འཕྲོ་དོན་དྲི་བ་དེ་སྤྱི་འཐུས་ཀྱི་གཞི་རིམ་གྱི་ཐོབ་ཐང་མིན་ཚུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བདུན་པ་དོན་ཚན་ ༡༨ ནས་ ༢༣ བར་ནང་གསེས་ཀྱི་སྡེ་ཚན་མང་པོ་ཡོད་པ་ལས་དྲི་བ་དྲིས་ལན་བྱེད་ཚུལ་སྐོར་གསལ་པོ་འཁོད་ཡོད། གྲོས་ཚོགས་འདིར་ཕེབས་པའི་སྤྱི་འཐུས་ཕལ་ཆེ་བ་སྤྱི་འཐུས་གནང་སྟེ་ལོ་ངོ་བདུན་བརྒྱད་འཁོར་བ་ཤ་སྟག་ཡིན། སྐབས་ ༡༢ པར་སྤྱི་འཐུས་གསར་པ་ཕེབས་མཁན་ཞིག་ཡིན་ནའང་ཚོགས་དུས་ལྔའི་རིང་སྒྲིག་གཞི་གཟིགས་རྟོགས་གནང་ཟིན་པ་ཤ་སྟག་ཡིན། དེར་བརྟེན་དྲི་བ་དང་འཕྲོ་དོན་དྲི་བ་བཀོད་ཚུལ་རྣམས་སྒྲིག་གཞི་ལེའུ་ ༧ པའི་དོན་ཚན་ ༡༧ ནས་ ༢༣ བར་དུ་གསལ་བའི་དོན་ཚན་དེ་དག་དང་མ་འགལ་བ་ཞིག་བྱུང་བ་ཡིན་ན་ཡག་པོ་མི་ཡོང་ངམ་སྙམ། གྲོས་ཚོགས་ནང་ལས་དོན་ཛ་དྲག་ཡོད་མིན་ལ་མ་ལྟོས་པར་སྤྱི་ཡོངས་ཀྱི་ཆ་ནས་གྲོས་ཚོགས་ཀྱི་དུས་ཚོད་གལ་ཆེན་བརྩི་དགོས་པ་དེ་ཚོགས་གཙོ་དང༌། ཚོགས་དྲུང་ལས་ཁུངས་ཀྱི་ཐུགས་འགན་གཙོ་བོ་དེ་ཡིན། ཚོགས་འདུའི་ནང་གི་ལས་དོན་བྱེད་ཚུལ་རྣམས་སྒྲིག་གཞི་དང་མཐུན་པ་ཡོང་མི་ཡོང་གི་བཏང་འཛིན་གནང་མཁན་དེ་ཚོགས་ཐེངས་རེ་རེར་དབུ་བཞུགས་གནང་མཁན་ཚོགས་གཙོའི་ལས་འགན་ཡིན། དེར་བརྟེན་ངས་བསྐྱར་དུ་སྤྱི་འཐུས་རྣམས་ལ་དྲན་གསོ་ཞུ་རྒྱུར། དྲི་བ་དྲིས་ལན་གྱི་དུས་ཚོད་འདི་གསུང་བཤད་འགྲན་བསྡུར་གྱི་དུས་ཚོད་མིན་པ་ཐུགས་ངེས་གནང་རོགས། སོ་སོའི་ལས་བསྡོམས་འདོན་རྒྱུ་དང་གསུང་བཤད་གནང་རྒྱུའི་གོ་སྐབས་དགོས་ཚེ། སྒྲིག་གཞིའི་ནང་ཆ་རྐྱེན་གཞན་མང་པོ་ཡོད་པས་གོ་སྐབས་འཚོལ་ན་ཐོབ་ཀྱི་རེད། དྲིས་ལན་གནང་ཟིན་པར་བསྐྱར་ལྡབ་གནང་རྒྱུ་དེ་འཐད་པོ་མི་འདུག སོ་སོའི་འཕྲོ་དོན་དྲི་བ་གཏོང་རྒྱུར་དགོངས་པ་ཆེན་པོ་བཞེས་པར་བརྟེན། བཀའ་བློན་གྱི་བཀའ་ལན་དེ་ནན་པོ་བྱས་ནས་གསན་གྱི་མེད་པ་རེད། དེར་བརྟེན་དྲི་བ་གནང་ཟིན་པར་བསྐྱར་ལྡབ་མ་གནང་རྒྱུའི་གསལ་འདེབས་ཞུ་རྒྱུ་ཡིན། སྤྱིར་དུས་ཚོད་ཡོད་པས་འཕྲོ་དོན་གྱི་དྲི་བར་ཕྱག་རྐྱང་ཚད་ལ་གོ་སྐབས་ཕུལ་ཡོད། འཕྲོ་དོན་དྲི་བ་འདྲི་ཆོག་པ་ཞིག་རེད་མ་གཏོགས། གཞི་རིམ་གྱི་ཐོབ་ཐང་ཞིག་མིན། འཕྲོ་དོན་དྲི་བ་བཀག་རྒྱུའི་དབང་ཚད་དེ་ཚོགས་གཙོ་ལ་ཡོད། དྲི་བ་འདྲི་རྒྱུ་དེ་སྤྱི་འཐུས་སོ་སོའི་ཐོབ་ཐང་ཞིག་ཡིན། འཕྲོ་དོན་དྲི་བ་འདྲི་རྒྱུ་དེ་གཞི་རིམ་གྱི་ཐོབ་ཐང་ཞིག་མིན་པས་དེ་ངེས་པར་དུ་དྲི་དགོས་པའི་ངེས་པ་མེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥