་ནམ།
༣ ༢༠༠༨ ཟླ་ ༢ ཚེས་ ༣ ཉིན་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་མཆོག་རྡ་སར་ཕེབས་པ་དང༌། སྲིད་བློན་མཆོག་རྒྱ་ནག་ལ་ཕེབས་པའི་བར་འབྲེལ་བ་ཡོད་དམ། ཡོད་ན་བཀའ་མོལ་གང་བྱུང་ཡོད་དམ། མེད་ན་ཁོང་ཕེབས་དོན་གང་ཡིན་ནམ།

བཀའ་ལན།
༡ རྒྱ་གར་གྱི་སྲིད་བློན་མཁས་དབང་མན་མོཧན་སིངྷ་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་པ་དེས་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་གང་ལེགས་བྱུང་ཡོད།
༢ རྒྱ་ནག་གཞུང་ནས་མོན་རྟ་དབང་གཙོས་ཨ་རུ་ནཱ་ཅལ་མངའ་སྡེ་ཆ་ཚང་ཁོང་ཚོའི་ཡིན་ལུགས་བརྗོད་བཞིན་པའི་ཐད། བོད་གཞུང་བཀའ་ཤག་གི་ཤིང་སྟག་སིམ་ལའི་ཆིངས་ཡིག་གི་འབྲུ་དོན་ལྟར་གྱི་ལངས་ཕྱོགས་ལ་འགྱུར་བ་མེད།
༣ རྒྱ་གར་ཕྱི་སྲིད་དྲུང་ཆེ་མཆོག་རྡ་སར་ཕེབས་པ་སྲིད་བློན་མཆོག་རྒྱ་ནག་ལ་ཕེབས་པ་དང་ཐད་འབྲེལ་མེད་ཅིང༌། ཁོང་ལོ་ཤས་ནས་སྲོལ་རྒྱུན་གཏོད་པ་གཞིར་བཟུང་ལོ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱ་གར་གཞུང་གིས་ཆེ་མཐོང་དང་གུས་བརྩི་མཚོན་ཆེད་འཚམས་ཞུར་བཅར་བ་ཞིག་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འཕྲོས་དོན་དྲི་བར།
བཀའ་ལན་དང་པོའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུར། བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་གང་ལེགས་བྱུང་ཡོད་ཅཻས་བཀའ་ལན་ཕེབས་འདུག དུས་རྒྱུན་དུ་རྒྱ་གར་གྱི་སྲིད་བློན་སུ་འདྲ་ཞིག་རྒྱ་ནག་ལ་གཟིགས་བསྐོར་ལ་ཕེབས་ཀྱང་བོད་ཀྱི་གནད་དོན་མ་མཁྱེན་པའི་གནས་ཚུལ་ཞིག་མིན་པ་ནི་ཡོངས་གྲགས་རེད། ཡིན་ནའང་རྒྱ་ནག་ལ་ཕེབས་པའི་སྐབས་སུ་བོད་རྒྱ་ཁོངས་རེད་གསུངས་པ་དང༌། བོད་རང་སྐྱོང་ལྗོངས་རྒྱ་མིའི་མངའ་ཁོངས་རེད་གསུངས་པ་ལ་སོགས་པའི་བཀའ་མོལ་མང་དག་ཅིག་ཕེབས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་བློ་འཚབ་ཅིག་སྐྱེས་པ་རེད། ཡིན་ནའང་དཔལ་ལྡན་བཀའ་ཁྲི་མཆོག་གི་བཀའ་ལན་ནང་ལ་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་གང་ལེགས་བྱུང་ཡོད་ཅེས་གསུངས་པ་བཞིན། ཕན་ཐོགས་གང་འདྲ་བྱས་ནས་བྱུང་ལུགས། བྱུང་སྟངས་ཐོག་ལ་གསལ་བཤད་ཅིག་གནང་ཐུབ་ཀྱི་ཨེ་ཡོད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ད་ལན་མན་མོ་ཧན་སིངྷ་རྒྱ་ནག་ལ་ཕེབས་པ་དེ་བཞིན། རྒྱ་གར་གྱིས་བོད་དོན་ཐོག་ལངས་ཕྱོགས་གསལ་བཤད་བསྐྱར་ཟློས་ཀྱི་ཟུང་འབྲེལ་གསལ་བསྒྲགས་ནང་བཀོད་མེད་པ་ཐེངས་དང་པོ་རེད། རྒྱབ་ལྗོངས་སུ་གནས་ཚུལ་ཆེན་པོ་ཞིག་དང༌། ལས་རིམ་མང་པོ་ཞིག་ཕྱིན་པའི་ཐོག་ནས། བོད་ཀྱི་གནས་ཚུལ་ཟུང་འབྲེལ་གསལ་བསྒྲགས་ནང་འཁོད་མ་དགོས་པ་བྱུང་བ་དེ་གྲུབ་འབྲས་མངོན་གསལ་དོད་པོ་རེད་བསམ་གྱི་ཡོད། རྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་དང་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐོག་ལ་འཛིན་པའི་རྒྱ་གར་གཞུང་གི་སྲིད་བྱུས་ལ་གཞི་རིམ་གྱི་འགྱུར་བ་བཏང་མ་ཐུབ་པ་ཡིན་ནའང༌། ཕྲན་བུའི་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་མང་པོ་ཞིག་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་པ་ཡིན་ཙང༌། ཕན་ཐོགས་གང་ལེགས་བྱུང་སོང་ཞེས་ཞུས་པ་ཡིན།
སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ནས།
དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཨང་དྲུག་པ་དང་འབྲེལ་བའི་དྲི་བ་གཅིག་ཞུ་རྒྱུ་ཡིན། བཀའ་བློན་ཁྲི་པ་མཆོག་གི་ལན་འདེབས་གནང་པ་བཞིན། བཙན་བྱོལ་བོད་གཞུང་གི་རྒྱ་གར་དང་བོད་ཀྱི་ས་མཚམས་གཞི་བཞག་ས་སིམ་ལའི་ཆིངས་ཡིག་རེད། ཡིན་ནའང་ ༢༠༠༣ ལོར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་ Joint statement ཐོག་ནས་ཐེངས་དང་པཽར་ [For the first time] Tibet autonomous regions territory defined བོད་རང་སྐྱོང་ལྗོངས་ས་ཁུལ་སོ་སོའི་ནང་གནང་ཡོད་པ་རེད། དེ་འདྲ་ཡིན་ན་ང་ཚོས་ད་ལྟ་བཙན་བྱོལ་བོད་གཞུང་གིས་སྲིད་བྱུས་གཏན་འབེབས་གནང་བ་དེ་བཞིན་ང་ཚོའི་གནས་ཚང་རྒྱ་གར་ལ་བསམ་བློ་ཞིག་བཏང་ནས། ང་རང་ཚོས་སིམ་ལའི་ཆིངས་ཡིག་སྐབས་སུ་ཡོད་པས་སྲིད་བྱུས་གཏན་འབེབས་དེ་ལྟར་གནང་དགོས་པ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ ༢༠༠༣ ལོར་རྒྱ་གར་གཞུང་ NDA རིག་འཛིན་དུས་དེར་ཚིག་གི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་པ་མ་ཟད། སྐབས་དེར་བཙན་བྱོལ་བོད་གཞུང་གིས་ངོས་ལེན་གུས་འདུད་ཞུས་ཡོད་པ་རེད། དེ་འདྲ་ཡིན་ན་ང་ཚོའི་ལངས་ཕྱོགས་ཀྱང་རང་བཞིན་གྱིས་འགྱུར་བ་གཏང་དགོས་ཆགས་ཀྱི་མ་རེད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་ལུང་འདྲེན་གནང་ས་དེ་བཞིན་ཕལ་ཆེར་སྐབས་དེ་དུས་ཀྱི་སྲིད་བློན་ཨཊལ་བིཧཱརཱི་ཕེབས་དུས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་མངའ་ཁོངས་ཤིག་ཡིན་པར་རྒྱ་གར་གཞུང་ནས་ངོས་འཛིན་བྱེད་ཀྱི་ཡོད་ཟེར་བ་དེ་རེད་བསམ་གྱི་འདུག དེ་ཡིན་ན་དེ་རྒྱ་གར་གྱི་ཚིག་བརྗོད་སྟངས་ཕྲན་བུའི་མི་འདྲ་བ་མ་གཏོགས་ལྔ་བཅུ་ང་བཞིའི་རྗེས་སུ་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་པའི་རྣམ་པ་བསྟན་གྱི་ཡོད་པ་མ་རེད། ཕྱི་ལོ་ལྔ་བཅུ་ང་བཞིའི་རྗེས་སུ་རྒྱ་གར་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་བཤད་སྟངས་བརྗོད་ཚིག་མི་འདྲ་བ་གསུམ་བྱུང་ཡོད་པ་རེད།
དང་པོ། བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་རེད་ཟེར་བ་དང༌།
གཉིས་པ། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་ཤིག་རེད་ཟེར་བ།
གསུམ་པ། བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་མངའ་ཁོངས་ཤིག་རེད་ཟེར་བ་བཅས་རེད། ཚིག་བརྗོད་དེ་གསུམ་སྐོར་བ་གཡས་སྐོར་གཡོན་སྐོར་གང་ནས་བྱས་པ་ཡིན་ནའང༌། དོན་དམ་རྒྱ་གར་གྱིས་ལྔ་བཅུ་ང་བཞི་ཚུད་ཆད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པ་ཞིག་གསལ་པོ་རེད། དེ་འདྲ་སོང་ཙང་ང་ཚོའི་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་དགོས་དོན་མེད།
གལ་སྲིད་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཡིན་ན་ཡང༌། བཙན་བྱོལ་བོད་གཞུང་དེ་ྋགོང་ས་ལྔ་པ་ཆེན་པོའི་སྐབས་སུ་གསར་བཙུགས་གནང་བའི་དགའ་ལྡན་ཕོ་བྲང་གི་གཞུང་གི་རྒྱུན་འཛིན་མཁན་ཞིག་ཡིན་སྟབས་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་ཕྱིར་ལོག་བརྒྱབས་ནས་འགྱུར་བ་གཏོང་ཐབས་མེད་པ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས།
ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་དང་པོར་འཕྲོས་དོན་དྲི་བ་དངོས་གཞི་འབུལ་མཁན་གྱི་འཕྲོས་དོན་དྲི་བ་ཞིག་ཕུལ་སོང༌། དེ་ལ་དོགས་པའི་ངང་ནས་ཡང་བསྐྱར་དྲི་བ་ཞིག་འབུལ་དགོས་པ་ཆགས་སོང༌། བཀའ་ལན་ནང་ལ་ཕན་ཐོགས་གང་ལེགས་བྱུང་སོང་ཞེས་བཀའ་གནང་ཡོད་པ་རེད། ཕན་ཐོགས་གང་ལེགས་གང་འདྲ་བྱས་ནས་བྱུང་བ་རེད་ཅེས་དྲི་བ་ཞུས་དུས། བཀའ་ལན་རྒྱ་དཀར་ནག་གཉིས་ཀྱི་ཡོངས་ཁྱབ་ཟུང་འབྲེལ་གསལ་བསྒྲགས་ཀྱི་ནང་ལ་བོད་དོན་ཐོག་གང་ཡང་བཅུག་ཡོད་པ་མ་རེད། དེ་འབྲེལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅེས་བཀའ་གནང་སོང༌། དེ་འདྲ་ཡིན་ན་བཀའ་འདྲི་ཞུ་རྒྱུར། རྒྱ་གར་གྱི་བོད་རྒྱ་མིའི་ཆ་ཤས་རེད་ཟེར་བ་དང༌། བོད་རང་སྐྱོང་ལྗོངས་རྒྱ་མིའི་ཆ་ཤས་རེད་ཟེར་བ་སོགས་ད་ལན་རྒྱ་གར་སྲིད་བློན་གྱིས་ཡོངས་ཁྱབ་གསལ་བསྒྲགས་ནང་ལ་བཀའ་གནང་ཡོད་པ་དེས། དེ་སྔའི་རྒྱ་གར་གྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཞིག་ལ་བཀའ་ཤག་གིས་ངོས་འཛིན་གནང་གི་ཡོད་དམ།
དྲི་བ་གཉིས་པ། བོད་རྒྱ་འབྲེལ་མོལ་ཐེངས་དྲུག་གྲུབ་ནས་དུས་ཚོད་གང་མཚམས་ཕྱིན་ཟིན་པ་རེད། ད་ལྟའི་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༨ ནས་ལོ་ལིམ་ཕིག་ Olympic འགོ་བཙུགས་ཀྱི་ཡོད་པ་དེའི་སྔོན་ལ་འབྲེལ་མོལ་ཐེངས་བདུན་པ་ཕེབས་རྒྱུར་ཐུགས་རེ་ཇི་ཙམ་གནང་གི་ཡོད་དམ། དེའི་ཐོག་ལ་ལས་འཆར་ག་རེ་བང་བསྒྲིགས་ཡོད་པ་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ཟུང་འབྲེལ་གསལ་བསྒྲགས་ནང་བོད་ཀྱི་གནས་ཚུལ་མ་འཁོད་པ་དེ་རྒྱ་གར་གྱིས་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་ཕྱིན་པ་ཞིག་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། རྒྱ་མིས་གང་བཀོད་དགོས་བརྗོད་པ་ཚང་མ་རྒྱ་གར་གྱིས་མ་བཀོད་པ་དེ་རྒྱ་གར་གྱི་ངོས་ནས་རྒྱ་མི་དང་འབྲེལ་བ་བྱེད་སྟངས་ཀྱི་ཐོག་སྔོན་མ་ལས་ནུས་ཤུགས་ཆེ་རུ་ཕྱིན་པ་ཞིག་དང༌། རྒྱ་མིའི་ངོས་ནས་སྔོན་མ་གསུངས་ཟིན་པ་བསྐྱར་ཟློས་བྱས་པ་དེས་འདོད་པ་མ་ཚིམས་པར་དེ་ལས་གསལ་བ་ཞིག་གསུང་དགོས་པའི་རེ་འདུན་བསྟན་ཀྱང༌། རྒྱ་གར་གཞུང་གིས་ངོས་ལེན་མ་གནང་བ་ལ་བརྟེན་ནས་བོད་ཀྱི་གནས་ཚུལ་མ་ཐོན་པ་ཡིན་དུས། རྒྱ་གར་གཞུང་གི་ལངས་ཕྱོགས་མཁྲེགས་སུ་ཕྱིན་པ་མ་གཏོགས། འགྱུར་བ་ཕྱིན་པར་ངོས་འཛིན་བྱེད་ཀྱི་མེད།
འཕྲོས་དོན་དྲི་བ་གཉིས་པ་དེ་སྐར་རྟགས་ཅན་གྱི་དྲི་བ་དྲུག་པ་དང་འབྲེལ་བའི་འཕྲོས་དོན་དྲི་བ་ཡིན་མིན་ཤེས་ཀྱི་མི་འདུག་ཀྱང༌། བཀའ་ཁྲོལ་གནང་བ་ཡིན་ཙང་དེའི་སྐོར་ད་ལྟ་རེ་དྭོགས་གང་ཡང་བྱེད་ཀྱི་མེད། རེ་དྭོགས་སྤངས་ཏེ་བསྡད་ཡོད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་དྲུག་པར་བཀའ་ལན་ཕེབས་པ་དང་པོའི་སྟེང་དོགས་པ་བྱུང་བས་དྲི་བ་ཞུ་རྒྱུར། ད་ལྟ་གོང་དུ་བཀའ་གནང་བ་བཞིན་ཁ་རྩང་ཐོག་མར་རྒྱ་དཀར་ནག་གཉིས་དབར་ལ་ནམ་རྒྱུན་ཡིན་ན་མཉམ་མཐུན་ཡིག་ཆ་ Joint statement ཞེས་པ་དེ་འདོན་སྲོལ་ཡོད་པ་རེད། ད་ལོ་དམིགས་བསལ་གྱི་ཡིག་ཆའི་ངོ་བོ་ཡང་འགྱུར་བ་བཏང་ནས་ Visions of agreement དེ་བརྗོད་དུས་བོད་དོན་གང་བརྗོད་ཀྱི་ཡོད་པ་མ་རེད། སོ་སོའི་ངོས་ནས་མ་བརྗོད་པ་དེ་བཞིན་བོད་པའི་གནས་ཚུལ་དེ་གཉལ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་ཕྱིན་ཆད་ནས་རྒྱ་དཀར་ནག་གཉིས་དབར་མཉམ་མཐུན་ཡིག་ཆ་དང༌། གླེང་སློང་འབྱུང་སྐབས་བོད་པའི་གནས་ཚུལ་དེ་གཉལ་བ་ཞིག་ལ་ངོས་འཛིན་བྱུང་པ་ཡིན་ཙང༌། རང་ངོས་ནས་གཉལ་བ་ཞིག་ངོས་འཛིན་ཞུས་པ་གཞིར་བཟུང་གིས་དེ་རིང་བཞག་ཐུབ་པ་ཡིན་ཙང༌། མ་འོངས་པར་ཡོང་རྒྱུ་ཡོད་པར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་རེ་བ་གང་འདྲ་ཞིག་ཡོད་དམ་ཞེས་ཞུ་འདོད་བྱུང༌།
གཉིས་པ། གལ་སྲིད་ད་རེས་བཀའ་ལན་གནང་བ་གཞིར་བཟུང་གིས་གལ་ཆེན་པོ་བྱས་ནས་མ་བཞག་པ་དེ་ང་ཚོའི་བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པ་ཚོས་འབྲེལ་ལམ་གནང་བའི་ནུས་པ་ལ་བརྟེན་ནས་བྱུང་བ་རེད་དམ་ཞེས་ཞུ་འདོད་བྱུང༌།

བཀའ་ལན།
ད་ལན་རྒྱ་དཀར་ནག་གི་ཟུང་འབྲེལ་གསལ་བསྒྲགས་ནང་བོད་ཀྱི་གནས་ཚུལ་མ་འཁོད་པ་དེས་བོད་ཀྱི་གནས་ཚུལ་བརྗེད་འགྲོ་བ་མ་རེད་དམ་ཞེས་བཀའ་གནང་ཐད། བོད་ཀྱི་གནས་ཚུལ་བརྗེད་པ་མ་རེད། བོད་ཀྱི་གནས་ཚུལ་རྒྱ་དཀར་ནག་གཉིས་ཀས་བརྗེད་ཡོད་པ་མ་རེད། ད་ལན་སྲིད་བློན་མན་མོ་ཧན་སིངྷ་གིས་བོད་ཀྱི་གནས་ཚུལ་གསུངས་པ་ཡིན་ན། ཡང་ན་ནེཧརུས་གསུངས་པ་ལྟར་དང༌། ཡང་ན་ཨཊལ་གྱིས་གསུངས་པ་ལྟར་གསུང་དགོས་ཀྱི་ཡོད་པ་རེད། དེ་གཉིས་གང་ཞིག་གསུངས་པ་ཡིན་ནའང་ང་ཚོ་ལ་ཕན་ཐོགས་གང་ཡང་མེད། དེ་མ་གསུངས་པ་དེ་རྒྱལ་སྤྱིའི་ནང་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དེ་ད་ལན་བསྐྱར་ཟློས་མ་བྱས་པ་དེ་གང་ཡིན་ནམ་བསམ་པའི་ཚོང་སྣང་ཞིག་ངེས་པར་ཡོང་གི་ཡོད་པ་རེད།
མ་འོངས་པར་བོད་ཀྱི་གནས་ཚུལ་འཁོད་རྒྱུར་རེ་བ་དང་ཡིད་ཆེས་ཡོད་དམ་ཞེས་གསུངས་ཐད། ང་ཚོས་རེ་བ་བྱེད་རྒྱུར་མ་འོངས་པར་རྒྱ་གར་གྱིས་དེ་སྔ་ཕན་ཆད་འཁོད་པའི་གནས་ཚུལ་དེ་ཡང་བསྐྱར་མ་བཀོད་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད། བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ནས་དེ་སྔའི་བཀོད་སྟངས་ལས་ལེགས་པ་ཞིག་བཀོད་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་ཡག་པོ་རེད་བསམ་གྱི་འདུག འོན་ཀྱང་ད་ལྟ་གང་ཡོད་པ་དེ་ཉིན་ལྟར་བསྐྱར་ཟློས་མ་བྱས་ན་ཡག་གི་རེད་བསམ་གྱི་ཡོད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས།
ཉེ་ཆར་རྒྱ་གར་སྲིད་བློན་ཌོག་ཌར་མཱན་མོ་ཧན་སིང་མཆོག་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་བསྐོར་ཕེབས་སྐབས་སུ་བཀའ་ཁྲི་མཆོག་ནས་བོད་ཀྱི་གནད་དོན་དེ་བཞིན་ཛ་དྲག་ཐོག་བསླེབས་ཡོད་པས་ད་ལན་ཁྱེད་རང་གིས་དམིགས་བསལ་དགོངས་བཞེས་གནང་དགོས་ཀྱི་འདུག་ཅེས་ཕྱག་བྲིས་དང༌། འབོད་སྐུལ་ཞུས་ཡོད་དམ་མེད། གལ་ཏེ་ཞུས་མེད་ན་མ་འོངས་པར་ཞུ་དགོས་པའི་གནད་འགག་གཟིགས་ཀྱི་ཡོད་དམ།

བཀའ་ལན།
ད་གིན་བཀུར་འོས་སྤྱི་འཐུས་ཀྱི་སྔོན་མའི་འཕྲོས་དོན་དྲི་བ་ལས་ཆ་ཤས་ཤིག་ངས་ལན་འབུལ་རྒྱུ་བརྗེད་འདུག ད་ལྟའི་འཕྲོས་དོན་དྲི་བའི་ཐོག་ནས་བསྐྱར་དུ་དྲན་གསོས་སོང༌། རྒྱ་གར་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་གོང་བོད་ཀྱི་གནས་ཚུལ་ཛ་དྲག་ཡིན་པའི་སྐོར་ཕྱག་བྲིས་གནང་ཡོད་དམ་ཞེས་བཀའ་གནང་ཐད། ཕྱག་བྲིས་ཕུལ་མེད་ཞུ་རྒྱུ་ཡིན།
འཕྲོས་དོན་དྲི་བ་སྔ་མར། ད་ལན་བོད་དོན་སྐོར་རྒྱ་དཀར་ནག་ཟུང་འབྲེལ་གསལ་བསྒྲགས་ནང་མ་འཁོད་པ་དེ་བཀའ་ཤག་གིས་ཐབས་ཤེས་བྱས་པའི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་གསུངས་ཐད། དེ་འདྲ་ངོས་འཛིན་བྱེད་ཀྱི་མེད་ཞུ་རྒྱུ་ཡིན། བོད་ཀྱི་གནས་ཚུལ་ཛ་དྲག་ཡིན་པ་ང་ཚོས་གང་ཤེས་པ་ལས་ལྷག་པ་ཞིག་མེད་ནའང༌། དེ་ལས་མ་ཉུང་བ་ཞིག་རྒྱ་གར་གཞུང་གིས་མཁྱེན་གྱི་ཡོད་པ་རེད། བོད་ཀྱི་དཀའ་རྙོག་དེ་བོད་དང་རྒྱ་གར་གཉིས་ཀའི་དཀའ་རྙོག་ཅིག་རེད་མ་གཏོགས། བོད་ཁོ་ནའི་དཀའ་རྙོག་ཅིག་མ་རེད། དེ་བཞིན་རྒྱ་གར་གཞུང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བར་གྱི་འབྲེལ་བ་དང༌། རྒྱ་གར་གཞུང་དང་དབུས་བོད་ཀྱི་འཛིན་སྐྱོང་བར་གྱི་འབྲེལ་བ་དེ་བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་ནང་བཞིན་ཡིག་འགྲུལ་ཤ་སྟག་བྱེད་བསྡད་དགོས་པ་ཞིག་མ་རེད། བྱས་ཙང་སྲིད་བློན་མ་ཕེབས་གོང་ལ་ང་ཚོས་ཡི་གེ་གཏང་དགོས་དོན་གང་ཡང་མ་མཐོང༌། གང་ལགས་ཤེ་ན། ང་ཚོས་རྒྱུན་དུ་ཕན་ཚུན་གོ་རྟོགས་ཤིག་ཡོད་པ་དེའི་ཐོག་ནས་ལས་དོན་རྣམས་འགྲོ་བཞིན་པ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས།
གོང་དུ་གསུངས་པ་བཞིན་རྒྱ་གར་སྲིད་བློན་རྒྱ་ནག་ཏུ་ཕེབས་པ་དེས་ཕན་ཐོགས་གང་ལེགས་བྱུང་བ་དང་དེ་ཡང་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་རེད་གསུངས་སོང༌། ཕན་ཚུན་གཅིག་གིས་གཅིག་ཧ་གོ་ནས་མཁྱེན་རྟོགས་ཡོད་པ་ཙམ་གྱིས་མ་གཏོགས་འབྲེལ་བ་བྱས་ནས་བྱུང་ཡོད་པ་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ཡི་གེ་ནི་མ་བཏང་པ་རེད། མི་ཕེབས་ཡོད་པ་མ་རེད། དེ་མིན་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་རེད་ཅེས་ཐོག་མ་གསུངས་གནང་སོང༌། དེ་གང་འདྲ་རེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་རྒྱ་གར་སྲིད་བློན་རྒྱ་ནག་ཏུ་མ་ཕེབས་པའི་སྔོན་ལ། ཕྱི་སྲིད་ཀྱི་འབྲེལ་ཡོད་ལས་བྱེད་དེ་འདྲ་ཕེབས་པ་ཡང་བྱུང་ཡོད་པ་རེད། དེའི་གནས་སྐབས་སུ་ཁོང་ཚོས་རྒྱ་གར་སྲིད་བློན་རྒྱ་ནག་ལ་ཕེབས་དུས་གནས་ཚུལ་འདི་དང་འདི་ལྟ་བུ་དགོས་ཞེས་འཆར་གཞི་དེ་འདྲ་བཀོད་བྱུས་ཡོད་མེད་མཁྱེན་རྟོགས་ཡོད་མེད་བཀའ་འདྲི་ཞུ་རྒྱུ་ཡིན།
དེ་བཞིན་གཉིས་པ་ལས་འཕྲོས་ནས། ཤིང་སྟག་སིམ་ལའི་ཆིངས་ཡིག་གི་འབྲུ་དོན་དང་ལངས་ཕྱོགས་ལ་འགྱུར་བ་མེད་གསུངས་པ་དེ་བཞིན་སྔོན་མ་ནས་ཤུགས་ཆེན་པོས་གསུངས་བཞིན་ཡོད་རེད། དངོས་དོན་བཤད་པ་ལ་ཁོར་ཡུག་ལ་གནོད་སྐྱོན་གཏང་ནའང་བཤད་རྒྱུ་རེད་གསུངས་པ་རེད། དེ་ཡིན་དུས་སྔོན་མ་བཀའ་བློན་ཁྲི་པ་རིན་པོ་ཆེས་རྒྱ་གར་སྤྱི་ཚོགས་ནང་ལ་ཤུགས་ཆེན་པོ་གསུངས་པ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོས་ལས་འགུལ་འདྲ་མིན་སྤེལ་ནས་བརྗོད་ཚིག་འདྲ་མིན་བེད་སྤྱོད་གཏང་བའི་ཚེ་ཕོག་ཐུག་འགྲོ་གི་ཡོད་དུས། ང་ཚོ་བློ་ཆུང་རྣམས་ནས་དེས་ཕོག་ཐུག་འགྲོ་གི་མེད་དམ་བསམ་གྱི་འདུག ད་ལྟ་འབྲེལ་མོལ་ཐེང་དྲུག་པའི་སྐབས་སུ་དེ་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་བྱུང་ཡོད་དམ་མེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ཡི་གེ་བཏང་མེད་ན་མི་བཏང་ཡོད་པ་རེད་དམ་ཞེས་ཡང་བསྐྱར་བཀའ་འདྲི་གནང་ཐད། ང་ཚོའི་འབྲེལ་ལམ་དེ་ཚད་མཐོ་བའི་གོ་རྟོགས་ཤིག་ཡོད་དུས་དོན་ཚན་རེ་རེ་བཞིན་ཡིག་འབྲེལ་བྱེད་དགོས་རྒྱུ་ཞིག་དང༌། མི་གཏོང་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད་པ་མ་རེད། བཀུར་འོས་སྤྱི་འཐུས་རྣམ་པས་མཁྱེན་གྱི་ཡོད་མདོག་ཁ་པོ་རེད། ད་རེས་སྲིད་བློན་མན་མོ་ཧན་སིངྷ་རྒྱ་ནག་ལ་མ་ཕེབས་གོང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་སྤྱིར་བཏང་ད་རེས་འཚམས་གཟིགས་དེ་ཚོང་འབྲེལ་དང་འབྲེལ་བའི་འཚམས་གཟིགས་ཤིག་ཡིན་ནའང༌། ད་ལྟའི་སྲིད་བློན་གྱི་འཚམས་གཟིགས་དང་པོ་ཡིན་ཙང་གལ་གནད་ཆེ་བའི་དོན་ཚན་གསུམ་གྱི་ཐོག་དམིགས་བསལ་དགོངས་བཞེས་གནང་དགོས་ཀྱི་ཡོད་ཅེས་ཟླ་བ་མང་པོའི་སྔོན་ནས་དགོས་འདུན་བཏོན་འདུག དོན་ཚན་གསུམ་ནི། ཐའི་ཝན་དང༌། བོད། ཚོང་འབྲེལ་བཅས་ཡིན་ཞེས་བཤད་འདུག ཡིན་ནའང་རྒྱ་གར་གྱི་ངོས་ནས་ལངས་ཕྱོགས་གསལ་པོ་དང་བརྟན་པོ་ཞིག་བཟུང་བ་ཡིན་ཙང་བོད་ཀྱི་སྐོར་ལ་གསལ་བཤད་བསྐྱར་ཟློས་གནང་མི་དགོས་པའི་གོ་སྐབས་ཤིག་བྱུང་བ་རེད། དེ་བཞིན་ཐའི་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་དང་མི་ཞུགས་སྐོར་མང་མོས་ཐག་གཅོད་འོས་བསྡུ་བྱས་ན་འགྲིག་གི་མི་འདུག་ཅེས་རྒྱ་ནག་གཞུང་གིས་གསུང་དགོས་པའི་རེ་འདུན་དེ་ཡང་རྒྱ་གར་གཞུང་གིས་ངོས་བཞེས་གནང་མི་འདུག དེའི་ཚབ་ཏུ་རྒྱ་ནག་སྤྱིའི་སྲིད་བྱུས་ལ་འགྱུར་བ་མེད་ཅེས་པ་ཙམ་ལས་ཐའི་ཝན་གྱི་ལས་དོན་བྱེ་བྲག་པའི་སྐོར་གང་ཡང་གསུངས་མི་འདུག དེ་ལས་གཞན་པའི་དུས་རབས་ཉེར་གཅིག་པའི་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གྱི་ཐོག་ནས་འཛམ་གླིང་ལ་ཕན་བདེ་གང་བསྐྲུན་ཐུབ་རྒྱུའི་སྐོར་སོགས་འཆར་ཅན་གྱི་གནས་ཚུལ་རྣམས་བཀོད་འདུག རྒྱ་གར་གཞུང་གིས་རྡ་རམ་ས་ལ་སྣེ་ཤན་པར་ངེས་སྟོན་པའི་མཚན་གནས་ཡོད་པའི་མི་གཅིག་གསར་དུ་བཙུགས་ཡོད་པ་རེད། བཀའ་བློན་གྱི་མཚན་གནས་ཡོད་པའི་མི་གཅིག་རྡི་ལི་དོན་གཅོད་ཀྱི་ཕྱག་ལས་གནང་གི་ཡོད་པ་རེད། དེ་དག་ཚང་མས་མཁྱེན་གྱི་ཡོད་པ་རེད། ཕྱི་སྲིད་ཀྱི་མི་གཅིག་ཡར་ཕེབས་སོང༌། འདི་ནས་མི་གཅིག་མར་ཕྱིན་སོང་ཞེས་སྤྱི་འཐུས་རྣམ་པས་ཐུགས་སྣང་བྱུང་འདུག དེ་འདྲ་ཡིན་དུས་གནས་ཚུལ་མང་པོ་ཞིག་ཟུར་བལྟས་ལེབ་མཐོང་ཡིན་ཙང་རེ་རེ་བཞིན་ཞུ་དགོས་དོན་མི་འདུག གྲོས་ཚོགས་ཀྱིས་མཁྱེན་གྱི་ཡོད་རེད་བསམ་གྱི་ཡོད།
རྒྱ་གར་དང་བོད་ཀྱི་ས་མཚམས་སྐོར་མེཀ་མོཧན་གྱི་མཚམས་ཐིག་གི་ལྟ་གྲུབ་མཁྲེགས་འཛིན་བྱས་པ་དེས་བོད་རྒྱ་འབྲེལ་ལམ་ལ་གནོད་སྐྱོན་བྱུང་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་ཐད། སྔོན་མ་ཡང་གནོད་སྐྱོན་བྱུང་བ་ཡིན་ན་ཡང་དངོས་དོན་བཤད་རྒྱུ་དེ་སྦས་ཐུབ་ཀྱི་མ་རེད་ཅེས་ཞུས་ཡོད། ད་ལྟ་ཡང་ང་ཚོའི་ལངས་ཕྱོགས་དེ་ག་རང་ཡིན། གནས་ཚུལ་དེ་ཚོ་བཤད་ཚར་བའི་རྗེས་སུ་ཡང་འབྲེལ་མོལ་ཐེངས་དྲུག་པ་འགྲོ་ཐུབ་པ་རེད།
འབྲེལ་མོལ་ཐེངས་དྲུག་པ་འགྲོ་བའི་སྐབས་སུ་ཁོང་ཚོས་དེའི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་ཐད། གླེང་སློང་བྱས་འདུག ྋསྐྱབས་མགོན་རིན་པོ་ཆེས་དུས་ཚོད་ཚེས་གྲངས་གང་ལ་གསར་ཤོག་གང་ཞིག་ལ་བཀའ་གང་གནང་ཡོད་པ། བཀའ་བློན་ཁྲི་པས་དུས་ཚོད་ཚེས་གྲངས་གང་ཞིག་ལ་གསར་ཤོག་གང་ལ་གང་བཤད་ཡོད་པ་རྣམ་བགྲངས་ནས་གང་མིན་ཚད་རེད། རྫབ་ཅན་འོས་སུ་མ་མཆིས་པ་རེད་ཅེས་སྐྱོན་འཛུགས་བྱས་འདུག ཡིན་ནའང་སྐྱོན་འཛུགས་བྱེད་ཀྱི་རེད་ཅེས་ང་ཚོས་བཞུགས་ནས་བསྡད་ཐབས་མེད། ང་རང་ཚོས་དྭང་བླང་བྱས་པ་མ་རེད། གསར་འགོད་པས་སྐད་ཆ་འདྲི་སྐབས་དངོས་ཡོད་གནས་ཚུལ་བཤད་དགོས་ཀྱི་ཡོད་པ་རེད།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥