མདོ་སྨད་ཆོལ་ཁའི་དབུ་སྤྱི་ཁྱབ་རྒྱུན་ལས་ཁང་།
གནམ་ས་རལ་བའི་དུས་ཀྱི་རྒུད་པ་མུན་པའི་ཟོལ་གྱིས་བབས་པའི་ཚེ། །
གྱེས་པའི་གདུང་བ་ཡིད་ལ་བརྣག་བཞིན་མི་ཡུལ་འགྲིམ་པའི་དཀའ་སྡུག་ཁྲོད། །
ལུགས་ཟུང་མཁྱེན་པའི་ཁོ་ལག་རབ་ཡངས་དམ་པའི་དྲི་བསུང་ཕྱོགས་རྫོགས་པའི། །
དྲི་བྲལ་སྨན་གྱི་ལྗོན་པ་ཁྱོད་ཉིད་མི་མཐུན་བ་མོས་བརྫི་བ་མེད། །གངས་ཅན་མགོན་པོའི་མཁའ་ཁྱབ་འཕྲིན་ལས་ཁོར་ཡུག་ཡངས་པའི་གདུགས་དཀར་མཆོག།།
ཕྱོགས་སུ་འདྲེན་པའི་སྙིང་སྟོབས་དཔུང་བ་ཁྱོད་ཉིད་གཅིག་པུར་ལྷུན་རྫོགས་པས། །
ཁ་བ་ཅན་གྱི་གཟུར་གནས་མ་ལུས་དང་བའི་མིག་ཞགས་ཁྱོད་ལ་རྐྱོང་། །
དེ་བས་ཞབས་ཟུང་ཆུ་སྐྱེས་ཕོན་པོ་རྒུད་བྲལ་ལང་ཚོས་སྙེམས་གྱུར་ཅིག །
ཅེས་གངས་ཅན་ཁ་བ་རི་བའི་དཀའ་སྡུག་གི་ལོ་ཟླའི་ཁྲོད། ཞུམ་པ་མེད་པའི་ཐུགས་སྟོབས་ཀྱི་གོ་ཆ་ལྷུར་བཞེས་ཏེ། བསུབ་ཏུ་མེད་པའི་བཀའ་དྲིན་གྱི་རི་མོ་གངས་ཅན་པ་རྣམས་ཀྱི་སྙིང་ལ་མངོན་པར་ལྕི་བ། འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་མཚན་དཔེ་འཇིག་རྟེན་འདིར་མངོན་པར་བཞད་པའི་དུས་ཚེས་ཁྱད་པར་ཅན་ལ་བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། བཀའ་དྲིན་རྗེས་སུ་དྲན་པའི་སེམས་འགྱུ་མཚོན་ཕྱིར་དུ་གུས་པ་ཆེན་པོས་བཏེགས།