ཚན་རིག་ཟབ་སྦྱོང་བཞི་པའི་ཐོག་གནང་བའི་གསུང་བཤད།
༄༅། ། ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱེད་རྒྱུ་དང༌། ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་མཁན་ཚོས་ཚན་རིག་གི་གནས་ཚུལ་རགས་པ་ཙམ་མཁྱེན་པ་ཡིན་ན་ཧ་ཅང་དགེ་མཚན་ཆེན་པོ་ཡོད་པ་དེ་ྋསྐྱབས་མགོན་རིན་པོ་ཆེས་སྔ་མོ་ནས་དགོངས་བཞེས་གནང་གི་ཡོད་རེད། དགོངས་བཞེས་དེ་དངོས་སུ་ལག་ལེན་བསྟར་རྒྱུའི་ལས་རིམ་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཐུགས་འགན་བཞེས་ཏེ་ད་བར་བགྲོ་གླེང་དང་ཟབ་སྦྱོང་ཐེངས་བཞི་ཙམ་གནང་གྲུབ་པ་དེ་ཧ་ཅང་ཡག་པོ་བྱུང་འདུག བོད་གཞུང་བཀའ་ཤག་ངོས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། གཞུང་ལུགས་ཆེན་མོ་གཟིགས་མཁན་ཁྱེད་རང་ཚོས་ཚན་རིག་སྐོར་གསན་བཞེས་གནང་བ་དེ་ཕྱོགས་གཅིག་ནས་གནས་ཚུལ་གསར་པ་མང་པོ་མཁྱེན་རྒྱུར་ཕན་ཐོགས་ཡོད་རེད། ཕྱོགས་གཞན་ནས་ནང་པའི་གཞུང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་པ་འཐོབ་རྒྱུར་ཏན་ཏན་ཐུགས་ཕན་གསོས་ཡོད་རེད་བསམ་གྱི་འདུག ཇི་སྐད་དུ།
མུ་སྟེགས་གཞན་གྱི་གཞུང་ལུགས་ལ། ། ཇི་ལྟ་ཇི་ལྟར་རྣམ་བསམས་པ། །
དེ་ལྟ་དེ་ལྟར་མགོན་ཁྱོད་ལ། ། བདག་གི་སེམས་འདི་དད་པར་གྱུར། །
ཅེས་གསུངས་པ་ལྟར། ཇི་ཙམ་ཕྱོགས་གཞན་གྱི་གཞུང་ལུགས་ལ་ཐོས་བསམ་བྱས་པ་དེ་ཙམ་ནང་པའི་གཞུང་ལུགས་ལ་དད་པ་སྐྱེ་གི་འདུག་ཅེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ཕྱོགས་གཞན་པ་མ་གཟིགས་པ་ཡིན་ན་ཕྱོགས་ཁྱད་པར་བ་དེ་ཡག་པོ་གཟིགས་ཐུབ་ཀྱི་མེད། ཕྱོགས་གཞན་ནས་ད་རིང་སང་ཉིན་འཛམ་བུ་གླིང་གི་སྤྱི་ཚོགས་ནང་ཚན་རིག་གི་དབང་བསྒྱུར་དེ་ཧ་ཅང་ཤུགས་ཆེན་པོ་རེད། Science ཞེས་པ་དེ་ལ་ང་ཚོས་ཚན་རིག་ཅེས་བརྗོད་ཀྱི་ཡོད། ཚིག་དེ་ཏག་ཏག་ཅིག་བསྡད་ཡོད་མེད་མི་ཤེས་ཀྱང༌། Science ལ་ཚན་རིག་ཅེས་ཚིག་བེད་སྤྱོད་བཏང་ནའང་ཁྱད་པར་གང་ཡང་མི་འདུག དེང་སང་ཚན་རིག་དང་འགལ་ཟླ་བྱུང་བའི་སྐབས་དམ་བཅའ་གློད་དགོས་ཀྱི་ཡོད་པ་གཞི་བཞག་མ་གཏོགས། ཚན་རིག་དང་འགལ་བ་ཡིན་ནའང་ད་དུང་ཁས་བླངས་ན་འགྲིག་གི་ཡོད་པ་ཞིག་མི་མང་པོའི་བསམ་བློའི་ནང་འཁོར་མ་ཐུབ་པ་བཟོས་པའི་གོ་སྐབས་འདིར། ང་ཚོས་ཚན་རིག་གིས་ག་རེ་བཤད་ཀྱི་ཡོད་པ་ཕྲན་བུ་མཁྱེན་པ་ཡིན་ན། དེས་གལ་ཏེ་ཚན་རིག་དང་མི་མཐུན་པར་བསྡད་དགོས་བྱུང་ནའང་བསྡད་རྒྱུའི་སྤོབས་པ་རྙེད་རྒྱུར་ཁྱད་པར་ཡོད་རེད་སྙམ། དཔེར་ན། ནུབ་ཕྱོགས་ལྟ་བུ་ལ་ཆ་བཞག་ན། གྲུབ་མཐའ་སྨྲ་བ་དང༌། ལྷག་པར་དུ་ཆོས་ཕྱོགས་ཀྱི་གཞུང་ལུགས་ཤོད་མཁན་མང་པོ་ཞིག་གི་བསམ་བློའི་གཏིང་དེར་མངོན་པར་མི་གསལ་བའི་བག་ཆགས་ཀྱི་ཚུལ་དུ་ཞུམ་པ་གཅིག་ཡོད་རེད། དབྱིན་སྐད་དུ་ Inferiority Complex ཟེར། ཞུམ་པ་དེ་ག་རེ་རེད་ཟེར་ན། ངས་བཤད་རྒྱུ་དེ་ཚན་རིག་དང་མཐུན་གྱི་ཡོད་མ་རེད། དེར་བརྟེན་སྤོབས་པ་ཆེན་པོའི་ཐོག་ནས་བཤད་ན་འགྲིག་གི་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཞིག་ཡོད་པ་དེས་དཀའ་ངལ་ཆེན་པོ་ཞིག་ཆགས་བསྡད་ཡོད། རྒྱ་གར་ནང་ང་ཚོ་ལྟ་བུ་དུས་ཚོད་ཀྱི་ལྡོག་ཕྱོགས་སུ་འགྲོ་མཁན་མང་པོ་ཡོད་རེད། དེང་སང་རིམ་པས་ཁོང་ཚོ་ལ་ནུས་པ་ཞིག་རྙེད་ཡོང་གི་ཡོད་རེད། ལོ་ཤས་གོང་དུ་ང་ཚོ་ལྡི་ལི་ལ་འཛོམས་པའི་སྐབས་ང་ཚོའི་ནང་ནས་མི་རྒན་པ་ཞིག་གིས་ག་རེ་གསུངས་སོང་ཞེ་ན། གཞན་པ་ང་ཚོས་སྐད་ཆ་གང་བཤད་ནའང་མི་ཚོའི་རྣ་བར་འགྲོ་གི་འདུག ཡིན་ནའང་ང་ཚོས་གནས་ཚུལ་གཉིས་ལ་རྩ་བ་ཉིད་ནས་འགལ་ཟླ་བྱེད་ཐུབ་ཀྱི་མི་འདུག གནས་ཚུལ་གཉིས་པོ་དེ་གང་རེད་ཅེ་ན། ཚན་རིག་དང་ཡར་རྒྱས་Science & Developmentརེད། དེ་གཉིས་དགོས་ཀྱི་མ་རེད་ཅེས་བརྗོད་ན་མི་ཚང་མ་འདྲོགས་ཏེ་ཉན་གྱི་མི་འདུག དེས་ན་ཐོག་མར་ང་རང་ཚོའི་ལྟ་གྲུབ་དེའང་ཚན་རིག་དང་ཡར་རྒྱས་གཉིས་དང་མི་འགལ་བར་བཟོ་ན་མ་གཏོགས་སྤྱི་ཚོགས་ནང་འགྲོ་ས་མ་རེད་ཅེས་དེ་དུས་ཐུགས་ཁྲལ་གནང་གི་འདུག སྐབས་དེར་བགྲོ་གླེང་བྱེད་སྐབས་ང་ཚོས་དེ་དང་མཉམ་དུ་ཕར་མཐུན་པ་བྱས་ན་འགྲིག་ཐབས་མེད། ང་རང་ཚོའི་ལྟ་གྲུབ་དེ་བརྟན་པོ་བཟུང་སྟེ་བསྡད་ན་ཉིན་གཅིག་ཚན་རིག་གི་རང་རྟགས་དེ་ཚན་རིག་ཁོ་རང་ཚོས་བསྟན་ཡོང་གི་རེད། ཡར་རྒྱས་ཀྱི་རང་རྟགས་དེ་ཁོ་རང་ཚོས་བསྟན་ཡོང་གི་རེད། དེའི་བར་དུ་དུས་ཚོད་བསྒུག་རྒྱུ་རེད་མ་གཏོགས། ང་ཚོས་ཕར་མགོ་བཏགས་ཞུ་ན་འགྲིག་གི་མ་རེད་ཅེས་ང་ཚོ་ཁ་ཤས་ཀྱིས་དེ་འདྲ་ཞུ་རྒྱུ་བྱུང༌། དེ་ནས་ང་ཚོ་མང་བ་ཞིག་དེ་འདྲ་བསྡད་པ་རེད། དེའི་དབང་གིས་དེ་རིང་སང་ཉིན་འཛམ་བུ་གླིང་ཡོངས་རྫོགས་ནང་གོ་ལ་གཅིག་སྒྱུར་གྱི་ལས་རིམ་དང་བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་གཉིས་ཀར་ངོ་རྒོལ་བྱེད་མཁན་ལོ་རེ་དང་ཟླ་རེ་བཞིན་མངོན་གསལ་དོད་པོའི་ཐོག་ནས་མང་དུ་འགྲོ་གི་ཡོད་རེད། གང་ཡིན་ཞེ་ན། མངོན་སུམ་ལ་བསྙོན་དུ་མེད་པ་ཡིན་ཙང་ཁས་ལེན་མ་བྱས་ཀ་མེད་རེད། དེའི་སྐབས་ལ་ཚན་རིག་ཡིན་ཞེས་བརྗོད་ནའང་ཕན་ཐོགས་མེད་ལ། ཡར་རྒྱས་ཡིན་ཞེས་བརྗོད་ནའང་ཕན་ཐོགས་ཀྱི་མེད། གང་ལྟར་ལྟོགས་པ་དང་འཁྱགས་པའི་སྐབས་སུ་གྲོད་ཁོག་བརྒྱག་རྒྱུ་དང་གཟུགས་པོ་དྲོ་རྒྱུའི་ཐབས་ཤེས་གང་ཡོད་ཐམས་ཅད་མི་རྣམས་ལྟ་ཅི། སྲོག་ཆགས་གྲོག་སྦུར་ཚུན་ཆད་ཚང་མས་འབད་བརྩོན་བྱ་རྒྱུ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། སྐབས་དེར་སྐད་ཆ་རྫིག་པོ་ཤོད་མཁན་ཚན་རིག་དང་ཡར་རྒྱས་གཉིས་ཀྱིས་ལྟོགས་འཁྱགས་གཉིས་ལ་ཕན་མ་ཐོགས་ན་འདིས་ཕན་ཐོགས་ཀྱི་མི་འདུག་ཅེས་པའི་བསམ་པ་དེ་ང་ཚོས་འགྲེལ་བཤད་བརྒྱབ་དགོས་དོན་མེད། དེ་ནི་རང་བཞིན་གྱིས་ར་འཕྲོད་ངེས་རེད། དེས་ན་ང་ཚོས་དུས་ཚོད་བསྒུག་དགོས་ཞེས་པ་དོན་དག་འདི་རང་རེད། ངས་ཁྱེད་ཚོར་གཏམ་བཤད་མ་ཞུས་གོང་གསལ་པོ་ཞུ་རྒྱུ་ཞིག་ལ། ངས་ཚན་རིག་སྐོར་གང་ཡང་ཤེས་ཀྱི་མེད། ཕྱོགས་སྔ་མ་ཤེས་པར་དགག་པ་བརྒྱབ་རྒྱུ་དེ་གཅིག་བྱས་ན་དྲང་པོ་རང་མ་རེད། ཡིན་ནའང་ཚན་རིག་མ་ཤེས་ནའང་ཚན་རིག་ཟེར་བ་དེ་ག་འདྲ་ཡིན་པ་འདིའི་སྐོར་གང་ལ་གང་འཚམས་ཤིག་ཤེས་ཀྱི་ཡོད། ཁྱེད་རང་ཚོས་ཚན་རིག་མང་བ་མཁྱེན་གྱི་རེད། གལ་ཏེ་ངའི་སྐད་ཆ་ཁ་ཤས་ཏག་ཏག་མ་བསྡད་པ་ཡོད་པ་ཡིན་ན་དྲི་བ་དྲིས་ལན་སྐབས་སུ་གསལ་པོ་བཟོ་ན་འགྲིག་གི་རེད། ཕྱོགས་སྔའི་འདོད་པ་ཇི་མ་ཇི་བཞིན་མ་ཤེས་པའི་སྐབས་སུ་ཞིབ་ཚགས་པོའི་ཐོག་ནས་དགག་པ་བརྒྱབ་རྒྱུ་འདི་དཀའ་ལས་ཁག་པོ་རེད། ཡིན་ནའང་ཕྱོགས་སྔའི་སྤྱི་ཡོངས་ཀྱི་གནས་བབས། དཔེར་ན། འབྱུང་ཁུངས་ག་འདྲ་ཡིན་པ། དམིགས་ཡུལ་ག་འདྲ་ཡིན་པ། ཐབས་ལམ་ག་འདྲ་ཡིན་པ་བཅས་ཀྱི་གནས་ཚུལ་ཤེས་པ་ཡིན་ན་སྤྱི་ཡོངས་ཐོག་ནས་བགྲོ་གླེང་བྱ་རྒྱུར་དཀའ་ངལ་གང་ཡང་ཡོད་མ་རེད་བསམ་གྱི་འདུག
དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས། ད་དུས་རབས་ཟེར་དུས་དེ་རིང་སང་ཉིན་ལོ་ཆ་ཚང་ཕྱི་ལོའི་ཐོག་ནས་རྩིས་ཀྱི་ཡོད་རེད། འདིར་བཞུགས་མཁན་དགེ་འདུན་པ་སུ་འདྲ་ཞིག་ལ་དེ་རིང་བོད་ཚེས་གང་རེད་ཅེས་དྲིས་པ་ཡིན་ན་ལམ་སེང་གསུང་རྒྱུ་ཁག་པོ་ཡིན་གྱི་རེད། འོན་ཀྱང་དེ་རིང་ཕྱི་ཟླ་ ༡ ཚེས་ ༣ ཡིན་པ་ཚང་མའི་ཐུགས་ལ་དྲན་གྱི་རེད། དེ་ཡང་རྟགས་མཚན་ཞིག་རེད། ག་འདྲ་བྱས་ནས་ང་རང་ཚོའི་སོ་སོའི་ངོས་འཛིན་འདི་སྣང་མེད་ཅིག་གི་ཐོག་ནས་བརླག་འགྲོ་གི་ཡོད་པ་དང༌། ག་འདྲ་བྱས་ནས་ཕྱི་ལོགས་ནས་ཤུགས་ཆེན་པོ་ཞིག་ང་ཚོའི་བསམ་བློའི་ཐོག་སླེབས་ཀྱི་ཡོད་པ་དེ་ང་ཚོའི་ཉིན་རེའི་འཚོ་བ་ཆུང་ཆུང་ཐོག་ནས་མང་པོ་མཚོན་གྱི་ཡོད་རེད། དེས་ན་ང་ཚོས་སྐད་ཆ་བཤད་པའི་སྐབས་ལའང་ཕྱི་ལོ་འདི་མཚམས་གཟུང་ས་མ་བྱས་ཐབས་མེད་ཆགས་ཡོད་རེད། གཅིག་བྱས་ན་རྣམ་པ་ཚོས་ཨཱཅཱརྱ་ར་ཇ་ནིའཤ་སྐོར་གསན་མྱོང་ཡོད་ཀྱི་རེད། ཁོང་གིས་ཆོས་ཀྱི་ཚིགས་སུ་བཅད་པའི་ཐོག་ལ་གྲགས་ཆེ་བའི་གསུང་བཤད་མང་པོ་གནང་བའི་ནང་ནས་ཁ་ཤས་ཧ་ཅང་ཡག་པོ་ཡོད་རེད། དེའི་ནང་ག་རེ་གསུངས་ཡོད་ཅེ་ན། ཁོང་གིས་དུས་རབས་དེ་སངས་རྒྱས་ཀྱི་འདས་ལོ་ནས་བརྩི་དགོས་རེད་མ་གཏོགས་ཡེ་ཤུའི་འདས་ལོ་ནས་བརྩི་དགོས་ཀྱི་མེད། རྒྱུ་མཚན་གང་ལ་བརྟེན་ནས་ཡེ་ཤུའི་འདས་ལོ་ནས་བརྩི་དགོས་སམ། འཛམ་གླིང་ནང་འགྱུར་བ་ཆེན་པོ་ཞིག་བྱུང་བ་དེ་ནས་དུས་རབས་ཞེས་བརྩི་དགོས་ཀྱི་ཡོད། དེ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་ནས་བརྩི་བ་ཡིན་ན་སངས་རྒྱས་ཀྱི་འདས་ལོ་ནས་དུས་རབས་བརྩི་དགོས་ཞེས་དེའི་ཐོག་ཕྱག་ཚོད་གཅིག་ལྷག་ཙམ་འགྲེལ་བཤད་གནང་ཡོད་རེད། ཡིན་ནའང་ད་ལྟ་སངས་རྒྱས་ཀྱི་དུས་རབས་བརྩི་བ་ཡིན་ན་སུ་གང་གིས་ངོ་འཕྲོད་ཀྱི་མ་རེད། བྱས་ཙང་ཡེ་ཤུའི་དུས་རབས་ནས་མ་བརྩི་ཀ་མེད་རེད། ཡེ་ཤུའི་དུས་རབས་བརྒྱ་ཕྲག་བཅོ་བརྒྱད་པའི་མཇུག་ཙམ་ནས་ཚན་རིག་དར་ཁྱབ་ཆེ་རུ་ཕྱིན་པའི་རྗེས་སུ་འཛམ་གླིང་ནང་ཆོས་ལུགས་ག་འདྲ་ཞིག་ཡིན་ནའང་ཚན་རིག་དང་མ་མཐུན་པ་ཆགས་ཡོང་སྐབས་རང་གི་དམ་བཅའམ། རང་གི་འདོད་པ། ཡང་ན། རང་གི་ལངས་ཕྱོགས་སྲུང་སྐྱོབ་བྱ་རྒྱུ་མེད་པ་དང་བྱེད་མི་ཐུབ་པ་ཞིག་ལ་ཆ་བཞག་རྒྱུ་དང༌། གལ་ཏེ་སོ་སོའི་དམ་བཅའ་འམ་འདོད་པ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ན་ཚན་རིག་དང་མཐུན་པ་བཟོ་རྒྱུའི་ཐབས་ཤེས་ཤ་སྟག་བྱས་པ་མ་གཏོགས། ཚན་རིག་འགྲིག་གི་མི་འདུག་ཅེས་བརྗོད་རྒྱུའི་སྤོབས་པ་ཧ་ལམ་སུ་ཞིག་ལའང་མེད་པ་ལྟ་བུ་ཆགས་ནས་དུས་ཚོད་མང་པོ་ཕྱིན་པ་རེད། ནུབ་ཕྱོགས་ལ་ག་འདྲ་ཡིན་ནམ། ང་ལ་ངེས་པ་རྙེད་པ་ཞིག་ཞུ་རྒྱུ་མེད། རྒྱ་གར་ནང་ཚན་རིག་ལ་བྱབ་ཡོད་མ་རེད་ཅེས་གསུང་མཁན་དང་པོ་དེ་བདག་ཉིད་ཆེན་པོ་གཱན་དྷཱི་རེད། ཁོང་གི་སྔོན་ལ་ཚན་རིག་ལ་ཁྱབ་ཡོད་པ་མ་རེད་ཅེས་གསུང་མཁན་དེའང་ཧ་ཅང་དཀོན་པོ་རེད། གཞན་དག་ལྟ་ཅི། གཱན་དྷཱིའི་རྗེས་འཇུག་པ་ཚོའི་ནང་ལ་སྲས་ཀྱི་ཐུ་བོ་ལྟ་བུ་དང༌། གཱན་དྷིའའི་ནང་དོན་རིག་པའི་རྒྱུད་འཛིན་དུ་བརྩི་བའི་ཨཱཅཱརྱ་བིནོབཱ་བྷཱབེས་ཀྱང་ཚན་རིག་འདི་ཧ་ཅང་རྩ་ཆེན་པོ་རྩིས་གནང་བ་རེད། ཁོང་གིས་གང་གསུངས་ཡོད་ཅེ་ན། ཚན་རིག་ལ་མ་བརྟེན་པའི་ནང་དོན་རིག་པ་དེ་ཞ་བོ་ལྟ་བུ་དང༌། ནང་དོན་རིག་པ་ལ་མ་བརྟེན་པའི་ཚན་རིག་དེ་ལོང་བ་ལྟ་བུ་ཡིན་ཙང་ལོང་བ་དང་ཞ་བོ་གཉིས་མཉམ་དུ་མཐུན་ལམ་བྱས་པ་ཡིན་ན་ལས་ཀ་ཆེན་པ་བསྒྲུབ་ཐུབ། དེ་བཞིན་ཚན་རིག་གིས་ནང་དོན་རིག་པ་ལ་བརྟེན་པ་དང༌། ནང་དོན་རིག་པས་ཚན་རིག་ལ་བརྟེན་པ་ཡིན་ན་འཇིག་རྟེན་གྱི་ཕན་བདེ་ཆེན་པོ་ཞིག་བསྒྲུབ་ཐུབ་ཀྱི་རེད། ད་ལྟ་ཚན་རིག་དང་ནང་དོན་རིག་པ་གཉིས་ཡར་རྒྱས་འགྲོ་བཞིན་པ་དང༌། ཉིན་ཞིག་ཡར་རྒྱས་ཀྱི་མཐར་ཐུག་པའི་སྐབས་ལ་ཚན་རིག་དང་ནང་དོན་རིག་པ་གཉིས་ཀ་མཉམ་དུ་སླེབས་ཡོང་གི་རེད། དེ་དུས་ཚན་རིག་དང་ནང་དོན་རིག་པ་གཉིས་ལོགས་སུ་སོ་སོར་མ་བསྡད་པར་གཅིག་ཆགས་འགྲོ་གི་རེད་ཅེས་གསུངས་ཏེ་ཁོང་གིས་ཕྱག་ལས་སམ་གསུང་བཤད་གང་གནང་བ་ཡིན་རུང་ཚན་རིག་དང་མཐུན་པ་ཡོང་རྒྱུར་ཐབས་ཤེས་གནང་བ་རེད། དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་པའི་སློབ་དཔོན་ཚང་མའི་གསུང་བཤད་དེ་དག་ནང་གཟིགས་དང༌། ཐའི་ལེན་ཌིའི་ནང་བྱུང་བའི་གྲགས་ཅན་ཨཱཅཱརྱ་བུ་དྷ་དཱས་མ་གཏོགས་གཞན་ཚང་མས་ཚན་རིག་ལ་བསྔགས་བརྗོད་གནང་འདུག དཔེར་ན། ཌོག་ཊར་བྷིའམ་རཱབ་ཨམ་བེཌ་ཀར་གྱིས་ནང་པའི་ཆོས་དེ་ཚན་རིག་དང་མཐུན་པའི་ཆོས་ཡིན་Buddha Dharma is a Scientific Religionཞེས་ཤུགས་ཆེན་པོ་གསུངས་ཏེ་ཕྱོགས་མང་པོ་ནས་སྒྲུབ་བྱེད་བཀོད་དེ་ཚན་རིག་དང་མཐུན་པ་ཡིན་པར་སྒྲུབ་ཐབས་བྱས་ཡོད། གལ་ཏེ་ཆོས་ལུགས་དེ་ཚན་རིག་དང་མཐུན་པའི་ཆོས་ལུགས་ཡིན་པར་བསྒྲུབ་ཐུབ་པ་ཡིན་ན་ཧ་ལམ་རྒྱུ་མཚན་ཤེས་པའི་དད་པ་འཐོབ་རྒྱུའི་རེ་བ་ཡོད་པ་ལྟ་བུའི་འབད་བརྩོན་གནང་བ་རེད། སྐབས་དེ་དུས་ཤྲིའ་ལང་ཀཱ་དང༌། ཐའི་ལེནཌ། འབར་མ་Burmaབཅས་སུ་བྱུང་བའི་ནང་པའི་ཆོས་ལུགས་དེ་ཡང་དག་པ་ཡིན་པར་སྒྲུབ་མཁན་མཁས་པ་ཚང་མས་སངས་རྒྱས་ཀྱི་ཆོས་འདི་ཚན་རིག་དང་མཐུན་པར་བསྒྲུབ་རྒྱུའི་འབད་བརྩོན་བྱས་པ་རེད། དེ་བཞིན་གཤེགས་པའི་ཆོས་འདི་ཚན་རིག་དང་མཐའ་གཅིག་ཏུ་མ་མཐུན་པ་རེད་ཅེས་ངས་ནམ་ཡང་བརྗོད་ཀྱི་མེད། ཡིན་ནའང་ཚན་རིག་དང་མཐུན་པ་ཡིན་པར་རྒྱུ་མཚན་དུ་བཀོད་ནས་ཆོས་ཁྱད་པར་བ་བསྒྲུབ་རྒྱུ་དེ་འགྲིག་གི་མེད། སངས་རྒྱས་ཀྱི་གསུང་དེ་ཚད་མ་ཡིན་པའི་སྒྲུབ་བྱེད་ལ་ཚན་རིག་དང་མཐུན་པ་རེད་ཅེས་བརྗོད་པ་ཡིན་ན་དཔང་པོ་དེ་ངེས་པ་རྙེད་མི་ཐུབ་པ་སྐྱོ་པོ་ཞིག་ལ་བཀོད་འགྲོ་བ་རེད། དེའི་ཆ་ནས་འགྲིག་གི་ཡོད་མ་རེད་ཅེས་རྡོག་རྡོག་ཞུས་ན་དེ་རེད། ཁྱེད་རང་ཚོ་ཟབ་སྦྱོང་མང་པོ་གནང་ཟིན་པར་བརྟེན་ངས་ད་ལྟ་ཞུས་པ་དེ་དག་གཅིག་བྱས་ན་ཐུགས་ལ་ཕོག་སྲིད། ཡིན་ནའང་མི་སོ་སོའི་བསམ་ཚུལ་གང་ཡོད་དྲང་པོ་མ་བཤད་ན་བདེན་པ་དང་འགལ་འགྲོ་གི་རེད། གང་ལྟར་སྐད་ཆ་བཤད་དགོས་པའི་དུས་ཚོད་བྱུང་བའི་སྐབས་གང་དྲན་པ་བཤད་དགོས་རྒྱུ་འདི་ང་ཚོའི་ཚུལ་ཁྲིམས་དེ་རེད། འདུ་ཤེས་བསྒྱུར་ན་མི་འགྲིག འདུ་ཤེས་མ་བསྒྱུར་བར་བཤད་པ་ཡིན་ན། སྤྱིར་བཏང་ཤེས་བྱ་རིག་པའི་གནས་ཞེས་པ་དེ་ཕྱི་རོལ་པ་དང་ནང་པ་སུ་ལའང་ཡོད་རེད། ཡིན་ནའང་ཚན་རིག་འདི་རིག་པའི་གནས་ཀྱི་གྲངས་ལ་འགྲོ་གི་ཡོད་མ་རེད་བསམ་གྱི་འདུག འགའ་ཞིག་གིས་བཟོ་རིག་པའི་གནས་ལ་བགྲང་ཆོག་ཅེས་གསུང་མཁན་ཡོད་རེད། འོན་ཀྱང་རིག་པ་ཞེས་པའི་ཚིག་འདིའི་ནུས་པས་ཤེས་བྱ་ཡིན་པ་ཡིན་ནའང་རིག་པའི་གནས་མ་ཡིན་པ་མང་པོ་ཞིག་ཆགས་སྲིད་པ་རེད། རིག་པ་དང་རིག་པའི་གནས་ཞེས་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་གང་ཡང་མ་རེད། ནང་པ་མ་བྱུང་བའི་གོང་དུ་རྒྱ་གར་ནང་ལ་རིག་བྱེད་བཞི་ག་ཡོད་རེད། རིག་བྱེད་ཅེས་པའི་ལེགས་སྦྱར་སྐད་དོད་དུ་ Veda རེད། འདི་བོད་སྐད་དུ་རིག་པ་ལ་མ་བསྒྱུར་བར་རིག་བྱེད་ལ་བསྒྱུར་ཡོད། དེ་ནི་གནས་ཚུལ་གཏིང་ཟབ་རྟོགས་ནས་དེ་ལྟར་བསྒྱུར་བ་རེད་སྙམ། དེང་སྐབས་སྒྱུར་མཁན་ཞིག་ལ་བསྒྱུར་དུ་བཅུག་ན་ཕལ་ཆེར་རིག་པ་ལ་བསྒྱུར་རྒྱུའི་ཉེན་ཁ་ཡོད་རེད། དེ་བཞིན་ནང་པའི་གཞུང་ལུགས་ནང་རིག་པའི་གནས་ལྔ་དང༌། ཕྱི་རོལ་པའི་གཞུང་ལུགས་ནང་རིག་གནས་བཅུ་དང༌། རིག་གནས་བཅོ་བརྒྱད། རིག་བྱེད་དང་རིག་བྱེད་ཡན་ལག་བཅས་པ་ཞེས་རིག་པ་ཞེས་བྱུང་བའི་མིང་ཚང་མ་རིག་པའི་གནས་སུ་ཆགས་སླད་ཁྱད་ཆོས་ཁ་ཤས་ཚང་དགོས་ཀྱི་ཡོད་རེད། དེའི་ཁྱད་ཆོས་དེ་དག་ཕལ་ཆེར་ཚན་རིག་ལ་ཚང་གི་ཡོད་མ་རེད་བསམ་གྱི་འདུག དེས་ན་ཚན་རིག་འདི་ཤེས་བྱ་ཡིན་གྱི་རེད་དེ་ང་ཚོས་ནམ་རྒྱུན་རིག་གནས་ཟེར་བ་དེའི་གྲངས་སུ་བགྲང་ན་འགྲིག་གི་ཡོད་མ་རེད་སྙམ། དེ་འདྲ་ཡིན་པའི་རྒྱུ་མཚན་ག་རེ་རེད་ཅེས་གསུངས་པ་ཡིན་ན། ཚན་རིག་གི་ཤེས་བྱ་དེ་འགོ་ག་འདྲ་བཙུགས་པ་དང༌། དར་ཁྱབ་ཇི་ལྟར་བྱུང་བ་བཅས་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། དང་པོ། ཚན་རིག་འདི་དེང་རབས་Modernityཀྱི་ནང་ལ་ཡོད་རེད། ང་ཚོས་བཤད་རྒྱུའི་རིག་གནས་ཚང་མ་སྲོལ་རྒྱུན་Traditionནང་ཡོད་རེད། སྲོལ་རྒྱུན་ཞེས་པའི་ཚིག་འདི་བོད་སྐད་ནང་སྔ་མ་ནས་མེད་པ་འདྲ། ཕལ་ཆེར་རྒྱུད་པའམ་རྒྱུད་རིམ་ཟེར་གྱི་ཡོད་ས་རེད། མདོ་དང་རྒྱུད་ཅེས་པའི་རྒྱུད་དེ་ཕལ་ཆེར་སྒྲ་ཐད་སྒྱུར་བྱས་པ་ཡིན་ན་ Tradition ལ་གོ་བདེ་པོ་ཆགས་ཀྱི་རེད་སྙམ། དེང་རབས་ཞེས་པའི་ཚིག་འདི་ཕལ་ཆེར་གཏིང་ཚུགས་པ་ཆགས་ཡོད་ཀྱི་རེད། དེ་ནི་Modernity ལ་ཟེར་བ་རེད། དེང་རབས་ནང་གནས་པ་ལ་ཚང་མ་གསར་པ་བཟོས་པ་ཞིག་དགོས་པ་རེད་མ་གཏོགས། སྔ་མ་ནས་བརྒྱུད་དེ་ཡོང་བ་ཡིན་ན་དེང་རབས་ཆགས་ཀྱི་ཡོད་མ་རེད། མཁས་དབང་ས་རཎ་མཆོག་གིས་ Self-grounding, Novelty, Violence, Modernity synonyms ཞེས་སྟབས་བདེ་པོ་ཞིག་བསྡོམས་བརྒྱབས་ཡོད། Novelty ཞེས་པ་ནི་སྔར་མེད་པ་གསར་པ་ཞིག་དང༌། Self-grounding ཞེས་པ་ནི་སོ་སོའི་རྐང་པའི་འོག་གི་ས་ཆ་དེ་རང་མ་གཏོགས་ཕུགས་སུ་བརྒྱུད་རིམ་ལྟ་བུ་འདེད་ཁུངས་མེད་པའམ་ལང་ས་དེ་སོ་སོ་རང་ཉིད་མ་གཏོགས་མེད་པ་ཞིག་རེད། དེས་ན་འཚེ་བ་Violenceདེ་རང་ཤུགས་ཀྱིས་ཡོང་བར་བརྟེན་དེ་དག་དང་དེང་རབས་དོན་གཅིག་མིང་གི་རྣམ་གྲངས་ཞེས་བརྗོད་ཀྱི་ཡོད་རེད།
ཚན་རིག་གི་ཤེས་བྱ་ཐོག་མ་ཡོང་དུས་གཞན་ཕན་དང་འཚེ་བ་མེད་པའི་ཀུན་སློང་དེ་ཕལ་ཆེར་མེད། ཚན་རིག་གི་དགོས་མཁོ་ཇི་ལྟར་བྱུང་བ་རེད་ཅེ་ན། གང་ཟག་བྱེ་བྲག་པའམ་མི་རིགས་བྱེ་བྲག་པ། ཡང་ན་སྤྱི་ཚོགས་བྱེ་བྲག་པ་ལ་གཞན་ལས་ལྷག་པའི་དབང་ཤུགས་ཡོང་རྒྱུའི་བསམ་ཚུལ་ཐོག་ནས་ཚན་རིག་འདི་འགོ་བཙུགས་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་དཀའ་ལས་བརྒྱབ་མི་དགོས་པའམ་གཟུགས་པོས་ངལ་རྩོལ་བྱེད་མི་དགོས་པར་ལས་སླ་པོའི་ཐོག་ནས་རྒྱས་སྤྲོས་བྱ་རྒྱུའི་ཀུན་སློང་གི་ཐོག་ནས་ཚན་རིག་འདི་བྱུང་ཡོད་རེད། ཡང་ན་ལས་སླ་པོའི་ཐོག་ནས་བག་མེད་ལོངས་སྤྱོད་བྱེད་ཐུབ་རྒྱུ་དང༌། རང་བྱུང་གི་འབྱུང་བའི་ཁམས་ལ་དབང་སྒྱུར་བྱེད་པའམ་འཐབ་རྩོད་བྱེད་པའི་བསམ་ཚུལ་དེ་ནས་བྱུང་ཡོད་རེད། འབྱུང་བའི་གནས་སྟངས་འདི་ནི་མེད་དུ་མི་རུང་བའི་སྲོག་ཆགས་རྣམས་ཀ?ི་འཚོ་བའི་མཐུན་རྐྱེན་ཞིག་རེད། དེས་ན་ང་ཚོ་མི་ཡིས་འབྱུང་ཁམས་ཀྱི་བེད་སྤྱོད་དེ་ཚད་གཞི་གཅིག་གི་ནང་ལ་གཏོང་དགོས་རེད་མ་གཏོགས། ཚད་གཞི་དེ་ལས་བརྒལ་ན་འབྱུང་བ་འཁྲུག་གི་རེད། འབྱུང་བ་འཁྲུག་པ་ཡིན་ན་གཟུགས་པོ་མི་བདེ་བ་ཆགས་ཀྱི་རེད། གང་ལྟར་ང་ཚོ་འཚོ་ཐུབ་ཀྱི་ཡོད་མ་རེད། བྱས་ཙང་འབྱུང་བ་ལ་མཐུན་འབྲེལ་བྱེད་པའི་བསམ་ཚུལ་མེད་པར་དབང་བསྒྱུར་བྱ་རྒྱུའི་བསམ་ཚུལ་དེ་ཡོད་རེད། ཇི་ཙམ་འབྱུང་བ་སོ་སོའི་ཐོག་ལ་བརྟག་དཔྱད་དང་ཚོད་བལྟ་བྱས་ཏེ་བཤུ་གཞོག་བཏང་བ་དེ་ཙམ་འབྱུང་བ་རང་གི་རང་བཞིན་ཇེ་གསལ་དུ་བསྟན་ཡོང་བ་དེ་ལ་བརྟེན་ནས་གང་ཟག་གིས་འབྱུང་བ་ལ་དབང་བསྒྱུར་ཐུབ་ཀྱི་རེད་ཟེར་བ་དེ་ཚན་རིག་པའི་དམ་བཅའ་ལྟ་བུ་དེ་རེད། གང་ཟག་གིས་འབྱུང་བ་ལ་དབང་སྒྱུར་སྟངས་དེ་ནང་པའི་གཞུང་ལུགས་ནང་དུའང་ཡོད་རེད། སྔགས་ཀྱི་ཉམས་ལེན་ནང་གང་ཟག་གིས་འབྱུང་བར་དབང་བསྒྱུར་བྱ་རྒྱུ་དེ་ས་ལམ་མཐོ་པོར་སླེབས་པའི་སྐབས་ལ་དངོས་སུ་ཡོང་གི་ཡོད་རེད། ཁོང་ཚོས་འབྱུང་བ་ལ་དབང་བསྒྱུར་རྒྱུའི་བསམ་ཚུལ་དེ་རྫས་སྦྱོར་དང་ཐབས་ལམ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་ཡོང་གི་ཡོད་རེད་?སམ་པ་མ་གཏོགས་ནང་གི་འབྱུང་བ་ལ་རང་དབང་ཐོབ་པའི་དབང་གིས་ཕྱིའི་འབྱུང་བ་ལ་དབང་བསྒྱུར་རྒྱུའི་སྐད་ཆ་དེ་ཤེས་ཀྱི་ཡོད་མ་རེད། དེས་ན་འབྱུང་བ་ལ་དབང་བསྒྱུར་རྒྱུ་དང་འབྱུང་བ་ལ་ཁ་གཏད་བཅའ་རྒྱུའི་བསམ་ཚུལ་དེ་དག་ཐམས་ཅད་བསྡོམས་བརྒྱབས་ཏེ་ཞུ་ན། ང་རྒྱལ་དང༌། རློམ་སེམས། གནོད་སེམས་དེ་འདྲ་ཞིག་གི་ནང་ནས་ངས་ཆ་ཚང་ཐུབ་ཀྱི་རེད་བསམ་པའམ། ངའི་ནུས་པ་དེར་ཚད་གཟུང་མཁན་སུ་ཡང་ཡོད་མ་རེད་བསམ་པ་དེ་ལྟ་བུའི་ཀུན་སློང་ལ་བརྟེན་ནས་བྱུང་བ་ཡིན་ཙང༌། ཚན་རིག་གི་ཤེས་བྱ་ཡོངས་སུ་རྫོགས་པ་དེ་རིག་གནས་ཁོངས་སུ་འགྲོ་མི་ཐུབ་པ་དང༌། དེ་འགྲོ་བ་མི་ལ་ཕན་ཐོགས་པའི་ཤེས་བྱ་མ་ཡིན་པ་ནི་ཐོག་མའི་ཀུན་སློང་གི་ཐོག་ནས་དེ་འདྲ་ཆགས་ཡོད་རེད།
ཐོག་མའི་ཀུན་སློང་དེ་ཞི་ཞིང་འདུལ་བ་དང༌། གཞན་ཕན་གྱི་བསམ་པའི་ཐོག་ནས་མིན་པར་རང་གི་དབང་ཤུགས་ཆེ་རུ་གཏོང་བའི་རློམ་སེམས་དང་ཁེངས་དྲེགས་ཀྱི་བསམ་བློ་ནས་བྱུང་བའི་ཤེས་བྱ་ཞིག་ཡིན་པར་བརྟེན། ཚན་རིག་ནི་བྱབ་ཆེན་པོ་དང་གཏིང་ཟབ་པོ་གང་ཡང་ཡོད་མ་རེད་ཅེས་པའི་བསམ་ཚུལ་གྱི་གཞི་རྩ་གཅིག་འདི་རེད། གཞི་རྩ་གཉིས་པ་ནི། ཤེས་བྱའི་གནས་ལ་དཔྱད་པ་བྱེད་སྐབས་ཚད་མ་གཅིག་གིས་ཁུངས་འཁྱོལ་ཐབས་མེད། ཁྱེད་རང་ཚོ་མང་ཆེ་བ་ཕྱག་དཔེ་གཟིགས་མཁན་ཤ་སྟག་ཡིན་གྱི་རེད། དེས་ན་ནང་པའི་གཞུང་ལུགས་ལ་ཚད་མ་གཉིས་དགོས་པ་འདི་ང་ཚོའི་གཞི་རྩའི་ལྟ་གྲུབ་རེད། ཚད་མ་གཉིས་མེད་ན་མི་འགྲིག་པ་འདི་ནང་པའི་གྲུབ་མཐའ་ཡིན་ཙང་ང་ཚོས་ཁས་ལེན་བྱེད་དགོས་ཞེས་བརྗོད་ཀྱི་མེད། གལ་ཏེ་རིགས་པ་དང་འགལ་ན་ནང་པའི་གྲུབ་མཐའ་ཡིན་ནའང་འདོར་རྒྱུ་རེད་མ་གཏོགས་ཕན་ཐོགས་གང་ཡང་མེད། སངས་རྒྱས་ཉིད་ཀྱིས། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་གུས་ཞབས་དང་དགའ་སྤོབས་ཐོག་ནས་ཁས་བླང་ན་མི་འགྲིགས་པར་བརྟག་དགོས་ཞེས་གསུངས་ཡོད། བྱས་ཙང་རིགས་པ་དང་འགལ་བ་དེ་ཁས་ལེན་ཐབས་ཡོད་མ་རེད།
དེས་ན་རིགས་པའི་ལམ་ནས་ཚད་མ་གཉིས་མེད་ན་མི་འགྲིགས་པ་དེ་ཚད་མ་རིགས་པ་མཁྱེན་མཁན་ཞིག་ཡིན་ན་ངེས་པ་རྙེད་ཡོད་ཀྱི་རེད་བསམ་གྱི་འདུག གཞན་ཡང་དཔེ་ཆ་གཟིགས་མཁན་མང་པོ་ཞིག་སོ་སོས་ངེས་པ་མ་རྙེད་པར་དཔེ་ཆའི་ནང་གང་ཡོད་པ་རྣམས་སྐྱོར་མཁན་རིགས་ཤིག་ཡོད། དེ་ལྟ་བུ་རྣམས་ལ་ཁ་ཤས་ཀྱིས་ཚད་མ་གཅིག་གིས་འགྲིག་གི་རེད་ཅེས་བརྗོད་ན་ཕལ་ཆེར་འགྲིག་གི་མེད་དམ་སྙམ་དྲན་སྲིད་པ་རེད། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ། ཞེས་རིགས་པའི་ལམ་གྱི་ཐོག་ནས་ཚད་མ་གཉིས་མེད་ན་གཞལ་བྱ་ཐམས་ཅད་རྟོགས་མི་ཐུབ་པ་རེད། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་ནང་དུའང་ཚད་མ་གཉིས་ལས་ཉུང་བ་ཁས་ལེན་མཁན་འཇིག་རྟེན་རྒྱང་འཕེན་པ་མ་གཏོགས་ཕལ་ཆེར་བྱུང་ཡོད་མ་རེད། དེས་ན་རྒྱ་གར་ནང་བྱུང་བའི་གྲུབ་མཐའ་སྨྲ་བ་ཕལ་མོ་ཆེས་ཉུང་མཐར་ཚད་མ་གཉིས་ཁས་ལེན་གྱི་ཡོད་རེད། ནུབ་ཕྱོགས་པའི་ལྟ་གྲུབ་ནང་ཚད་མ་གཉིས་ཀྱི་རྣམ་གཞག་ཤོད་ཀྱི་ཡོད་མ་རེད། འོན་ཀྱང་མངོན་སུམ་ཚད་མས་ལྡེང་གི་མེད་པར་དེའི་ཐོག་ཡིད་ཆེས་དང་དད་པ་faithཟེར་བ་ཞིག་དགོས་ཚུལ་ཤོད་ཀྱི་ཡོད་རེད། དེས་ན་མངོན་སུམ་ཚད་མ་གཅིག་པོས་འགྲིག་གི་རེད་ཅེས་བརྗོད་མཁན་དེ་ཚན་རིག་མ་གཏོགས་མེད། རྒྱུ་མཚན་དེར་བརྟེན་ཚན་རིག་པ་ཚོས་མངོན་སུམ་གྱི་གཞལ་བྱ་མ་ཡིན་པའི་ཆོས་གང་ཡང་མེད་ཅེས་བརྗོད་རྒྱུ་དེ་ཧམ་པ་ཚ་ཐག་ཆོད་པ་རེད། ཁོང་ཚོས་མ་མཐོང་བ་རྣམས་ལ་ངས་མཐོང་མ་སོང༌། ངས་ཧ་གོ་མ་སོང་ཞེས་བརྗོད་ན་འགྲིག་གི་རེད། ཡིན་ནའང་ངས་མ་མཐོང་བ་ཡིན་ཙང་ཡོད་མ་རེད་ཅེས་བརྗོད་རྒྱུ་དེ་སྐྱག་ལངས་ལ་ཕྱིན་པ་རེད། ཡོད་ཚད་མཐོང་དགོས་ཀྱི་ཡོད་ན་ཧ་ཅང་ཐལ་བ་རེད། དེར་བརྟེན། མ་མཐོང་ཕྱིར་ན་མེད་པ་མིན། ། ཞེས་གསུངས་པ་རེད། དེས་ན་གཞལ་བྱའི་གནས་ལ་འཇུག་བྱེད་ཀྱི་བློ་དེར་དབང་པོའི་མངོན་སུམ་མ་གཏོགས་ཡིད་མངོན་གྱིས་བྱ་བ་བྱེད་པ་དེའང་མ་ཤེས་པའི་ཐོག་ནས་ཁོང་ཚོས་དབང་རྟེན་ཁོག་པར་རོགས་བྱེད་མཁན་འཕྲུལ་ཆས་དེའི་བརྒྱུད་གང་མཐོང་བ་ལ་གཞི་རྩ་བཞག་དུས་སྐབས་ཤིག་ལ་ཉི་མ་རེར་མི་འདྲ་བ་རེ་ཆགས་འགྲོ་གི་ཡོད་རེད། ཁོང་ཚོའི་རྒྱང་ཤེལ་ཡག་ཏུ་འགྲོ་སྐབས་འཇིག་རྟེན་མང་ཙམ་མཐོང་གི་ཡོད་རེད། ཡང་དེ་ལས་ཡག་ཏུ་ཕྱིན་སྐབས་འཇིག་རྟེན་དེ་ལས་མང་ཙམ་མཐོང་ཐུབ་ཀྱི་ཡོད་རེད། གང་ལྟར་ཁོང་ཚོའི་ གཎརྡཎཕྱཕྲ དེ་རིང་དུ་རིང་དུ་འགྲོ་གི་ཡོད་རེད། འོན་ཀྱང་ནང་པས་ནམ་མཁའི་མཐའ་དང་འཇིག་རྟེན་གྱི་མཐའ་ཞེས་པ་དེ་ཉིན་རེ་བཞིན་མི་འདྲ་བ་རེ་ཁས་ལེན་གྱི་མེད། དེ་བཞིན་འཇིག་རྟེན་གྱི་དབྱིབས་སོགས་ཀྱང་ལས་ཀྱི་དབང་གིས་མཐོང་སྣང་མི་འདྲ་བ་མ་གཏོགས་མཐའ་གཅིག་ཏུ་དེ་འདྲ་ཞིག་རེད་ཅེས་ཁས་ལེན་གྱི་མེད། ཡིན་ནའང་ཚན་རིག་པ་ཚོས་ཉིན་རེ་ཉིན་རེར་གང་མཐོང་བ་དེ་ག་རང་ཐག་བཅད་དེ་འགྲོ་གི་ཡོད། ཕྱོགས་གཞན་པ་ཞིག་ནས་ཞུ་ན། ཤེས་བྱ་ལ་དཔྱོད་པའི་སྐབས་སུ་ཐ་མལ་པའི་མངོན་སུམ་གྱིས་གང་མཐོང་བ་དེ་ལས་དཔྱོད་བྱེད་ཀྱི་ཤེས་པ་ལེགས་སུ་གཏོང་རྒྱུའི་ཐབས་ཤེས་རྩ་བ་ཉིད་ནས་བྱེད་ཀྱི་མེད། དཔྱོད་བྱེད་ཀྱི་ཤེས་པ་མི་སོ་སོར་གང་ཡོད་པ་དེ་རང་མ་གཏོགས་དེ་ལེགས་སུ་གཏོང་རྒྱུའི་ཐབས་ཤེས་བྱེད་དགོས་པ་དང་བྱེད་རྒྱུ་ཡོད་པ་གཉིས་ཀ་ཤེས་ཀྱི་ཡོད་མ་རེད། ང་ཚོས་ལྐོག་གྱུར་གྱི་གནས་ལ་བལྟས་པའི་སྐབས་སུ་ལྐོག་གྱུར་གྱི་གནས་དེ་ལ་ཡག་ཉེས་གཏང་རྒྱུ་གང་ཡང་མེད་ཀྱང༌། དེ་ལྟ་མཁན་གྱི་ཤེས་པ་དེ་ལ་ཡར་རྒྱས་གཏོང་ཐབས་ཡོད་རེད། ཅུང་ཟད་ལྐོག་གྱུར་གྱི་གནས་གཅིག་ལ་རྟགས་ཡང་དག་བརྒྱུད་ཚུལ་གསུམ་གྱི་ལམ་ནས་རྗེས་དཔག་གིས་ངེས་པ་རྙེད་པ་དེ་རྗེས་དཔག་ལ་མ་བཞག་པར་ཡང་ཡང་གོམས་འདྲིས་བྱས་ཏེ་བློའི་ནུས་པ་ཆེ་རུ་ཕྱིན་པའི་སྐབས་ལྐོག་གྱུར་གྱི་གནས་དེའང་ཡིད་མངོན་གྱིས་མངོན་སུམ་དུ་མཐོང་ཐུབ་པའི་བར་དུ་འགྲོ་བའི་ཡུལ་ཅན་ཡར་རྒྱས་གཏང་རྒྱུའི་བསམ་ཚུལ་དེ་ཕལ་ཆེར་ཆོས་ལུགས་མང་ཆེ་བ་ལ་ཡོད་རེད་བསམ་གྱི་འདུག དེས་ན་ཡུལ་ཅན་ཡར་རྒྱས་བཏང་ནས་ལྐོག་གྱུར་གྱི་གནས་མངོན་སུམ་དུ་མཐོང་ཐུབ་པ་བཟོ་བའི་ལམ་དེ་ང་ཚོའི་འགྲོ་སྟངས་རེད། ཁོང་ཚོས་ཡུལ་ཅན་ཡར་རྒྱས་གཏང་རྒྱུ་ཁྱོན་ནས་མེད་པར་ཡུལ་དེ་ཕྲ་མོ་དང༌། ཚལ་བུར་བཏུབ་སྟེ་ཆུང་ངུར་བཟོས་རྗེས་གང་འཚམས་ཤིག་ནས་ད་རག་གི་མི་འདུག་ཅེས་གསུངས་ཀྱི་ཡོད་རེད། དེ་ནི་ཤེས་པ་ཡར་རྒྱས་མ་གཏང་བར་རག་ཐབས་ཡོད་མ་རེད། ཕྱིའི་ཡུལ་ཡང་ཤིན་ཏུ་ཕྲ་བ་ཆགས་འགྲོ་དུས་རགས་པའི་དབང་པོའི་མངོན་སུམ་གྱིས་མཐོང་དུ་མེད། དེ་མཐོང་བ་ལ་ཤེས་པ་ཡར་རྒྱས་གཏང་རྒྱུའི་ཚབ་ཏུ་ད་མི་འདུག ད་ག་རེ་བྱས་པ་ཡིན་ནམ་ཞེས་བསྡད་དགོས་པའི་གནས་ཚུལ་ཆགས་པར་བརྟེན། བསམ་བློའི་འགྲོ་སྟངས་འདི་ཕལ་པའམ་ཐབས་སྐྱོ་པོ་ཞིག་རེད་ཅེས་བརྗོད་རྒྱུ་ཡིན། དེ་ནི་ཡག་པོ་མ་རེད་ཅེས་བརྗོད་རྒྱུ་མེད།
ཁོང་ཚོས་ཡུལ་ལ་དཔྱོད་སྟངས་དེ་ཕྱོགས་གཅིག་ནས་ཚད་མ་གཅིག་མ་གཏོགས་ཁས་མ་བླངས་པར་བརྟེན་གུ་དོག་པོ་ཆགས་པ་རེད་ལ། ཕྱོགས་གཞན་ཞིག་ནས་ཁོང་ཚོའི་དཔྱད་པ་བྱེད་སྟངས་ཀྱི་ཐབས་ལམ་དེ་ཧ་ཅང་སྐྱོ་པོ་རེད། དེ་ནི་རིགས་པ་དང་རྒྱུ་མཚན་གྱི་ལམ་ནས་དཔྱད་པ་བྱེད་རྒྱུ་དང༌། ཡུལ་ཅན་གྱི་ཤེས་པའི་ནུས་པ་གོང་མཐོར་སྤེལ་ཏེ་ཡུལ་ལ་འཇུག་རྒྱུའི་ཐབས་ཤེས་གཉིས་ཀ་མ་བྱས་པར་ཚོད་བལྟ་ལན་གྲངས་མང་པོ་བྱེད་ཀྱི་ཡོད་རེད། གལ་ཏེ་ཚོད་བལྟ་ལན་གྲངས་བཅུའི་བར་གྲུབ་འབྲས་གཅིག་པ་ཐོན་ན་དེ་ག་རང་རེད་ཅེས་བརྗོད་དེ་ཐག་བཅད་རྐྱང་བྱེད་ཀྱི་ཡོད་རེད། ཚོད་དཔག་གི་ལམ་ནས་གང་མྱུར་ཐག་གཅད་རྒྱུ་དེའང་ང་ཚོས་ཤ?ས་ཀྱི་ཡོད་བསམ་པའི་ཚན་རིག་པའི་ང་རྒྱལ་དེས་བྱེད་ཀྱི་ཡོད། ཚན་རིག་པའི་གང་ཟག་གི་སྐྱོན་ཆེ་ཤོས་དེ་གང་རེད་ཅེ་ན། ཁོ་རང་གིས་མ་ཤེས་པ་དེ་ཁོ་རང་གིས་ཤེས་ཀྱི་མེད། ཁོ་རང་གིས་མ་ཤེས་པ་དེ་ཁོ་རང་གིས་ཤེས་ཀྱི་མེད་པ་དེ་ཚན་རིག་གི་ནོར་འཁྲུལ་ཚང་མ་འགྲོ་བའི་འགོ་བཙུག་ས་ལྟ་བུ་དེ་རེད། ཁོས་ཕྱེད་ཀ་ཤེས་པའི་སྐབས་ལ་ཚང་མ་ཤེས་སོང་དྲན་གྱི་ཡོད་རེད། གང་ལྟར་ག་དུས་ཡིན་ནའང་མཐའ་མེད་པའི་བསྐྱར་བཅོས་ Infinite correction ཞིག་སྒང་ལ་འགྲོ་བ་རེད། དེ་རིང་ཡིན་པ་དེ་སང་ཉིན་མིན་པ་དང༌། སང་ཉིན་ཡིན་པ་དེ་གནངས་ཉིན་མིན་པ་ཆགས་འགྲོ་གི་ཡོད་རེད། དེ་ལའང་ཁྱད་པར་དེ་ཙམ་མེད། ཡིན་ནའང་གནངས་ཉིན་ཡིན་ཟེར་བ་དེ་མིན་པ་མ་ཆགས་བར་དུ་དེ་རེད་འདུག་ཅེས་ཐག་བཅད་ཀྱི་ཡོད་རེད། དངོས་འབྲེལ་བྱེད་ན་དེ་རིང་ང་ཚོས་དེ་འདྲ་ཞིག་མཐོང་གི་འདུག ཡིན་ནའང་ད་ལྟ་ཧ་གོ་གི་མི་འདུག གཞི་ནས་བརྟག་དཔྱད་བྱེད་དགོས་ཀྱི་རེད་ཅེས་བརྗོད་ན་འགྲིག་གི་ཡོད་རེད། འོན་ཀྱང་ཉིན་རེར་གང་དཔྱད་མཐའ་རྙེད་པ་དེ་འགྱུར་བ་མ་ཕྱིན་བར་དུ་དེ་རང་ཡིན་པར་ཆ་བཞག་སྟེ་ཐག་བཅད་ཀྱི་ཡོད་རེད། དེ་འགྲིགས་ཀྱི་མི་འདུག་ཅེས་ཞུ་གི་ཡོད།
འཇིག་རྟེན་གྱི་ནང་ལ་རྨོངས་དད་དེ་མིའི་འགྲོ་བ་ལ་ཧ་ཅང་གནོད་པ་བྱེད་མཁན་ཞིག་རེད། ཆོས་ལུགས་ཀྱིས་རྨོངས་དད་གང་ལ་གང་འཚམས་སྤེལ་ཡོད་རེད། ཡིན་ནའང་ཚན་རིག་པས་རྨོངས་དད་སྤེལ་བ་དེ་ཙམ་ཆོས་ལུགས་ཀྱིས་ནམ་ཡང་སྤེལ་མེད། དེས་ན་འཛམ་གླིང་ནང་རྨོངས་དད་ཆེ་ཤོས་ཚན་རིག་པས་སྤེལ་ཡོད། དེའང་ཚན་རིག་པ་ཁོ་རང་ཚོས་མ་མཐོང་བ་དེ་དག་ག་དུས་ཡིན་ནའང་ཡོད་མ་རེད་བརྗོད་དགོས་ཞེས་བཤད་པ་དེ་ལས་ལྷག་པའི་རྨོངས་དད་གང་དགོས་སམ། ཁོང་ཚོས་ཚོད་དཔག་དང་ཐག་གཅོད་ཐོག་ཡང་ཡང་འགྱུར་བ་གཏང་དགོས་རྒྱུར་ཁས་ལེན་པ་དེས་ཚན་རིག་དེ་རིག་གནས་མ་ཡིན་པར་བསྒྲུབ་ཐུབ། གལ་ཏེ་རིག་གནས་ཡིན་ན་དངོས་པོའི་གནས་ལུགས་དང་བསྟུན་ཏེ་ལན་གཅིག་ཐག་བཅད་པ་དེ་ལ་སླར་ཡང་འགྱུར་བ་གཏང་དགོས་ཀྱི་མེད། ཡང་བསྐྱར་བཟོ་དགོས་དོན་གང་ཡང་ཡོད་མ་རེད། དེས་ན་ད་རིང་ཚན་རིག་པ་ཚོས་མཐོང་སྟངས་འདི་འདྲ་ཞིག་འདུག་ཅེས་བརྗོད་ཐུབ་པ་མ་གཏོགས། དེ་རིང་གི་དངོས་པོའི་གནས་སྟངས་འདི་འདྲ་རེད་ཅེས་བརྗོད་ཐུབ་ཐབས་མེད། དེར་བརྟེན་ཚན་རིག་དེ་རིག་གནས་ཀྱི་གྲངས་སུ་འགྲོ་གི་མ་རེད་ཅེས་ཞུ་དགོས་པའི་རྒྱུ་མཚན་དེ་རེད། དེ་ལྟར་ཁོ་བོས་ཀུན་སློང་ག་འདྲ་ཞིག་གི་ཐོག་ནས་ཚན་རིག་དེ་བྱུང་བ་དང༌། ཁོང་ཚོས་ཐབས་ལམ་ག་འདྲ་ཞིག་བསྟེན་གྱི་ཡོད་པའི་སྐོར་ལ་ཞུས་ཟིན།
མཐའ་མ་འཛམ་གླིང་ནང་ཚན་རིག་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་གྲུབ་འབྲས་ག་རེ་བྱུང་ཡོད་རེད་ཅེ་ན། མིག་ལམ་དུ་མཐོང་ཐུབ་པའི་གྲུབ་འབྲས་རྡོག་རྡོག་ནི་ཧི་རོ་ཤི་མ་དང་ན་ག་ས་ཀི་Hiroshima & Nagasakiགཉིས་པོ་རེད། དེ་བཞིན་དམག་དང་འཚེ་བ། ལྷག་པར་དུ་དེང་རབས་གོང་མའི་སྤྱི་ཚོགས་ཀྱི་ཚུལ་ལུགས་Post modern civilization ཀྱི་ནང་འཇིགས་སྐུལ་རིང་ལུགས་དེའང་ཚན་རིག་གི་གྲུབ་འབྲས་ཤིག་རེད། དེ་སྔ་ནས་མཁས་པ་ཚོའི་ནང་བགྲོ་གླེང་ཆེན་པོ་འགྲོ་བཞིན་པ་རེད། དེ་ཚོས་གང་བརྗོད་ཡོད་ཅེ་ན། ཚན་རིག་དེ་བཟང་ངན་གང་ཡང་མིན་པར་བར་མ་ Neutralཞིག་རེད། དེ་ནི་ཤེས་བྱ་དང་བརྟག་དཔྱད་ཅིག་རེད། ཡག་ཉེས་གང་ཡིན་བརྗོད་མི་ཐུབ། ཡིན་ནའང་མི་ཡག་པོ་ཞིག་གིས་བཟང་ཕྱོགས་སུ་བེད་སྤྱོད་བཏང་སྟེ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཧ་ཅང་ཕན་ཐོགས་ཅན་དུ་བཟོ་རྒྱུ་ཡོད་རེད། ཉེས་པའི་ཕྱོགས་ལ་བེད་སྤྱོད་གཏང་བ་ཡིན་ན་རྡུལ་ཕྲན་མཚོན་ཆ་སོགས་འཐོན་རྒྱུ་རེད། བྱས་ཙང་ཚན་རིག་ཁོ་རང་ཡག་ཉེས་གང་ཡང་མིན་པར་བེད་སྤྱོད་གཏོང་སྟངས་ཀྱི་ཁྱད་པར་ཐོག་ནས་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་རེད། འདིའི་ནང་བརྒྱ་ཆ་ཁ་ཤས་བདེན་པ་ཡོད་པའི་བཟོ་ལྟ་བུ་ཞིག་ཡོད། དཔེར་ན། གྲི་ལྟ་བུར་ཆ་བཞག་ན་སྨྱུ་གུ་བཟོ་བྱེད་ལ་ཕན་ཐོགས་པ་མ་ཟད། ཚལ་གཏུབ་རྒྱུ་ལའང་ཕན་ཐོགས་ཀྱི་ཡོད། དེ་བཞིན་རྨ་བཟོ་རྒྱུ་ལའང་ཕན་ཐོགས་ཀྱི་རེད། དེ་ནི་བེད་སྤྱོད་གཏོང་མཁན་གྱི་ཁྱད་པར་ཕྱིན་པ་ཞིག་ཡིན་སྲིད། ཡིན་ནའང་དེ་བེད་སྤྱོད་གཏོང་མཁན་གྱི་བསམ་བློ་ཡར་རྒྱས་གཏང་རྒྱུའི་ཆ་རྐྱེན་གཅིག་ཚན་རིག་གི་སློབ་སྦྱོང་མཉམ་དུ་རྩ་བ་ནས་ཡོང་གི་མེད་པ་རེད། དེ་མེད་ཙང་ཚན་རིག་གི་བེད་སྤྱོད་བཟང་ཕྱོགས་སུ་བཏང་བའི་རེ་བ་ཆེན་པོ་ཡོད་པ་མ་རེད། སྤྱིར་བཏང་ཚན་རིག་རྐྱང་པ་གནས་པ་ཡིན་ན་དེ་ཙམ་སྐྱོན་ཆེན་པོ་ཡོད་མ་རེད། འོན་ཀྱང་འཕྲུལ་ལས་Technologyདེ་ཚན་རིག་དང་མཉམ་དུ་སླེབས་པ་ལ་བརྟེན་ནས་ད་ལྟའི་འཛམ་གླིང་འདི་གནས་སྟངས་ག་འདྲ་ཞིག་ཐོག་གནས་ཡོད་ཅེ་ན། ྋསྐྱབས་མགོན་རིན་པོ་ཆེས་བསྡོམས་བརྒྱབས་ཏེ་ཉེན་ཁ་ཆེན་པོ་ལྔ་ལ་སའི་གོ་ལ་འདིའི་ཐོག་སྡོད་མཁན་སྲོག་ཆགས་ཡོངས་རྫོགས་ཀྱིས་གདོང་ལེན་བྱེད་དགོས་ཞེས་གསུངས་ཀྱི་ཡོད་རེད། ཉེན་ཁ་ཆེན་པོ་ལྔ་ནི།
དང་པོ། མི་འབོར་འཕེལ་རྒྱས་དེ་རེད། མིའི་མི་འབོར་ཧ་ཅང་འཕེལ་རྒྱས་འགྲོ་བ་ལ་བརྟེན་ནས་མཐུན་རྐྱེན་གྱིས་མ་ལྡེང་བའི་དཀའ་ངལ་ཆགས་ཡོད་རེད།
གཉིས་པ། དཔལ་འབྱོར་འདྲ་མཉམ་མེད་པ་དེ་རེད། དཔལ་འབྱོར་ཡོངས་རྫོགས་མི་ཇེ་ཉུང་ཞིག་གི་ལག་ཏུ་ཕྱིན། སྐྱོ་པོ་ཇེ་མང་དུ་ཕྱིན་ནས་གླིང་ཕྲན་དང་གླིང་ཕྲན་དབར་གྱི་བར་ཁྱད་དང༌། གླིང་ཕྲན་གཅིག་གི་ནང་དུའང་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་བར་ཁྱད། རྒྱལ་ཁབ་གཅིག་གི་ནང་དུའང་མི་དང་མིའི་དབར་གྱི་བར་ཁྱད་དེ་ཧ་ཅང་ཆེ་རུ་ཕྱིན་པ་དེ་ལ་བརྟེན་ནས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་རེད། འདིའི་ནང་གོ་ལ་གཅིག་སྒྱུར་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་ Globalization and Consumerism ཆ་ཚང་བསྡུས་ཡོད་རེད།
གསུམ་པ། ཁོར་ཡུག་ཉམས་ཆག་དེ་རེད། དེང་སང་ཁོར་ཡུག་ཉམས་ཆག་ཇི་ཙམ་ཕྱིན་པའི་ཚད་གཞི་དེ་ཧ་ལམ་གཟུང་མ་ཐུབ་པ་ཞིག་ཆགས་ཡོད། སྲོག་ཆགས་ག་འདྲ་ཞིག་ཡིན་རུང་སྲོག་འཚོ་གནས་ཐུབ་རྒྱུར་དགོས་མཁོ་མེད་དུ་མེད་རུང་བ་ནི་ཆུ་དང་རླུང་གཉིས་པོ་དེ་རེད། ཡིན་ནའང་ཆུ་གཙང་མ་ཞིག་རག་གི་མེད། ད་རིང་སང་ཉིན་འགྲུལ་བཞུད་སྐབས་ཆུ་དེའང་ཤེལ་དམ་ནང་འཁྱེར་དགོས་པའམ། ཡང་ན་དངུལ་སྤྲད་དེ་ཉོ་དགོས་པ་ཞིག་ཆགས་ཡོད་པ་རེད། རང་བྱུང་ཁམས་ཀྱིས་སྲོག་ཆགས་ཡོངས་རྫོགས་ལ་ཉེ་རིང་མེད་པར་སྦྱིན་པའི་ཆུ་དེའང་བཙོག་པ་བཟོས་ཏེ་ཐད་ཀར་འཐུང་རུང་ཞིག་མེད། དེ་བཞིན་དབུགས་འབྱུང་རྔུབ་ཀྱི་རླུང་དེའང་གཙང་མ་ཞིག་རག་གི་མེད། ལོ་ན་ཆུང་ངུའི་སྐབས་ནས་མི་མང་པོ་ཞིག་ལ་དབུགས་ནད་དང་གློ་ནད་སོགས་བྱུང་བ་ནི་རླུང་གཙང་མ་མ་ཐོབ་པའི་དབང་གིས་རེད། རྒྱལ་ས་ཆེ་གྲས་ནང་དབུགས་གཏང་རྒྱུར་དཀའ་ངལ་བྱུང་བ་ཡིན་ན་ཁང་ཆུང་ཞིག་ནང་ཕྱིན་ཏེ་ཁྱུག་ཙམ་རིང་འཚོ་རླུང་རྔུབ་སའི་ཁང་ཆུང་Oxygen Booth དེ་འདྲ་བཟོས་འདུག་པ་མཐོང་གསལ་རེད། ང་རང་ཚོའི་མི་ཚེའི་ནང་ང་ཚོ་ཕར་ཚུར་འགྲོ་དུས་དབུགས་རྔུབ་རྒྱུའི་ཤེལ་དམ་ཞིག་མཉམ་དུ་འཁྱེར་དགོས་པ་ཆགས་མི་སྲིད་པ་གང་ཡང་མེད། གང་ལྟར་ཁོར་ཡུག་ཉམས་ཆག་དེ་ཙམ་ཕྱིན་ཟིན་པ་རེད།
བཞི་པ། དམག་དང་འཁྲུག་རྩོད་ཀྱི་གནས་ཚུལ་དེ་ཚང་མས་ཤེས་ཀྱི་ཡོད་རེད།
ལྔ་པ། ཆོས་ཀྱི་མིང་དེའང་འཁྲུག་རྩོད་བྱ་རྒྱུའི་དོན་དུ་བེད་སྤྱོད་བྱེད་པ་དེ་རེད། དེང་སྐབས་ཆོས་ཤེས་མཁན་དང་ཉམས་སུ་ལེན་མཁན་ཧ་ཅང་དཀོན་པོ་རེད། དཔེར་ན། ནང་པ་ལ་ཆ་བཞག་ན་ནང་པའི་བསྟན་པ་ལ་དངོས་སུ་ཞུགས་པའི་མི་ག་ཚོད་ཡོད་དམ། གང་ལགས་ཤེ་ན། ནང་པའི་བསྟན་པར་ཞུགས་པ་ལ་སྐྱབས་འགྲོ་རྒྱུད་ལ་སྐྱེ་དགོས། སྐྱབས་འགྲོ་རྒྱུད་ལ་སྐྱེ་བར་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་ཡིད་ཆེས་གཉིས་པོ་དགོས་ཀྱི་ཡོད་རེད། འཇིགས་པ་དང་ཡིད་ཆེས་གཉིས་ཀྱི་ཐོག་ནས་དངོས་གནས་སྐྱབས་འགྲོ་རྣམ་དག་རྒྱུད་ལ་ཡོད་མཁན་མི་ག་ཚོད་ཡོད་མེད་བཙལ་དགོས་བྱུང་ན་ཕལ་ཆེར་ཉུང་ཉུང་ཞིག་ཆགས་ཀྱི་རེད་སྙམ། ཚང་མས་ང་ནང་པ་ཡིན། ཁོ་ནང་པ་རེད་ཅེས་བརྗོད་ཀྱི་ཡོད་ཀྱང༌། གལ་ཏེ་དེ་ལ་ནང་པ་དེ་ཚོ་སྡུག་ཅག་རེད་ཅེས་ཚིག་རྩུབ་ཅིག་བརྗོད་པ་ཡིན་ན་ཁོས་ཚུར་ཞི་འཇམ་ཐོག་ནས་ལན་སློག་གི་འདུག་གམ། ཡང་ན་གློ་བུར་དུ་འཁྲུག་རྩོད་བྱེད་ཀྱི་འདུག དེ་བལྟ་རྒྱུ་རེད། གལ་སྲིད་འཁྲུག་རྩོད་བྱེད་ཀྱི་འདུག་ན་ནང་པ་མ་རེད་ཅེས་ཕལ་ཆེར་བརྗོད་ཆོག དེ་བཞིན་དུ་ཆོས་ལུགས་གཞན་རྣམས་ལའང་གནས་ཚུལ་དེ་རང་ཆགས་ཡོད་རེད། དེས་ན་འཛམ་གླིང་ནང་ཆོས་ཉམས་ལེན་བྱེད་མཁན་ནམ་ཆོས་རྒྱུད་ལ་ཡོད་མཁན་ད་ལྟ་ཧ་ཅང་དཀོན་པོ་རེད། སྟབས་ཉེས་པ་ཞིག་ལ་ཆོས་ཀྱི་སྒྲིག་འཛུགས་དང་ཆོས་ཀྱི་མིང་དམག་དང་འཁྲུག་འཛིངས་བྱ་རྒྱུར་བེད་སྤྱོད་བྱེད་ཀྱི་ཡོད་རེད།
མདོར་བསྡུས་ཏེ་ཞུ་ན། ཚན་རིག་ལ་བརྟེན་ནས་འཕྲུལ་ལས་བྱུང༌། འཕྲུལ་ལས་ལ་བརྟེན་ནས་ཅ་ལག་མང་པོ་བཟོ་སྐྲུན་བྱ་སའི་བཟོ་གྲྭ་དེ་དག་བྱུང་བ་རེད། བཟོ་གྲྭའི་ནང་དུ་མིའི་དགོས་མཁོ་ལས་ཧ་ཅང་ཅ་ལག་མང་བ་བཟོས་པར་བརྟེན་དེ་དག་ཉོ་མཁན་གྱི་ཁྲོམ་དགོས་ཀྱི་ཡོད་དུས་ཁོང་ཚོས་ཐབས་ལམ་ལས་སླ་ཤོས་རྙེད་ཐུབ་པ་ནི་མིའི་རྒྱུད་ལ་རང་ཆས་སུ་ཡོད་པའི་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་སྤེལ་བའི་ཡུལ་ཉེ་བར་གནས་པར་བྱས་ནས་འདོད་པའི་ཉོན་མོངས་ཤུགས་ཆེ་རུ་གཏང་རྒྱུ་དེ་རེད། སྤྱིར་ཕྲ་རྒྱས་སྤངས་པ་མ་ཡིན་པ་ནི་ཚང་མ་ཡིན་པ་སྨོས་མ་དགོས། འོན་ཀྱང་ཕྲ་རྒྱས་ཀྱི་མེ་ལ་ཕུ་འདེབས་མཁན་གྱི་ཚོད་ལྟ་བུ་དེ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་ཡུལ་ཉེ་བར་གནས་པ་གཉིས་པོ་དེ་ཆགས་ཀྱི་ཡོད་རེད། དེ་ལྟར་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དང་ཡུལ་ཉེ་བར་གནས་པ་བཟོས་རྗེས་གཞི་ནས་མིའི་བསམ་བློའི་ནང་གི་འདོད་རྔམས་greedདང་ཕྲག་དོག འགྲན་སེམས་རྣམས་སྤེལ་ཐབས་བྱེད་ཀྱི་ཡོད་རེད། མིའི་སྤྱི་ཚོགས་ནི་གཅིག་ལ་གཅིག་བརྟེན་དང་མཐུན་ལམ་གྱི་ཐོག་ནས་འགྲོ་དགོས་པའི་བསམ་ཚུལ་དེ་སྲོལ་རྒྱུན་གྱི་ལྟ་སྟངས་ཤིག་རེད། མཐུན་ལམ་མེད་པར་འགྲན་བསྡུར་ཐོག་འགྲོ་དགོས་པ་དེ་དེང་རབས་ཀྱི་ལྟ་སྟངས་ཤིག་རེད། དེ་ཡང་ཚང་མར་འགྲན་བསྡུར་བྱེད་དུ་བཅུག འདོད་སྲེད་མང་དུ་སྤེལ་བའི་སྐབས་སོ་སོའི་དགོས་མཁོ་ལྡེང་བ་འདིས་མི་འགྲིགས་པར་དགོས་མཁོ་ལས་མང་བ་གསོག་འཇོག་བྱ་རྒྱུའི་བསམ་ཚུལ་དེ་ཡོང་གི་ཡོད། དཔེར་ན། ལྷམ་ལྟ་བུ་ལ་ཆ་བཞག་ན་ཆ་གཅིག་གིས་མ་འགྲིགས་པར། སྔ་དགོང་འཁྱམ་འཁྱམ་སྐབས་སུ་ལྷམ་ཞིག་དང༌། རྩེད་མོ་རྩེད་དུས་ལྷམ། ལས་ཁུངས་སུ་བསྐྱོད་དུས་ལྷམ། ཁྲུས་ཁང་ནང་གྱོན་རྒྱུའི་ལྷམ་བཅས་ལྷམ་ཆ་བཞི་ལྔ་མེད་ན་མི་འགྲིག་པའི་ཁྱབ་བསྒྲགས་ཤུགས་ཆེ་གཟུགས་མཐོང་རླུང་འཕྲིན་དང༌། ཚགས་པར། རླུང་འཕྲིན་ཚང་མའི་བརྒྱུད་ནས་ཀླད་པ་བཀྲུ་བའི་ལས་དོན་དེ་བྱེད་ཀྱི་ཡོད་རེད། ད་ལྟའི་གནས་སྐབས་སུ་གང་ཟག་བྱེ་བྲག་པས་སོ་སོའི་དགོས་མཁོ་གང་ཡིན་པ་དེ་ཐག་གཅད་མི་ཐུབ་པའི་མཚམས་ལ་སླེབས་ཡོད་ཅེས་བརྗོད་ནའང་མ་འགྲིགས་པ་མེད་སྙམ། གང་ལྟར་ཁྱབ་བསྒྲགས་བྱ་རྒྱུར་ཤུགས་ཆེ་བཏང་བའི་འགྲོ་གྲོན་ཡོངས་རྫོགས་ཅ་ལག་དེའི་རིན་པའི་ནང་ཚུད་ཡོད་རེད། དེ་ལྟར་མིའི་འདོད་སྲེད་ཆེ་རུ་བཏང་བའི་མཐའ་མར་སྐྱེས་བུའི་མངོན་འདོད་ཀྱི་གཙོ་བོ་དཔལ་འབྱོར་དང་བག་མེད་ལོངས་སྤྱོད་གཉིས་པོ་མ་གཏོགས་མེད་པ་ཕལ་ཆེར་འཛམ་བུ་གླིང་གི་མིའི་ཀླད་པའི་ནང་བླུགས་ཚར་ཡོད་རེད།
འདི་ནི་ཚན་རིག་གི་ལམ་ནས་བྱུང་བའི་འཕྲུལ་ལས་དང་འཕྲུལ་ལས་ལ་བརྟེན་པའི་བཟོ་གྲྭ་དེ་དག་གི་མཐར་ཐུག་གི་འབྲས་བུ་དེ་རེད། གང་ལྟར་འཛམ་བུ་གླིང་གི་མི་ཡོངས་རྫོགས་ཉིན་མཚན་མེད་པར་དཀའ་ལས་བརྒྱབས་ཏེ་དངུལ་བཟོ་དགོས་པ་དང༌། དངུལ་ཆ་ཚང་རྒྱལ་མང་གི་ཚོང་ལས་སྒྲིག་འཛུགས་Multi-National Companyཁ་ཤས་ཕྱུག་པོ་བཟོ་རྒྱུའི་དོན་དུ་སྤྲད་དགོས་ཀྱི་ཡོད་པ་རེད། དེ་དག་ནི་རང་བཞིན་གྱིས་འགྲོ་བའི་ལམ་སྲོལ་ཞིག་བཟོས་ཡོད་རེད། ལམ་སྲོལ་འདིའི་ནང་སུ་གང་གིས་ཕར་ཚུར་འགུལ་བསྐྱོད་གཏོང་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། མདོར་ན། ཚན་རིག་གི་ཤེས་བྱ་ཡར་རྒྱས་ཕྱིན་པའི་མཐའ་མ་གང་བྱུང་བ་རེད་ཅེ་ན། མི་ཚོའི་བསམ་བློའི་ནང་གི་ཉོན་མོངས་ཡར་རྒྱས་གཏང་རྒྱུ་དང༌། རང་དབང་གི་ཐོག་ནས་བསམ་བློ་གཏོང་མི་ཐུབ་པ་བཟོ་རྒྱུ་དེ་རེད། ད་ལྟ་དེའི་མཚམས་སུ་སླེབས་ཡོད་པ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་རེད། ལར་ནས་ཁྲོམ་རྭའི་ནང་བཟའ་བཏུང་གྱོན་ཆས་རྣམས་དགོས་མཁོ་ལས་ལྷག་པ་བཙོང་གི་ཡོད་ནའང་དེ་ཙམ་གནད་འགག་མི་འདུག འོན་ཀྱང་ད་ཆ་མི་གསད་རྒྱུ་དང་ཡུལ་འཁོར་དང་བཅས་པ་རྩ་བརླག་གཏང་རྒྱུའི་མཚོན་ཆ་དེ་ཚོའང་ཚོང་གི་རྒྱུ་ཆ་གཙོ་བོ་ཞིག་ཆགས་ཡོད་རེད། དེས་ན་དེ་ཚོས་ཁྲོམ་རྭ་བཙལ་རྒྱུར་མི་མ་བསད་ཐབས་མེད་རེད། མི་མ་བསད་པ་ཡིན་ན་ཁོང་ཚོའི་ཁྲོམ་རྭ་འགག་འགྲོ་རྒྱུ་རེད། དེར་བརྟེན་མི་གཅིག་གསོན་པོ་བསྡད་པ་དང་མི་གཅིག་མདེའུ་ཕོག་སྟེ་ཤི་བ་གཉིས་ལས་མདེའུ་ཕོག་སྟེ་ཤི་མཁན་དེ་རིན་ཐང་ཆེ་བ་རེད། མི་གསོན་པོ་ལ་རིན་ཐང་གང་ཡང་མེད། གང་ལགས་ཤེ་ན། གསོན་པོ་བསྡད་པ་དེས་ཁོང་ཚོའི་ཐོན་སྐྱེད་གཅིག་ཀྱང་བེད་སྤྱོད་བྱུང་མེད། མི་ཤི་མཁན་དེས་ཉུང་མཐར་མདེའུ་གཅིག་གཉིས་བེད་སྤྱོད་བཏང་སྟེ་མདེའུ་སླར་ཡང་བཟོ་རྒྱུའི་གོ་སྐབས་བྱུང་བ་རེད། ཨ་རིའི་སྲིད་འཛིན་གྱིས་སོ་སོའི་སྲིད་དབང་ལོ་བཞིའི་རིང་དམག་གཅིག་ངེས་པར་དུ་བརྒྱབ་ཐུབ་པའི་ཐབས་ཤེས་བྱེད་དགོས་ཀྱི་འདུག་པ་མཐོང་གསལ་རེད། དམག་དེའང་ཨ་རི་ནས་ས་ཐག་རིང་བའི་ཡུལ་གྲུ་ཞིག་ལ་མ་གཏོགས་ཉེ་པོ་ཞིག་ལ་རྒྱག་གི་མེད། གལ་ཏེ་དམག་གཅིག་མ་བརྒྱབ་པ་ཡིན་ན་མཚོན་ཆ་བཟོ་མཁན་གྱི་བཟོ་གྲྭ་དེ་ཚོས་ཁོང་ཚོའི་འོས་བསྡུའི་སྐབས་སྤྲད་པའི་དངུལ་འབོར་དེ་དག་གི་ཁེ་བཟང་ཞིག་ཡོང་ཐུབ་ཐབས་ཡོད་མ་རེད། པ་ཀིསི་ཏན་དང་རྒྱ་གར་དབར་རྩོད་དགོས་རྒྱུ་གང་ཡང་མེད། དེ་བཞིན་རྒྱ་ནག་དང་རྒྱ་གར་དབར་ལའང་ཧ་ལས་པའི་རྩོད་རྒྱུ་དེ་འདྲ་གང་ཡང་ཡོད་མ་རེད། ག་དུས་ཡིན་ནའང་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཕན་ཚུན་མ་མཐུན་པར་དམག་ཡོང་བའི་ཉེན་ཁ་རྟག་ཏུ་ཡོད་བཞིན་པ་དེ་ནི་མཚོན་ཆ་བཟོ་མཁན་གྱི་བཟོ་གྲྭ་ཚོས་བཟོ་གི་ཡོད་རེད། གང་ལགས་ཤེ་ན། ཕྱོགས་གཉིས་ཀར་མཚོན་ཆ་སྤྲོད་མཁན་གཅིག་རེད། དེ་ནི་ང་ཚོས་ཧ་ཅང་གསལ་པོ་ཤེས་ཐུབ་རྒྱུ་ཞིག་རེད། པ་ཀི་སི་ཏན་ལ་མཚོན་ཆ་གསར་པ་ཞིག་རིན་གོང་ཆུང་ཆུང་ཐོག་སྤྲོད་ཀྱི་རེད། དེ་ནས་རྒྱ་གར་ལ་པ་ཀི་སི་ཏན་གྱིས་མཚོན་ཆ་དེ་འདྲ་ཞིག་ཉོས་སོང༌། ཁྱེད་རང་ཚོ་ལ་དེའི་ཁ་གཏད་ཡོད་མ་རེད་ཅེས་བརྗོད་པར་བརྟེན་རྒྱ་གར་གྱིས་དེའི་ཁ་གཏད་ལ་ག་རེ་ཡོད་དམ་ཞེས་འདྲི་དུས་མཚོན་ཆ་བཟོ་མཁན་ཚོས། དེ་ལ་ཁ་གཏད་ཡོད་རེད། གལ་ཏེ་ཉོ་གི་ཡིན་ན་བཙོང་རྒྱུ་ཡིན་ཞེས་བརྗོད་དེ་རྒྱ་གར་ལ་བཙོང་གི་རེད། དེ་རྗེས་པ་ཀི་སི་ཏན་ལ་རྒྱ་གར་གྱིས་དེ་འདྲ་ཞིག་ཉོས་སོང༌། ཁྱེད་ཚོས་སྔར་ཉོས་པའི་མཚོན་ཆ་རྣམས་འཕྲོ་བརླག་ཕྱིན་ཟིན་པ་རེད། དེ་ལས་ལེགས་སུ་གཏང་upgradeན་མ་གཏོགས་ཕན་ཐོགས་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད་རེད། དེ་ལྟར་ཡོང་དགོས་དོན་ཡང་མཚོན་ཆའི་བཟོ་སྐྲུན་དེ་ཚོང་གི་ནང་ལ་འདྲེས་ཤིང༌། གལ་ཏེ་དམག་མེད་པ་ཡིན་ན་མཚོན་ཆའི་ཚོང་མི་ཡོང་བའི་གནས་སྟངས་དེ་ལ་བརྟེན་ནས་བྱུང་བ་རེད།
གང་ལྟར་བཟོ་གྲྭའི་ལམ་ལུགས་བྱུང་བ་ནས་བཟུང་ད་བར་འཛམ་གླིང་ནང་ཞི་བདེ་ནམ་ཡང་གནས་མི་ཐུབ་པ་དང༌། འཛམ་གླིང་དམག་ཆེན་གཉིས་ཙམ་བྱུང་བ། དེ་བཞིན་དམག་འཁྲུག་བར་མ་ཆད་པ་བྱུང་བ་རེད། དེ་དག་ཐམས་ཅད་ཀྱང་ད་ལྟའི་དཔལ་འབྱོར་ལམ་ལུགས་འདི་ཚན་རིག་དང་འཕྲུལ་ལས་ལ་བརྟེན་པའི་རྒྱུ་མཚན་གྱིས་བྱུང་བ་སྨོས་མ་དགོས་པ་རེད།
སྔ་མོ་ཚན་རིག་པ་ཚོས་དཀའ་ངལ་ཇི་འདྲ་ཞིག་བྱུང་རུང་དེའི་གདོང་ལེན་ཚན་རིག་གི་ལམ་ནས་སྤྲད་ཐུབ་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། ད་ལྟ་ཨོ་ཛོན་བླ་ཡོལ་Ozone layerརལ་འགྲོ་བ་དེའི་བཟོ་བཅོས་ཚན་རིག་པས་ཤེས་ཀྱི་མེད། དེ་བཞིན་སྔ་ལོར་ཨེ་ཤི་ཡའི་ཐོག་ཏུ་སྤྲིན་པ་མཐུག་པོ་དེས་ཉི་མའི་འོད་དང་ས་གཞི་དབར་གཅིག་བྱེད་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་རེད། གང་ལྟར་ཚང་མ་འཁྲུགས་འགྲོ་གི་ཡོད་རེད། དེ་སེལ་བའི་ཐབས་ལམ་གང་ཡང་ཚན་རིག་པས་སྤྲད་ཐུབ་ཀྱི་ཡོད་མ་རེད། ཚན་རིག་པ་ཟླ་བའི་དཀྱིལ་འཁོར་དང་བར་སྣང་སོགས་གང་དུ་ཕྱིན་རུང་རང་ཉིད་གནས་ཡུལ་སའི་གོ་ལ་འདི་ཡག་པོ་ཉར་ཐུབ་རྒྱུའི་ཐབས་ཤེས་འདི་ལྟ་བུ་ཞིག་ཡོད་རེད་ཅེས་བརྗོད་ཐུབ་ཀྱི་མེད། ཁོང་ཚོས་འཕྲོ་བརླག་གཏང་རྒྱུ་དེ་མ་གཏོགས་ཉམས་གསོའམ་སྲུང་སྐྱོབ་བྱ་རྒྱུ་དེ་རྩ་བ་ཉིད་ནས་ཤེས་ཀྱི་མེད་པ་དེ་དེང་སང་ཁོ་རང་ཚོས་ཀྱང་ཤེས་ཀྱི་ཡོད་རེད་དེ་ཁ་ནས་བརྗོད་ཀྱི་ཡོད་མ་རེད། གང་ལགས་ཤེ་ན། ཁོ་རང་ཚོ་ལ་ཐབས་ལམ་མེད་པ་དེ་ར་འཕྲོད་ཀྱི་ཡོད་རེད། དེས་ན་ཁོར་ཡུག་ཉམས་ཆག་དེ་དག་ཉམས་གསོ་ཇི་ལྟར་བྱེད་དགོས་པ་དེ་སྲོལ་རྒྱུན་གྱི་ལམ་ནས་མ་གཏོགས་གཞན་ཐབས་ལམ་མེད་པ་ཞིག་རེད། གལ་ཏེ་གནས་ཚུལ་ཆ་ཚང་གཏིང་ཟབ་མཁྱེན་འདོད་ཡོད་ན་བདག་ཉིད་ཆེན་པོ་གཱན་དྷིའི་གསུང་གི་སྙིང་པོ་ཧིནྡསྭརཱཇ་སྟེ་རྒྱ་གར་རང་སྲིད་རང་སྐྱོང་ཞེས་པའི་དེབ་ཆུང་ཕྱི་ལོ་ ༡༩༠༩ ལོར་བྲིས་པ་ཞིག་ཡོད་པ་དེར་གཟིགས་དགོས། འདིའི་ནང་ཚན་རིག་དང༌། འཕྲུལ་ལས། བཟོ་གྲྭའི་ལམ་ལུགས་ཀྱི་གནས་ཚུལ་ཆ་ཚང་ཐོག་དཔྱད་པ་གནང་སྟེ་གསལ་པོ་བཀོད་འདུག བོད་དང་རྒྱ་ནག་ལ་ཆ་བཞག་ན་ལོ་སྟོང་ཕྲག་རིང་ཁྱིམ་མཚེས་བྱས་ནས་བསྡད་པ་རེད། རྒྱ་མིས་བོད་ཟ་འདོད་ཡོད་ན་ལོ་སྟོང་ཕྲག་གོང་ནས་ཟ་ཐུབ་རྒྱུ་ཞིག་རེད། དེ་ལྟ་བུའི་སྟོབས་ཤུགས་རྒྱ་ནག་ལ་དེ་དུས་ནས་ཡོད་མུས་རེད། འོན་ཀྱང་དེ་འདྲ་མ་བྱས་པར་དུས་ཚོད་ངེས་ཅན་ཞིག་གི་ནང་རྒྱ་ནག་གི་དབང་སྒྱུར་འོག་འགྲོ་དགོས་པ་དེའང་འཛམ་གླིང་ནང་ཚན་རིག་དང་འཕྲུལ་ལས། དེ་བཞིན་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་ལས་འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་བ་ཞིག་ལ་བརྟེན་ནས་བྱུང་བ་རེད། ད་ལྟའི་གནས་སྐབས་སུའང་བོད་ལ་དཀའ་ངལ་མི་བཟད་པ་མྱོང་རྒྱུ་དེའང་འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་གི་ཐོག་ནས་ཡོང་གི་ཡོད་རེད་མ་གཏོགས། དེ་རྒྱ་ནག་དང་བོད་གཉིས་ཁོ་ནའི་སྐད་ཆ་ཞིག་ཆགས་ཀྱི་མེད།
ཕྱི་ལོ་ ༡༩༥༩ ནས་ ༡༩༦༥ བར་ཉིན་མཚན་འཁྱོལ་དཀའ་བའི་གཉའ་གནོན་གདུག་རྩུབ་ཅིག་གི་འོག་དམར་བསད་དང༌། ལྟོགས་ཤི་ཐེབས་པ། རང་ཤི་བརྒྱབས་པ། བཙོན་འཇུག་དོ་དམ་འོག་ཤི་བའི་བོད་མི་འབུམ་ཕྲག་མང་པོ་བྱུང་ཡང་བོད་མིའི་ནང་གི་བསམ་བློར་ནམ་ཡང་འགྱུར་བ་བཏང་ཐུབ་མེད། དེ་ནས་ཕྱི་ལོ་ ༡༩༦༥ ནས་རིག་གནས་གསར་བརྗེ་བྱུང་སྐབས་བོད་ཙམ་མ་ཡིན་པར་རྒྱ་ནག་ནང་དུའང་སྨྱོ་མཆོངས་བརྒྱབས་ཏེ་ཧ་ཅང་དཀའ་ངལ་བྱུང་ཡོད་ཀྱང་བོད་མིའི་བསམ་བློར་འགྱུར་བ་བཏང་ཐུབ་ཡོད་མ་རེད། དེ་རྗེས་གུ་ཡངས་ཀྱི་སྲིད་བྱུས་སྤྲད་པའི་སྐབས་སུའང་བོད་མིའི་བསམ་བློའི་ནང་འགྱུར་བ་གང་ཡང་མ་ཕྱིན་པ་རེད། འོན་ཀྱང་འདས་པའི་ལོ་བཅུ་བཞི་བཅོ་ལྔའི་རིང་གཞིས་བྱེས་བོད་མིའི་བསམ་བློར་འགྱུར་བའམ་ཉམས་ཆག་ཆེན་པོ་ཕྱིན་པ་རེད། དེའང་དཔལ་འབྱོར་གྱི་གུ་ཡངས་ཐོག་ནས་ཁྲོམ་རྭའི་རིང་ལུགས་དང་ཚོང་གི་མཐུན་རྐྱེན་སྤྲད་པ་དེ་ལས་བྱུང་བ་ཞིག་རེད། དེང་སྐབས་བོད་ལ་འགྲོ་མཁན་ཚང་མས་བོད་མི་ན་གཞོན་རྣམས་ཀྱི་བསམ་བློའི་ནང་དངངས་འཚབ་དང་རྒྱ་མིའི་འོག་བསྡད་ན་མི་འགྲིགས་པའི་བསམ་བློ་དེ་ཧ་ལམ་ཡལ་ཚར་འདུག་ཅེས་བརྗོད་ཀྱི་ཡོད་རེད། ཁོང་ཚོར་དཔལ་འབྱོར་འགྲིགས་ཙམ་བྱུང་བ་དང༌། ཟ་ཁང་ནང་ཆང་རག་དང་གཞས་འཁྲབ་རྒྱུ་སོགས་རྒྱུན་ལྡན་ཞིག་བྱུང་བ་ཡིན་ན་དེ་ཙམ་གྱིས་འགྲིགས་ངེས་ཀྱི་བསམ་བློ་ཞིག་སླེབས་ཡོད། གང་ལྟར་བོད་མིའི་སྙིང་སྟོབས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་ཚུལ་བརླག་བྱེད་ཀྱི་མཚོན་ཆ་གཙོ་བོ་དེ་ནུབ་ཕྱོགས་གསར་བརྗེ་ཆེན་པོ་ཞེས་པ་དེ་དང༌། དཔལ་འབྱོར་གྱི་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་སྤེལ་བ་དེའི་ཐོག་ནས་ཡོང་གི་ཡོད་རེད། ད་ལྟ་ཉི་མ་རེ་རེ་བཞིན་བོད་པའི་བསམ་བློའི་ནུས་པ་ཉམས་ཆག་འགྲོ་བ་འདིའང་གནས་ཚུལ་འདི་རང་ལ་ཐུག་ཡོད། དེར་བརྟེན་ཕྱོགས་མང་པོ་ཞིག་ནས་བསྡོམས་བརྒྱབས་ཏེ་འཛམ་གླིང་གི་གནས་སྟངས་འདི་གཟིགས་དགོས་ཀྱི་རེད། གང་ལྟར་ཚན་རིག་དང༌། འཕྲུལ་ལས། ཡར་རྒྱས་ཞེས་པ་དེ་གསུམ་གྱི་དབང་བསྒྱུར་འོག་ནས་རང་དབང་མ་ཐོབ་པ་ཡིན་ན་བོད་རང་དབང་ཞེས་བཤད་རྒྱུའི་ནུས་པའང་ཡོད་མ་རེད་ལ། བཤད་ནས་ཕན་ཐོགས་ཀྱང་མེད། དེ་འདྲ་ཡིན་ཙང་གནས་ཚུལ་དེ་དག་གསལ་པོ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།
ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༣ ཉིན་ཞོགས་པ་ཕྱག་ཚོད་ ༩། ༠༠ ཐོག་རྡ་སྟེང་བོད་ཁྱིམ་དུ་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་ཚན་རིག་ཟབ་སྦྱོང་བཞི་པར་ཕེབས་པའི་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་དྲུག་ཅུ་ཙམ་ལའོ། །