བོད་རྒྱ་འབྲེལ་མོལ་ལས་དོན་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས། ༄༅། །ཐུགས་མངའ་བཞིན་བཀའ་ཤག་སྐབས་བཅུ་གཉིས་པའི་རིང་བོད་རྒྱ་འབྲེལ་མོལ་ཆེད་སྔ་རྗེས་སྐུ་ཚབ་ཐེངས་བཞི་ཕེབས་ཏཻ། རྒྱ་ནག་གི་འབྲེལ་ཡོད་ཐབས་ཕྱོགས་གཅིག་གྱུར་བློན་ཆེན་སོགས་ངོ་འཕྲད་ཀྱིས་ཕན་ཚུན་དགོངས་ཚུལ་མཐུན་མིན་ལ་མ་ལྟོས་པར། ྋགོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་བོད་རྒྱའི་བར་དོན་ཕན་ལྡན་པའི་གླེང་མོལ་འབྱུང་ཆེད། འབྲེལ་མོལ་གོང་འཕེལ་དང་ཕན་ཚུན་གླེང་གཞི་ཁག་གཅིག་གསར་འགྱུར་དང་བརྒྱུད་ལམ་འདྲ་མིན་ནང་ཐོན་དང་འཐོན་བཞིན་ཡོད་ནའང༌། དོན་གནད་འདི་གལ་ཆེར་སོང༌། མང་ཚོགས་ནང་གླེང་ཕྱོགས་འདྲ་མིན་བྱུང་དང་འབྱུང་བཞིན་འདུག་ན་དྭོགས་འདྲི་ཞུ་རྒྱུ།
༡ སྔ་རྗེས་སྐུ་ཚབ་ཐེངས་བཞི་ཕེབས་པ་རྣམས་ཀྱིས་རྒྱ་དམར་དཔོན་རིགས་ཁག་དང་གྲོས་མོལ་གྱི་བརྗོད་བྱ་དང༌། ལས་དོན་མ་འདྲ་བ་གང་དང་གང་བྱུང་ཡོད་དམ།
༢ ཕྱོགས་གཉིས་ཀྱི་སྐུ་ཚབ་དབར་མཐུན་ཕྱོགས་དང་འགལ་ཟླ་ཆེ་ཤོས་གང་དང་གང་བྱུང་ཡོད་དམ།
༣ རང་གཞུང་ནས་སྔ་རྗེས་སྐུ་ཚབ་ཕེབས་ཐུབ་པ་དེས་དོན་ཕན་ལྡན་མིན་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།
༤ ཕན་ཚུན་གྲོས་མོལ་བྱས་པའི་གྲུབ་འབྲས་ཀྱི་ངོ་བོ་ཆེ་བ་གང་བྱུང་ཡོད་བཅས་བཀའ་ལན་ཡོད་པ་ཞུ།
བཀའ་ལན།
༡ སྐུ་ཚབ་ཐེངས་བཞི་ཕེབས་པ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཁག་དང་འབྲེལ་མོལ་གྱི་བརྗོད་བྱ་དང་ལས་དོན་ནི་བོད་རྒྱའི་འབྲེལ་ལམ་བརྟན་པོ་ཡོང་ཐབས་དང༌། ཞི་མོལ་གང་མྱུར་འགོ་འཛུགས་ཐུབ་ཐབས་ཁོ་ན་ཡིན།
༢ ཕྱོགས་གཉིས་ཀྱི་དབར་མཐུན་ཕྱོགས་ནི་འབྲེལ་བ་མུ་མཐུད་གནང་གལ་ཆེ་བ་ཕྱོགས་གཉིས་ཀས་ངོས་འཛིན་གནང་གི་ཡོད་པ་དེ་དང༌། འགལ་ཟླ་ནི་ཞི་མོལ་གྱི་གྲོས་གཞི་མ་འོངས་བོད་ཀྱི་གནས་བབ་སྐོར་ཡིན།
༣ རང་གཞུང་ནས་སྐུ་ཚབ་སྔ་རྗེས་ཕེབས་ཐུབ་པར་ཧ་ཅང་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད།
༤ ད་ལྟ་ཞི་མོལ་འགོ་ཚུགས་རྒྱུ་ཡིན་པས་གྲུབ་འབྲས་ཀྱི་ངོ་བོ་ཆེ་བ་འདི་བྱུང་ཞེས་ཞུ་རྒྱུ་མེད།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
རང་གཞུང་ནས་སྐུ་ཚབ་སྔ་རྗེས་ཕེབས་ཐུབ་པ་ཧ་ཅང་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག་པས། ཧ་ཅང་དོན་ཕན་ལྡན་པ་དེ་རྒྱུ་མཚན་ག་འདྲ་ཞིག་ལ་བརྟེན་ནས་ངོས་འཛིན་གནང་གི་ཡོད་དམ་ཞུ་རྒྱུ་ཡིན། ཞི་མོལ་འགོ་འཛུགས་བྱ་རྒྱུ་ཡིན། ད་ལྟ་གྲུབ་འབྲས་ཀྱི་ངོ་བོ་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་ཞེས་གསུངས་འདུག་པས། གལ་ཏེ་ཞི་མོལ་དེ་ Negotiation ཡིན་ན་གང་ཡང་ཞུ་རྒྱུ་མེད། གྲོས་མོལ་འགོ་ཚུགས་རྒྱུའི་གོ་སྐབས་ཤིག་བྱུང་དུས། དེའི་ནང་ནས་གྲུབ་འབྲས་ངོ་བོ་ཆེ་བ་ཞིག་གང་བྱུང་སོང་ངམ།

བཀའ་ལན།
འཕྲོས་དོན་དྲི་བར་ལན་མ་ཞུས་གོང་སྙན་གསན་ཞུ་རྒྱུ་ཞིག་ལ། བཀུར་འོས་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བས་མཚོན་པའི་གནས་ཚུལ་ག་རེ་གསུང་རྒྱུ་ཡོད་ནའང་འཛེམས་ཟོན་མེད་པར་གསུང་རོགས་གནང༌། བདེ་སྐྱིད་གླིང་གི་སྨན་པ་དེ་ནང་བཞིན་བཀའ་ཤག་དགོངས་པ་ཞུས་ནས་བྲོས་འགྲོ་བའི་ཉེན་ཁ་མེད་ཅེས་ཞུ་འདོད་བྱུང༌།
དྲི་བ་རང་གི་གླེང་གཞིའི་ནང་མང་ཚོགས་ནང་གླེང་ཕྱོགས་འདྲ་མིན་བྱུང་དང་འབྱུང་བཞིན་འདུག་ན་ཞེས་གསུངས་འདུག མང་ཚོགས་ནང་གླེང་ཕྱོགས་འདྲ་མིན་ཡོང་བ་ང་ཚོའི་མང་ཚོགས་ཀྱི་གཤིས་ཀ་རེད། གླེང་ཕྱོགས་འདྲ་མིན་དེ་འདྲ་སྔོན་མ་ནས་ཡོད་པ་དང༌། ད་ལྟའང་ཡོད་པ་མ་ཟད། མ་འོངས་པར་ཡང་བསྡད་ཀྱི་རེད། གྲོས་ཚོགས་སུ་དྲི་བ་དྲིས་ལན་གནང་བ་དེའི་དབང་གིས་མང་ཚོགས་ནང་གླེང་ཕྱོགས་འདྲ་མིན་ཡོང་བ་དེ་ཚོ་བཀག་ཐུབ་པའི་རེ་བ་ཡོད་མ་རེད་ཅེས་ཞོར་འཕྲོས་སུ་ཞུས་པ་དང་ཆབས་ཅིག་ཏུ་བོད་རྒྱ་དབར་གྱི་འགལ་ཟླ་གང་ཡིན་པ་དེ་ཚང་མས་མཁྱེན་གསལ་རེད། ང་ཚོའི་ངོས་ནས་བོད་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་མང་གཙོའི་ལམ་སྲོལ་དང་ལྡན་པའི་རང་སྲིད་རང་སྐྱོང་ཞིག་དགོས་ཀྱི་ཡོད་ཅེས་བཤད་ཀྱི་ཡོད་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྤྲད་ཟིན་པ་ཡིན། དེ་ལས་ལྷག་པ་ཞིག་སྤྲོད་རྒྱུ་དང་སྤྲོད་དགོས་པ་ཞིག་མེད་ཅེས་བཤད་ཀྱི་ཡོད་རེད། འགལ་ཟླ་ཆེ་ཤོས་དེ་རེད། དེ་ནི་གསང་བའང་མ་རེད་ལ། ཚང་མས་གསལ་པོ་མཁྱེན་བཞིན་པ་ཞིག་རེད།
ཧ་ཅང་དོན་དང་ལྡན་པར་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསུངས་པའི་ཐད། བོད་དོན་བདེན་མཐའ་གསལ་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན། བོད་མི་མང་ཚོགས་ཀྱི་མངོན་འདོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ནི་གཉིས་སྨན་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་བྱེད་རྒྱུ་དེ་རེད། བོད་རྒྱ་ཞི་མོལ་ནི་མི་དང་མི་ཐུག་འཕྲད་ཀྱིས་སྐད་ཆ་བཤད་པའི་ལམ་ནས་ཡོང་དགོས་པ་ཞིག་མ་གཏོགས། ཕན་ཚུན་ཐུག་རེས་བཤད་རེས་མེད་པར་སོ་སོར་བསྡད་པ་ཡིན་ན་ཡོང་ཐབས་ཡོད་མ་རེད། འདས་པའི་ལོ་བཞིའི་ནང་ལོ་ལྟར་ཕན་ཚུན་ཐུག་འཕྲད་བྱ་རྒྱུ་དང༌། སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོང་བ་ཡིན་ཙང༌། ང་ཚོའི་དམིགས་ཡུལ་གྱི་ཕྱོགས་སུ་གོམ་པ་ཞིག་སྤོས་ཐུབ་པ་ཡོང་གི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དོན་ཕན་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ཞི་མོལ་ད་ལྟ་འགོ་འཛུགས་རྒྱུ་ཡིན་ཞེས་གསུངས་སོང༌། དེ་ Negotiation ཟེར་བ་དེ་ལ་གསུང་གི་ཡོད་དམ་ཞེས་གསུངས་པའི་ཐད། ད་ག་རང་རེད། སྤྱིར་བཏང་བོད་སྐད་ནང་ Dialogue དང་ Negotiation གཉིས་ཀྱི་སྒྲ་སྒྱུར་སྟངས་དམིགས་བསལ་གཏན་འཁེལ་བ་ཞིག་མི་འདུག་ཀྱང༌། བཙན་བྱོལ་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་ Dialogue ལ་བོད་སྐད་དུ་འབྲེལ་མོལ་དང༌། Negotiation ལ་ཞི་མོལ་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། ད་ལྟ་ Negotiation འགོ་མ་ཚུགས་པ་ཡིན་ཙང་དེའི་སྐོར་ཞུ་རྒྱུ་གང་ཡང་མེད།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
དྭོགས་པ་མང་ཆེ་བ་ཞིག་བཀའ་ལན་སྔོན་མའི་ནང་ནས་སེལ་ཟིན་སོང༌། མང་ཚོགས་ནང་དྭོགས་པ་དེ་འདྲ་ཞིག་ཡོང་གི་རེད་བསམས་ནས་དེ་ཚོའི་དྭོགས་པ་སེལ་ཕྱིར་ཞུ་རྒྱུ་ཁ་ཤས་ཤིག་འདུག དྲིས་ལན་གསུམ་པའི་ནང་དུ་རང་གཞུང་ནས་སྐུ་ཚབ་སྔ་རྗེས་ཕེབས་ཐུབ་པ་དེ་ཧ་ཅང་གིས་དོན་ཕན་ལྡན་པ་ཞིག་ཅེས་པ་དེ་དང༌། བཀའ་ལན་བཞི་པའི་ནང་དུ་ད་ལྟ་ཞི་མོལ་འགོ་ཚུགས་རྒྱུ་ཡིན་ཞེས་དང༌། གྲུབ་འབྲས་ངོ་བོ་ཆེ་བ་ནི་གང་ཡང་བྱུང་མེད་པ་ཞིག་གསུངས་སོང་བས། དང་པོར་ཧ་ཅང་དོན་ཕན་ལྡན་པ་ཞིག་ཡིན་ན་དོན་ཕན་ལྡན་པའི་ལམ་དེའི་ཐོག་ཐེངས་མ་གཅིག་མ་ཡིན་པར་ཐེངས་བཞི་ཕེབས་ཟིན་པ་རེད། ད་དུང་གྲུབ་འབྲས་ཐོན་པའི་ངོ་བོ་ཞིག་བཟོ་ཐུབ་མེད་ན་དོན་ཕན་ལྡན་པ་དེ་ག་འདྲ་ཞིག་ཆགས་ཀྱི་ཡོད་དམ། དྲི་བ་གཉིས་པ། སྔོན་མ་ང་ཚོས་རང་བཙན་རྩ་དོན་ལ་བཞག་ནས་རྒྱ་བོད་དབར་འཐབ་རྩོད་བྱེད་པའི་སྐབས་དང་ད་ལྟའི་ང་ཚོའི་ལངས་ཕྱོགས་གསར་པ་འགྱུར་བ་བཏང་ནས་ལམ་དབུ་མའི་ཐོག་འགྲོ་ནས་བོད་རྒྱ་ཞི་མོལ་གྱི་གླེང་སློང་བར་ལ་རྒྱ་ནག་གིས་བོད་དོན་ཐོག་ལ་ལྟ་སྟངས་ཡག་ཏུ་ཕྱིན་པ་དེ་གང་དང་གང་ཡིན་ནམ། གསུམ་པ། ཐེངས་རྗེས་མར་སྐུ་ཚབ་ཕེབས་པའི་སྐབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གཏན་འབེབས་གནང་བ་དང་ྋགོང་ས་ྋམཆོག་གི་བཀའ་དགོངས་གཞིར་བཟུང་ལམ་དབུ་མ་དེའི་ཐོག་ནས་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། ད་བར་ཐེངས་བཞི་ཕྱིན་པའི་གྲུབ་འབྲས་ཀྱི་ངོ་བོ་གང་ཡང་བྱུང་མེད་ན། ད་དུང་མུ་མཐུད་ནས་དེའི་ཐོག་ལ་འགྲོ་ན་གྲུབ་འབྲས་དོན་ཕན་ལྡན་པ་ཞིག་ཡོང་གི་རེད་བསམ་པའི་ཡིད་ཆེས་ཆ་འཇོག་ག་འདྲ་ཞིག་གནང་གི་ཡོད་དམ། བཞི་པ། ད་ལྟ་ང་ཚོའི་ཞི་མོལ་འགོ་ཚུགས་པ་མ་གཏོགས་ཞི་མོལ་དངོས་གཞི་དེ་འགོ་བཙུགས་ཐུབ་མེད་པ་རེད། དེའི་འགོག་རྐྱེན་དེ་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་འགོག་རྐྱེན་དེ་ཆེ་བ་ཞིག་མཐོང་གི་ཡོད་དམ། ཡང་ན་རྒྱ་ནག་མི་དམངས་སྲིད་གཞུང་གི་ངོས་ནས་ཚུར་ལྟ་སྟངས་ཀྱི་འགོག་རྐྱེན་དེ་ཆེ་བ་མཐོང་གི་ཡོད། འགོག་རྐྱེན་དེ་གཉིས་སེལ་ཐབས་སུ་རྒྱ་མིའི་ངོས་ནས་སེལ་དགོས་པ་ཞིག་ཆགས་ཀྱི་འདུག་གམ། ཡང་ན་ང་ཚོའི་ངོས་ནས་འགོག་རྐྱེན་དེ་སེལ་དགོས་པ་ཞིག་ཆགས་ཀྱི་འདུག་དང༌། ཡང་ཞུ་རྒྱུ་ཆུང་ཆུང་ཞིག་ལ། གོང་དུ་བཀུར་འོས་སྤྱི་འཐུས་ཀྱི་དྲི་བའི་ནང་དུ་རྒྱ་ནག་གི་འབྲེལ་ཡོད་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཞེས་གསུངས་སོང་བས་དེ་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་ཡིན་གྱི་རེད་མ་གཏོགས་བློན་ཆེན་ཡིན་གྱི་མ་རེད་བསམ་གྱི་འདུག དེ་ག་འདྲ་ཞིག་ཡིན་ནམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད། གྲུབ་འབྲས་ཀྱི་ངོ་བོ་ཆེ་བ་བྱུང་མ་སོང་ཟེར་བ་དེ་གཉིས་འགལ་བ་མ་རེད་དམ་ཞེས་གསུངས་པ་དེ་ལ་འགལ་བ་གང་ཡང་ཡོད་པ་མ་རེད་ཞུ་རྒྱུ་ཡིན། གྲུབ་འབྲས་འཐོན་པའི་ཆེད་དུ་འབྲེལ་བ་བྱེད་དགོས་ཀྱི་རེད། འབྲེལ་བ་བྱེད་པའི་སྐབས་སུ་ཐེངས་གཅིག་ཕྱིན་པའི་གྲུབ་འབྲས་མ་འཐོན་ན་ལམ་སེང་སེམས་ཤུགས་ཆག་ནས་བསྡད་པ་ཡིན་ན་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་བྱེད་སྟངས་ཤིག་མ་རེད། འཛམ་གླིང་ནང་ཆབ་སྲིད་ཀྱི་འགལ་ཟླ་ཡོད་པའི་མི་རིགས་མང་པོ་ཡོད་རེད། དཔེར་ན་ཕི་ལི་སི་ཐིན་དང་ཨི་སི་རལ། རྒྱ་གར་དང་པ་ཀི་སི་ཐན། ཏ་མིལ་དང་སིང་ཧ་ལི་ལ་སོགས་པ་ཚང་མས་ཕན་ཚུན་འབྲེལ་མོལ་བྱེད་ཀྱི་ཡོད་རེད། ཐུག་གི་ཡོད་རེད། ཡང་འགལ་ཟླ་ཆགས་ཀྱི་ཡོད་རེད། ཡང་ཐུག་གི་ཡོད་རེད། ཁོང་ཚོ་མང་ཆེ་བ་ང་ཚོ་ལས་དུས་ཡུན་རིང་བ་དེ་འདྲ་རེད། ཡིན་ནའང་སེམས་ཤུགས་ཆག་མཁན་ཡོད་མ་རེད། ང་ཚོ་འབྲེལ་མོལ་ཐེངས་བཞི་ནས་སེམས་ཤུགས་ཆག་ནས་བསྡད་པ་ཡིན་ན་མི་ཚང་ཞིག་གི་ལས་ཀ་བྱེད་སྟངས་ལྟ་བུ་ཞིག་མ་གཏོགས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་ཀ་བྱེད་སྟངས་ཤིག་ཆགས་ཀྱི་མ་རེད། མི་རབས་ནས་མི་རབས་བརྒྱུད་དེ་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་མུ་མཐུད་དགོས་པའི་ལས་དོན་ཞིག་རེད་མ་གཏོགས། མི་རབས་གཅིག་གཉིས་ནང་མ་བྱུང་ན་གཞག་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་མ་རེད། ཡང་ཕྱོགས་གཞན་ཞིག་ནས་ཞུ་ན། ཕྱི་ལོ་ ༡༩༧༩ ནས་ ༢༠༠༢ བར་ལོ་ཉེར་གཅིག་རིང་བོད་རྒྱའི་འབྲེལ་བ་སྐབས་རེས་ཡོད་སྐབས་རེས་མེད་པའི་འཕར་འབུག་ཆེན་པོའི་གནས་ཚུལ་ཞིག་གི་འོག་བསྡད་པ་རེད། དེ་དུས་གྲོས་ཚོགས་དང་མང་ཚོགས་གང་དུའང་དུས་ཚོད་རིང་པོ་ཕྱིན་སོང༌། འབྲེལ་བ་མཚམས་འཇོག་བྱེད་དགོས་གསུང་མཁན་བྱུང་ཡོད་མ་རེད། ད་ལྟ་འབྲེལ་བ་བསྐྱར་མཐུད་བྱས་ནས་ལོ་བཞི་ཕྱིན་པ་རེད། ལོ་བཞི་ཧ་ཅང་ཡུན་རིང་པོ་རེད། ད་བར་གྲུབ་འབྲས་མ་བྱུང་ན་ད་རེ་བ་བརྒྱབ་རྒྱུ་ཡོད་མ་རེད་ཅེས་གསུངས་པ་ཡིན་ན་ང་ཚོའི་བྱུང་རབས་ལ་ལྟོས་ཏེ་དྲང་པོ་དང་ཡང་དག་པ་ཞིག་ཨེ་ཡིན་བསམ་གྱི་འདུག དེ་འདྲ་སོང་ཙང་གྲུབ་འབྲས་ཆེན་པོ་མ་འཐོན་ཡང་དོན་ཕན་ལྡན་པར་ངོས་འཛིན་བྱས་པ་ལ་འགལ་བ་གང་ཡང་མེད།
ཡང་རང་བཙན་མངོན་འདོད་དུ་བཟུང་ནས་རྒྱ་མི་དང་འཐབ་རྩོད་བྱེད་པའི་སྐབས་དང༌། དབུ་མའི་ལམ་གྱི་ཐོག་གནས་འཐབ་རྩོད་བྱེད་པའི་སྐབས་གཉིས་ལ་རྒྱ་མིའི་ངོས་ནས་བོད་པར་ལྟ་སྟངས་ཁྱད་པར་བྱུང་ཡོད་དམ་ཞེས་གསུངས་པའི་ཐད། རང་བཙན་མངོན་འདོད་དུ་བཟུང་བའི་སྐབས་རྒྱ་མི་དང་འབྲེལ་བ་མཐུད་རྒྱུའི་སྐད་ཆ་ཙམ་ཡང་ཡོད་མ་རེད། རྒྱ་མིའི་ངོས་ནས་ང་ཚོར་རྩ་མེད་གཏོང་རྒྱུའི་རུ་ཁག་གཅིག་ཏུ་ངོས་འཛིན་བྱས་པ་དང༌། ང་ཚོའི་ངོས་ནས་རྒྱ་མི་བོད་ནས་མཐར་སྐྲོད་གཏོང་རྒྱུའི་དགྲ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་འབྲེལ་བ་བྱེད་པའི་སྐབས་བོད་རྒྱ་གཉིས་ཕན་ཚུན་འགལ་ཟླ་ཡོད་པ་ཞིག་ཡིན་ནའང་དགྲ་ཟླ་མ་ཡིན་པ་ཞིག་ལ་ཕྱོགས་གཉིས་ཀས་ངོས་འཛིན་བྱེད་ཀྱི་ཡོད་རེད། དགྲ་ཟླ་ཡིན་ན་ཐུག་འཕྲད་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་ཡོང་མི་སྲིད་པ་རེད། ད་ལྟའི་གནས་སྐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་དཀའ་རྙོག་དེ་ནང་སྲིད་ཀྱི་དཀའ་རྙོག་ཅིག་ཡིན་པ་དང༌། དེ་སེལ་བའི་ཆེད་དུ་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིར་འབྲེལ་བ་བྱས་ནས་སྐད་ཆ་བཤད་སའི་སྡེ་ཚན་ཞིག་ལ་ངོས་འཛིན་བྱས་པ་མ་གཏོགས། རྩ་མེད་དུ་གཏོང་རྒྱུའི་དགྲ་ཟླའི་ངོ་བོ་ལ་འཛིན་གྱི་ཡོད་མ་རེད་ཞུ་རྒྱུ་ཡིན།
ཡང་ཞི་མོལ་དངོས་གཞི་འགོ་ཚུགས་མ་ཐུབ་པའི་འགོག་རྐྱེན་དེ་རྒྱ་མིའི་ངོས་ནས་ཡོང་གི་ཡོད་དམ། བོད་པའི་ངོས་ནས་ཡོང་གི་ཡོད། འགོག་རྐྱེན་དེ་སུས་བསལ་དགོས་ཀྱི་རེད་ཅེས་བཀའ་འདྲི་གནང་བའི་ཐད། འགོག་རྐྱེན་དེ་ལ་སེལ་ཐུབ་པའི་འགོག་རྐྱེན་ཞིག་དང༌། སེལ་མི་ཐུབ་པའམ་སེལ་དཀའ་བའི་འགོག་རྐྱེན་ཞིག་ཁག་གཉིས་ངོས་འཛིན་བྱེད་དགོས་ཀྱི་རེད། སྤྱིར་བཏང་འགོག་རྐྱེན་ཕྱོགས་གཉིས་ཀ་ནས་ཡོད་པ་རེད། ཕྱོགས་གཅིག་ནས་མ་གཏོགས་མེད་ན་བསལ་རྒྱུ་ལས་སླ་པོ་རེད། རྒྱ་མིའི་ངོས་ནས་རྩ་དོན་ཐོག་མཁྲེགས་འཛིན་ཡོད་པ་དང༌། ང་ཚོའི་ངོས་ནས་ཀྱང་རྩ་དོན་ཁ་ཤས་གུ་བཤང་བྱེད་རྒྱུ་མེད་པའི་མཁྲེགས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ནི་ཕྱོགས་གཉིས་ཀས་སེལ་དཀའ་བའི་འགོག་རྐྱེན་དེ་རེད། ཕྱོགས་གཉིས་ཀས་སེལ་ཐུབ་པའི་འགོག་རྐྱེན་ཞིག་ཀྱང་རྒྱུན་དུ་བཤད་ཀྱི་ཡོད་རེད། རྒྱ་མིའི་ངོས་ནས་བཙན་བྱོལ་བོད་མིས་རྒྱ་ནག་ལ་ངོ་རྒོལ་དང་དམའ་འབེབས་བྱེད་ཀྱི་འདུག དེ་ཚོ་མཚམས་འཇོག་མ་བྱས་པར་ཞི་མོལ་ཡོང་ཐབས་མེད། དེ་ཚོ་མཚམས་བཞག་མི་ཐུབ་པ་གང་ཡིན་ནམ། ཁྱེད་ཚོས་ྋགོང་ས་མཆོག་གཞིས་བྱེས་བོད་མི་ཡོངས་ཀྱི་བསམ་བློའི་དབུ་ཁྲིད་ཡིན་ཞེས་བཤད་ཀྱི་ཡོད། དེ་ཡིན་ན་བོད་མི་ཡོངས་ལ་ངོ་རྒོལ་མ་བྱེད་ཅེས་གསུང་མ་ཐུབ་པ་གང་ཡིན་ནམ་ཞེས་སོགས་བཤད་ཀྱི་འདུག ང་ཚོའི་ངོས་ནས་ཀྱང་རྒྱ་མིའི་དབུ་ཁྲིད་ཚོར་ཁྱེད་ཚོས་རྒྱུན་དུ་ྋགོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་དུས་འགོག་རྐྱེན་བཟོ་ཐབས་དང༌། ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཙམ་གྱིས་གསལ་པོ་བཟོས་གནང་ནའང་ད་དུང་ཁ་བྲལ་གྱི་བསམ་ཚུལ་འདོར་མི་འདུག་ཟེར་བ་དང༌། ལྷག་པར་དུ་གཞིས་ལུས་བོད་མི་མང་ཚོགས་ཀྱི་སེམས་ལ་ཧ་ཅང་གནོད་པའི་ྋགོང་ས་མཆོག་གི་སྐུ་པར་ཚུན་ཆད་ལ་བདག་ཉར་མི་ཆོག་པའི་དོ་དམ་བྱེད་པ་དེ་ཚོ་མཚམས་འཇོག་མི་ཐུབ་པ་གང་ཡིན་ནམ་ཞེས་བཤད་ཀྱི་ཡོད། འོན་ཀྱང་ཕྱོགས་གཉིས་ཀས་ད་བར་འགོག་རྐྱེན་དེ་ཚོ་བསལ་ཐུབ་པ་བྱུང་མེད། བོད་མིའི་ངོས་ནས་ཕྲད་པའི་འགོག་རྐྱེན་དེ་ཚོ་ང་ཚོས་བསལ་ཐུབ་པ་ཞིག་བྱུང་བ་ཡིན་ན་རྒྱ་མི་ལའང་བསལ་དགོས་པའི་རེ་འདུན་ཤུགས་ཆེན་པོའི་ཐོག་ནས་བཏོན་ཐུབ་པ་ཞིག་ཡོང་གི་རེད་དེ། ད་བར་དེ་འདྲ་བྱུང་མ་སོང༌། འབྲེལ་མོལ་ཐེངས་བཞི་པ་ནས་ལྔ་པའི་བར་གྱི་དུས་ཚོད་དེའི་རིང་ཁྱེད་ཚོས་འདི་དང་འདི་བྱས་སོང་ཞེས་གྲངས་ཀ་བརྒྱབས་པའི་ཐོ་གཞུང་རིང་པོ་ཞིག་ཁོང་ཚོའི་ངོས་ནས་འཁྱེར་ཡོང་གི་རེད་ལ། ང་ཚོས་ཀྱང་དེ་དང་མཚུངས་པའི་ཐོ་གཞུང་ཞིག་བཟོ་ཐུབ་ཀྱི་རེད། འོན་ཀྱང་དེ་ལ་བརྟེན་ནས་དངོས་དོན་ཐོག་ཕན་ཐོགས་གང་ཡང་ཡོང་གི་མ་རེད།
ཡང་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཞེས་པ་ཞིག་ཡོད་དམ་ཞེས་གསུངས་པའི་ཐད། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་དང༌། བློན་ཆེན་གཞོན་པ་འདུག ཁོང་ཚོའི་གོ་མིང་འདོགས་སྟངས་དེ་རང་རེད། དེ་ཚོ་ཆབ་སྲིད་ཀྱི་དབུ་ཁྲིད་རེད་མ་གཏོགས། ལས་ཁུངས་ཀྱི་འགན་འཛིན་མ་རེད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
འདིའི་ཐོག་ལ་དྲི་བ་ཁ་ཤས་ཤིག་ཞུ་རྒྱུའི་འདོད་པ་བྱུང་སོང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་ང་ཚོར་དྲི་བ་བཏོན་རྒྱུར་སྤོབས་པ་བསྐྱེད་དགོས་པའི་བཀའ་སློབ་གསུངས་གནང་སོང༌། བྱས་ཙང་སོ་སོར་དོགས་པ་ཡོད་པའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། དྲི་བ་དང་པོ་དེ་རྩ་བའི་ཁ་སང་དབུ་མའི་ལམ་གྱི་དྲི་བ་གཅིག་ལས་འཕྲོས་ཏེ་ལན་གང་ལ་གང་འཚམས་ཤིག་གསུངས་ཚར་སོང༌། ཡིན་ནའང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུས་ན། མི་རྗེ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་མཁྱེན་གསལ་བཞིན་ང་རང་ཚོ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་དུས་བབ་གསར་ཤོག་ནང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་པའི་སྐོར་དེ་ཕལ་ཆེར་ ༢༠༠༥ ཟླ་ ༨ ཚེས་ ༨ ཡིན་ས་རེད། དེའི་སྐབས་སུ་སྐུ་ཚབ་ཐེངས་སྔ་རྗེས་ཕེབས་པའི་བྱུང་རིམ་དང་དེའི་ནང་ནས་ཐེངས་ལྔ་པ་ཕེབས་པའི་སྐབས་ཀྱི་བརྗོད་གཞི་ལྟེ་བ་དེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་བོད་ནང་གི་བོད་མིའི་བདེ་འཇགས་ཀྱི་གནད་དོན་ཡིན་གསུངས་ནས་བཀའ་ཕེབས་པ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཚང་མ་ནས་ཐོན་ཡོད་རེད། རྩ་བའི་དེའི་སྐོར་ལ་གང་ལ་གང་འཚམས་གསལ་པོ་གསུངས་གནང་སོང༌། ཡིན་ནའང་ད་ལྟ་ངས་བཀའ་འདྲི་ཞུ་རྒྱུ་དེ་བཀའ་ལན་བཞི་པའི་ནང་གི་ད་ལྟ་ཞི་མོལ་འགོ་ཚུགས་ཡིན་པས་གྲུབ་འབྲས་ཀྱི་ངོ་བོ་ཆེ་བ་བྱུང་མེད་གསུངས་དུས། འདི་འདྲའི་དོན་ཚན་གཉིས་ཀྱི་ཐོག་ལ་སྐད་ཆ་བཤད་ནས་སྐུ་ཚབ་ཐེངས་ལྔ་པ་དེ་ཆགས་ཡོད་ན། གྲོས་མོལ་འགོ་འཛུགས་བྱ་རྒྱུའི་བརྗོད་བྱ་དེ་གང་ལ་གང་འཚམས་ཤིག་ངེས་བསྡད་པའི་བཟོ་འདྲ་པོ་ཞིག་འདུག དེ་ལྟར་ཡིན་ནམ། ཡང་ན་འགོ་ཚུགས་རྒྱུ་ཡིན་གསུང་རྒྱུ་དེ་ག་འདྲ་ཞིག་ལ་གོ་གི་ཡོད་དམ། དང་པོ་ཞུ་རྒྱུ་དེ་ཡིན། དོན་ཚན་གཉིས་པ་བཀའ་འདྲི་ཞུ་རྒྱུ་དེ། དྲི་བ་དང་པོའི་ནང་དུ་བོད་རྒྱ་ཞི་མོལ་ལས་དོན་གྱི་བོད་རྒྱའི་འབྲེལ་ལམ་བརྟན་པོ་ཡོང་ཐབས་དང་ཞི་མོལ་འགོ་འཛུགས་གང་མྱུར་ཐུབ་ཐབས་ཀྱི་སྐོར་དེ་ཡིན་ཟེར་ནས་གསུངས་གནང་སོང༌། ཁ་སང་སྔོན་མ་ ༢༠༠༥ ཟླ་ ༧ ཚེས་ ༥ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་བརྗོད་ཅིག་གི་ནང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་ AFP གསར་འགོད་པ་ལ་བཀའ་མོལ་ཞིག་གསུངས་འདུག བཀའ་སློབ་དེའི་ནང་དུ་སྐུ་ཚབ་དང་པོ་ཕེབས་སྐབས་ཕན་ཚུན་ངོ་སྤྲོད་ཙམ་དང༌། ཐེངས་གཉིས་པ་དེ་ཕྱེད་བཀའ་མོལ་དང་ཕྱེད་གཟིགས་སྐོར་ཙམ་དང༌། ཐེངས་གསུམ་པ་དེ་ཕན་ཚུན་གྲོས་བསྡུར་ལྷུག་པོ་བྱ་རྒྱུའི་དུས་ཚོད་བྱུང་བ་དང༌། རྒྱ་མིའི་སེམས་ཀྱི་རྣམ་རྟོག་ག་རེ་ཡོད་པ་དེ་ཚོ་ཡང་ཕྲན་བུ་བསལ་ཐུབ་པ་ཅན་ཞིག་བྱུང་བ་རེད། སུད་སི་ལ་ཕེབས་པའི་སྐུ་ཚབ་ཐེངས་བཞི་པ་དེས་མཇལ་འཕྲད་ཐེངས་གསུམ་པའི་སྐབས་ཀྱི་བཀའ་མོལ་འཕྲོས་ཀྱི་དྭོགས་གཅོད་ཡོད་ཅེས་པ་དེ་དག་གསལ་པོ་བྱུང་བ་རེད་ཅེས་གོང་ཚེས་ལ་རླུང་འཕྲིན་ལས་བཤད་པ་དེ་ཡིག་ཐོག་ཕབ་པ་ནས་བསྡུས་བསྡུས་ཤིག་བཤད་ན་དེ་འདྲ་ཞིག་འདུག བྱས་ཙང་ངས་བཀའ་འདྲི་ཞུ་རྒྱུ་ལ། སྙན་སྒྲོན་ཞསུ་པ་དེ་བཞིན་སྐུ་ཚབ་ཐེངས་དང་པོ་ནས་བཞི་པའི་བར་རིན་པོ་ཆེས་གསུངས་པ་དེ་རང་རེད་དམ། ཡང་ན་འདིའི་གནས་ཚུལ་དེ་ག་འདྲ་རེད། བཀའ་འདྲི་ཞུ་རྒྱུ་གཉིས་པ་དེ་དེ་ཡིན། གསུམ་པ། འདིའི་ནང་གི་དོན་ཚན་གཉིས་པའི་སྐོར་དེ་ཡིན། ཕྱོགས་གཉིས་ཀའི་བོད་ཀྱི་གནས་བབ་སྐོར་ལ་ཡིན་གསུངས་གནང་འདུག ང་ཚོའི་སྐུ་ཚབ་རྣམ་པ་རྒྱ་ནག་ལ་ཕེབས་ཚར་བའི་རྗེས་ལ་ཕྱི་དྲིལ་ལས་ཁུངས་ནས་གསལ་བསྒྲགས་བྱས་ནས་རང་གཞུང་གི་མགྲིན་ཚབ་པས་གསུང་རྒྱུ་ལ་ཕྱོགས་གཉིས་ཀྱི་བར་འགལ་ཟླ་ཆེ་ཤོས་དང༌། དེ་བཞིན་འགལ་ཟླའི་ཞི་མོལ་གྲོས་གཞི་རང་གཞུང་གི་སྐུ་ཚབ་སྔ་རྗེས་ཕེབས་པའི་འགལ་ཟླ་འདྲ་པོ་ག་འདྲ་བྱུང་ཡོད་རེད་ཅེས་སྐད་ཆ་དྲིས་དུས། ང་རང་གིས་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་བ་ལྟར་ན། འགལ་ཟླ་ཆེ་ཤོས་དེ་བོད་ཟེར་བའི་གོ་དོན་དང་འཛིན་སྐྱོང་མང་གཙོ་ཅན་དུ་བསྒྱུར་རྒྱུའི་སྐོར་དེ་གནད་འགག་ཆེ་ཤོས་དེ་རེད་ཅེས་བཤད་སོང༌། ད་ལྟ་འདིའི་ནང་དུ་ཆིག་བསྡུས་བསྡུས་ཤིག་མ་གཏོགས་མི་འདུག བྱས་ཙང་བོད་ཀྱི་གོ་དོན་རྒྱ་དང་རང་གཞུང་གི་འཛིན་སྟངས་དང་དེའི་སྐབས་ཀྱི་དྲིལ་བསྒྲགས་བྱས་པ་དེ་འདིའི་ནང་དུ་ཚུད་ཀྱི་ཡོད་རེད་དམ་མ་རེད་ཞུ་རྒྱུ་གཅིག་འདི་ཡིན། གསུམ་པའི་ནང་དུ་རང་གཞུང་གི་སྐུ་ཚབ་སྔ་རྗེས་ཕེབས་པ་རྣམས་ཧ་ཅང་དོན་ཕན་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་གསུངས་འདུག དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་གསུངས་པ་འདིའི་ནང་དུ་དོན་ཕན་ལྡན་པའི་རྒྱུ་མཚན་དེ་ཁ་སང་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་སྲོལ་ལྟར་དུ་བྱས་པ་ཡིན་ན་ཚོགས་འདུ་ཕྱི་ལོགས་ལ་ཚོགས་ཐུབ་པ། ཚོགས་མིའི་ནང་དུ་ང་རང་ཚོའི་སྐུ་ཚབ་སྔོན་ཕེབས་མ་མྱོང་བ་ཞིག་ཕེབས་ཐུབ་པ་དང༌། འབྲེལ་བ་དེ་རྒྱུན་གནས་བྱེད་ཐུབ་པ་བཅས་ལ་ངོས་འཛིན་བྱེད་ཀྱི་འདུག ད་ལྟ་དོན་ཕན་ཞེས་པ་དེའི་ནང་དེ་གསུམ་ཚུད་ཀྱི་ཡོད་རེད་དམ་མ་རེད། དེ་མ་ཡིན་པའི་དོན་དག་གཞན་པ་ག་རེ་ག་རེ་ཡོད་རེད། དེའི་ཐོག་ལ་བཀའ་སློབ་གསུང་རོགས་གྱིས་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་དྲི་བ་དང་ལན་གཉིས་ཀ་མཉམ་དུ་གསུངས་གནང་བ་ཡིན་ཙང༌། ངས་བསྐྱར་དུ་ལན་ཞུ་དགོས་ཀྱི་ཨེ་ཡོད། བཀུར་འོས་སྤྱི་འཐུས་ཀྱིས་ལན་གང་གནང་བ་ད་ག་རང་རེད་ཅེས་ཞུས་ན་འགྲིགས་པ་ལྟ་བུ་ཞིག་འདུག
ལྷོ་ཕྱོགས་ཀྱི་གསར་ཤོག་ཅིག་གི་ནང་ངའི་བཤད་ཚུལ་བཀོད་པ་དེ་བདེན་པ་མ་རེད། ནོར་ནས་བཀོད་པ་རེད་ཅེས་ཁ་སང་ཞུས་ཟིན་པ་ཡིན། དེ་རིང་སླར་ཡང་བསྐྱར་ལྡབ་བྱས་ནས་ཞུ་རྒྱུ་ཡིན། སྐུ་ཚབ་ཚོགས་ཆུང་ཐེངས་རྗེས་མ་ཕེབས་དུས་བོད་ཀྱི་ས་མཚམས་དང་བདེ་འཇགས་ཀྱི་སྐོར་ལ་སྐད་ཆ་བཤད་ཀྱི་རེད་ཟེར་བ་དེ་ངས་རྩ་བ་ནས་ལབ་མེད་ལ། དེ་འདྲའི་ལབ་དགོས་པའི་གོ་སྐབས་དང་འབྲེལ་བ་གང་ཡང་ཡོད་མ་རེད། ཕལ་ཆེར་རང་སྲིད་རང་སྐྱོང་གི་གནས་བབ་འགྲེལ་བཤད་རྒྱག་དུས་རྒྱ་ནག་དབུས་གཞུང་དང་བོད་ས་གནས་གཞུང་གི་དབང་ཚད་ཀྱི་སྐོར་བོད་ཞི་བའི་བསྟི་གནས་སུ་བསྒྱུར་མ་ཟིན་གྱི་བར་རྒྱལ་སྲུང་གི་འགན་དབང་དེ་རྒྱ་ནག་དབུས་གཞུང་ལ་ཡོད་པ་དང༌། བོད་ནང་ཁུལ་བདེ་འཇགས་ཀྱི་འགན་དབང་བོད་མིས་འཁྱེར་དགོས་ཀྱི་རེད་ཅེས་བཤད་པ་དེ་ནས་ནོར་འཁྲུལ་ཐེབས་པ་ཞིག་ཡིན་སྲིད་ཀྱི་རེད། དེ་ནས་ཚགས་ཤོག་མང་པོའི་ནང་གཅིག་ནས་གཅིག་བརྒྱུད་མ་དག་རྒྱུན་འབྱམས་སུ་ཕྱིན་པ་ཡིན་གྱི་རེད། འཕྲོས་དོན་དྲི་བ་གཉིས་པ་ AFP གསར་འགོད་པར་ལབ་པ་དེ་བཀུར་འོས་སྤྱི་འཐུས་ནས་གསུངས་པ་དེ་རང་རེད། ཐེངས་དང་པོ་ཡུལ་སྐོར་སྤྲོ་འཆམ་ལྟ་བུ། ཐེངས་གཉིས་པ་ཡུལ་སྐོར་སྤྲོ་འཆམ་དང་བཀའ་མོལ་འདྲ་མཉམ། ཐེངས་གསུམ་པ་ཡུལ་སྐོར་སྤྲོ་འཆམ་ཉུང་བ་དང་བཀའ་མོལ་མང་བ་བྱུང་འདུག ཐེངས་གསུམ་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཛིན་པའི་དྭོགས་པ་རྣམ་རྟོག་གང་ཡོད་པ་གསུང་རྒྱུའི་གོ་སྐབས་བྱུང་འདུག དེ་འདྲ་སོང་ཙང་ད་ལན་ཐེངས་བཞི་པའི་ཐོག་དེ་སྔོན་ཁོ་ཚོས་གསུངས་པའི་གནས་ཚུལ་ཡོངས་རྫོགས་ལ་ཞིབ་ཚགས་པོས་ལན་འདེབས་དང་རྒྱབ་ལྗོངས་ཀྱི་ཡིག་ཆ་དན་རྟགས་དང་བཅས་པ་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད་ཅེས་ངས་ལབ་པ་ཡིན། དེ་ལ་འགོད་ནོར་གང་ཡང་མི་འདུག
ཡང་བོད་རྒྱའི་དབར་མི་མཐུན་པའི་འགལ་བ་དེ་ཚོའི་གྲས་སུ་ང་ཚོའི་མང་གཙོའི་ལམ་སྲོལ་གྱི་དགོས་འདུན་དེ་འགལ་བ་ཆེ་ཤོས་ཤིག་རེད་ཅེས་ཟེར་གྱི་འདུག དེ་འགལ་བའི་ནང་ཚུད་ཡོད་རེད་དམ་ཞེས་གསུངས་པའི་ཐད། ཚུད་ཡོད་རེད་ཅེས་ཞུ་རྒྱུ་ཡིན། ང་ཚོའི་བོད་ཅེས་པ་དེ་ལོ་རྒྱུས་སུ་ཆོལ་ཁ་གསུམ་དུ་གྲགས་པ་ད་ལྟའི་གནས་སྐབས་སུ་དངོས་ཡོད་བོད་རིགས་སུ་གཏོགས་པ་ཡོངས་སུ་རྫོགས་པ་ལ་བོད་ཅེས་གོང་བུ་གཅིག་ལ་གོ་དགོས་པ་མ་གཏོགས། དུམ་བུ་མང་པོར་བགོས་ན་མི་འགྲིགས་པ་དེ་རྩ་དོན་གཅིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མཉམ་སྡོད་དང༌། གྲངས་མང་ཁ་ཐོར་ཟེར་བའི་རིང་ལུགས་ཀྱི་ཐོག་ནས་བོད་རིགས་རྣམས་གྲངས་ཉུང་མི་རིགས་གཅིག་ཡིན་ཡང་ཕྱི་ལོའི་དུས་རབས་བཅུ་གསུམ་པ་ནས་བཟུང་ཁ་ཐོར་ཏེ་བསྡད་པ་མ་གཏོགས། གཅིག་གྱུར་དུ་གནས་མྱོང་མེད་པས་བོད་ཆེན་པོའི་བསམ་ཚུལ་དེ་ཡོང་ཐབས་མེད་ལུགས་མཁྲེགས་འཛིན་གནང་གི་ཡོད་རེད། དེ་བཞིན་མང་གཙོའི་རིང་ལུགས་ཀྱང་ཡོང་ཐབས་མེད་པའི་རྒྱུ་མཚན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་བཅིངས་གྲོལ་མ་ཐོབ་པའི་ས་གནས་ཚོའི་ཆེད་དུ་ཡིན་པ་མ་གཏོགས། སྔ་མོ་ནས་བཅིངས་གྲོལ་ཐོབ་ཟིན་པའི་ས་གནས་དེ་ཚོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོང་ཐབས་ཡོད་མ་རེད་ཅེས་གསུང་གི་ཡོད་རེད། འགལ་བའི་ནང་དེ་ཚོ་ཚུད་ཡོད།
བཞི་པ་དོན་ཕན་ཆེན་པོ་བྱུང་ཞེས་པ་དེའི་ནང་ཚོགས་ཐེངས་བཞི་པ་རྒྱ་ནག་གི་ཕྱི་ལ་ཚོགས་ཐུབ་པ་དང༌། སྔོན་ཕེབས་མ་ཐུབ་པའི་སྐུ་ཚབ་ཕེབས་ཐུབ་པ་དེ་ཚོའང་དོན་ཕན་དེའི་ནང་ཚུད་ཡོད་དམ་ཞེས་གསུངས་པའི་ཐད། ངེས་པར་དུ་ཚུད་ཡོད། འོན་ཀྱང་དོན་ཕན་དེ་ཚོ་ཧ་ཅང་དམིགས་བསལ་འབུར་དུ་བཏོན་འོས་པའི་དོན་ཕན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། དོན་ཕན་ཆེ་ཤོས་མི་དང་མི་ཐུག་སྟེ་དུས་ཡུན་རིང་པོའི་བར་སྐད་ཆ་ཞིབ་ཚགས་པོ་བཤད་ཐུབ་པ་དེ་དོན་ཕན་ཆེ་ཤོས་ཡིན་བསམ་གྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་དུ་བོད་ཀྱི་དཀའ་རྙོག་དེ་རྒྱལ་ནང་གི་དཀའ་རྙོག་ཅིག་ཡིན་ཙང་ཕྱི་ལ་གོ་བསྡུར་བྱས་ན་འགྲིགས་ཀྱི་མ་རེད་ཅེས་གསུང་གི་ཡོད་པ་རེད། ད་རེས་ཁོ་རང་ཚོའི་ངོས་ནས་དྭང་བླངས་ཀྱིས་སུད་སིའི་རྒྱས་སར་ངོ་འཕྲད་བྱ་རྒྱུའི་གྲོས་འཆར་བཏོན་པ་དེའང་དོན་ཕན་ཞིག་ལ་བརྩི་ཆོག་གི་རེད། སྐུ་ཚབ་བྱེ་བྲག་པ་གཅིག་ཡོང་ན་མི་འགྲིགས་པའི་གནས་ཚུལ་བཤད་སྐབས་ང་ཚོས་འཕྲལ་དུ་མི་འགྲོ་བརྗེ་པོ་མ་བརྒྱབས་པར་ཆེད་མངགས་མུ་མཐུད་རེ་སྐུལ་ཞུས་པ་བཞིན་ད་རེས་ཕེབས་ཐུབ་པ་དེའང་དོན་ཕན་ངེས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས།
ད་ལྟ་སྐབས་བབ་ཀྱི་དྲི་བ་འདིའི་ཐོག་ངས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་ཁག་གསུམ་ཙམ་ཞུ་རྒྱུ་ཡོད། དང་པོ། ཉེ་ཆར་སུད་སི་རྒྱལ་ས་སྦན་དུ་རྒྱ་ནག་གཞུང་ཚབ་ནང་ལ་ང་ཚོའི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་བཞི་པ་དེ་བྱུང་བ་རེད། མང་པོ་ཞིག་གིས་དེ་བར་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཞུ་གི་ཡོད་རེད། སུད་སི་རྒྱལ་ཁབ་དེ་བར་མའི་རྒྱལ་ཁབ་རེད། ཡིན་ཡང་བཀའ་མོལ་གནང་སའི་ས་ཆ་རྒྱ་ནག་གི་གཞུང་ཚབ་ཁང་ཆགས་ཡོད་རེད། གཞུང་ཚབ་ཁང་དེ་རྒྱ་ནག་ཁོངས་གཏོགས་ཆགས་ཡོད་རེད། དེ་ལས་འཕྲོས་ཏེ་ངས་བཀའ་འདྲི་ཞུ་རྒྱུར། མ་འོངས་པར་བོད་རྒྱ་གཉིས་དབར་འབྲེལ་མོལ་བྱུང་བའི་སྐབས་སུ་བར་མའི་རྒྱལ་ཁབ་ཅིག་དང་བར་མའི་ས་གནས་ཤིག་ལ་འབྲེལ་མོལ་བྱུང་བའི་ཐུགས་རེ་གནང་གི་ཡོད་དམ་མེད།
གཉིས་པ་དེ་ལ། ད་ལན་སུད་སིར་འབྲེལ་མོལ་ཐེངས་བཞི་པའི་སྐབས་སུ་ང་ཚོའི་འབྲེལ་མོལ་ཐེངས་ཁ་ཤས་ནས་ཨུ་ཚུགས་བསྐྱོན་པའི་གྲུབ་འབྲས་སོན་ཏེ་རྒྱ་སྐད་མཁྱེན་མཁན་མི་སྣ་ཞིག་ང་ཚོའི་སྐུ་ཚབ་ནང་ལ་ཕེབས་ཐུབ་པ་རེད། དེ་ཕེབས་ཐུབ་པ་ལ་བརྟེན་ནས་དམིགས་བསལ་གྱི་ཐུགས་ཕན་ག་འདྲ་ཞིག་སོན་ཡོད་དམ། དེ་བཞིན་མ་འོངས་པར་མུ་མཐུད་ནས་འབྲེལ་མོལ་བྱུང་བའི་སྐབས་སུ་རྒྱ་སྐད་མཁྱེན་མཁན་དེ་མུ་མཐུད་ནས་ཕེབས་ཐུབ་རྒྱུའི་ཐུགས་རེ་ཡོད་དམ་མེད།
གསུམ་པ། ད་བར་འབྲེལ་མོལ་ཐེངས་བཞི་ཕལ་ཆེ་བ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་ཀྱང་ཞུས་འདུག སླད་མར་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་མ་ཡིན་པར་རྒྱ་ནག་རང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཉམ་དུ་མཇལ་མོལ་གནང་རྒྱུའི་ཆེད་ང་ཚོའི་སྐུ་ཚབ་རྣམས་ནས་འབད་བརྩོན་གནང་ཡོད་དམ་མེད། མ་འོངས་པར་དེ་འདྲ་བྱུང་བའི་ཐུགས་རེ་ཡོད་དམ་མེད།

བཀའ་ལན།
མ་འོངས་པར་བར་མའི་རྒྱལ་ཁབ་དང་བར་མའི་ས་གནས་སུ་འབྲེལ་མོལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་བའི་ཐད། དེ་ལ་ང་ཚོས་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་མེད། གནད་འགག་ཆེ་ཤོས་སྐད་ཆ་བཤད་རྒྱུ་དེ་རཻད། དེ་རྒྱལ་ནང་དུ་བཤད་པ་དང༌། ཕྱི་ལ་བཤད་པ་གཉིས་ལ་ཁྱད་པར་མི་འདུག མ་འོངས་པར་སྐད་ཆ་བཤད་རྒྱུའི་གོ་སྐབས་མང་དུ་ཕྱིན་པ་ཡིན་ན་ཕྱི་ནང་ག་ས་ག་ལ་བཤད་རྒྱུའི་གོ་སྐབས་ཡོང་མདོག་ཁ་པོ་རེད། འོན་ཀྱང་ང་ཚོས་ཆེད་དུ་མངགས་ནས་བར་གནས་རྒྱལ་ཁབ་ཅིག་ཏུ་འབྲེལ་མོལ་བྱེད་དགོས་པའི་རེ་འདུན་ཞུས་མེད།
ཡང་ད་རེས་རྒྱ་སྐད་ཤེས་མཁན་མི་གཅིག་ཕེབས་ཐུབ་པ་དེས་ཕན་ཐོགས་གང་བྱུང་སོང་ཞེས་གསུངས་པའི་ཐད། ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་འདུག ཕན་ཐོགས་ཆེ་ཤོས་ཚིག་ཐོ་ཞིབ་ཚགས་བརྒྱབས་ཐུབ་པ་བྱུང་འདུག རྒྱ་སྐད་དུ་བཤད་པའི་སྐབས་རྒྱ་སྐད་དུ་ཚིག་ཐོ་གཅིག་བརྒྱབས། དེ་བོད་སྐད་དུ་བསྒྱུར་བའི་སྐབས་བོད་སྐད་དུ་ཚིག་ཐོ་གཅིག་བརྒྱབས་པ་ཡིན་ཙང་ཕན་ཚུན་བསྡུར་ནས་ཚིག་ཐོ་ཆད་ལྷག་མེད་པར་ཆ་ཚང་པོ་དང་ཁུངས་བཙན་པོ་བྱུང་འདུག ཡང་སྐབས་རེས་གཞུང་འབྲེལ་གྱི་སྐད་སྒྱུར་གྱིས་གོ་བརྡ་མ་འཕྲོད་པའི་ཆོས་ཚིག་དང༌། མང་གཙོའི་རིང་ལུགས་སུ་བེད་སྤྱོད་བཏང་བའི་བརྗོད་ཚིག་དེ་ཚོ་སླེབས་སྐབས་ཁོ་ཚོས་རྒྱ་སྐད་དུ་ཇི་མ་ཇི་བཞིན་བསྒྱུར་རྒྱུར་དཀའ་ངལ་བྱུང་ན་མཐུན་འགྱུར་བྱ་རྒྱུ་ལའང་ཕན་ཐོགས་བྱུང་འདུག འབྱུང་འགྱུར་ཡང་ད་ལན་ཕེབས་པའི་རྒྱ་སྐད་ཤེས་མཁན་དེ་མུ་མཐུད་ནས་ཕེབས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
འཐབ་ཕྱོགས་གཅིག་གྱུར་ལས་གཞན་པའི་མི་སྣ་དང་གོ་བསྡུར་བྱེད་ཀྱི་རེད་དམ་ཞེས་གསུངས་པའི་ཐད། ད་ལྟའི་གནས་སྐབས་སུ་འབྲེལ་ཡོད་ལས་ཁུངས་འཐབ་ཕྱོགས་གཅིག་གྱུར་རེད། དེ་འདྲ་སོང་ཙང་དེ་ལས་གཞན་པའི་མི་སྣ་ཁག་ལ་འབྲེལ་བ་བྱེད་དགོས་པའི་རྒྱུ་མཚན་མ་མཐོང་ཞིང༌། ཐབས་ཤེས་ཀྱང་བྱེད་ཀྱི་མེད། རྗེས་སུ་ཞི་མོལ་འགོ་འཛུགས་བྱུང་བའི་རྗེས་ཕྱོགས་གཉིས་ཀ་ནས་འབྲེལ་གཏུགས་བྱ་ཡུལ་མང་དུ་འགྲོ་སྲིད་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཨོ་རྒྱན་བསྟན་འཛིན་ལགས་ནས།
ད་ལྟ་བཀའ་ལན་ནང་ལ། ང་ཚོ་ད་ལྟ་འབྲེལ་ལམ་ཡོད་པ་དེ་བརྟན་པོ་གནང་ཐུབ་པ་ཞིག་དང༌། ཞི་མོལ་གང་མྱུར་ཡོང་བའི་ཆེད་དུ། འདི་གནང་རྒྱུ་ཡིན་ཞེས་གསུངས་དུས། ད་ལྟ་ཡོད་པའི་འབྲེལ་ལམ་དེ་ལ་བར་ཆད་ཡོང་གི་རེད་བསམ་པའི་བཀའ་ཤག་ལ་དེ་འདྲའི་ཐུགས་འཚབ་ཡོད་དམ་མེད། དེ་འདྲའི་བར་ཆད་ཡོང་བའི་ཐུགས་འཚབ་ཡོད་ན། ཉེན་ཁ་གང་ནས་ཡོང་གི་ཡོད་པ་གཟིགས་ཀྱི་འདུག་གམ།

བཀའ་ལན།
བར་ཆད་ཡོང་བའི་སེམས་འཚབ་ནི་དུས་རྒྱུན་དུ་ཡོད་ཡོད་པ་རེད། འདས་པའི་ལོ་བཞི་ཙམ་ཞིག་གི་རིང་བོད་རྒྱའི་འབྲེལ་བ་འདི་ཉམས་ཆག་མེད་པར་བདག་ཉར་ཐུབ་པའི་ཆེད་དུ་དཀའ་ལས་ཆེན་པོ་བརྒྱབས་དགོས་པ་བྱུང་སོང༌། བར་ཆད་ཕྱོགས་གཉིས་ཀ་ནས་ཡོང་སྲིད་ཀྱི་རེད། ཡིན་ནའང་ངས་གོང་དུ་ཞུས་པ་ལྟར་ང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་བར་ཆད་དེ་བོད་རིགས་ཚོའི་ངོས་ནས་ཡོང་བ་དེ་ཚོ་རེད། བར་ཆད་ཡོང་ལ་ཉེ་བའི་སེམས་འཚབ་རྒྱུན་དུ་ཡོང་གི་འདུག ཡིན་ནའང་བར་ཆད་དེ་ཚོ་བཟློག་པའི་ཐབས་ཤེས་བྱེད་རྒྱུའི་ནུས་པ་དང་དབང་ཚད་ང་ཚོར་ཡོད་མ་རེད། བྱས་ཙང་གང་ཐུབ་ཐུབ་ཀྱིས་ཐབས་ཤེས་བྱ་རྒྱུ་རེད། ཐབས་ཤེས་བྱེད་མ་ཐུབ་པའི་སྐབས་བར་ཆད་ཀྱི་དབང་དུ་སོང་བ་ཡིན་ནའང་བྱེད་ཐབས་མེད་པ་རེད། སྔོན་མའང་ཐེངས་མང་པོ་བར་ཆད་ཀྱི་དབང་དུ་ཕྱིན་ཟིན་པ་རེད། འབྱུང་འགྱུར་ཡང་བར་ཆད་ཀྱི་དབང་དུ་ཕྱིན་ན་བྱེད་ཐབས་བྲལ་བ་རེད།

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ད་ལྟའི་སྐུ་ཚབ་ཚོགས་ཆུང་གིས་འབྲེལ་མོལ་གནང་སྟེ་མ་འོངས་ཞི་མོལ་གནང་མགོ་ཚུགས་རྒྱུ་དེ་ལོ་ག་ཚོད་ཀྱི་ནང་ཚུད་ལ་ཞི་མོལ་དངོས་གཞིའི་ལས་དོན་འགྲུབ་རྒྱུའི་ཚོད་དཔག་གནང་གི་ཡོད་དམ། གཉིས་པ་དེར། ད་ལྟའི་བོད་རྒྱ་ཞི་མོལ་ཚོགས་ཆུང་བཙུགས་པ་དེས་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་བང་སྒྲིག་པའི་ཕྱག་ལས་ཡོད་དམ་མེད། གསུམ་པ། དོན་གནས་གང་ཞིག་ཐག་གཅོད་བྱེད་པ་ལ་ཕྱོགས་གཉིས་ཀྱི་མགོ་ཁྲིད་དེ་ངེས་ཅན་ཞིག་དགོས་པར་བརྟེན། རྒྱ་ནག་དཔོན་རིགས་ནང་ནས་རྒྱ་ནག་གི་མགོ་ཁྲིད་ཟུར་པ་ཅང་ཛེ་མིན་གྱི་སྐབས་དང་དེའི་ཁོར་ཡུག་གི་འགོ་ཁྲིད་ཚོ་དང༌། ད་ལྟའི་མགོ་ཁྲིད་ཧུ་ཅིན་ཐའོ་དང་དེའི་ཁོར་ཡུག་གི་མགོ་ཁྲིད་གཉིས་ཀྱི་ནང་ནས་བོད་དོན་ཐག་གཅོད་བྱེད་རྒྱུར་མགོ་ཁྲིད་རྣམས་ནས་ཡག་པ་གང་ཞིག་གཟིགས་ཀྱི་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་ལོ་ག་ཚོད་ནང་བོད་རྒྱ་ཞི་མོལ་ཡོང་ཐུབ་ཀྱི་རེད་དམ་ཞེས་གསུངས་པ་དེ་ལ་ལོ་མཚམས་བཟུང་ཐུབ་ཀྱི་མི་འདུག་ཞུ་རྒྱུ་ཡིན། ལོ་མཚམས་གཟུང་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོས་ལོ་མཚམས་བཟུང་ན་རྒྱ་མིས་དེ་ལ་ཐ་ཚིག་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད། ཁྱོན་ཡོངས་ཀྱི་ཆ་ནས་ང་ཚོར་དུས་ཚོད་མེད་པ་དང༌། རྒྱ་མིར་དུས་ཚོད་ཡོད་པ་ལྟ་བུ་ཞིག་རེད། དེར་བརྟེན་ང་ཚོའི་ངོས་ནས་བྲེལ་བ་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ཡིན་ནའང་ད་ལྟ་ལོ་མཚམས་བཟུང་ནས་དུས་ཚོད་རེའུ་མིག་བཟོ་ཐུབ་ཀྱི་མི་འདུག
དྲི་བ་གཉིས་པ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གིས་ལས་དོན་ཡོངས་རྫོགས་བང་སྒྲིག་གི་ཡོད་པ་རེད་དམ་ཞེས་བཀའ་འདྲི་གནང་བའི་ཐད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་རྒྱབ་གཉེར་ཞུ་མཁན་གྱི་ཚོགས་ཆུང་ཞིག་རེད་མ་གཏོགས་ཐག་གཅོད་བྱེད་མཁན་གྱི་ཚོགས་ཆུང་ཞིག་མ་རེད། ཉམས་ཞིབ་བྱེད་རྒྱུ་དང༌། ཡིག་ཆ་འཚོལ་སྒྲུབ་བྱེད་རྒྱུ། ཟིན་བྲིས་བརྒྱབ་རྒྱུ། དེ་བཞིན་ལས་དོན་དང་ཐབས་བྱུས་གང་དགའ་ཅི་ལེགས་ཀྱི་བཀའ་མོལ་དང་དགོངས་འཆར་གནང་རྒྱུ་ཁོ་ཚོའི་ལས་འགན་རེད། ཚོགས་ཆུང་གི་དགོངས་འཆར་དང་རྒྱབ་གཉེར་དེ་ཚོ་ཆ་ཚང་བཀའ་ཤག་དང་ྋགོང་ས་མཆོག་གིས་ངོས་བཞེས་གནང་བའི་ངེས་པ་ཡོད་མ་རེད། དེ་འདྲ་སོང་ཙང་ཞི་མོལ་ལས་དོན་ཚོགས་ཆུང་གིས་ལས་དོན་ཚང་མ་བང་སྒྲིག་གི་ཡོད་མ་རེད་ཞུ་རྒྱུ་ཡིན།
ཡང་ཙང་ཙེ་མིན་དང་ཧུ་ཅིན་ཐའོ་གཉིས་ཀྱི་སྐབས་སོ་སོར་དེའི་ཁོར་ཡུག་ཏུ་ཡོད་པའི་རྒྱ་མི་ཚོས་བོད་དོན་ཐོག་ལྟ་ཕྱོགས་ལེགས་ཉེས་ཀྱི་ཁྱད་པར་འདུག་གམ་ཞེས་གསུངས་པའི་ཐད། ད་ལྟའི་གནས་སྐབས་སུ་ལེགས་ཉེས་ཀྱི་ཁྱད་པར་འདུག་ཅེས་ཞུ་ཐུབ་ཀྱི་མི་འདུག ང་ཚོས་ཙང་ཙེ་མིན་སྐབས་འབྲེལ་བ་འགོ་ཚུགས་པ་རེད། ཧུ་ཅིན་ཐའོ་སྐབས་འབྲེལ་བ་མུ་མཐུད་ནས་འགྲོ་བཞིན་པ་རེད། ཙང་ཙེ་མིན་གྱི་སྐབས་འགོ་ཚུགས་པ་དེ་ཧུ་ཅིན་ཐའོ་སྐབས་རྒྱུན་མཐུད་ནས་གནས་པ་མ་ཟད། རིམ་པས་སྐད་ཆ་བཤད་རྒྱུའི་གོ་སྐབས་མང་དུ་ཕྱིན་པ་དེས་འགོ་ཁྲིད་སྔ་ཕྱི་གཉིས་ཀའི་བོད་དོན་ཐོག་གཟིགས་ཕྱོགས་གཅིག་གྱུར་ཡིན་པ་གསལ་པོ་རེད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཚོའི་ནང་བོད་དོན་ཐོག་གཟིགས་ཚུལ་འདྲ་མིན་གྱི་འཐེན་འཁྱེར་ཡོད་པ་དེའང་གསལ་པོ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་འཆི་མེད་རྡོ་རྗེ་ལགས་ནས།
ང་ལ་དྲི་བ་གཉིས་མ་གཏོགས་ཞུ་རྒྱུ་མེད། ད་ལྟ་བཀའ་ལན་གསུམ་པ་དེའི་ནང་ལ། ཧ་ཅང་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག བཀའ་ལན་བཞི་པར། གྲུབ་འབྲས་ཀྱི་ངོ་བ་ཞིག་མ་བྱུང་ཞེས་གསུངས་འདུག དེ་ཡིན་དུས་འདི་གཉིས་ཀྱི་བར་ལ་སྔོན་ལ་གསལ་པོ་ཞིག་ཆགས་མ་སོང༌། འགལ་ཟླ་ཡོད་པའི་གནས་ཚུལ་ཞིག་མ་གཏོགས་གསལ་པོ་ཞིག་ཆགས་མ་སོང༌། དེ་ཡིན་དུས་གྲུབ་འབྲས་ལྡན་པ་དེ་གང་གང་རེད་ཅེས་འདིའི་སྐོར་ལ་གྲུབ་འབྲས་ལྡན་པ་འདི་འདི་རེད་ཅེས་གསུངས་རོགས། དྲི་བ་གཉིས་པ་དེར། ཉེ་ཆར་གྲོས་ཚོགས་འདིའི་སྐབས་སུ་དེབ་དམར་པོ་ཞིག་བཏོན་གནང་སོང༌། དེ་དབྱིན་ཡིག་དང་བོད་ཡིག་བཅས་ཀྱི་ཐོག་ལ་འདུག ཡང་སི་ཊི་འང་འདུག འདིའི་ནང་ལ་དབུ་མའི་ལམ་གྱི་འགྲེལ་བཤད་དང༌། དགོངས་དོན། ལྟ་བ། དེ་བཞིན་ྋརྒྱལ་བ་རིན་པོ་ཆེའི་སི་ཊ་སི་སྦག་ལ་ཞི་བའི་གྲོས་འཆར་བཏོན་གནང་བའི་བཀའ་སློབ་བཅས་ཚང་མ་ཚུད་པའི་རྒྱས་པ་ཞིག་འདུག དེ་ཡིན་དུས་སྔོན་ང་ཚོ་སྐབས་ ༡༡ པའི་སྤྱི་འཐུས་དང་པོ་ཚོགས་པའི་སྐབས་སུ་སི་ཊ་སི་སྦག་གི་བཀའ་སློབ་དེ་ནུས་མེད་འདྲ་ཞིག་ཕྱིན་པ་རེད་ཅེས་གོ་རྒྱུ་མེད་པ་ཞིག་ཆགས་སོང༌། ད་ལྟ་བར་ཁྱོན་ནས་གོ་རྒྱུ་མེད་པ་ཞིག་ད་ལྟ་དམིགས་བསལ་གྱིས་དེབ་ཅིག་བཏོན། དེ་འགྲེམས་སྤེལ་ཞིག་བྱེད་ཡོང་དུས་ང་རང་ཚོས་ཞི་མོལ་གནང་ཡོང་དུས། རྩ་བའི་དམིགས་ཡུལ་ཟིན་ས་ཞིག་དགོས་རེད། སྤྱིར་བཏང་བོད་མི་ས་ཡ་དྲུག་གི་རྩ་དོན་ཞེས་ནའང་འདྲ། ཞི་མོལ་གནང་རྒྱུའི་འབྲས་བུ་ཟེར་ནའང་འདྲ། རྩ་བ་ཞིག་དགོས་ཡོད་དུས། རྩ་བ་དེ་ད་ལྟ་བཀྲམས་པའི་དེབ་དམར་པོ་དེའི་ནང་གསལ་ལྟར་གཞིར་བཟུང་གི་ཡིན་མདོག་རེད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བ་དང་པོ་དེའི་ལན་སྔོན་དུ་ཞུས་ཟིན་པ་ཡིན། འོན་ཀྱང་དྲི་བ་བསྐྱར་ལྡབ་གནང་བ་ཡིན་སྟབས་ལན་ཡང་བསྐྱར་ལྡབ་ཞུ་རྒྱུ་ཡིན། དྲི་བ་དངོས་གཞི་ནི་གྲུབ་འབྲས་ཀྱི་ངོ་བོ་ཆེ་བ་གང་བྱུང་སོང་གསུངས་པ་དང༌། ཡང་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲི་བ་གཉིས་གནང་འདུག དེ་ལ་དོན་ཕན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད། གྲུབ་འབྲས་ཀྱི་ངོ་བོ་ད་ལྟ་འདི་བྱུང་སོང་ཞེས་ཞུ་རྒྱུ་མི་འདུག་ཅེས་ཞུས་པ་ཡིན། ལན་འདི་གཉིས་ལ་འགལ་བ་གང་ཡང་མེད། དཔེར་ན་ནད་པ་ཚབས་ཆེ་ཞིག་སྨན་བཟས་པའི་སྐབས་ད་རིང་སྨན་ཟོས་པ་ཡིན་ན་སང་ཉིན་དྲག་འགྲོ་བའི་ངེས་པ་ཡོད་མ་རེད། ཡིན་ནའང་ནད་པ་དེས་སྨན་དེ་དོན་ཕན་ལྡན་པར་ངོས་འཛིན་བྱས་ནས་ཟླ་བ་ནས་ཟླ་བ་བསྟུད་དེ་བཟས་པ་མ་གཏོགས། ཁ་སང་ཟོས་ནས་ད་རིང་དྲག་མ་སོང་ཞེས་མཚམས་བཞག་གི་མ་རེད། སྐུ་ཚབ་མུ་མཐུད་ནས་ཕེབས་ཐུབ་པ་དང༌། བཀའ་མོལ་གནང་ཐུབ་པ་དེ་ཞི་མོལ་གྱི་ཕྱོགས་ལ་གོམ་པ་རེ་རེ་བརྒྱབ་འགྲོ་བ་ཡིན་ཙང༌། དོན་ཕན་ལྡན་པར་ངོས་འཛིན་བྱས་པ་ཡིན། གྲུབ་འབྲས་འཐོན་མིན་ནི་རྗེས་སུ་བལྟ་རྒྱུ་རེད། ཟླ་བ་ཁ་ཤས་སྨན་བཟས་པའི་རྗེས་ནད་པ་དྲག་པ་ཡིན་ན་གྲུབ་འབྲས་ཐོན་པ་རེད། ཤི་བ་ཡིན་ན་གྲུབ་འབྲས་མ་འཐོན་པ་རེད། དེ་བཞིན་དུ་ཞི་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་བསལ་ན་གཞི་ནས་གྲུབ་འབྲས་ཐོན་པ་རེད། མ་བསལ་ན་གྲུབ་འབྲས་ལ་འཐོན་པ་རེད། དེ་ད་ལྟ་ཞུ་ཐུབ་ཀྱི་མི་འདུག
ཡང་དེབ་དམར་པོ་དང་སི་ཌི་ཞིག་བཀྲམས་འདུག དེའི་ནང་སི་ཏྲ་སི་སྦག་གསུང་བཤད་བསྐྱར་དུ་བཏོན་འདུག་སོགས་གསུངས་པའི་ཐད། སི་ཏྲ་སི་སྦག་གསུང་བཤད་ནི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་ཞི་མོལ་གྱི་གཞི་རིམ་གྱི་རིག་པའི་གཞུང་ལུགས་དེ་རེད། གསུང་བཤད་འདི་ཕྱིར་འཐེན་གནང་བ་དང་ནུས་མེད་དུ་ཕྱིན་པ་རེད་ཅེས་ྋགོང་ས་མཆོག་གིས་ནམ་ཡང་གསུངས་མེད། གསུང་བཤད་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་བཤད་ཅིག་རེད། དེའི་སྐོར་མི་གཞན་པ་ཚོས་གང་ལབ་དང་མ་ལབ་ལ་ཁྱད་པར་ཡོད་མ་རེད། ྋགོང་ས་མཆོག་གིས་ལན་གཅིག་རྒྱ་མིའི་ངོས་ནས་དོན་སྙིང་ལྡན་པའི་ཡ་ལན་མ་བྱུང་བ་ཡིན་ཙང་ཕྱིན་ཆད་སི་ཏྲ་སི་སྦག་གི་གསུང་བཤད་ནང་ཡོད་པའི་གནས་ཚུལ་ཡོངས་རྫོགས་ངོས་ལེན་བྱེད་དགོས་པའི་བཟང་སྤྱོད་ཀྱི་འགན་དེ་མེད་ཅེས་བཀའ་གནང་ཡོད། ཞི་མོལ་ལམ་ལྷོང་མ་བྱུང་བ་ཡིན་ན་སི་ཏྲ་སི་སྦག་གི་གསུང་བཤད་དུ་ཡོད་པ་རྣམས་ང་ཚོས་འགན་ཁུར་མི་དགོས་པ་གསལ་པོ་རེད།
ད་ལྟའི་གནས་སྐབས་སུ་གཞིས་བྱེས་བོད་མིའི་སྤྱི་ཚོགས་ཀྱིས་དབུ་མའི་ལམ་གྱི་གནས་ཚུལ་ཕྲ་ཞིང་ཕྲ་བ་མ་ཤེས་པ་མང་པོ་ཡོད་ཙང༌། ཕྱི་དྲིལ་ལས་ཁུངས་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་གཞི་བརྩམ་དགོས་པ་གཅིག་སྡུད་འཆར་གཞི་གསུམ་པ་བཟོ་བའི་སྐབས་གཏན་འཁེལ་བའི་ལས་རིམ་གྱི་ཆ་ཤས་ཤིག་རེད། གོ་རྟོགས་མེད་པའི་མི་ཁ་ཤས་ཀྱིས་དབུ་མའི་ལམ་གྱི་འགྲེལ་བརྗོད་དེབ་ཆུང་བཀྲམས་པ་དེ་ང་ཚོས་ད་ལྟ་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་ནས་ཕྱིར་འཐེན་བརྒྱབ་རྒྱུའི་ཆེད་དུ་རེད་ཅེས་གསུང་གི་ཡོད་པ་འདྲ། དེ་ནི་བརྒྱ་ཆ་བརྒྱ་ནོར་བ་རེད། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་རྩ་དོན་དེ་འདོར་ཐབས་མེད་པ་དང༌། རྩ་དོན་དེ་མ་འགྲུབ་ན་ཞི་མོལ་བྱེད་རྒྱུ་མིན་པའི་ཆ་རྐྱེན་དེ་ང་ཚོའི་བསམ་བློའི་ནང་ཐོག་མ་ནས་ཧ་ཅང་གསལ་པོ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བསྡད་རྒྱུའི་ཁས་ལེན་བྱས་པའི་རྗེས་སུ་བོད་རིགས་ཡོངས་རྫོགས་གཅིག་གྱུར་མ་བྱུང་བ་ཡིན་ན་ང་ཚོ་རྒྱ་མིའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བསྡད་པའི་དགོས་པ་གང་ཡང་མ་འགྲུབ་པ་རེད། ཆ་རྐྱེན་འདི་གསལ་བཤད་བྱས་པའི་དབང་གིས་ཞི་མོལ་ལ་གནོད་ཀྱི་ཡོད་ན་གནོད་བཅུག་རྒྱུ་རེད་མ་གཏོགས། འཛེམས་ཟོན་བྱེད་རྒྱུ་གང་ཡང་མེད། ཡང་སི་ཏྲ་སི་སྦག་གསུང་བཤད་ང་ཚོས་རྩ་འཛིན་གྱི་རིག་པའི་གཞུང་ལུགས་ཡིན་ཞེས་ཞུས་པའི་སྐབས་དེའི་ཚིག་དོན་གང་ལའང་འགྱུར་བ་གཏོང་རྒྱུ་མེད་པའི་དོན་མ་རེད། བཀའ་ཤག་གི་གསུམ་དུས་གཏམ་བཤད་ནང་གསལ་པོ་བཀོད་ཡོད་པ་ལྟར་གསུང་བཤད་ཀྱི་སྔོན་གླེང་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེ་ཚོ་གྲོས་གཞིའི་ཆ་ཤས་མ་རེད། ནང་དོན་ངོ་མ་བོད་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་གཅིག་གྱུར་མང་གཙོའི་ལམ་སྲོལ་དང་ལྡན་པ་ཞིག་དགོས་ཞེས་པ་དེ་རེད། དེ་ནི་ད་ལྟའང་འགྱུར་བ་མེད་པ་བསྡད་ཡོད་པ་དང༌། མ་འོངས་པ་ལའང་འགྱུར་བ་འགྲོ་ཐབས་ཡོད་མ་རེད།

སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
ད་ལྟ་དྲི་བ་ཨང་ ༣༣ འདིའི་ཐོག་ལ་འཕྲོས་དོན་དྲི་བ་ཚིག་གཅིག་གཉིས་ཤིག་ཞུ་རྒྱུ་ཡོད། འདི་ང་རང་རྒྱུན་ལྡན་སེམས་ལ་ཡོད་བསྡད་པ་ཞིག་ཡིན། དེ་རིང་འདིར་དྲི་བ་ཞུས་པའི་གོ་སྐབས་ཤིག་སླེབས་པས་འདིའི་ཐོག་ལ་དྭོགས་པ་བསལ་བའི་ཆེད་དུ་ཞུ་རྒྱུ་ཡིན། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ལན་གནང་བའི་ནང་ལ་ཕན་ཚུན་ཁོར་ཡུག་བསྐྲུན་པའི་ཆེད་དུ་ད་ལྟའི་ཆར་ཕྱོགས་གཉིས་ཀ་ནས་ཐོ་རིང་པོ་རེ་བསྣམས་ཕེབས་ཀྱི་ཡོད་རེད། ནམ་ཞིག་རྒྱ་མིའི་ལག་པ་ནང་ལ་ཐོ་དེ་མེད་པ་བཟོས་ཐུབ་པའི་བར་དུ་ང་ཚོས་ཁོར་ཡུག་བསྐྲུན་དགོས་ཀྱི་རེད་ཅེས་བཀའ་ལན་ནང་འདི་གསུངས་སོང༌། དེར་བརྟེན་འདིའི་ཐོག་ལ་ངས་དྭོགས་འདྲི་ཞུ་རྒྱུ་གཅིག་ལ། རྒྱུན་ལྡན་ནས་གནད་དོན་འདིའི་ཐོག་ལ་ང་རང་ལ་དྭོགས་པ་ཡོད། འདི་འབྲེལ་བ་ཡོད། གལ་སྲིད་རྒྱ་མིའི་ལག་ལ་ཐོ་མེད་པར་བཟོས་པ་ལ་རྒྱ་མིའི་འདོད་པ་ཁེངས་དགོས་ཀྱི་ཡོད། འདོད་པ་ཁེངས་པ་ཡིན་ན་ཐོ་མེད་པར་ཆགས་འགྲོ་དགོས་པ་ཞིག་རེད། བྱེད་ཙང་རྒྱ་མིའི་འདོད་པ་ཁེངས་པ་ལ་ད་ལྟ་བཙན་བྱོལ་གཞུང་གི་ངོ་བོ་དང༌། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་གཉིས་འདོར་བ་ཡིན་ན་རྒྱ་མིའི་འདོད་པ་ཁེངས་ནས་ཐོ་དེ་ཕལ་ཆེར་རྫོགས་འགྲོ་སྲིད་པ་ཞིག་རེད། ང་རང་གི་བསམ་ཚུལ་བྱེད་ན། དེའི་བར་དུ་རྒྱ་མིའི་ཐོ་དེ་རྫོགས་ཀྱི་མ་རེད་བསམ་གྱི་འདུག དེ་ཡིན་དུས་ང་ཚོ་བོད་ཀྱི་གཞུང་མང་གཉིས་ཀྱིས་འདི་བློས་བཏང་ཐུབ་ཀྱི་མ་རེད་བསམ་གྱི་ཡོད་རེད། དེ་འདྲ་སོང་ཙང་འདིའི་ཐོག་ལ་དྭོགས་བསལ་ཆེད་དུ་གནས་སྟངས་ག་འདྲ་ཞིག་ཆགས་ཀྱི་རེད། རྒྱ་མིའི་འདོད་པ་དེ་ག་འདྲ་དང་ག་དུས་རྫོགས་ཀྱི་རེད། ཐོ་དེ་ག་དུས་རྫོགས་ཀྱི་རེད། འདིའི་ནང་སླེབས་རྒྱུར་ང་ཚོས་གང་གང་བྱེད་དགོས་རེད། འདི་སྙིང་བསྡུས་ཤིག་བཀའ་གནང་རོགས་གནང༌། དྲི་བ་གཉིས་པར། ཁ་སང་སུད་སི་གྲོང་ཁྱེར་སྦན་ནང་ལ་བཀའ་མོལ་གནང་བའི་གནས་སྟངས་དེ་དག་གསར་ལམ་ཁག་ན་སྐབས་དེ་དུས་ཀྱི་འབྲེལ་ཡོད་སྐུ་ཚབ་རྣམ་པས་གསར་འགོད་གསལ་བསྒྲགས་ནང་ལ་འདྲ་མཉམ་གྱི་བཀའ་མོལ་གནང་རྒྱུ་བྱུང་སོང་ཞེས་བཀའ་གནང་འདུག དེ་ཡག་པོ་ཞེ་དྲགས་རེད། འདྲ་མཉམ་གྱིས་བཀའ་མོལ་གནང་རྒྱུ་བྱུང་བ་ཡིན་ན། བཀའ་མོལ་གནང་ཡུལ་ས་གནས་དེ་ཡང་འདྲ་མཉམ་ཞིག་ཡོད་དགོས་ཀྱི་ཡོད་པ་སོང་ཙང༌། ང་ཚོ་རྟག་པར་རྒྱ་ནག་ནང་ལ་ཕར་རྒྱུགས་བསྡད་མི་དགོས་པར། སྐབས་རེ་རྒྱ་མིའི་སྐུ་ཚབ་སྐད་ཆ་གནང་མཁན་བཞུགས་སྒར་དྷརྨ་ཤཱ་ལར་ཚུར་ཡོང་གི་རེད་དམ། དེ་འདྲ་དགོངས་བཞེས་ཡོད་དམ་མེད། ཚུར་སླེབས་རྒྱུར་ཁོང་ཚོས་མོས་མཐུན་གནང་གི་རེད་དམ་མ་རེད། གསུམ་པ་དེར་བཀའ་ལན་ནང་འབྲེལ་མཐུད་ཚོགས་ཆུང་གིས་འབྲེལ་མཐུད་གནང་ཕྱོགས་སྐོར་ལ་ལམ་སྟོན་གནང་གི་ཡོད་རེད་ཅེས་བཀའ་གནང་སོང༌། ད་ཡོད་ཀྱི་འབྲེལ་མཐུད་ཚོགས་ཆུང་འདིའི་ནང་ལ་དེ་འདྲའི་ལམ་སྟོན་འབུལ་རྒྱུ་ཡོད་མཁན་གྱི་ཁྱད་ཆོས་ལྡན་པ་གང་དང་གང་ཡོད་དམ། ད་ལྟ་འབྲེལ་མཐུད་ཚོགས་ཆུང་གི་ནང་ལ་ཡོད་པའི་མི་སྣ་དེ་དག་ཁྱད་ཆོས་དང་གཞི་རྩ་ག་འདྲ་ཞིག་གི་ཐོག་ནས་བསྐོ་གཞག་གནང་བ་རེད་དམ།

བཀའ་ལན།
ང་ཚོས་ཁོར་ཡུག་སྐྲུན་པ་དེ་ལ་རྒྱ་མི་ག་དུས་འདོད་པ་ཁེངས་ཀྱི་རེད། བོད་མིས་འཐབ་རྩོད་དེ་མ་འདོར་གྱི་བར་དུ་ཁོ་ཚོའི་སྐྱོན་བརྗོད་ཀྱི་ཐོ་གཞུང་རྫོགས་ཀྱི་མ་རེད་ཅེས་བཀའ་གནང་སོང༌། དེ་དངོས་ཡོད་ཀྱི་གནས་ཚུལ་མ་རེད་ཞུ་རྒྱུ་ཡིན། བོད་མིའི་རྩ་དོན་གྱི་མངོན་འདོད་ལ་རྒྱ་མི་འདོད་པ་ཁེངས་མ་ཁེངས་དང༌། ཞི་མོལ་གྱི་ཁོར་ཡུག་ལ་གནོད་སྐྱོན་སོང་བའི་སྐྱོན་བརྗོད་ཀྱི་ཐོ་གཞུང་གཉིས་གནས་ཚུལ་ཐ་དད་རེད། ཞི་མོལ་འགོ་འཛུགས་བྱ་རྒྱུར་སྔོན་དུ་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་ངོས་ནས་ཞི་མོལ་བྱེད་འདོད་ལྷག་བསམ་རྣམ་དག་ཡིན་པ་རྒྱ་མིར་ཡིད་ཆེས་རྙེད་པ་ཞིག་ངེས་པར་དུ་དགོས་ནའང་དེ་ཡོང་ཐུབ་ཀྱི་མི་འདུག གང་ལགས་ཤེ་ན། བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དེ་ལས་ལྡོག་པའི་ལས་འགུལ་མུ་མཐུད་རྩོམ་གྱི་འདུག དཔེར་ན་ས་གནས་འདི་དང་ཟླ་དུས་ཚེས་གྲངས་འདི་འདྲ་ཞིག་ལ་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས་ཏེ་ང་ཚོའི་ལས་བྱེད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་འདུག ས་གནས་དང་ཟླ་དུས་ཚེས་གྲངས་འདི་འདྲ་ཞིག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་འདི་དང་འདི་ཞེས་བྱ་བ་ཕྱི་རྒྱལ་དུ་འཚམས་གཟིགས་སུ་ཕེབས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དྲག་ཤུགས་ལྡན་པའི་ངོ་རྒོལ་བྱས་ཏེ་དབུ་ཁྲིད་ཚོའི་སྐུའི་སྲུང་སྐྱོབ་ལ་ཉེན་ཁ་བཟོས་འདུག ཟླ་དུས་ཚེས་གྲངས་དང་ས་གནས་འདི་འདྲ་ཞིག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་མེ་བསྲེགས་བཏང་ནས་རྒྱ་ནག་གི་རྒྱལ་ཁབ་དང་མི་རིགས་ལ་དམའ་འབེབས་ཚད་མེད་བྱས་འདུག དེ་བཞིན་ས་གནས་དང་དུས་ཚོད་འདི་འདྲ་ཞིག་ལ་ཕྱི་ལོ་ ༢༠༠༨ ལ་རྒྱ་ནག་ལ་ཚོགས་རྒྱུའི་ཨོ་ལམ་པིཀ་རྩེད་འགྲན་ལ་འགོག་རྐྱེན་བྱེད་ཐབས་ཀྱིས་ལས་ཀ་འདི་དང་འདི་ཞེས་བྱ་བ་བྱས་འདུག དེ་ཚོ་ད་ལྟ་རྒྱ་ནག་མི་མང་ཚོས་གསལ་པོ་ཤེས་ཀྱི་ཡོད་མ་རེད། ནམ་ཞིག་རྒྱ་ནག་མི་མང་ཚོས་ཤེས་པ་ཡིན་ན་ང་ཚོ་ཁྱེད་རྣམ་པ་དང་ལྷན་དུ་ཐུག་འཕྲད་དང་སྐད་ཆ་བཤད་ནུས་ཀྱི་མ་རེད། མི་མང་གིས་ང་ཚོར་དམའ་འབེབས་བྱེད་མཁན་དེ་ཚོ་མཉམ་དུ་སྐད་ཆ་ཤོད་དགོས་པ་གང་ཡིན་ཞེས་བཀའ་བཀྱོན་ཕེབས་སྲིད་ཀྱི་རེད་ཟེར་བ་སོགས་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཁོར་ཡུག་ལ་གནོད་སྐྱོན་འགྲོ་གཞིའི་ལས་འགུལ་བརྩམས་པ་ཁག་ལ་སྐྱོན་བརྗོད་ཀྱི་ཐོ་གཞུང་རིང་པོ་སྤྲད་ཀྱི་འདུག་ཅེས་ཞུས་པ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་ཁོ་ཚོས་དེ་འདྲའི་གྲངས་ཀ་བརྒྱབ་རྒྱུའི་ལས་འགུལ་རྩོམ་མཁན་མེད་པ་ཆགས་ན་ཁོ་ཚོའི་ཐོ་གཞུང་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད། དེ་ཡོང་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
དྲི་བ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་མེད་མ་ཤེས་ཀྱང་གོ་སྐབས་འདི་བཟུང་ནས་ཞུ་འདོད་བྱུང་བ་ཞིག་ལ། བཙན་བྱོལ་གཞུང་གིས་རྒྱ་མིའི་གཞུང་ཚབ་ཁག་གི་མདུན་དྲག་ངར་ལྡན་པའི་ངོ་རྒོལ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་མེར་བསྲེགས་བཏང་བ། རྒྱ་མིའི་མཐོ་རིམ་དཔོན་རིགས་ཕྱི་རྒྱལ་དུ་ཕེབས་སྐབས་ཁོ་ཚོ་ངོ་ཚ་ཁ་སྐྱེངས་ཡོང་གཞིའི་ངོ་རྒོལ་རྔམས་སྟོན་སོགས་མ་གནང་རོགས་ཞེས་འབོད་བསྐུལ་ཞུས་པའི་སྐབས། ད་ང་ཚོས་བྱེད་རྒྱུ་གང་ཡང་ཡོད་མ་རེད། ཁ་རོག་སྡོད་རྒྱུ་རེད་ཅེས་གསུང་མཁན་མང་པོ་བྱུང་འདུག བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་སྲང་ལམ་དུ་ཁྲོམ་སྐོར་དང་སྐད་འབོད་བྱེད་རྒྱུ་ཁོ་ན་མ་གཏོགས་དེ་མིན་ལས་དོན་གང་ཡང་བྱེད་རྒྱུ་མེད་པ་ལྟ་བུའི་ལོག་རྟོག་འཛིན་མཁན་དང༌། ད་ཆ་གསུམ་བཅུའི་དུས་དྲན་ཡང་སྲུང་རྩི་ཞུ་ཆོག་གི་མ་རེད་ཟེར་བ་དང༌། ཁྲོམ་སྐོར་དུ་འགྲོ་སྐབས་ཡང་ལཱ་འཁྱེར་ནས་བྱང་ཆུབ་སེམས་མཆོག་འདོན་དགོས་པ་ཆགས་འདུག་ཟེར་བ་སོགས་འགྲེལ་བཤད་ལོག་པ་བསྐྱོན་མཁན་ཇི་སྙེད་ཅིག་འདུག གསུམ་བཅུའི་དུས་ཆེན་ནི་བོད་རྒྱའི་དཀའ་རྙོག་སངས་པའི་རྗེས་སུའང་ཇི་སྲིད་བོད་མི་རིགས་ནམ་གནས་ཀྱི་བར་སྲུང་རྩི་ཞུ་དགོས་པའི་མི་རིགས་ཀྱི་དུས་ཆེན་གལ་ཆེ་ཞིག་ལ་གཞུང་འབྲེལ་གྱིས་སྲུང་རྩི་ཞུ་བཞིན་པ་དངོས་མཐོང་གཟུགས་གྲུབ་ཏུ་ཡོད་བཞིན་དུ་གཞི་མེད་ཀྱི་རྫུན་གཏམ་བསྒྲགས་པ་དང༌། དབུ་མའི་ལམ་གྱི་ལྟ་གྲུབ་དང་འགལ་བའི་མི་མང་ལངས་གླུ་མ་བཏང་ན་གསུམ་བཅུའི་དུས་དྲན་སྲུང་རྩི་ཞུ་རྒྱུ་མེད་པ་ལྟ་བུའི་ལོག་བཤད་བྱེད་པ་དེ་ཚོ་དངོས་དོན་དང་མཐུན་པ་ཞིག་མ་རེད། ལར་ནས་བཙན་བྱོལ་གཞུང་གིས་ཞི་མོལ་གྱི་ཁོར་ཡུག་བསྐྲུན་རྒྱུའི་འབོད་བསྐུལ་ཕྱི་ལོ་ ༢༠༠༢ ལོ་མཇུག་ནས་ཞུས་པ་ཞིག་མ་གཏོགས། དེའི་གོང་དུ་ཞུས་མྱོང་མེད་ཅིང༌། ཡང་ལཱ་འཁྱེར་ནས་ཁྲོམ་སྐོར་བྱེད་པའི་ལམ་སྲོལ་རྒྱལ་སྤྱིའི་ནང་སྔ་མོ་ནས་ཡོད་པ་མ་ཟད། བྱང་ཆུབ་སེམས་མཆོག་གསུང་འདོན་གནང་རྒྱུ་ཕྱི་ལོ་ ༡༩༩༡ ནས་དར་བའི་ལམ་སྲོལ་ཞིག་རེད། དེ་ཚོའི་རིགས་ཐུགས་ལ་གང་དྲན་གསུངས་པ་ཡིན་ན་ཕན་ཐོགས་ཡོད་པ་ཞིག་མཐོང་གི་མི་འདུག དེ་ཚོ་ལས་གཞན་པའི་དངོས་དོན་དུ་འཕྲལ་དང་ཡུན་གྱི་དོན་ཕན་ཆེན་པོ་ཡོད་པའི་ལས་འགུལ་རྣམ་གྲངས་ཧ་ཅང་མང་པོ་བརྩམ་རྒྱུ་ཡོད་རེད། དཔེར་ན་ད་ལྟའང་བོད་རང་བཙན་གྱི་མངོན་འདོད་མ་འདོར་བར་རྩོད་སྒྲུབ་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་རེད། ཁོ་ཚོས་རང་གི་ལྟ་གྲུབ་དང་མཐུན་པའི་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཐུབ་པའི་རྒྱལ་རབས་ལོ་རྒྱུས་ཀྱི་ཉམས་ཞིབ་དང་ཡིག་ཆ་འཚོལ་སྒྲུབ་བྱེད་རྒྱུ། རྒྱ་ཕྱོགས་ནས་བོད་རང་བཙན་མིན་པའི་སྒྲུབ་བྱེད་རྣམས་ལ་དོན་ལྡན་གྱི་ལན་འདེབས་བྱེད་རྒྱུ། དེ་ཚོའི་སྐོར་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་རྒྱུ་སོགས་གལ་གནད་ཆེ་བའི་ལས་དོན་དུ་མ་ཞིག་ཡོད་པ་རྣམས་གནང་ཐུབ་པ་ཡིན་ན་ཞལ་ནས་གསུངས་པ་དང་ཕྱག་ལས་གནང་བ་གཉིས་མཐུན་པ་ཙམ་དུ་མ་ཟད། མི་རབས་ནས་མི་རབས་བར་ཕུགས་ཕན་ཡོད་པའི་ལག་རྗེས་ཤིག་ཀྱང་བཞག་ཐུབ་ཀྱི་རེད། ཚོུད་རེ་གཉིས་སྐད་འབོད་རྔམ་སྟོན་བྱ་རྒྱུ་དང༌། ཉིན་གཅིག་གསར་ཤོག་ནང་འདྲ་དཔར་ཞིག་ཐོན་པ་བྱུང་ན་ཕུགས་དམིགས་གྲུབ་པ་ལྟ་བུའི་བསམ་ཚུལ་དེ་ཚད་ལྡན་ཞིག་ཨེ་ཡིན། ལར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་ངོ་ཚ་སྤབས་ཏེ་ཁོང་ཁྲོ་བསླངས་པ་ཡིན་ན་དེ་ལ་བརྟེན་ནས་ཁོ་ཚོས་བོད་དང་བོད་མིར་འཛིན་པའི་སྲིད་བྱུས་དང་རྒྱ་ནག་ནང་གི་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་གི་རེད་དམ་མ་རེད་བློ་གཟུ་བོར་གནས་པ་ཚང་མས་ལས་སླ་པོས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། སྟབས་ཉེས་ན་བཙན་བྱོལ་བོད་མིས་ཁོ་ཚོར་དམའ་འབེབས་བྱས་པའི་གནོད་ལན་བོད་དུ་ཡོད་པའི་བོད་མི་ཚོའི་ཐོག་ཏུ་མི་འབབ་པའི་ངེས་པའང་མེད་པ་རེད།
མི་རིགས་དང་ཆབ་སྲིད་ཀྱི་དོན་དུ་སྲོག་བློས་གཏང་གི་ཡིན་གསུང་མཁན་ཚོའང་རྔམས་སྟོན་ཁྲོམ་སྐོར་ལ་ཉིན་མ་རེ་གཉིས་ཕེབས་རྒྱུ་ཙམ་མ་གཏོགས་རྒྱུན་དུ་དུས་ཚོད་བཏང༌། དཀའ་ལས་བརྒྱབས་ནས་ཕྱག་ལས་གནང་མཁན་ཧ་ཅང་དཀོན་པོ་རེད། སྐུ་ཞབས་ཇིན་ཤརྤ་མཆོག་གི་ཕྱག་དེབ་ཚོའི་ནང་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་རྣམ་གྲངས་མི་འདྲ་བ་ཉིས་བརྒྱ་ལྷག་ཙམ་བཀོད་ཡོད་པ་དང༌། ཁོང་གི་དེབ་རེ་ཟུང་བོད་སྐད་ནང་དུའང་བསྒྱུར་ཡོད། བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་རྒྱ་མིའི་འགོ་ཁྲིད་ཚོའམ་རྒྱ་མིའི་གཞུང་ཚབ་ཁག་གི་མདུན་དུ་སྐད་འབོད་བྱེད་རྒྱུ་རྐྱང་པ་མ་གཏོགས་གཞན་གང་ཡང་བྱེད་རྒྱུ་མེད་པ་བསམ་མཁན་དང་གསུང་མཁན་དེ་ཚོ་ཕྲན་བུའི་མཐོང་རྒྱ་ཐོས་རྒྱ་ཆུང་དྲགས་པ་དང་དགོངས་པ་གཏིང་ཟབ་མ་བཞེས་པའི་སྐྱོན་མིན་ནམ་སྙམ། འདི་ཚོ་ཞར་བྱུང་ཚུལ་དུ་ཞུས་པ་ཡིན།
ཡང་བཀུར་འོས་སྤྱི་འཐུས་མཆོག་གིས་འདྲ་མཉམ་གྱི་ཐོག་ནས་བཀའ་མོལ་གནང་གི་ཡོད་གསུངས་སོང༌། དེ་འདྲ་ཡིན་ན་རྒྱ་མིའི་སྐུ་ཚབ་བཀའ་མོལ་ཞུ་བར་དྷརྨ་ཤཱ་ལར་ཕེབས་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། འདིའི་ཐད་རྒྱ་མིའི་སྐུ་ཚབ་དྷ་སར་ཕེབས་ཀྱི་རེད་དང་མ་རེད། ད་ལྟ་ཐག་བཅད་ནས་ཞུ་ཐུབ་ཀྱི་མི་འདུག མ་འོངས་པར་གཟིགས་རྒྱུ་རེད།
ཡང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་ཡོད་མཁན་གྱི་མི་དེ་ཚོའི་ཁྱད་ཆོས་དང་གཞི་རྩ་ག་འདྲ་ཞིག་ཡོད་པ་རེད་ཅེས་གསུངས་སོང༌། ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་མང་ཆེ་བ་ཞིག་སྔོན་མ་ནས་བསྐོ་གཞག་གནང་སྐབས་ཁྱད་ཆོས་དང་གཞི་རྩ་འདི་འདྲ་ཞིག་དགོས་ཞེས་ཚད་འཛིན་གྱི་སྒྲིག་གཞིའམ་ཐག་ཆོད་ཡིག་ཆ་དེ་འདྲ་ཡོད་བཟོ་མི་འདུག དེ་ཚོའི་ཐོག་ཉམས་མྱོང་དང་ཕྱག་ལས་རྒྱུས་མངའ་ཡོད་པ་ཁ་ཤས་ཉེ་ཆར་སྣོན་པ་བརྒྱབས་ཡོད་རེད། ཁོང་ཚོའི་ཁྱད་ཆོས་ནི་ལས་དོན་འདིའི་ཐོག་རྒྱུན་རིང་ནས་རྒྱུས་མངའ་ཉམས་མྱོང་ཡོད་པ་ཤ་སྟག་རེད། གསར་དུ་བསྐོས་པའི་གྲོས་འདྲི་ཞུ་ཡུལ་ཚང་མ་འབྲེལ་ཡོད་ཀྱི་རིག་གནས་ཤེས་ཡོན་དང༌། ཁྲིམས་ལུགས། ལོ་རྒྱུས། རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐོག་རིགས་གཅིག་རྐང་འཛིན་གྱི་ཁྱད་མཁས་པ་ཤ་སྟག་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
དངོས་གནས་དྲང་གནས་གལ་ཆེན་པོའི་ཐོག་ནས་དེ་རིང་འདིར་གྲོས་མོལ་གནང་གི་ཡོད་རེད། ཚོགས་གཙོའི་བཀའ་ཁྲོལ་ཐོག་ནས་གལ་ཆེན་པོ་ཡིན་དུས་ཐུང་ཙམ་ཞུ་རྒྱུ་ཡིན། ངའི་དྲི་བ་འདི་དོན་ཚན་དང་པོ་དང་གསུམ་པར་འབྲེལ་བ་ཡོད། འདས་པའི་ལོ་རྒྱུས་ཀྱི་སྐད་ཆ་མ་རེད། འདིར་ཡིག་ཆ་གཞིར་བཟུང་ཐོག་ནས་ལོ་ ༢༠༠༡ ནས་ ༢༠༠༢ དེ་ནས་ ༢༠༠༥ ལོ་གསུམ་བཞིའི་བཀའ་མོལ་རེད། དེ་ལ་གྲུབ་འབྲས་བྱུང་དང་མ་བྱུང་ཡང་ཐེངས་ལྔ་ད་བར་འགྲོ་བཞིན་པའི་བྱུང་རིམ་ཞིག་རེད། ཡིག་ཆ་ཨང་ ༣ པའི་ཐོག་ལ་དོན་ཕན་ལྡན་པ་ཞེས་པར་ངོས་ལེན་ཞུ་གི་ཡིན། གང་ལགས་ཟེར་ན། ཚོགས་ཆུང་དེས་ཐེངས་མང་པོ་མ་ཟད་ཐེངས་མཐའ་མ་དེ་རྒྱལ་ས་སྦན་ལ་ཚོགས་པ་དེ་ཞེ་དྲགས་དོན་ཕན་ལྡན་ཞིག་རེད་བསམ་པ་དྲན་གྱི་འདུག དགའ་བསུ་ཞུ་གི་ཡིན།
ད་མ་འོངས་པར་ཞི་མོལ་མུ་མཐུད་ནས་གནང་རྒྱུ་རེད་ལ། དེ་གནང་རྒྱུ་དེ་ཕྱིའི་རྒྱལ་ཁབ་ལ་གོ་སྒྲིག་ཡོད་དམ། ཡང་ན་རྒྱ་ནག་རང་ལ་འཆར་གཞི་ཡོད་དམ།

བཀའ་ལན།
དྲི་བ་འདིའི་ལན་ཞུས་ཟིན་པ་ཡིན། མ་འོངས་པར་ཕྱི་ལོགས་དང་རྒྱ་ནག་ནང་བཅས་གང་དུའང་གནང་སྲིད་པ་ཞིག་རེད། ད་ལྟ་ཐག་བཅད་ནས་ཞུ་ཐུབ་ཀྱི་མི་འདུག

སྤྱི་འཐུས་ཧོར་གཙང་འཇིགས་མེད་ལགས་ནས།
ང་ཚོ་བོད་རྒྱ་ཞི་མོལ་དོན་ཕན་ཡོང་བའི་ཆེད་དུ་ལོ་དུ་མའི་རིང་ལ་ཁོར་ཡུག་བསྐྲུན་རྒྱུར་ལས་ཀ་འདྲ་མིན་བརྩམས་ཡོད་རེད། དེ་གྲུབ་འབྲས་ཐོན་དང་འཐོན་བཞིན་པ་མང་པོ་ཡོང་གི་ཡོད་རེད། ཁ་སང་ང་ཚོའི་གྲོགས་ཚོགས་སུ་རང་གཞུང་བཀའ་ཤག་ནས་བཀྲམས་གནང་བའི་སི་ཀྲི་དང༌། དེབ་དམར་པོ་དབྱིན་ཇིའི་ནང་ཡོད་དང་བོད་ཡིག་ནང་ཡོད་པ་གཉིས་ཀྱང་བཀྲམས་ཡོད་རེད། དེའི་ཐོག་ལ་ང་ཚོ་ཕྱག་སྦྲེལ་སྤྱི་འཐུས་ཁ་ཤས་དང་མཉམ་དུ་བཀའ་མོལ་ཡོང་དུས། ད་དུང་སེལ་མ་ཐུབ་པའི་དྭོགས་པ་ཞིག་གང་ཡོང་གི་འདུག་ཞུས་ན། དེའི་ནང་ཆིངས་ཡིག་དོན་ཚན་བཅུ་བདུན་བཀོད་འདུག དེ་ག་རེ་བྱས་ཏེ་བཀོད་པ་རེད། ག་རེ་མཐོང་གི་འདུག་ཞུས་ན། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་གཅིག་ནས་ཕྱི་ལོ་ ༡༩༥༡ ལོར་བོད་དང་རྒྱ་གཉིས་འདྲ་མཉམ་མིན་པར་བཙན་འོག་ནས་བཞག་པ་ཞིག་ངོས་འཛིན་ཞུ་བཞིན་ཡོད་རེད། གཉིས་ཐོག་ནས་ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་ཏེ་ཙི་པུར་ས་ཆ་དེར་རྒྱ་ནག་ངོས་ནས་དེ་ལ་བརྩི་སྲུང་མ་བྱས་ཙང་ང་ཚོའི་ངོས་ནས་དེ་རྩིས་མེད་བཏང་ཚར་བ་ཡིན་ཞེས་གསལ་བསྒྲགས་གནང་བ་ངས་དེ་འདྲ་ཞིག་དྲན་གྱི་འདུག ང་ཚོས་ད་བར་དེ་སྲུང་བཞིན་ཡོད་རེད། དེ་འདྲ་ཡིན་དུས་ད་རེས་ང་ཚོའི་ཁོར་ཡུག་བསྐྲུན་རྒྱུའི་ཡིག་ཆ་དེ་ཚོའི་ནང་ལམ་དབུ་མའི་ཐོག་བོད་རྒྱ་ཞི་མོལ་དོན་ལྡན་ཡོང་བའི་མང་ཚོགས་ལ་གོ་རྟོགས་སྤེལ་བྱེད་ཡིག་ཆ་འདིའི་ནང་ལ་དོན་ཚན་བཅུ་བདུན་བཞག་དགོས་པའི་རྒྱུ་མཚན་ག་རེ་ལ་ཐུག་པ་རེད་ཅེས་ཞུ་རྒྱུ་ཡིན།

བཀའ་ལན།
དབུ་མའི་ལམ་གྱི་བྱུང་རིམ་ལ་ཕྱོགས་གཅིག་ནས་བལྟས་པ་ཡིན་ན་གྲོས་མཐུན་དོན་ཚན་བཅུ་བདུན་ནས་འགོ་ཚུགས་པ་འདྲ་པོ་ཡོད་རེད། བོད་ཀྱི་འདས་པའི་གནས་བབ་གང་ཡིན་པ་དང༌། དེ་ལ་ཆབ་སྲིད་ཀྱི་འགྱུར་བ་ག་དུས་ཕྱིན་པ། འགྱུར་བ་དེ་ཚོ་ཕྱི་ནང་གི་བྱུང་རྐྱེན་ག་འདྲ་ཞིག་གི་བརྒྱུད་ནས་ཕྱིན་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་དབུ་མའི་ལམ་ནས་བོད་མིའི་མདུན་ལམ་སྒྲུབ་མཁན་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ཡག་པོ་ཡིན་པ་དང༌། མ་འོངས་པར་དེ་བསྐྱར་གསོ་བྱ་དགོས་པ། དེ་བཙན་འོག་ལ་བཞག་པ་མ་རེད་ལ་སོགས་པ་ནམ་ཡང་བཤད་ཀྱི་ཡོད་མ་རེད། ཕྱི་ལོ་ ༡༩༥༡ སྔོན་གྱི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་ ༡༩༥༡ ནས་འགྱུར་བ་ཇི་ལྟར་ཕྱིན་པ་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་རེད། དེའི་ཆེད་དུ་དེའི་ལོ་རྒྱུས་ཀྱི་བྱུང་རིམ་དང༌། སྐབས་དེར་ང་ཚོས་འབད་བརྩོན་གང་བྱས། འབད་བརྩོན་དེ་ཚོ་མཐའ་མ་གྲུབ་འབྲས་གང་ཡང་མ་ཐོན་པར་ད་ལྟའི་གནས་བབ་ཏུ་སླེབས་སྟངས། ད་ཆ་ང་ཚོས་ག་འདྲ་བྱས་ཏེ་སླར་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མཉམ་གནས་ཐུབ་ཐབས་ཀྱི་ཐབས་ཤེས་ག་འདྲ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྒྲོམ་གཞི་ཆ་ཚང་ཤེས་པའི་ཆེད་དུ་བཀོད་པ་ཡིན་ཞེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣