འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་།
ཇི་སྐད་དུ། ཆོས་རྗེ་འཇམ་མགོན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། བསྟོད་པས་དགའ་བར་མི་འགྱུར་ལ། །སྨད་པས་མི་དགར་མི་འགྱུར་ཞིང་། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་ལྟར། རྙེད་པ་དང་བཀུར་བསྟི་དང་ཚིགས་སུ་བཅད་པའི་ལན་དང་རེ་བར་མི་ལྟ་བའི་སྐྱེས་བུ་དམ་པ་རྣམས་ནི་མངོན་བསྟོད་བྱས་པས་དགྱེས་པར་འགྱུར་བ་སོགས་མེད་ཀྱང་། བྱས་པ་རྗེས་སུ་དྲན་ཆེད་གནའ་དེང་རིག་པའི་གནས་ཀྱི་ཕ་རོལ་ཏུ་སོན་ཅིང་མང་ཐོས་འདུལ་བ་འཛིན་པའི་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་གང་ཉིད་ནི་ཕྱི་ལོ་ ༡༩༦༠ ནས་ཌལ་ཧོར་དང་། སིམ་ལ། རྡོར་གླིང་བཅས་སུ་ཆོས་དགེ་དང་སློབ་སྤྱི་མཛད་ཅིང་། ཕྱི་ལོ་ ༡༩༧༡ ནས་བཟུང་མི་ལོ་སུམ་ཅུའི་རིང་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་འགན་བཞེས་ཏེ་སློབ་གཉེར་ཁང་དེ་བཞིན་རྒྱལ་སྤྱིའི་ཐོག་སྐར་རྟགས་ལྔ་ལྡན་གྱི་ངོ་བོར་བསྒྱུར་གནང་བ། མཁྱེན་འཇོན་གྱི་ནུས་པ་རླབས་ཆེ་བའི་དབང་གིས་རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་གཙུག་ལག་སློབ་ཁང་ ༢༤༠ བརྒལ་བའི་ཚོགས་མི་དང་། ཚོགས་གཞོན། ཚོགས་གཙོ་བཅས་ཀྱི་མཛད་པ་བསྐྱངས་པ། ཕྱི་ལོ་ ༡༩༩༠ ལོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་མ་འོངས་བོད་ཀྱི་རྩ་ཁྲིམས་དང་སྐྱབས་བཅོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཐུགས་འགན་རྐང་བཞེས་གནང་བ། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཐད་བསྐོས་དང་འབྲེལ་སྐབས་གཉིས་རིང་མི་ལོ་བཅུར་སྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས་པ། ཕྱི་ལོ་ ༢༠༠༡ ནས་བཟུང་མི་ལོ་བཅུའི་རིང་བཀའ་བློན་ཁྲི་པའི་མཛད་འགན་བཞེས་སྐབས་ཀུན་ཏུ་ཕྱག་ལས་ཚགས་ཚུད་བྱུང་བའི་དབང་གིས་གཞུང་གི་ཁྲིམས་སྒྲིག་འཛིན་སྐྱོང་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། སོ་ནམ་གཞིས་ཆགས་སྲ་བརྟན། རྩིས་ཁྲ་ཁམས་དྭངས་སྐྱོན་བྲལ། གཞི་རིམ་ཤེས་ཡོན་སྲིད་ཇུས་གཏན་འབེབས། རྒྱ་བོད་གཉིས་སྨན་གྱི་འབྲེལ་མོལ་བསྐྱར་གསོ། གཞན་ཡང་བོད་ཧིན་དབྱིན་གསུམ་གྱི་སྐད་རིགས་མི་འདྲ་བ་གསུམ་གྱི་ཐོག་གཙུག་ལག་གཉིས་ཀྱི་སྐོར་ལས་དྲངས་པའི་འཆད་རྩོམ་འགྲན་ཟླ་བྲལ་བའི་ལེགས་བཤད་ཤིན་ཏུ་མང་པོ་གནང་བ་ཕྱི་རབས་ཀྱི་མིག་ལྟ་བུར་གྱུར་པ་སོགས་མདོར་ན་དགུང་ལོ་ཉི་ཤུ་ནས་ད་ལྟའི་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་སུ་སྐུ་ཚེ་ཧྲིལ་པོར་རང་ཅག་བོད་མི་རིགས་ཀྱི་དོན་དུ་མཛད་པ་རླབས་ཆེན་བསྐྱངས་པའི་མཁས་པའི་དབང་པོ་ཁོང་ལྟ་བུའི་འཁྲུངས་སྐར་སྲུང་བརྩི་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཕྱིས་མ་དྲགས་ན་སྔ་མེད་པའི་དུས་སྐབས་འདིར། གཙོ་བོར་ཝཱར་ཎ་སློབ་ཟུར་རྣམས་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དྲིན་བཟོའི་སླད་སྔར་གྱི་བཙན་པོའི་དུས་སྐབས་ཀྱི་མི་ཆོས་གཙང་མ་བཅུ་དྲུག་གི་ནང་གསེས་སྔར་དྲིན་ཅན་གྱི་མི་རྩད་གཅོད་པ་ཞེས་པའི་དོན་དང་མཐུན་པར་ད་ལམ་རིན་པོ་ཆེ་གང་ཉིད་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་སྐར་རྒྱས་པ་ཞིག་སྲུང་བརྩི་ཞུ་བ་དང་མཉམ་དུ་༼བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ།༽དཔར་སྐྲུན་ཞུ་འཆར་ལས་རིམ་གཉེར་གནང་བར་རྗེས་སུ་ཡི་རང་ཐོག་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ལྷག་པར་མཁས་དབང་ཁོང་ཉིད་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སྙིང་དབུས་ནས་འཚམས་འདྲིའི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་སླད་མར་ཡང་སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན་པའི་ཐོག་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་རྣམས་ཇི་བཞིན་འགྲུབ་པའི་སྨོན་འདུན་བཅས།
དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༡ ལ།