ཟམ་གདོང་རིན་པོ་ཆེ་ལ་བསྟོད་པ།
གློ་སྒྲིག་ས་གནས་འགོ་འཛིན་ཟུར་པ། ཚེ་རིང་སྲི་བསྟན།།
གཞུང་ལུགས་རབ་འབྱམས་མཁྱེན་པས་རབ་ཏུ་མཁས།།
ཐོས་དོན་ཉམས་སུ་བླངས་པས་བཙུན་པའི་མཆོག།།
བློ་གྲོས་བཟང་པོའི་སྐྱེས་བཟང་ཀུན་ལ་སྤེལ།།
བསྟན་པའི་རྒྱལ་མཚན་འཛིན་པའི་བཤེས་དེར་འདུད།།
སྲིད་ཀྱི་རྣམ་འདྲེན་ཕྱག་ན་པདྨོ་ཡི།།
སྲིད་ཀྱི་གདུགས་ཆེན་འདེགས་ལ་བློ་གྲོས་རྩལ།།
སྲིད་འདིར་ཆེ་རྒུ་ཀུན་ལ་འགྲན་ནུས་པའི།།
སྲིད་བྱུས་ལྟ་བ་ཕྱག་རྒྱ་གསུམ་གྱིས་བསྐྱངས།།
མང་གཙོ་ནོར་བུའི་གླིང་དུ་ཁྱུག་འདོད་ཀྱང༌།།
རྣམ་དཔྱོད་རྐྱལ་གྱིས་ཕོངས་པའི་སྤྱི་ལྷན་ཚོགས།།
བཅའ་ཁྲིམས་ཀ་བ་གསུམ་ལྡན་གྲུ་གཟིངས་ལ།།
བདེ་བར་བགྲོད་པའི་སྣེ་འཁྲིད་མཛད་པ་བཟང༌།།
ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ཀྱི།།
རིས་མེད་གཞུང་ལུགས་སློབ་གཉེར་སྐྱེད་ཚལ་དུ།།
དཔྱོད་ལྡན་རྐང་དྲུག་ཚོགས་རྣམས་ཅི་དགའ་རུ།།
རོལ་བའི་སྐལ་བཟང་བསྐྲུན་འདི་བསྟན་པའི་རྒྱན།།