བོད་རྒྱ་ཞི་མོལ་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཆོས་རྒྱལ་བསྟན་འཛིན་ལགས་ནས། སྐར་རྟགས་ཅན་གྱི་དྲི་བ་མ་ཞུས་གོང་གསལ་བཤད་ཐུང་ངུ་ཞིག་ཞུ་ཆོག་པ་ཞུ་རྒྱུ་ཡིན། དེ་ཡང་དོ་བདག་སྤྱི་འཐུས་ཀྱི་མཚན་རྟགས་དང་ཟླ་ཚེས་དེ་ ༢༠༠༦ ཟླ་ ༣ ཚེས་ ༨ འཁོད་ཡོད། ཚོགས་དྲུང་ལས་ཁུངས་སུ་འབྱོར་ཚེས་དེ་ ༢༠༠༦ ཟླ་ ༣ ཚེས་ ༢༣ ཞེས་བཀོད་འདུག ཕྱི་ཟླ་ ༣ ཚེས་ ༨ བཀོད་དགོས་དོན་ཡང་གྲོས་ཚོགས་མ་ཚོགས་གོང་ནས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད། ངོས་ནས་སྐར་རྟགས་ཅན་གྱི་དྲི་བ་ཞུ་སྟངས་སྐོར་ལ་ཡིག་འབྲུ་ཇི་ཙམ་ཞིག་དགོས་མིན་དེ་ཞིབ་ཕྲ་བལྟ་རྒྱུ་མ་བྱུང་བར་བརྟེན། ཕུལ་བ་དེ་ཤོག་གྲངས་གཉིས་ཙམ་ཞིག་ཡོད། འབྱོར་བའི་སྐབས་སུ་ཡིག་གྲངས་བརྒྱ་དང་ལྔ་བཅུ་ལས་དྲི་བ་བཀོད་མི་ཆོག་པ་གསུངས་སོང༌། ངས་དྲི་བ་བཀོད་སྟངས་དེ་ཚིག་འབྲུ་འགའ་ཞིག་བསྡུས་བསྡུས་ཐོག་ནས་བཀོད་ཡོད། འཕྲོས་དོན་དྲི་བའི་སྐབས་སུ་འགྲེལ་བཤད་བྱེད་ཆོག་པའི་གོ་སྐབས་རག་གི་རེད་བསམ་གྱི་འདུག ཅེས་གསུངས་ཏེ་དྲི་བ་འདི་ལྟར།
༡ སྐུ་ཐེངས་ལྔ་པའི་སྐབས་ཞི་བའི་དོན་ཚན་ལྔའི་སྐོར་དང༌། རྒྱ་གཞུང་རང་ཉིད་ཀྱི་དགོས་འདུན། རང་བཙན་མི་གླེང་ན་གནད་དོན་གཞན་ཐོག་གོ་བསྡུར་བྱ་རྒྱུ་ཡིན། གསལ་བ་ལྟར་མིང་དོན་མཚུངས་པའི་རང་སྐྱོང་གི་སྐོར་བཀའ་མོལ་དང་གྲུབ་འབྲས་གང་སོན་ཡོད།
༢ སྐུ་ཐེངས་ལྔ་པས་ཞི་མོལ་དངོས་སུ་འགོ་འཛུགས་ཐུབ་པ་གཟིགས་ཀྱི་ཡོད་དམ་མེད། མེད་ན་བཀའ་ཤག་དང་སྐུ་ཚབ་ཚོགས་མིས་ཐབས་ལམ་གཞན་གང་འཚོལ་འཆར།
༣ དབུ་ལམ་གྱི་ཆ་རྐྱེན་འོག་དུས་ཡུན་ལོ་གཅིག་ནས་ལྔའི་བར་ཞི་མོལ་དངོས་སུ་མི་གནང་བར་སྐུ་ཚབ་ཚོགས་པ་བོད་དང་རྒྱ་ནག་ལ་ཕེབས་པ་རེད་ཅེས་ཤ་སྟག་བརྗོད་ནས་བོད་རིགས་ཡིད་ཐང་ཆད་དེ་མ་འོངས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་པས་དཀའ་ངལ་གསར་པ་ཞིག་ནང་ལྷུང་སྲིད་པས་རྒྱ་གཞུང་ནས་གང་མགྱོགས་ཞི་མོལ་འགོ་འཛུགས་རྒྱུའི་བརྡ་སྟོན་གནང་ཡོད་དམ་མེད། ཡང་ན་ཞི་མོལ་མི་དགོས་པར། ད་བར་གྱི་བཀའ་མོལ་རྣམས་ཞི་མོལ་དངོས་སུ་དབུ་བཙུགས་ཟིན་པར་ངོས་འཛིན་གྱིས་བོད་རིགས་རྣམས་རང་ཡུལ་དུ་ཕྱིར་ལོག་ཐུབ་པ་གཟིགས་ཀྱི་ཡོད་དམ་མེད།

བཀའ་ལན།
༡ མིང་དོན་མཚུངས་པའི་རང་སྐྱོང་གི་སྐོར་རང་ཕྱོགས་ཀྱི་དགོངས་ཚུལ་ཡང་ཡང་གསལ་པོ་བཟོས་ཟིན་པ་ལྟར་ད་རེས་ཀྱང་བསྐྱར་ནན་བརྗོད་རྒྱུའི་གོ་སྐབས་བྱུང་ཡོད་པ་དང༌། དེའི་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་པོ་མཁྱེན་རྟོགས་ཐུབ་པའི་གྲུབ་འབྲས་སོན་ཡོད།
༢ ཞི་མོལ་འགོ་ཚུགས་ཐུབ་མེད། འབྲེལ་མོལ་གྱི་ལམ་དེ་མུ་མཐུད་ནས་བྱ་རྒྱུ་ཡིན།
༣ གང་མགྱོགས་ཞི་མོལ་འགོ་ཚུགས་ཐུབ་པའི་བརྡ་སྟོན་གང་ཡང་བྱས་མེད། ཞི་མོལ་མི་དགོས་པར་ད་བར་གྱི་བཀའ་མོལ་རྣམས་ལ་བརྟེན་ནས་བོད་མི་རྣམས་རང་ཡུལ་དུ་ལོག་ཐུབ་པ་མཐོང་གི་མེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཆོས་རྒྱལ་བསྟན་འཛིན་ལགས་ནས་འཕྲོས་དོན་དྲི་བར།
ཕལ་ཆེར་བཀའ་ལན་གསུམ་གར་འཕྲོས་དོན་དྲི་བ་རེ་རེ་ཡོང་གི་འདུག དང་པོ་ངས་དྲི་བ་གང་ཞུས་ཡོད་ཅེ་ན། སྐུ་ཚབ་ཐེངས་ལྔ་པ་ཕེབས་པའི་སྐབས་སུ་སྐུ་ཚབ་ཚོགས་མི་རྣམ་པ་དང་རྒྱ་ནག་གི་མི་སྣ་མཉམ་དུ་ཞི་བའི་དོན་ཚན་ལྔའི་སྐོར་ལ་བཀའ་མོལ་བྱུང་ཡོད་དམ་མེད། བྱུང་ཡོད་ན་བཀའ་མོལ་བྱུང་བའི་གྲུབ་འབྲས་གང་བྱུང་ཡོད་ཞུ་རྒྱུ་ཡིན། གཉིས་པ་ཞི་མོལ་འགོ་ཚུགས་ཐུབ་ཡོད་མེད་ཀྱི་དྲི་བ་ཞུས་མེད། སྐུ་ཚབ་ཐེངས་ལྔ་ཕེབས་པའི་ཚོགས་མི་རྣམ་པས་ཞི་མོལ་དངོས་སུ་འགོ་ཚུགས་པ་གཟིགས་ཡོད་དམ། ཚོད་དཔག་བྱས་ཡོད་དམ་མེད་ཞུ་རྒྱུ་ཡིན། གལ་སྲིད་ཚོད་དཔག་བྱས་མེད་ན་བཀའ་ཤག་དང་སྐུ་ཚབ་ཚོགས་མི་རྣམ་པས་ཐབས་ལམ་གཞན་གང་འཚོལ་རྒྱུའི་འཆར་གཞི་ཡོད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
ཞི་བའི་དོན་ཚན་ལྔ་དེ་བོད་རྒྱ་ཞི་མོལ་གྱི་གྲོས་གཞི་ཞིག་མ་རེད། བོད་རྒྱ་ཞི་མོལ་ཡོང་མིན་ལ་མ་ལྟོས་པར་ལག་བསྟར་དགོས་རྒྱུའི་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་ཀྱི་འཆར་སྣང་ཞིག་རེད། དེར་བརྟེན་སྐུ་ཚབ་ཐེངས་ལྔ་པ་ཕེབས་པའི་སྐབས་ཞི་བའི་དོན་ཚན་ ༥ སྐོར་ལ་བཀའ་མོལ་བྱུང་མི་འདུག
ཞི་མོལ་འགོ་ཚུགས་ཐུབ་པ་གཟིགས་ཀྱི་ཡོད་དམ་ཞེས་གསུངས་པར། ཚང་མས་འགོ་ཆུགས་ཐུབ་པར་གཟིགས་ཀྱི་ཡོད་རེད། ཡིན་ནའང་ད་ལྟ་བར་དུ་འགོ་ཚུགས་ཐུབ་ཡོད་མ་རེད། ཡིན་ནའང་མ་འོངས་པར་འགོ་ཚུགས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དྲིས་ལན་ནང་ཞུས་ཡོད། འགོ་ཚུགས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་རེད། འགོ་ཚུགས་ཟིན་པའི་ཚོད་དཔག་བྱེད་ཀྱི་ཡོད་མ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
བོད་རྒྱ་འབྲེལ་མཐུད་ཆེད་དུ་སྐུ་ཚབ་ཐེངས་ལྔ་པ་ཕེབས་ཟིན་པ་ཞིག་ཡིན་སྟབས་སྐུ་ཚབ་ཐེངས་ལྔ་པས་བོད་རྒྱ་འབྲེལ་ལམ་བསྐྱར་གསོ་ལ་གཟིགས་ནས་ཐེངས་དང་པོ་ནས་ལྔ་པའི་བར་དུ་ཡར་རྒྱས་ཀྱི་རྣམ་པ་ཆེ་ཆུང་ཇི་ཙམ་ཞིག་གཟིགས་ཀྱི་ཡོད་དམ།

བཀའ་ལན།
སྐུ་ཚབ་ཚོགས་པ་ཐེངས་དང་པོ་ནས་ལྔ་པའི་བར་གྱི་ལས་རིམ་ཐོག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་འཛིན་གནང་གི་འདུག ང་ཚོའི་ངོས་ནས་དེ་ཙམ་གྱིས་ཡར་རྒྱས་ཆེན་པོ་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། སྐབས་རེ་མངོན་གསལ་དོད་པོས་ཡར་རྒྱས་ཕྲན་བུ་ཕྱིན་པར་ངོས་འཛིན་བྱེད་ཀྱི་ཡོད།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དྲིས་ལན་དང་པོའི་ནང་དོན་དང་འབྲེལ་བའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། དེའི་ནང་དུ་གསལ་དོན་ལ་རང་ཕྱོགས་ཀྱི་ངོས་ནས་དགོངས་ཚུལ་གང་ཞུ་དགོས་པ་དེ་ཕར་གསལ་པོ་ཞུ་རྒྱུའི་གོ་སྐབས་བྱུང་སོང་གསུངས་འདུག་པས་དེ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། རང་ཕྱོགས་ནས་ཕར་གསལ་པོ་བཟོས་ཚར་བའི་རྗེས་སུ་ཕ་རོལ་པོ་རྒྱ་ཕྱོགས་ཀྱི་ངོས་ནས་ཚུར་གནད་དོན་ཐད་ལ་འགལ་ཟླ་ཆེ་ཤོས་གང་གསུངས་ཀྱི་ཡོད་དམ། བཀའ་འདྲི་ཞུ་རྒྱུ་གཞན་ཞིག་ལ། བཀའ་ཁྲི་མཆོག་ནས་ཏན་ཏན་མཁྱེན་ཡོད་ཀྱི་རེད། བར་ལམ་ཞིག་ལ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཁུངས་ཀྱི་ནང་ནས་གསར་འགྱུར་ཞིག་བཏོན་གནང་འདུག གསར་འགྱུར་དེ་ཡང་བོད་ཀྱི་བངས་ཆེན་ནང་དུ་ཚུར་ལུང་འདྲེན་ཐོག་བཀོད་གནང་འདུག རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཁུངས་ཀྱིས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་བསྟི་གནས་ཁང་གི་གནས་ཚུལ་སྤེལ་གསལ་ཞེས་པ་ཞིག་ནང་ང་ཚོའི་སྐུ་ཚབ་ཕེབས་པའི་སྐོར་ལ་བཀོད་འདུག ཁོ་ཚོས་གནས་ཚུལ་བཏང་བ་དེ་ང་ཚོའི་སྐུ་ཚབ་ཚོགས་པ་བཏང་ཚར་བའི་རྗེས་སུ་ཁོ་ཚོའི་མཐོང་ཚུལ་རེད་དམ། དེ་སྔོན་ནས་བཏོན་བཞག་པ་ཞིག་རེད། དེ་ང་རང་གིས་གསལ་པོར་ཤེས་མ་སོང་བས་དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན། གནས་ཚུལ་དེའི་ནང་དུ་བལྟས་པ་ཡིན་ན་སྐུ་ཚབ་ཕེབས་པ་དེ་ཀྲོང་ཞི་ཀྲོང་རིང་རང་སྐྱོང་ལྗོངས་སུ་གཟིགས་སྐོར་ཕེབས་པ་ཞིག་གསུངས་འདུག སྐུ་ཚབ་འདི་ནས་ཕར་མ་ཕེབས་གོང་དུ་གྲོས་མོལ་བྱ་རྒྱུ་ཡིན་པ་ཞིག་གསལ་འདུག ད་ལྟ་ཡང་ལྟ་སྐོར་བྱས་པའི་ལེ་ཚན་ཞིག་ཞོར་དུ་གནང་འདུག ཀྲོང་ཞི་ཀྲོང་རིང་རང་སྐྱོང་ལྗོངས་ལ་སྐུ་ཚབ་ཚོགས་པ་གཟིགས་སྐོར་ཕེབས་དགོས་པའི་རྒྱུ་མཚན་གཙོ་བོ་གང་གཟིགས་ཡོད་དམ། གཞན་ཡང་གནས་ཚུལ་དེའི་ནང་དུ་ཡང་ནང་དོན་གྱི་ཐོག་ལ་ྋརྒྱལ་བ་རིན་པོ་ཆེས་རང་བཙན་དང༌། ཕྱེད་རང་བཙན། རྣམ་པར་འགྱུར་བའི་རང་བཙན་དེ་དག་དོར་བ་ཡིན་ན་ཕར་ཕེབས་ཆོག་གི་རེད་ཟེར་བ་སོགས་གནས་ཚུལ་མང་པོ་ཞིག་བཀོད་འདུག བྱས་ཙང་གནས་ཚུལ་དེ་དང་ཨ་རི་ལ་བཙུན་མ་ངག་དབང་གསང་གྲོལ་རྒྱ་མིས་བཏང་སྟེ་འབྱོར་ཡོད་རེད། སྐུ་ཚབ་ཚོགས་པ་ཕེབས་ཚར་བའི་རྗེས་སུ་རྒྱ་ནག་གི་ངོས་ནས་ང་ཚོ་ལ་བརྡ་ལན་ཞིག་བཏང་དགོས་པའི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་གནས་ཚུལ་དེའི་ཐོག་ནས་གཟིགས་ཀྱི་ཡོད་དམ། འབྲེལ་བ་མེད་པ་ཅན་ཞིག་གཟིགས་ཀྱི་ཡོད་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོ་རང་ཕྱོགས་ཀྱི་གནས་ཚུལ་གསལ་བཤད་བྱས་པའི་རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལན་གང་དང་གང་གནང་ཡོད་ཅེས་གསུངས་པའི་ཐད། སྐུ་ཚབ་ཚོགས་ཆུང་ཐེངས་ལྔ་པ་ཕེབས་ཏེ་ཚུར་འཁོར་མཚམས་གསར་འགོད་གསལ་བསྒྲགས་ཤིག་བྱས་པ་དེའི་ནང་གནས་ཚུལ་གསལ་པོ་བཟོ་ཐུབ་པ་ཚང་མ་གསལ་པོ་བཀོད་ཡོད། ང་ཚོའི་མཐོང་ཚུལ་ལ་འདས་པའི་བྱུང་རབས་དང༌། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་རྒྱུ་དེ་གཉིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་དཀའ་གནད་ཆེ་ཤོས་ཤིག་ཏུ་བརྩིས་པ་ལྟ་བུ་ཞིག་འདུག བར་ལམ་གསར་ཤོག་ནང་ཐོན་པ་དེ་ཚོ་ཧ་ཅང་ཧ་ལས་ཧོན་འཐོར་བྱེད་དགོས་པའི་གནས་ཚུལ་ཞིག་མིན་པ་མ་ཟད། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའང་ངོས་འཛིན་བྱ་རྒྱུར་ད་ལྟ་ཕྲན་བུའི་སྔ་དྲགས་པ་ལྟ་བུ་ཞིག་འདུག སྲིད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐད་ཆའི་འགྲོས་ལ་ཕྲན་བུའི་འགྱུར་བ་ཕྱིན་པར་ངོས་འཛིན་བྱེད་ཀྱི་འདུག དེ་སྔོན་ཡིན་ན་སྐུ་ཚབ་ཚོགས་པའི་སྐོར་འདྲི་བརྩད་བྱེད་སྐབས་ཕྱི་སྡོད་བོད་མི་གཉེན་འཕྲད་དང་གྲོགས་འཕྲད་ལ་ཡོང་བ་མ་གཏོགས་བརྗོད་ཀྱི་མེད་ནའང་ད་ལན་བྱམས་པ་ཕུན་ཚོགས་ཀྱི་གཏམ་བཤད་དང་འཐབ་ཕྱོགས་གཅིག་གྱུར་གྱི་གསར་འགོད་དེ་ཚོའི་ནང་སྐབས་འགར་ྋགོང་ས་མཆོག་གི་སྐུ་ཚབ་ཅེས་པའི་ཚིག་དེ་བེད་སྤྱོད་བྱེད་པ་དང༌། སྐབས་འགར་ྋགོང་ས་མཆོག་དང་འབྲེལ་བ་ཉེ་པོ་ཡོད་པའི་མི་སྣ་མཉམ་གྲོས་བསྡུར་བྱུང་ཚུལ་དང༌། གང་ལྟར་གྲོས་བསྡུར་ཐེངས་ལྔ་བྱས་པ་གསལ་པོ་ངོས་འཛིན་བྱས་ཡོད་པའི་མཐོང་ཚུལ་བྱུང་འདུག
ཀྲུང་རིགས་རང་སྐྱོང་ལྗོངས་ཀྱི་ནང་གཟིགས་སྐོར་བྱས་པ་དེ་ང་ཚོའི་ངོས་ནས་རེ་འདུན་བྱས་པ་ཞིག་མ་ཡིན་པར་རྒྱ་ཕྱོགས་ནས་གོ་སྒྲིག་བྱས་པ་ཞིག་རེད། ཕེབས་ཐེངས་སྔོན་མ་ཚོའི་ནང་གྲངས་ཉུང་མི་རིགས་གཞན་དག་གི་རང་སྐྱོང་ས་ཁུལ་ཁག་ལའང་ལྟ་སྐོར་ཐུབ་ན་དགེ་མཚན་ཡོད་པའི་བསམ་འཆར་བཤད་མྱོང་བ་ཡིན་སྟབས། ད་རེས་ཀྲུང་རིགས་རང་སྐྱོང་ལྗོངས་སུ་གོ་སྒྲིག་བྱས་པ་ཡིན་བཟོ་འདུག ཀྲུང་རིགས་རང་སྐྱོང་ལྗོངས་དེ་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་ཆེ་ཤོས་ཤིག་དང༌། རང་སྐྱོང་གི་གནས་བབ་བཟང་ཤོས་ཤིག་ཡིན་སྟབས་ད་རེས་ལྟ་སྐོར་བྱས་ཐུབ་པ་དང༌། ཀྲུང་རིགས་འགོ་ཁྲིད་ཚོར་མཇལ་འཕྲད་བྱ་རྒྱུ་བྱུང་བ་དེ་ཕན་ཐོགས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
དྲི་བ་ཨང་གསུམ་པར་ལན་གནང་སྐབས་གང་མགྱོགས་ཞི་མོལ་འགོ་ཚུགས་ཐུབ་པའི་བརྡ་སྟོན་གང་ཡང་བྱས་མེད་གསུངས་ཀྱི་འདུག སྐར་རྟགས་ཅན་གྱི་དྲི་བའི་ནང་དུ་རྒྱ་ནག་གཞུང་ནས་བརྡ་སྟོན་བྱུང་ཡོད་མེད་བཀའ་འདྲི་གནང་འདུག་པས་དེ་གསལ་པོ་བཟོས་གནང་ཡོད་དམ་ཞུ་རྒྱུ་གཅིག་ཡིན།
གོང་དུ་བཀའ་ལན་གནང་བའི་སྐབས་ལ་འདས་པའི་བྱུང་རབས་དང་བོད་རིགས་ཡོངས་རྫོགས་ཀྱི་ཐོག་ནས་དཀའ་ངལ་ཡོད་པར་གསུངས་སོང་བས་སྐུ་ཚབ་ཐེངས་ལྔ་པར་ཕེབས་པའི་གསར་འགོད་གསལ་བསྒྲགས་གཞིར་བཟུང་གི་ཐོག་ནས་གཞི་རྩའི་འགལ་ཟླ་སྔོན་མ་ནས་ཡོད་པ་ཞིག་དང༌། ད་ལྟའང་འདུག ཐེངས་ལྔ་པའི་དོན་ཚན་དྲུག་པའི་ནང་དཀའ་ངལ་སེལ་ཐབས་ལ་འགལ་ཟླ་འདུག་གསུངས་པ་དེ་ག་རེ་ལ་གོ་གི་ཡོད་དམ། གསུང་འོས་པ་ཡོད་ན་གསུང་རོགས་གནང༌། གཞི་རྩའི་འགལ་ཟླ་སྔོན་མ་ཡོད་པ་བཞིན་ད་ལྟ་རང་འཇགས་བསྡད་ཡོད་དང༌། གཞི་རྩའི་འགལ་ཟླ་གང་ཡོད་མེད་ཀྱི་ཐོག་ལ་གསལ་བཤད་གནང་རོགས།

བཀའ་ལན།
གང་མགྱོགས་ཞི་མོལ་འགོ་འཛུགས་ཐུབ་པའི་བརྡ་སྟོན་གང་ཡང་བྱས་མེད་ཅེས་ཞུས་པ་དེ་རྒྱ་མིའི་ངོས་ནས་བརྡ་སྟོན་བྱས་མ་སོང་ཞེས་ཞུས་པ་ཡིན། ང་ཚོའི་ངོས་ནས་སྔ་ལོ་ནས་བརྡ་སྟོན་གསལ་པོ་བྱས་ཡོད་རེད། མ་གཞི་འདིར་ཚིག་འཁོད་སྟངས་ཕྲན་བུ་ནོར་འདུག དངོས་གནས་བྱས་ན་བརྡ་སྟོན་བྱས་མ་བྱུང་ཞེས་བརྗོད་དགོས་ཀྱི་རེད། ནོར་འཁྲུལ་དེ་ལ་དགོངས་སེལ་ཞུ་རྒྱུ་ཡིན། གང་ལྟར་རྒྱ་ནག་ངོས་ནས་དེ་འདྲའི་བརྡ་སྟོན་གང་ཡང་བྱས་མི་འདུག་ཅེས་ཞུ་རྒྱུ་དེ་ཡིན།
གཞི་རྩའི་འགལ་ཟླ་གང་ཡོད་པ་དེ་གོང་དུ་ཞུས་ཟིན་པ་ཡིན། འདས་པའི་བྱུང་རབས་དང་མི་རིགས་ཀྱི་ངོས་འཛིན་སྐོར་གྱི་འགལ་ཟླ་སྔོན་མ་ནས་ཡོད་རེད། ད་ལྟའང་གཞི་རྩའི་འགལ་ཟླ་ཆེ་ཤོས་དེ་རང་རེད། དེ་ནས་ཐབས་ལམ་ཐོག་ལ་མི་མཐུན་པ་ཡོད་པ་དེ་ང་ཚོའི་བསམ་པར་དཀའ་ངལ་ཆེ་བ་དེ་དག་རྗེས་ལ་བཞག ཆུང་ཙག་དེ་ཚོ་སྔོན་དུ་བསལ་ནས་འབྲེལ་བ་འགོ་ཚུགས་ཐུབ་ན་བསམ་གྱི་ཡོད་རེད། ཁོང་ཚོས་དཀའ་ངལ་ཆེ་བ་སྔོན་དུ་བསལ་ན་མ་གཏོགས་ཆུང་ཙག་སྔོན་དུ་སེལ་ཐུབ་ཐབས་ཡོད་མ་རེད་ཅེས་ཟེར་གྱི་ཡོད་རེད།
སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་ལགས་ནས།
དོན་ཚན་དང་པོའི་ནང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་པོར་མཁྱེན་ནས་གྲུབ་འབྲས་སོན་པ་དེའི་རྟགས་མཚན་གང་ཡོད། གང་གསུངས་ཡོད་དམ་ཞུ་རྒྱུ་ཡིན། གཉིས་པར། ཞི་མོལ་འགོ་ཚུགས་ཐུབ་མེད། འབྲེལ་མོལ་གྱི་ལམ་དེ་མུ་མཐུད་ནས་བྱ་རྒྱུ་ཡིན། ཞེས་གསུངས་འདུག ཉེ་ཆར་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་དུ་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ནང་ངོས་རང་རྒྱ་ནག་ཏུ་གནས་སྐོར་འགྲོ་རྒྱུ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡར་རྒྱས་ཕྱིན་པའི་རྣམ་པ་དེ་བལྟ་རྒྱུ་བཅས་གསུངས་འདུག་པ་དེ་ཞི་མོལ་རེད་དམ་མ་རེད། ྋརྒྱལ་བ་རིན་པོ་ཆེ་ཕེབས་ནས་བཀའ་མོལ་གནང་རྒྱུ་དེ་དག་ལས་ལྷག་པའི་ཞི་མོལ་གང་ཡོད་དམ། རྒྱ་ནག་གཅིག་པོར་ཕེབས་རྒྱུ་ཞིག་རེད་དམ། བོད་ནང་དུའང་ཕེབས་རྒྱུ་ཡིན་པ་འཁོད་ཡོད་དམ་མེད་ཞུ་རྒྱུ་ཡིན། དེ་ནས་གསུམ་པར་བཀའ་མོལ་རྣམས་ལ་བརྟེན་ནས་བོད་མི་རྣམས་རང་ཡུལ་དུ་ལོག་ཐུབ་པ་མཐོང་གི་མེད་ཅེས་གསུངས་འདུག་པས། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གནས་གཟིགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡར་རྒྱས་དེ་དག་གཟིགས་རྟོག་ཆེད་ཕེབས་ཐུབ་པ་ཞིག་བྱུང་བ་ཡིན་ན། བོད་མི་རྣམས་རང་ཡུལ་དུ་ལོག་མི་ཐུབ་པ་ཆགས་ཀྱི་རེད་དམ། ད་དུང་ང་ཚོར་གནས་ཚུལ་ག་འདྲ་ཞིག་གི་འོག་ནས་རྒྱ་གར་ལ་སྡོད་ཐུབ་ཀྱི་རེད་དམ་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་པོ་མཁྱེན་རྟོགས་ཐུབ་པའི་རྟགས་མཚན་དུ། ཁོ་ཚོས་རང་བཙན་དང༌། ཕྱེད་རང་བཙན། རྣམ་པར་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་ཅེས་ལབ་ཀྱི་ཡོད་མ་རེད། ཁྱེད་རང་ཚོར་མངོན་འདོད་གང་ཡོད་པ་དེ་ང་ཚོས་གསལ་པོ་ཤེས་སོང༌། དེ་ཡོང་རྒྱུར་དཀའ་ངལ་འདི་དང་འདི་ཡོད་རེད་ཅེས་ང་ཚོའི་མངོན་འདོད་དང་ྋསྐྱབས་མགོན་རིན་པོ་ཆེས་གང་གསུངས་པ་རྣམས་གོ་བརྡ་འཕྲོད་པ་དེ་བཀའ་མོལ་གྱི་ཐོག་ནས་གསལ་པོ་ཤེས་ཀྱི་འདུག
ྋསྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཏུ་གནས་གཟིགས་ཕེབས་འདོད་ཡོད་ཚུལ་ཞུས་པ་དེ་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་གང་ཡིན་པ་དེ་ལན་བསྐྱལ་བ་རེད། དེ་ཞི་མོལ་མ་རེད། ཞི་མོལ་ཟེར་བ་དེ་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བྱ་དགོས་རྒྱུ་ཞིག་རེད་མ་གཏོགས། ྋརྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་པ་ཞིག་མ་རེད། ྋསྐྱབས་མགོན་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་ཕེབས་འདོད་ཡོད་ཚུལ་བསྐྱར་ལྡབ་ཀྱིས་ཞུས་པ་དེ་འབྲེལ་མོལ་གྱི་ཆ་ཤས་ཤིག་རེད་མ་གཏོགས་ཞི་མོལ་འགོ་ཚུགས་པ་མ་རེད་ཅེས་ཞུ་རྒྱུ་ཡིན།
ྋསྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཏུ་གནས་གཟིགས་ཕེབས་ཐུབ་པ་བྱུང་ཡང་གནས་གཟིགས་ཕེབས་ནས་ཚུར་ལོག་ཕེབས་རྒྱུ་ཞིག་རེད་མ་གཏོགས་རྒྱ་ནག་ཏུ་བཞུགས་ཀྱི་ཡིན་ཞེས་གསུངས་ཀྱི་ཡོད་མ་རེད། དེར་བརྟེན་གནས་གཟིགས་ཕེབས་ཐུབ་པ་ཙམ་གྱིས་བཙན་བྱོལ་བོད་མི་ལོག་ཐུབ་པ་ཞིག་ཡོང་གི་ཡོད་པ་ང་ཚོའི་ངོས་ནས་ངོས་འཛིན་བྱེད་ཀྱི་མེད། སྤྱིར་བཏང་རང་ཡུལ་དུ་ལོག་ཅེས་པ་དེ་ད་ལྟའང་བོད་མི་མང་པོ་རྒྱ་གར་ནས་བོད་དུ་འགྲོ་བཞིན་པ་རེད། དེ་ལྟར་བསམ་བློ་བཏང་བ་ཡིན་ན་ྋསྐྱབས་མགོན་རིན་པོ་ཆེ་ཕེབས་པར་སྒུག་དགོས་དོན་ཡོད་མ་རེད། དེ་བཞིན་གཏན་འཇགས་ལོག་མཁན་ཡང་གང་མང་བྱུང་ཡོད་ཅིང༌། དེ་ཚོ་ལོག་མ་ཐུབ་པའི་གནས་ཚུལ་གང་ཡང་མི་འདུག དྲི་བའི་ནང་དུ་ཡོད་པའི་བོད་ཡུལ་དུ་ལོག་ཐུབ་པ་ཞེས་པ་དེ་བོད་དུ་ཆབ་སྲིད་ཀྱི་འགྲིག་ཆགས་བྱུང་ནས་བཙན་བྱོལ་བོད་མི་ཚོ་རང་དབང་གི་ཐོག་ནས་རང་ཡུལ་དུ་ལོག་ཐུབ་རྒྱུ་དེ་ལ་གསུངས་ཀྱི་ཡོད་རེད་བསམ་གྱི་འདུག དེ་ཡིན་ན་ྋརྒྱལ་བ་རིན་པོ་ཆེ་གནས་གཟིགས་ཕེབས་པ་ཙམ་གྱིས་བཙན་བྱོལ་བོད་མི་ལོག་ཐུབ་པ་ཞིག་ཡོང་གི་མ་རེད་ཞུ་རྒྱུ་ཡིན། ད་ལམ་ྋསྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཏུ་གནས་གཟིགས་ཕེབས་ཀྱི་ཡིན་གསུངས་པ་མ་གཏོགས་བོད་དུ་ཕེབས་ཀྱི་ཡིན་ཞེས་བཀའ་གནང་ཡོད་མ་རེད། ཡིན་ནའང་བོད་དང་རྒྱ་ནག་ལ་གནས་གཟིགས་ཕེབས་འདོད་ཡོད་པ་དེ་གནས་ཚུལ་གསར་པ་གང་ཡང་མ་རེད། བརྒྱད་ཅུ་གྱ་གྲངས་ནས་བོད་དང་རྒྱ་ནག་གཉིས་ཀར་ཕེབས་འདོད་ཡོད་ཅེས་བཀའ་གནང་ཡོད་རེད། ཡིན་ནའང་ད་རེས་སྐུ་ཚབ་ཚོགས་པ་ཐེངས་ལྔ་པ་ཕེབས་སྐབས་རྒྱ་ནག་ཏུ་ཕེབས་རྒྱུ་རྐྱང་རྐྱང་ལས་བཀའ་གནང་ཡོད་མ་རེད།
སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
དྲི་བ་མ་ཞུས་གོང་ལ་ང་ཚོའི་ཡིག་ཆའི་ནང་དུ་ཡི་གེ་ཁ་ཤས་ཤིག་ནོར་ཆད་བྱུང་འདུག་པས་གསལ་པོ་བཟོ་ཆོག་པ་ཞུ། དང་པོ་དྲི་བ་ཁག་གསུམ་བཀོད་འདུག་སྟེ་ཨང་གྲངས་དེ་ནོར་བ་ཡིན་ནམ་ཆད་པ་ཡིན་མི་ཤེས་ཏེ། གཉིས་པ་དེ་གསུམ་པ་དང་གསུམ་པ་དེ་བཞི་པ་བཟོས་འདུག་ཞུ་རྒྱུ་དང༌། སྐུ་ཐེངས་ལྔ་པ་ཞེས་པ་དེ་སྐུ་ཚབ་ཐེངས་ལྔ་པ་ཡིན་ས་རེད། དེ་ནས་དབུ་ལམ་ཞེས་འཁོད་འདུག་པ་དེ་དབུ་མའི་ལམ་ཡིན་ས་རེད། ཀློག་པ་པོས་ཀྱང་དབུ་ལམ་ཞེས་བཀླགས་སོང༌། དབུ་མའི་ལམ་ཞེས་པ་དེ་ཕལ་ཆེར་རྒྱུན་ལྡན་གྱི་ཐ་སྙད་ནང་གྲགས་ཆེ་བ་ཡོད་སྟབས་གོ་བདེ་པོ་ཡོད་ཀྱི་རེད་བསམས་སོང༌། ངས་དྲི་བ་ཞུ་རྒྱུ་དེ་ཁ་སང་ཞུས་ཟིན་པ་ཞིག་ཡིན། སྐུ་ཚབ་ཐེངས་ལྔ་པ་ཕེབས་ནས་ཚུར་ལོག་པའི་རྗེས་ལ་གསར་འགོད་གསལ་བསྒྲགས་ནང་དོན་ཚན་དྲུག་ཙམ་ཞིག་འདུག དོན་ཚན་བཞི་པའི་ནང་དུ་འབྲེལ་མོལ་འདི་ཡིས་འབྲེལ་ལམ་ཇེ་བཟང་དུ་ཡོང་བར་གནད་དོན་མང་པོ་ཞིག་ཡོད་པ་གསལ་པོ་བཟོས་ཡོད་ཅེས་གསལ་འདུག གནད་དོན་མང་པོ་ཞིག་ཡོད་པ་གང་དང་གང་ཡིན་པ་དང༌། གནད་དོན་དེ་དག་གྲངས་ཀ་ཇི་ཙམ་ཞིག་ཡོད་མེད་དེ་ཡང་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་དུ་གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན། གལ་སྲིད་ཡུལ་དུས་གནས་བབ་ལ་བརྟེན་ནས་གསལ་བཤད་བྱ་རྒྱུའི་དུས་ལ་བབ་མེད་ན་གསལ་བཤད་མ་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
གནད་དོན་མང་པོ་ཡོད་པ་ཆ་ཚང་ད་ལྟ་གྲངས་ཀ་བརྒྱབ་ཐུབ་ཀྱི་མི་འདུག་ཀྱང༌། གལ་ཆེ་བ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རིགས་ཡོངས་སུ་རྫོགས་པ་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་དགོས་ཀྱི་ཡོད་ཅེས་བརྗོད་པ་དེ་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་རེད་མི་འདུག་ཅེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྟག་པར་གསུང་གི་ཡོད་པ་རེད། དེའི་རྒྱུ་མཚན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཡིག་ཆའི་ནང་གང་བཀོད་པ་དང༌། ཁོ་ཚོས་རྒྱ་ནག་གཞུང་ཚབ་དང་རྒྱ་ནག་འགོ་ཁྲིད་ཚོར་ངོ་རྒོལ་བྱེད་སྐབས་བོད་རང་བཙན་གྱི་འབོད་སྒྲ་དང༌། རས་བྱང་ཐོག་གང་བྲིས་ཡོད་པ་སོགས་བགྲངས་ཀྱི་ཡོད་རེད། འབྲེལ་མོལ་ཐེངས་གསུམ་པའི་སྐབས་འདས་པའི་ལོ་མང་པོའི་ནང་བྱུང་བའི་དོན་ཚན་སུམ་ཅུ་སོ་གྲངས་ཤིག་བགྲངས་ཡོད་པ་དང༌། འབྲེལ་མོལ་བཞི་པ་དང་ལྔ་པ་གཉིས་ཀྱི་སྐབས་སོ་སོར་ཉེ་བའི་ཟླ་དྲུག་ནང་གང་བྱུང་བ་རྣམས་བགྲངས་འདུག དེ་ཚོ་ཚང་མར་ང་ཚོས་དག་སེལ་བྱེད་དགོས་ཀྱི་འདུག ང་ཚོའི་ངོས་ནས་ཁ་ཞེ་མི་མཐུན་པའི་ཆབ་སྲིད་ཀྱི་ཐབས་བྱུས་དང་སྦས་པའི་མངོན་འདོད་ཅིག་ཡོད་པའི་དྭོགས་པ་བྱེད་ཀྱི་ཡོད་རེད། ཁོ་ཚོའི་སྐྱོན་འཛུགས་ཡོངས་རྫོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཡོང་བཞིན་པའི་གནས་ཚུལ་གྱི་སྐོར་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
དཔལ་ལྡན་བཀའ་ཁྲི་མཆོག་གི་བཀའ་ལན་གཉིས་པའི་ནང་དུ་ཞི་མོལ་འགོ་ཚུགས་ཐུབ་མེད། འབྲེལ་མོལ་གྱི་ལམ་དེ་མུ་མཐུད་ནས་བྱ་རྒྱུ་ཡིན་ཞེས་བཀོད་འདུག་པས་སྐུ་ཚབ་ཐེངས་བཞི་པ་ཕེབས་ཚར་བའི་རྗེས་སུ་གྲོས་ཚོགས་ཚོགས་ཐེངས་བཅུ་པའི་སྐབས་དཔལ་ལྡན་བཀའ་ཁྲི་མཆོག་ནས་འབྲེལ་མོལ་བྱེད་བསྡད་རྒྱུ་ཞིག་མ་རེད། འབྲེལ་མོལ་གྱི་རྗེས་སུ་ཞི་མོལ་ཡོང་བར་བཟང་ཕྱོགས་ཀྱི་གནད་དོན་ཞིག་ཐག་ཆོད་རྒྱུ་རེད་ཅེས་བཀའ་ཕེབས་ཡོད་རེད། དེ་དུས་རེ་བ་འདྲ་གང་ཙམ་ཞིག་འདུག་བསམ་པ་དྲན་སོང༌། ཚོགས་དུས་བཅུ་པའི་སྐབས་སུ་བཀའ་གནང་བ་དེ་དང་ད་ལྟ་འབྲེལ་མོལ་མུ་མཐུད་ནས་བྱ་རྒྱུ་ཡིན་གསུངས་པ་དེ་གཉིས་ཀྱི་བར་ལ་འགལ་བ་འགྲོ་བའི་བསམ་ཚུལ་ཞིག་འདུག དེའི་ཐོག་ལ་འགལ་ཟླ་འགྲོ་གི་ཡོད་མེད་ཀྱི་གསལ་བཤད་གནང་རོགས་ཞུ་རྒྱུ་དང༌། དྲི་བ་གཉིས་པ་འདི་ཚང་མས་མཁྱེན་གསལ་རེད། ༢༠༠༨ ལོར་ཨོ་ལམ་པིཀ་རྩེད་འགྲན་དེ་རྒྱ་ནག་གིས་གོ་སྒྲིག་བྱས་པ་དེ་ལམ་ལྷོང་ཡོང་ཆེད་ང་ཚོའི་སྐུ་ཚབ་ཕར་ཕེབས་པ་དེ་དག་འཛམ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་རྒྱལ་ཁབ་མང་པོ་ཞིག་ལ་མགོ་སྐོར་གཏོང་རྒྱུའི་ཐབས་ལམ་ཞིག་གི་ནང་དུ་ཚུད་ཀྱི་ཡོད་པའི་དགོངས་ཚུལ་དེ་འདྲ་ཡོད་དམ་མེད། རང་ཉིད་ཀྱི་བསམ་པར་དེ་འདྲའི་ཐོག་ནས་བོད་པའི་རྩ་དོན་འདི་དུས་ཚོད་ནར་འགྱངས་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཞིག་འདུག བཀའ་ཤག་གིས་དེའི་ཐོག་ལ་གསལ་བཤད་གནང་རོགས་ཞུ་རྒྱུ་དང༌། ཡང་གོང་གི་དྲི་བ་ཁག་གཉིས་པོས་ང་ཚོའི་ཁོར་ཡུག་བསྐྲུན་རྒྱུ་དང་རྩ་དོན་ལ་གནོད་ཀྱི་ཡོད་ན་བཀའ་ལན་མ་གནང་ན་འགྲིག་ས་རེད། གང་ཡིན་ཞེ་ན། ཁོར་ཡུག་སྐྲུན་ཆེད་དུ་ད་ལྟ་བར་དུ་ཤུགས་ཞེ་དྲགས་གནང་ཡོད་རེད། དེ་དག་ཚང་མ་རྩ་དོན་དང་འབྲེལ་བའི་སེམས་འཚབ་ཅིག་རེད། སེམས་འཚབ་འདི་ཞུས་པའི་རྐྱེན་བྱས་ཏེ་ད་བར་ཁོར་ཡུག་བསྐྲུན་པ་ལ་གནོད་སྐྱོན་འགྲོ་གི་ཡོད་ན། བཀའ་ལན་མ་གནང་ན་འགྲིག་ས་རེད། དེ་ནས་སྐུ་ཚབ་རྣམ་པ་རྒྱ་ནག་ལ་ཕར་ཕེབས་དུས་དངོས་ཡོད་རྒྱ་བོད་གཉིས་ཀྱི་དཀའ་ངལ་སེལ་ཆེད་དུས་ཚོད་ཇི་ཙམ་ཞིག་བཏང་གི་ཡོད་མེད་ཀྱི་ཐོག་ལ་བཀའ་ལན་གནང་བདེ་པོ་ཡོད་ན་གཅིག་གནང་རོགས་ཞུ་རྒྱུ་ཡིན། ངའི་བསམ་ཚུལ་ལ་ཕར་གདན་འདྲེན་ཞུས། དུས་ཚོད་དེ་ཚོུད་གཅིག་གཉིས་ཡིན་ནའང་རེད། ཉིན་གཅིག་ཡིན་ནའང་དེའི་རིང་བཀའ་བསྡུར་ཞིག་གནང༌། དེ་འཕྲོས་ཉིན་དྲུག་བདུན་ཚང་མ་སྤྲོ་འཆམ་ལྟ་བུ་ཞིག་ཕེབས་ཀྱི་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག གནས་ཚུལ་གསལ་པོ་ཞིག་བརྒྱུད་ལམ་ཁག་མི་འདྲ་བ་མང་པོ་ཞིག་ནས་ཐོན་གྱི་འདུག དེའི་ཐོག་ལ་བཀའ་ལན་གནང་བདེ་པོ་ཡོད་ན་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
བཀའ་ཤག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་སྐབས་སྙན་གསན་ཞུས་པ་དང༌། དེ་རིང་སྙན་གསན་ཞུས་པ་གཉིས་ཀྱི་བར་ལ་འགྱུར་བ་གཏན་ནས་མེད། ཚོགས་དུས་བཅུ་པའི་སྐབས་སྐུ་ཚབ་ཚོགས་པ་ཐེངས་བརྒྱ་ཐམ་པ་ཕེབས་དགོས་བྱུང་ཡང་ཕེབས་ཀྱི་ཡིན་ཞེས་ཞུས་པ་གསལ་པོ་དྲན་གྱི་འདུག སྐུ་ཚབ་ཕེབས་ཐེངས་ཀྱི་གྲངས་ཀ་ལ་འཇིགས་སྣང་བྱེད་དགོས་པ་གང་ཡང་མེད། བོད་ཀྱི་རྩ་དོན་མ་འགྲུབ་བར་དུ་ཐེངས་བརྒྱ་དང་སྟོང་ཕེབས་དགོས་བྱུང་ཡང་ཕེབས་རྒྱུ་རེད། ཞི་མོལ་འགོ་འཛུགས་མ་བྱུང་བར་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་བསམ་ཚུལ་སྔོན་མ་ནས་ཡོད་པ་རེད། དེ་འདྲ་སོང་ཙང་སྔོན་མ་ཞུས་པ་དང་ད་ལྟ་ཞུས་པ་གཉིས་ཀྱི་བར་ལ་མི་མཐུན་པ་སྣ་གཅིག་མེད། བོད་ཀྱི་རྩ་དོན་གྱི་འཐབ་རྩོད་འདི་ལོ་སྟོང་ཕྲག་འགོར་བ་ཡིན་ནའང་མུ་མཐུད་རྒྱུ་མ་གཏོགས། ཉིན་མ་ཁ་ཤས་དང༌། ཟླ་བ་ཁ་ཤས། ལོ་ཁ་ཤས་ཕྱིན་པའི་སྐབས་ཐང་ཆད་ནས་བསྡད་ཐབས་ཡོད་མ་རེད། བོད་མི་མང་ཚོགས་ཀྱི་སྙིང་སྟོབས་ཀྱང་ཐང་ཆད་ཀྱི་མ་རེད་བསམ་པའི་ཡིད་ཆེས་བརྟན་པོ་ཡོད།
སྐུ་ཚབ་ཚོགས་པ་ཕེབས་སྐབས་གྲོས་མོལ་བྱ་རྒྱུའི་དུས་ཚོད་འདེང་ངེས་གཏོང་གི་ཡོད། ལྷག་པར་དུ་ཕེབས་ཐེངས་གསུམ་པ་ནས་བཟུང་ཚོགས་འདུའི་གོ་སྒྲིག་དང༌། གྲོས་མོལ་བྱེད་སྟངས་ལ་འགྱུར་བ་གང་འཚམས་བཏང་ནས་ཚོུད་ཧ་ཅང་མང་པོ་གྲོས་མོལ་གྱི་ཆེད་དུ་གཏོང་གི་ཡོད། ཚོགས་འདུའི་གོ་སྐབས་ཙམ་དུ་མ་ཟད། ཞལ་ལག་དང་གསོལ་ཇའི་སྐབས་སུའང་མུ་མཐུད་བཀའ་མོལ་གནང་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། སུད་སིར་འབྲེལ་མོལ་བྱེད་སྐབས་ཉིན་གཉིས་རིང་ཞོགས་པ་ནས་མཚན་མོའི་བར་དུས་ཚོད་ཆ་ཚང་གྲོས་མོལ་ལ་བཏང་ཡོད་པ་དང༌། རྒྱ་ནག་ཏུ་ཕེབས་སྐབས་གཟིགས་སྐོར་དང་བཀའ་མོལ་གྱི་དུས་ཚོད་གཉིས་ཕྱེ་དགོས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་སྲོལ་རེད། ང་ཚོའི་ངོས་ནས་གྲོས་མོལ་མ་གཏོགས་ལྟ་སྐོར་མི་དགོས་པའི་གནས་ཚུལ་ཡང་ཡང་བཤད་ཡོད་ཀྱང༌། ཁོ་ཚོས་ཉན་གྱི་ཡོད་མ་རེད། མདོར་བསྡུས་ན་བཀའ་མོལ་གནང་རྒྱུའི་དུས་ཚོད་འདེང་ངེས་གཏོང་གི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
གཞི་རྩའི་ཆ་ནས་ད་ལྟ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་གྱི་ནང་དུ་ལན་ཚང་མ་འདུག་པའི་བཟོ་འདྲ་པོ་བྱས་སོང༌། ཡིན་ནའང་ལག་པ་བརྐྱངས་ནས་གོ་སྐབས་ཞུས་ཚར་བ་ཡིན་ཙང་ངས་བཀའ་འདྲི་ཞུ་རྒྱུ་དེ་འབྲེལ་མོལ་གྱི་ཐོག་ཏུ་མུ་མཐུད་ནས་བྱ་རྒྱུ་ཡིན་ཞེས་པ་དེའི་ཐོག་ཞུ་རྒྱུ་ཡིན། ཁ་སང་གོང་དུ་ངས་གྲོས་ཚོགས་འདིའི་ནང་ལ་སྐད་ཆ་དེ་ཐེངས་གཅིག་གླེང་ཚར་བ་ཡིན། ཁ་སང་འབྲེལ་མོལ་ཐེངས་ལྔ་པ་ཕེབས་ནས་ཚུར་ཕེབས་པའི་རྗེས་སུ་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་སྐུ་མདུན་ལ་དེའི་སྐོར་སྙན་གསན་གནང་བར་ཕེབས་པའི་སྐབས་ལ་ཕར་ཕྱོགས་ནས་ཚུར་སྐད་ཆ་བཤད་བཞག་པ་གནད་དོན་ལྔ་དྲུག་ཅིག་འདུག དེའི་ནང་ནས་ང་རང་གི་མཐོང་ཚུལ་གྱི་གནད་འགག་ཆེ་ཤོས་དེ་ཆོལ་ཁ་གསུམ་ཞེས་པ་དེ་རྩ་བ་ཉིད་ནས་ཡོང་རྒྱུ་ཡོད་མ་རེད་ཅེས་པ་ཞིག་འདུག ད་ལྟ་འདིའི་ནང་ལ་འབྲེལ་མོལ་མུ་མཐུད་ནས་གནང་རྒྱུ་ཡིན་ཞེས་པ་ཞིག་འདུག གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཆོལ་ཁ་གསུམ་ཞེས་པ་དེ་རྩ་བ་ཉིད་ནས་ཡོང་རྒྱུ་ཡོད་མ་རེད་ཅེས་ཚིག་ཐག་གཅོད་ཀྱི་ཡོད་ན། དེ་ནས་ང་ཚོས་ཞི་མོལ་དང་འབྲེལ་མོལ་གྱི་རེ་བ་བྱེད་སའི་གཞི་ག་འདྲ་ཞིག་ཡོད་རེད་ཅེས་ཞུ་རྒྱུ་ཞིག་དང༌། དེ་ནས་ད་ལྟ་བར་དུ་འབྲེལ་མོལ་བྱུང་ནས་ཁྱོན་ཡོངས་ཀྱི་ཆ་ནས་རྒྱ་ཕྱོགས་ནས་ཞི་མོལ་གྱི་རྣམ་འགྱུར་བསྟན་མ་སོང་གསུང་གི་ཡོད་རེད། དེ་དངོས་ཡོད་གནས་སྟངས་རེད། གལ་སྲིད་ང་ཚོའི་ངོས་ནས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་པ་ཡིན་ན་རྒྱ་མིའི་ངོས་ནས་བོད་རྒྱའི་དཀའ་རྙོག་དེ་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་འདོད་པ་བསམ་པ་རྣམ་དག་གི་ཐོག་ནས་གཟིགས་ཀྱི་ཡོད་དམ།
བཀའ་ལན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཆོལ་གསུམ་གཅིག་བསྒྲིལ་ཡོང་ཐབས་རྩ་བ་ནས་མེད་ཅེས་ཚིག་ཐག་བཅད་ནས་ད་བར་བཤད་མི་འདུག འདས་པའི་བྱུང་རབས་ཀྱི་ནང་ཆོལ་གསུམ་གཅིག་གྱུར་བྱུང་མ་མྱོང་བ་དང༌། ད་ལྟ་གཞིས་སྡོད་བོད་མི་ཚོས་ཆོལ་གསུམ་གཅིག་བསྒྲིལ་བྱེད་འདོད་མེད་པ། བཙན་བྱོལ་བོད་མིའི་ཁྲོད་དུའང་དྷ་སར་ཡོད་པའི་མི་ཁ་ཤས་མ་གཏོགས་མང་ཆེ་བས་ཆོལ་གསུམ་གཅིག་བསྒྲིལ་བྱེད་འདོད་མེད་པ། འཛིན་སྐྱོང་གི་ཐོག་ནས་དཀའ་ངལ་ཡོང་རྒྱུ་སོགས་བཤད་པ་མ་གཏོགས། ཆོལ་གསུམ་གཅིག་བསྒྲིལ་ཡོང་ཐབས་གཏན་ནས་མེད་པའི་ཚིག་ཐག་བཅད་ནས་བཤད་མེད་ལ། བཤད་ཐུབ་ཀྱིའང་མ་རེད། གང་ཡིན་ཟེར་ན་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་རྩ་ཁྲིམས་སུ་ཡོད་པའི་ཆ་རྐྱེན་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གྲངས་ཉུང་མི་རིགས་ ༥༥ ཡོད་པ་ནས་བོད་རིགས་ཞེས་པ་དེ་གྲངས་ཉུང་མི་རིགས་ ༡ རེད་མ་གཏོགས་མང་པོ་མ་རེད། དེ་ཙམ་མ་ཟད་ཕྱི་ལོ་ ༡༩༥༩ སྔོན་བོད་རིགས་ཚང་མ་མི་རིགས་གཞན་དང་མ་འདྲེས་པར་ཉུང་ཉུང་མཉམ་སྡོད་ཀྱི་ཟུར་བསྡད་བྱེད་མཁན་གྱི་མི་རིགས་ཤིག་རེད། དེ་འདྲ་ཡིན་ཙང་ལྟ་གྲུབ་ཀྱི་ཆ་ནས་བོད་རིགས་ཡོངས་རྫོགས་གཅིག་བསྒྲིལ་ཡོང་ཐབས་མེད་ཅེས་ཚིག་ཐག་བཅད་ནས་བཤད་ཐབས་མེད་པ་རེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནད་དོན་འདི་ཚིག་ཐག་གཙང་མ་བཅད་པ་ཡིན་ན་གྲོས་ཚོགས་སུ་ངེས་པར་དུ་སྙན་གསན་ཞུ་དགོས་ཀྱི་རེད། དེ་འདྲའི་ཐག་ཆོད་བྱུང་བའི་རྗེས་ལ་ང་ཚོས་མུ་མཐུད་འབྲེལ་བ་བྱ་རྒྱུའི་གནས་བབ་ཅིག་ཡོང་གི་མེད་པ་བཀའ་ཤག་གིས་ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༦ བར་གྱི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ཁག་ཏུ་བསྐྱར་ལྡབ་ཡང་ལྡབ་བྱས་ནས་གསལ་པོ་བཟོས་ཟིན་པ་ཡིན་ཙང༌། དེའི་སྐོར་དྭོགས་འདྲི་གནང་དགོས་པའི་རྒྱུ་མཚན་ཞིག་ཡོང་སྟངས་མེད་བསམ་གྱི་ཡོད། གསུམ་དུས་གཏམ་བཤད་ནང་འདིའི་སྐོར་ཡང་ཡང་གསལ་བརྗོད་བྱས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་རྐྱང་པར་དམིགས་པ་མ་ཡིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལའང་དམིགས་པ་ཞིག་རེད། བཙན་བྱོལ་བོད་མིའི་ནང་ཁ་ཤས་ཀྱིས་ཆོལ་གསུམ་གཅིག་བསྒྲིལ་ཡོང་ཐབས་མེད་པ་དང༌། ཡང་ཁ་ཤས་ཀྱིས་ཆོལ་གསུམ་གཅིག་བསྒྲིལ་དགོས་ཀྱི་མེད་པ། ཡང་རེ་ཟུང་གིས་བཙན་བྱོལ་གཞུང་གིས་ཆོལ་གསུམ་གཅིག་བསྒྲིལ་བློས་གཏོང་གི་རེད་ཟེར་བ་སོགས་རྫུན་གཏམ་སྣ་ཚོགས་ཤོད་ཀྱི་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་ནང་ལའང་དྲི་བ་སླེབས་ཀྱི་ཡོད་ཙང༌། ང་ཚོས་གསལ་བཤད་ཞུ་དགོས་བྱུང་བ་ཞིག་རེད། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་བཙན་བྱོལ་གཞུང་གི་ལངས་ཕྱོགས་འདི་ལ་འགྱུར་བ་འགྲོ་སྲིད་པའི་ཐུགས་དྭོགས་གནང་བ་ཡིན་ན། ཐུགས་དྭོགས་གནང་མཁན་ཁོ་རང་གི་དགོངས་པའི་ནང་དམིགས་ཡུལ་དང་འཆར་གཞི་ངེས་ཅན་ཞིག་ཡོད་ན་མ་གཏོགས། དེ་མིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་པ་བཞེས་ཕྱོགས་དང་བཙན་བྱོལ་གཞུང་གི་ལངས་ཕྱོགས་ཀྱི་ཐོག་དེ་ལྟའི་ཐུགས་དྭོགས་ཡོང་གཞི་རྩ་བ་ནས་མེད་ཅེས་ངས་གྲོས་ཚོགས་འདིའི་ནང་ཚིག་ཐག་ཚང་མ་བཅད་ནས་ཞུ་ཐུབ་ཀྱི་ཡོད།
ཡང་རྒྱ་མིའི་ངོས་ནས་མ་འོངས་པར་ཞི་མོལ་ཡོང་རྒྱུ་ཞིག་མཐོང་གི་ཡོད་རེད་དམ་ཞེས་གསུངས་པའི་ཐད། ཁོ་ཚོས་དེ་འདྲ་ཞིག་མཐོང་གི་ཡོད་ཙང་ྋགོང་ས་མཆོག་གི་སྐུ་ཚབ་དང་འབྲེལ་མོལ་གནང་གི་ཡོད་རེད་བསམ་གྱི་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཆབ་སྲིད་དང༌། སྤྱི་ཚོགས། དཔལ་འབྱོར། ཚོང་འབྲེལ་སོགས་གནས་སྟངས་གང་གི་ཆ་ནས་ྋགོང་ས་མཆོག་གི་སྐུ་ཚབ་རྣམས་དང་འབྲེལ་བ་མ་བྱས་ཐབས་མེད་ཀྱི་གནས་སྟངས་གང་ཡང་ཡོད་མ་རེད། ཕྱི་ལོ་ ༡༩༩༤ ནས་ ༢༠༠༢ ལོའི་བར་འབྲེལ་བ་མ་བྱས་པ་རེད། དེ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གྱོང་གུན་གང་ཡང་མ་བྱུང་བ་མ་ཟད། བོད་དུ་ཡོད་པའི་བོད་མི་མང་ཆེ་བའི་བསམ་བློའི་ནང་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བོད་ཀྱི་མ་འོངས་པའི་མདུན་ལམ་དང་འབྲེལ་བ་གང་ཡང་མི་འདུག་སྙམ་པའི་མཐོང་ཚུལ་བརྟན་པོ་ཞིག་ཆགས་ཡོད། དེ་འདྲའི་གནས་སྐབས་ཤིག་གི་ནང་ྋགོང་ས་མཆོག་གི་སྐུ་ཚབ་རྣམས་དང་འབྲེལ་བ་བྱས་ཏེ་དུས་ཚོད་བཏང་ནས་འབྲེལ་མོལ་གནང་བ་དེ་རང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཁ་ཤས་ཀྱི་བསམ་བློའི་ནང་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་འགྲིགས་ཆགས་བྱེད་དགོས་པའི་མཐོང་ཚུལ་དང་འགྲིགས་ཆགས་ཡོང་ཐུབ་པའི་རེ་བ་ཞིག་ཡོད་པ་གསལ་པོ་བསྟན་གྱི་ཡོད་རེད། ང་ཚོའི་ངོས་ནས་ཁོར་ཡུག་ཚད་ལྡན་བསྐྲུན་ཐུབ་པ་ཞིག་དང༌། བསྙད་འདོགས་བྱེད་ས་མེད་པ་ཞིག་བྱུང་བའི་སྐབས་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཡང་ན་ཞི་མོལ་གནང་དགོས་པ་དང༌། ཡང་ན་ཞི་མོལ་བྱེད་ཀྱི་མིན་ཞེས་གསལ་པོ་ལབ་དགོས་པ་ཞིག་ངེས་པར་དུ་ཆགས་ཀྱི་རེད། གནས་ཚུལ་འདི་གང་ལྟར་རྒྱུ་མཚན་ལྡན་པའི་མཇུག་འབྲས་ Logical Conclusion ཤིག་གི་ཐོག་སླེབས་དགོས་ཀྱི་རེད། ང་ཚོས་ཞི་མོལ་ཡོང་རྒྱུ་དང༌། དེ་ལ་བརྟེན་ནས་བོད་ཀྱི་རྩ་དོན་ཐོག་ཐག་ཆོད་ཅིག་ཡོང་བའི་རེ་བ་ཡོད་ཙང་ལས་རིམ་འདིའི་ཐོག་འབད་བརྩོན་བྱས་པ་མ་གཏོགས་རེ་བ་མེད་པའི་ལས་དོན་ཞིག་ལ་སུས་ཀྱང་འབད་བརྩོན་བྱེད་ཀྱི་མ་རེད། མཚན་ཉིད་པའི་སྐད་ཆའི་ནང་རྟོག་ལྡན་གྱི་བྱ་བ་ལ་དགོས་པ་ཡོད་པའི་ཁྱབ་ཅེས་ཡོངས་གྲགས་བཤད་སྲོལ་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཞི་མོལ་བྱེད་འདོད་མེད་པ་ཡིན་ན་བྱེད་འདོད་མེད་པའི་གནས་ཚུལ་དེ་ཁོ་ཚོའི་ངོས་ནས་གསལ་པོ་བཟོ་དགོས་པ་ཞིག་དང༌། ཞི་མོལ་མ་བྱུང་བའི་འགན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དཀྲི་ཐུབ་པ་དགོས་རྒྱུ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་རེད། ཡིན་ནའང་དེ་ཡོང་མ་ཐུབ་པར་སྐུ་ཚབ་རྣམ་པ་ག་དུས་ཕེབས་ཀྱང་ཁག་འདོགས་བྱ་ཡུལ་དོན་ཚན་མི་ཉུང་བ་ཞིག་གྲངས་ཀ་བརྒྱབ་རྒྱུ་ཡོད་པ་བཙན་བྱོལ་བོད་མིའི་ངོས་ནས་བཟོས་ཀྱི་ཡོད་རེད། དེ་ང་ཚོས་བཀག་ཐུབ་ཀྱི་མི་འདུག མ་འོངས་པར་ཡང་བཀག་ཐུབ་པའི་རེ་བ་མེད།

སྤྱི་འཐུས་ཆོས་རྒྱལ་བསྟན་འཛིན་ལགས་ནས།
སྐུ་ཚབ་ཚོགས་པ་ཐེངས་ལྔ་པ་ ༢༠༠༦།༢།༡༤ ལ་རྒྱ་ནག་ཏུ་འབྱོར་བ་རེད་ཅེས་དྷརྨ་ཤཱ་ལ་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་རེད། གསར་འགོད་གསལ་བསྒྲགས་གནང་བའི་ཉིན་གཅིག་རྗེས་ལ་རྒྱ་ནག་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཚོགས་པ་ཞེས་པ་ཞིག་ཡོད་མ་རེད། ང་ཚོ་དང་འབྲེལ་བ་ཡོད་པའི་ཉེ་བའི་གྲོགས་པོ་ཞིག་ཕེབས་ཀྱི་ཡོད་མ་གཏོགས་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཚོགས་པ་ཟེར་བ་ཡོད་མ་རེད། དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་གཏམ་བཤད་བྱས་ཡོད། དེས་གང་མཚོན་གྱི་ཡོད་རེད་ཅེ་ན། གོང་དུ་བཀའ་བློན་ཁྲི་པ་མཆོག་གིས་ཆབ་སྲིད་དབྱེ་འབྱེད་པ་ཚོས་རྒྱ་མིའི་ངོས་ནས་སྐུ་ཚབ་ཚོགས་པ་ཞེས་ལབ་པ་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་ཡོད་པ་གསུངས་ཀྱི་ཡོད་རེད་ཅེས་གསུངས་སོང༌། ཆབ་སྲིད་དབྱེ་འབྱེད་པ་མང་ཆེ་བས་གང་བྱས་པ་དེ་མཚམས་རེ་ཏག་ཏག་བསྡད་ཀྱི་ཡོད་མ་རེད་བསམ་གྱི་འདུག མང་ཆེ་བས་དགོས་མཁོ་དང་བསྟུན་ནས་རྒྱུ་མཚན་ལ་མ་བརྟག་པར་གསར་འགོད་གསལ་བསྒྲགས་བྱེད་ཀྱིན་ཡོད་རེད། ངས་གང་མཐོང་གི་འདུག་ཅེ་ན། རྒྱ་ནག་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཚོགས་པ་མ་ཡིན་པ་ཞིག་ཕལ་ཆེར་ཁོ་ཚོས་ངོས་འཛིན་བྱས་མེད་འགྲོ་བསམ་གྱི་འདུག ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་དེ་འདྲ་གསུངས་ཡོང་དུས་ཕལ་ཆེར་སྐུ་ཚབ་ཚོགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་བསམ་གྱི་འདུག གཉིས་ནས་སྐུ་ཚབ་ཚོགས་པ་ཐེངས་ལྔ་པ་དེ་ཕེབས་ནས་གནས་སྟངས་གང་ཆགས་ཡོད་མེད་དེ་གསར་འགོད་གསལ་བསྒྲགས་ནང་གསལ་པོ་འཁོད་ཡོད་གསུངས་སོང༌། གསར་འགོད་གསལ་བསྒྲགས་དེ་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་གནང་འདུག སྐུ་ཚབ་ཚོགས་པའི་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་གནང་བའི་དོན་ཚན་དྲུག་བྱས་པ་ཞིག་འཁོད་འདུག དོན་ཚན་དྲུག་དེ་ཞིབ་ཕྲ་ཀློག་སྐབས། དམིགས་བསལ་གྲུབ་འབྲས་སོན་ཡོད་པ་གང་ཡང་མཐོང་རྒྱུ་མི་འདུག སྤྱིར་བཏང་སྐུ་ཚབ་ཚོགས་མི་ཐེངས་སྔོན་མ་རྒྱ་ནག་དང་བོད་ལ་ཕེབས་པའི་བཀའ་མོལ་དང་གཅིག་མཚུངས་ལྟ་བུ་ཞིག་མ་གཏོགས། དེ་ལ་དམིགས་བསལ་བཀའ་མོལ་དང་ཆབ་སྲིད་གྲུབ་འབྲས་སོན་པ་གང་ཡང་མཐོང་རྒྱུ་མི་འདུག རྒྱ་ནག་ངོས་ནས་གང་བཤད་ཀྱི་ཡོད་རེད་ཅེ་ན། བོད་ནང་ཡར་རྒྱས་བཏང་ཡོད། ཡར་རྒྱས་འགྲོ་གི་ཡོད་རེད། དེ་ཡང་རྒྱལ་སྤྱིའི་གནས་སྟངས་ལ་དཔག་པའི་བཀའ་མོལ་ཞིག་གནང་བསྡད་ཀྱི་ཡོད་རེད། ཁོ་རང་ཚོའི་དཔལ་འབྱོར་ལ་ཇི་ཙམ་ཞིག་ཕན་གྱི་འདུག རྒྱ་ནག་གི་ཆེ་མཐོང་ལ་ཁྱད་པར་ཇི་ཙམ་འགྲོ་གི་འདུག དེ་འདྲའི་ཐོག་ལ་བལྟས་ནས་བཀའ་མོལ་གནང་བ་ཞིག་ལས་ང་ཚོ་བོད་རིགས་ཡོངས་རྫོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕན་པའི་འགྱུར་བ་ཕྱིན་པ་གང་ཡང་མཐོང་གི་མི་འདུག དེ་འདྲའི་འགྱུར་བ་ཕྱིན་མེད་པ་གཟིགས་བཞིན་དུ་ང་ཚོ་བཟང་སྤྱོད་ཀྱི་འོག་ལ་བསྐྱོད་བསྡད་ཀྱི་ཡོད་རེད་གསུངས་པ་ཡིན་ན། དེས་ཕན་གནོད་ག་འདྲ་ཞིག་བསྐྲུན་ཡོང་ངམ། ཡང་ན་མ་འོངས་པར་དེས་ཁེ་ཕན་ཞིག་ཐོབ་ཀྱི་རེད་དམ་ཞུ་རྒྱུ་ཡིན། བོད་ལ་ལོག་རྒྱུའི་བཀའ་མོལ་ཐོག་ནས་ཞུས་པ་ཡིན་ན་བོད་མི་སྒེར་འགྲོ་མཁན་མང་པོ་ཡོད་པ་དེ་བདེན་པ་རེད། དྲང་པོར་ཞུས་ན་ང་རང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ལ་ནུབ་ཕྱོགས་སུ་རྒྱ་མིའི་གཞུང་ཚབ་ཁང་དུ་ཕྱིན་པ་ཡིན། བོད་ལ་འགྲོ་བའི་ཆོག་མཆན་དགོས་ཞེས་ལབ་པ་ཡིན། ལབ་པའི་སྐབས་སུ་ཁོ་ཚོས་ཟླ་བ་དྲུག་བདུན་བརྒྱད་འགོར་གྱི་རེད། ཁོ་ཚོས་སྤྲད་པའི་འགེངས་ཤོག་དེའི་ནང་དུ་སྐད་ཡིག་རྒྱ་ཡིག་ནང་འཁོད་པ་ཤ་སྟག་ཅིག་ལས་བོད་ཡིག་ནང་འཁོད་པ་ཡོད་མ་རེད། རྒྱ་ཡིག་ཐོག་བྲིས་པ་དེ་ཚོ་ང་ཚོས་གང་ཡང་ཤེས་ཀྱི་ཡོད་མ་རེད། ང་ཚོ་བོད་དུ་འགྲོ་དགོས་དོན་དེ་གནོད་སྐྱེལ་ཀ་འགྲོ་བའི་འདུན་པ་གང་ཡང་ཡོད་མ་རེད། བོད་ལ་འགྲོ་བའི་ཆོག་མཆན་དང་འགེངས་ཤོག་སོགས་ལ་དཔྱད་སྐབས་རྒྱ་ནག་དེ་དམིགས་བསལ་གྱིས་ཡར་རྒྱས་ཕྱིན་པའི་རྣམ་པ་གང་ཡང་མཐོང་གི་མི་འདུག སོང་ཙང་མ་འོངས་པར་བཀའ་ཤག་འདི་དང་འབྲེལ་མོལ་ཚོགས་པ་བརྒྱུད་ནས་བོད་ལ་ཆབ་སྲིད་གནས་སྟངས་ཡར་རྒྱས་བཏང་བའི་ཐོག་ནས་བོད་མི་ཚོ་བོད་དུ་ལོག་ཐུབ་རྒྱུའི་འཆར་གཞི་དང་བཀའ་མོལ་གནང་གི་ཡོད་དམ་མེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བ་གང་ཡིན་གསལ་པོ་ཤེས་མ་སོང༌། ཡིན་ནའང་གསུང་བཤད་ཀྱི་ནང་ནས་དྲི་བ་མིན་འགྲོ་བསམ་པ་གཅིག་གཉིས་ཤིག་ལ་ལན་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། བཀུར་འོས་སྤྱི་འཐུས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་ཤིག་བྱས་འདུག་ཅེས་བཀའ་གནང་སོང༌། ངའི་བསམ་པར་དེ་ནི་གསར་འགོད་ཚོགས་འདུའི་ནང་གསར་འགོད་པའི་དྲི་བ་ལ་ལན་བརྒྱབས་པ་ཞིག་མ་གཏོགས། གསར་འགོད་གསལ་བསྒྲགས་བྱས་པ་ཞིག་ཡིན་གྱི་མ་རེད་བསམ་གྱི་ཡོད། བོད་ཀྱི་གནས་ཚུལ་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནས་ཚུལ་ཞིག་མ་གཏོགས་ཕྱི་འབྲེལ་གྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མི་འདུག བྱས་ཙང་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་མཉམ་དུ་མ་གཏོགས་ཕྱི་སྲིད་ལས་ཁུངས་ལ་འབྲེལ་བ་བྱེད་ཀྱི་ཡོད་མ་རེད། ཕྱི་སྲིད་ལས་ཁུངས་ཀྱིས་འཆར་ཅན་བཤད་པའི་ཚིག་བརྗོད་དེ་ཚོ་བོད་ཀྱི་དཀའ་རྙོག་བསལ་ནས་བཙན་བྱོལ་བོད་མི་རྣམས་བོད་དུ་ལོག་རྒྱུའི་གོ་སྐབས་ཤིག་མ་བྱུང་བར་འགྱུར་བ་གཏོང་གི་མ་རེད་བསམ་གྱི་འདུག
ཡང་སྐུ་ཚབ་ཡང་ཡང་ཕེབས་ནས་ཁེ་ཕན་ཡོང་གི་རེད་དམ་ཞེས་བཀའ་གནང་བའི་ཐད། ཁེ་ཕན་ངེས་པར་དུ་ཡོང་གི་རེད་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། རྒྱ་ཆེ་མང་ཚོགས་ཀྱི་འདོད་མོས་ལ་ལྟོས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་ཀྱི་ཐོག་ནས་མོས་མཐུན་རྒྱབ་སྐྱོར་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཀའ་ཤག་སྐབས་བཅིུས་པས་བཟོས་པའི་སྲིད་བྱུས་ཤིག་མ་རེད། བཀའ་ཤག་ལ་ྋགོང་ས་མཆོག་དང༌། གྲོས་ཚོགས་ཀྱིས་སྲིད་བྱུས་དེ་ལག་ལེན་དུ་བསྟར་རྒྱུའི་འགན་དབང་གནང་བ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལག་ལེན་དུ་བསྟར་དགོས་ཀྱི་ཡོད་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྐད་ཆ་བཤད་དགོས་ཀྱི་རེད། སྐད་ཆ་བཤད་དགོས་ན་སྐུ་ཚབ་ཀྱང་ཕེབས་དགོས་ཀྱི་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་གང་ཡང་མ་བྱས་པར་དབུ་མའི་ལམ་གྱི་སྲིད་བྱུས་དེ་མཆོད་ཤོམ་སྒང་ལ་བསྒྲིགས་ནས་སྤོས་དང་མཆོད་མེ་ཕུལ་ཏེ་ལག་བསྟར་ཐུབ་ཐབས་མི་འདུག སྐུ་ཚབ་ཕེབས་རྒྱུར་ཁེ་ཕན་མེད་པ་ཡིན་ན་ཁེ་ཕན་མི་འདུག མཚམས་འཇོག་བྱེད་དགོས་ཞེས་གྲོས་ཚོགས་ཀྱིས་ཐག་ཆོད་གནང་བ་ཡིན་ན་ང་ཚོ་བྱེད་བདེ་ཤོས་རེད། སྐུ་ཚབ་ཕེབས་མ་དགོས་ན་འགྲོ་གྲོན་ལོ་རེར་ཧིན་སྒོར་འབུམ་ལྔ་དྲུག་ཙམ་བསྲི་ཚགས་ཡོང་གི་རེད། འཛིན་སྐྱོང་གི་ཇི་སྲིད་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་རྩ་དོན་བསྒྲུབ་རྒྱུའི་སྲིད་བྱུས་ལ་འགྱུར་བ་མ་ཕྱིན་པ་དེ་སྲིད་སྐུ་ཚབ་ཕེབས་རྒྱུར་ཁེ་ཕན་ཡོད་པ་རང་ལ་ངོས་འཛིན་བྱས་ནས་མུ་མཐུད་གཏོང་གི་རེད། ཚོགས་དུས་སྔོན་མའི་ནང་ཞུས་ཟིན་པ་ལྟར་སྐུ་ཚབ་རྣམས་ཐེངས་བརྒྱ་ཉིས་བརྒྱ་སྟོང་ཕྲག་བར་དུ་གཏོང་དགོས་བྱུང་ཡང་གཏོང་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཧོར་གཙང་འཇིགས་མེད་ལགས་ནས།
དྲི་བ་ཁ་ཤས་ཤིག་གི་ལན་དེ་དཔལ་ལྡན་བཀའ་ཁྲི་མཆོག་ནས་གསལ་པོ་བཟོས་སོང༌། དྲི་བ་གཉིས་གསུམ་ཙམ་ཞིག་འདུག དང་པོ་ཉེ་ཆར་བཀའ་ཤག་གི་ཡིག་ཆ་ཁག་གཅིག་དང༌། གསུང་བཤད་གནང་བའི་སྐབས་ལ་ས་ཁོངས་མི་རིགས་རང་སྐྱོང་ཞེས་ཤུགས་ཆེན་པོ་བེད་སྤྱོད་བཏང་གི་ཡོད་པ་དེ་མཐོང་གི་འདུག དེ་རིང་གི་དོན་ཚན་དང་པོའི་ནང་དུ་མིང་དོན་མཚུངས་པའི་རང་སྐྱོང་གསུངས་འདུག བཀའ་ཤག་གི་ངོས་ནས་ཐ་སྙད་ཀྱི་དཀའ་རྙོག་སེལ་བའི་དོན་དུ་གསལ་བསྒྲགས་གནང་ཡོད་སྟབས། མིང་དོན་མཚུངས་པའི་རང་སྐྱོང་དང༌། ས་ཁོངས་མི་རིགས་རང་སྐྱོང་གཉིས་ལ་ཁྱད་པར་མེད་པ་ལ་གཟིགས་ཀྱི་ཡོད་དམ་ཞུ་རྒྱུ་ཡིན། གཉིས་པ་ལ་ལན་འདེབས་ལས་འཕྲོས་པའི་དྲི་བ་གློ་བུར་བ་ཞིག་བྱུང་བ་རེད། བཀའ་ལན་གྱི་ནང་དུ་ཞི་བའི་དོན་ཚན་ལྔ་དེ་ྋགོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་ཞིག་རེད་ཅེས་བཀའ་གནང་སོང༌། ང་ཚོའི་བསམ་བློ་གཏོང་སྟངས་བྱས་པ་ཡིན་ན་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཁན་དེ་ྋསྐྱབས་མགོན་རིན་པོ་ཆེ་རེད། བོད་རྒྱ་ཞི་མོལ་ཡོང་རྒྱུའི་རྩ་འཛིན་གྱི་སྲིད་བྱུས་ཡིག་ཆ་གལ་ཆེར་ཞིག་ཡིན་པ་ལས་ཐུགས་ཀྱི་འཆར་སྣང་ཞིག་ལ་གོ་ཐུབ་ཀྱི་མི་འདུག དེའི་ཐོག་ལ་གསལ་བཤད་ཅིག་གནང་རོགས་གནང༌།

བཀའ་ལན།
མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཚིག་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་ཚིག་ངོ་མ་དེ་རེད། ང་ཚོའི་ངོས་ནས་ད་ལྟ་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་མིང་ཙམ་མ་གཏོགས། དོན་ལ་མི་འདུག མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་ཞེས་རེ་འདུན་བཏོན་གྱི་ཡོད་རེད། མིང་དོན་མཚུངས་པའི་རང་སྐྱོང་དང༌། མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཚིག་གཉིས་ལ་རིང་ཐུང་གི་ཁྱད་པར་མ་གཏོགས་འགལ་བ་གང་ཡང་མེད། གང་ལྟར་ང་ཚོས་མངོན་འདོད་རྩོད་གླེང་བྱེད་རྒྱུ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་མི་རིགས་ས་གནས་རང་སྐྱོང་དེ་རང་རྩོད་ཀྱི་ཡོད་རེད། དེའང་མིང་ཙམ་མ་ཡིན་པར་མིང་དོན་མཚུངས་པ་ཞིག་དགོས་ཞེས་རྩོད་ཀྱི་ཡོད་རེད།
ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞི་བའི་དོན་ཚན་ལྔའི་ནང་ནས་དང་པོ་བོད་ས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། གཉིས་པ་བོད་ས་ཡོངས་རྫོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བར་བསྒྱུར་རྒྱུ་དེ་རེད། དེ་གཉིས་བོད་རྒྱ་ཞི་མོལ་དང་འགྲིགས་ཆགས་བྱུང་མིན་དང༌། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ག་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་རྒྱ་བོད་གཉིས་ཀས་བསྒྲུབ་དགོས་པའི་དོན་གནད་དགོངས་པའི་འཆར་སྣང་ཞིག་རེད། དེ་བཞིན་གསུམ་པ་མི་འབོར་སྤོ་ཤུགས་མཚམས་འཇོག་བྱ་རྒྱུ་དང༌། བཞི་པ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་གཉིས་པོ་དེའང་ཆབ་སྲིད་ཀྱི་འགྲིགས་ཆགས་བྱུང་མིན་ལ་མ་ལྟོས་པར་ལག་བསྟར་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་ལས་ཞི་མོལ་ལ་བྱུང་ན་ལག་བསྟར་མི་དགོས་པའི་གནད་དོན་ཞིག་མ་རེད། ལྔ་པ་མུ་མཐུད་འབྲེལ་མོལ་གནང་རྒྱུ་ཞེས་པ་དེ་ད་ལྟ་ང་ཚོས་ལག་བསྟར་བྱེད་བཞིན་པ་ཞིག་རེད། དོན་ཚན་དང་པོ་བཞི་བོད་རྒྱ་ཞི་མོལ་དང་ཐད་ཀར་འབྲེལ་བ་མེད་པ་དང༌། རྒྱ་བོད་གཉིས་ཀས་ཧ་ཅང་གལ་ཆེ་བ་བརྩི་དགོས་པའི་རྩ་དོན་ཞིག་ཡིན་པ་གསལ་པོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཞི་བའི་དོན་ཚན་ལྔ་དེ་བོད་རྒྱ་ཞི་མོལ་གྱི་གྲོས་གཞི་མ་རེད་ཅེས་བཀའ་ཤག་གིས་གསུམ་དུས་གཏམ་བཤད་ནང་གསལ་པོ་བཟོས་ཟིན་པ་ཡིན། གསུམ་དུས་ཀྱི་གཏམ་བཤད་ཚོ་བཀའ་ཤག་གི་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་པོ་ཞིག་ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པས་དེ་ལ་ཐུགས་སྣང་གནང་གི་ཡོད་མ་རེད། གང་ཡིན་ཞེ་ན། དེ་གྲོས་ཚོགས་མ་ཚོགས་པའི་གོང་དུ་བཀླགས་ཟིན་པ་ཞིག་རེད།

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
ང་རང་གི་བསམ་ཚུལ་ལ་བོད་རྒྱ་ཞི་མོལ་གྱི་སྐོར་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་བར་དུ་མཚམས་རེ་ཞི་མོལ་དགོས་ཀྱི་ཡོད་པ་འདྲ་པོ་དང༌། མཚམས་རེ་ཞི་མོལ་ལ་འདོད་པ་མེད་པ་འདྲ་པོ་གསུངས་བསྡད་ཀྱི་ཡོད་རེད། གང་ལྟར་མཚམས་རེ་ཡིན་པ་དང་མཚམས་རེ་མིན་པ་ལྟ་བུ་གསུངས་བཞུགས་བསྡད་རྒྱུ་དེ་ངའི་བསམ་བློར་རྩ་བའི་ྋསྐྱབས་མགོན་རིན་པོ་ཆེའི་མཛད་འཕྲིན་རེད། ཡང་སྒོས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་གནོན་ཤུགས་དེ་འདྲའི་གནད་དོན་ལ་བརྟེན་ནས་ཡིན་འདོག་མིན་འདོག་བྱས་ཏེ་དོན་དངོས་དུས་ཚོད་དེ་ཕར་འགྱངས་རང་བཏང་ནས་ལམ་དབུ་མའི་ཞི་མོལ་གྱི་ཐོག་ལ་དགོངས་པ་བཞེས་ཏེ་ཕྱག་ལེན་བསྟར་རྒྱུའི་འདོད་པ་མེད་པ་ལྟ་བུ་ཞིག་མཐོང་གི་འདུག དེ་འདྲ་ཡིན་དུས་དེའི་ཐོག་ལ་རང་གཞུང་ནས་གཟིགས་ཚུལ་དང་ཕྱག་ལས་གནང་སྟངས་གོང་དུ་གསལ་བཤད་མང་པོ་གནང་བས་གསལ་པོ་ཆགས་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཞི་མོལ་འདི་དངོས་སུ་གནང་རྒྱུའི་འདོད་མོས་འདུག་དགོངས་པ་ཞིག་གཟིགས་ཀྱི་ཡོད་དམ། ཡང་ན་རྒྱ་ནག་ནས་དུས་ཚོད་ཕར་འགྱངས་གཏོང་བའི་རང་གི་འདོད་པའི་ཐོག་ཏུ་འགྲོ་བསྡད་ཀྱི་འདུག་དགོངས་པ་ཡོད། དེ་གང་ལྟར་ཡིན་མིན་ཐོག་ལ་གསལ་བཤད་ཡག་པོ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ཚོ་དང་འབྲེལ་མོལ་གནང་བཞིན་པ་འདི་དུས་ཚོད་ནར་འགྱངས་གཏོང་ཆེད་མ་རེད་ཅེས་མཐའ་གཅིག་ཏུ་ཐག་བཅད་ནས་ཞུ་ཐུབ་ཀྱི་མེད། འོན་ཀྱང་ང་ཚོར་འབྲེལ་མོལ་གནང་ནས་དུས་ཚོད་ནར་འགྱངས་བཏང་བ་དང༌། ང་ཚོར་འབྲེལ་བ་གང་ཡང་མ་བྱས་པར་དུས་ཚོད་ནར་འགྱངས་བཏང་བ་གཉིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཁྱད་པར་གང་ཡང་ཡོད་མ་རེད། ང་ཚོ་དང་འབྲེལ་མོལ་མ་གནང་བར་དེ་སྔོན་ཡང་དུས་ཚོད་མང་པོ་ནར་འགྱངས་བཏང་ཟིན་པ་རེད་ལ། མ་འོངས་པར་ཡང་གཏང་ཐུབ་རྒྱུ་ཞིག་རེད། ང་ཚོར་འབྲེལ་མོལ་བྱ་རྒྱུའི་གོ་སྐབས་ཤིག་སྤྲད་པའི་སྐབས། དེའི་གོ་སྐབས་དེ་བླང་དང་མ་བླང་ཐག་གཅོད་ང་རང་ཚོས་བྱེད་དགོས་པ་ཞིག་རེད། གལ་སྲིད་གྲོས་ཚོགས་ཀྱིས་འབྲེལ་མོལ་མ་བྱེད་ཅེས་ཐག་གཅོད་ཅིག་གནང་བ་ཡིན་ན་འཛིན་སྐྱོང་གི་ངོས་ནས་འབྲེལ་མོལ་བྱེད་བཅུག་རོགས་ཞེས་ཞུ་དགོས་དོན་མེད། སྐུ་ཚབ་ཕེབས་མཁན་ཚོའང་དགའ་པོ་བྱས་ནས་ཕེབས་ཀྱི་ཡོད་མ་རེད་ལ། ང་ཚོས་ཀྱང་དགའ་པོ་བྱས་ནས་གཏོང་གི་ཡོད་མ་རེད། རྩ་དོན་གལ་ཆེན་ཞིག་ལ་ཐུག་པ་ཡིན་ཙང་གཏོང་གི་ཡོད་རེད། གོང་དུ་ཞུས་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཁ་ཤས་ཀྱིས་བོད་ཀྱི་གནད་དོན་ཞི་མོལ་གྱི་ལམ་ནས་ཐག་བཅད་དགོས་པར་གཟིགས་ནས་ཞི་མོལ་གནང་རྒྱུའི་འདུན་པ་ཡོད་པ་དང༌། དེའི་ལམ་ཞིག་རྙེད་པའི་རེ་བ་བྱས་ནས་ང་ཚོར་འབྲེལ་མོལ་གནང་གི་ཡོད་རེད་བསམ་གྱི་ཡོད། ང་ཚོས་འབྲེལ་མོལ་ཞུས་པ་ལ་བརྟེན་ནས་དུས་ཚོད་འགྱངས་པ་ཞིག་ངོས་འཛིན་གཏན་ནས་བྱེད་ཀྱི་མེད།

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ངའི་དྲི་བ་དང་པོ་དེ་འབྲེལ་མོལ་སྐུ་ཚབ་ཚོགས་པ་ཐེངས་བཞི་པའི་སྐབས་ཀྱི་མི་འགྲོའི་གྲངས་ཀ་དང་ཐེངས་ལྔ་པའི་སྐབས་ཀྱི་ཚོགས་མི་རང་འཇགས་བསྡད་ཡོད་དམ་མེད། བསྡད་མེད་ན་དེའི་རྒྱུ་མཚན་གང་ཆགས་ཀྱི་ཡོད་དམ་ཞུ་རྒྱུ་གཅིག་ཡིན།
གཉིས་པ། རང་གཞུང་གི་ནམ་རྒྱུན་རྩ་འཛིན་གྱི་ཡིག་ཆའི་ལུང་འདྲེན་གྱི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་རང་བཙན་མ་རྩོད་ན་གནས་ཚུལ་གཞན་དག་ཡོངས་རྫོགས་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་བྱ་འཐུས་ཞེས་པ་འདི་ནམ་རྒྱུན་བསྡོམས་ཚིག་ཅིག་གི་ཐོག་ནས་ལུང་འདྲེན་བྱེད་ཀྱི་ཡོད་རེད། ང་ཚོའི་ངོས་ནས་འབྲེལ་མོལ་སྐུ་ཚབ་དང་ད་ལྟ་རྒྱ་ཕྱོགས་ནས་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་གི་རྩ་འཛིན་གྱི་ལམ་སྟོན་དེ་བདག་པོ་བརྒྱབ་ཀྱི་ཡོད་པའི་རྣམ་པ་ཞིག་གཟིགས་ཀྱི་ཡོད་དམ་མེད། མེད་པ་ཡིན་ན་རྒྱལ་སྤྱིའི་ནང་ལུང་འདྲེན་དེ་ཡང་ཡང་སླེབས་པའི་གནས་ཚུལ་དེ་ག་འདྲ་ཆགས་ཀྱི་ཡོད་དམ་ཞུ་རྒྱུ་ཡིན།
གསུམ་པ། སོ་སོས་མ་ཤེས་པ་དང་སེམས་འཚབ་ཀྱི་ཐོག་ནས་ཞུ་རྒྱུ་ཞིག་ལ། གོང་དུ་ཕྱག་འབྲེལ་སྤྱི་འཐུས་ཤིག་གིས་གནང་བའི་དྲི་བའི་བཀའ་ལན་དུ་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཡོང་ཐབས་མེད་པའི་བརྡ་ལན་རྒྱ་ཕྱོགས་ནས་གསལ་པོ་གནང་ཡོད་མ་རེད་ཅེས་གསུངས་སོང་ལ། གསུངས་པ་དེ་ལ་གྲོས་ཚོགས་ཚོགས་མི་ཚང་མས་དགའ་བསུ་གནང་སོང༌། དགའ་བསུ་བྱེད་དགོས་རྒྱུ་ཞིག་རེད། ཡིན་ནའང་རང་གཞུང་གི་ཡིག་ཆའི་ནང་དུ་ཐ་སྙད་བེད་སྤྱོད་གཏོང་སྟངས་ཀྱི་བརྡ་ཁྱབ་ཀྱི་ནང་དུ། དེ་སྔ་ཐ་སྙད་བེད་སྤྱོད་བཏང་བསྡད་པའི་ཐ་སྙད་དང་བསྒྱུར་བཅོས་བཏང་བའི་རྗེས་ཀྱི་ཐ་སྙད་ནང་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞེས་བཟོས་གནང་འདུག་ན། ཐ་སྙད་དེ་གཉིས་དོན་དག་གི་ཆ་ལ་ཁྱད་པར་ཞིག་འགྲོ་གི་ཡོད་དམ་མེད། སོ་སོ་ཡིན་ན་ཁྱད་པར་ཆེན་པོ་ཞིག་འགྲོ་གི་ཡོད་པའི་ཚོར་བ་དང་ཀུན་རྟོག་ཅིག་ཡོང་བསྡད་ཀྱི་འདུག དེའི་ཐོག་ལ་རང་གཞུང་བཀའ་ཤག་ནས་གསལ་བཤད་ཅིག་གནང་རོགས་གནང༌།

བཀའ་ལན།
ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་ཆུང་ཕེབས་ཐེངས་བཞི་པའི་སྐབས་སུ་ཡོད་པའི་ཚོགས་མི་རྣམས་ཀྱི་ནང་ནས་མི་གཅིག་ཕེབས་ཐེངས་ལྔ་པའི་སྐབས་ཕེབས་ཐུབ་མེད། སྤྱིར་བཏང་ཕེབས་ཐེངས་དང་པོ་ནས་ཕེབས་ཐེངས་ལྔ་པའི་བར་ཚོགས་མི་བཞི་འགྱུར་བ་མ་ཕྱིན་པར་གཏན་འཇགས་སུ་ཡོད་ནའང་ཕེབས་ཐེངས་བཞི་པའི་སྐབས་ཚོགས་མི་གཅིག་གསར་སྣོན་བྱེད་རྒྱུ་བྱུང་བ་དེ་ཕེབས་ཐེངས་ལྔ་པའི་སྐབས་ཕེབས་ཐུབ་ཡོད་མ་རེད། དེའི་རྒྱུ་མཚན་ནི་ཁོང་སུད་སིའི་རྒྱལ་ས་སྦན་དུ་འབྲེལ་མོལ་གནང་བའི་སྐབས་ཚོགས་ཆུང་མཉམ་ཕེབས་རྒྱུའི་གོ་སྐབས་ཕུལ་ཡོད་ཀྱང་སུད་སི་འབྲེལ་མོལ་ནས་ཕྱིར་ལོག་བྱས་པའི་བདུན་ཕྲག་རྗེས་མ་དེར་ཐེ་ཝན་གྱི་སྲིད་འཛིན་དྲེན་ཤུའི་བན་དང་མཉམ་དུ་སྡིངས་ཆ་གཅིག་གི་ཐོག་ནས་གཏམ་བཤད་བྱས་སོང༌། དེ་ལ་བརྟེན་ནས་ཕེབས་ཐེངས་ལྔ་པའི་སྐབས་ཁོང་ཕེབས་ན་མི་འགྲིགས་ཞེས་བཤད་པ་རེད། ཡིན་ནའང་ཕེབས་ཐེངས་ལྔ་པའི་ནང་ངོས་ལེན་མ་བྱས་པ་མ་གཏོགས་འབྱུང་འགྱུར་གཏན་ནས་ཡོང་མི་ཆོག་པའི་གནས་ཚུལ་དེ་འདྲ་གང་ཡང་བཤད་མི་འདུག
ང་ཚོས་རྒྱུན་དུ་ལུང་འདྲེན་བྱས་པའི་སྐུ་ཞབས་ཏིང་ཞའོ་ཕིང་གི་བཀའ་མོལ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེ་འདྲ་གསུངས་ཡོད་མ་རེད་ཅེས་ནམ་ཡང་བཤད་ཀྱི་མི་འདུག གནད་དོན་དེ་ཡོང་རྒྱུ་མེད་པ་ཞིག་རེད་ཀྱང་ཟེར་གྱི་མི་འདུག ལུང་འདྲེན་དེ་ཕྱོགས་གཉིས་ཀས་བྱེད་ཀྱི་ཡོད་རེད། འོན་ཀྱང་ཏིང་ཞའོ་ཕིང་གིས་བཀའ་མོལ་དེ་གནང་བའི་སྐབས་ཀྱི་གནས་སྟངས་དང་ད་ལྟའི་སྐབས་ཀྱི་གནས་སྟངས་གཉིས་ཀྱི་བར་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང༌། འགྱུར་བ་དེའང་བོད་མིའི་ངོས་ནས་བཏང་བ་མ་གཏོགས་རྒྱ་མིའི་ངོས་ནས་བཏང་མེད་ཅེས་བཤད་ཀྱི་འདུག དེའི་སྐབས་ཏིང་ཞའོ་ཕིང་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་གསུངས་ཡོད་ཀྱང་བོད་པའི་ངོས་ནས་ལྷག་བསམ་རྣམ་དག་གིས་ཡ་ལན་མ་བྱས་པ་ཡིན་ཙང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསྐྱར་ཞིབ་མ་བྱས་ཐབས་མེད་ཅིག་ཆགས་ཚུལ་བཤད་ཀྱི་ཡོད་རེད། གང་ལྟར་ལུང་འདྲེན་དེ་ད་ལྟའང་གལ་ཆེན་པོ་ཡིན་པར་ངོས་འཛིན་གྱི་ཡོད། གང་ཡིན་ཞེ་ན་ཁོང་གི་བཀའ་མོལ་དེ་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རང་བཙན་རྩོད་གླེང་མི་གནང་རྒྱུ་དང༌། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་ན་འཐུས་པའི་ཐག་གཅོད་དེ་གནང་བ་རེད། གཞི་རྩའི་བཀའ་མོལ་དེ་མེད་པ་ཡིན་ན་ང་ཚོས་ཐག་གཅོད་དེ་འདྲ་བྱེད་རྒྱུ་ཁག་པོ་རེད། རང་བཙན་མ་རྩོད་པའི་རྗེས་སུ་དེ་ལས་ལྷག་ཙམ་ཞིག་བོད་མི་རྣམས་ལ་ཁེ་ཕན་ཞིག་འཐོབ་དགོས་ཀྱི་རེད། གནས་ཚུལ་གཞན་པ་ཚང་མ་གོ་བསྡུར་བྱེད་ཆོག་གི་རེད་ཅེས་གསུངས་པ་ཡིན་ཙང༌། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་ཀྱི་གོང་བུ་ཞིག་དགོས་པ་དེའང་གོ་བསྡུར་བྱེད་ཆོག་གི་ཡོད་པ་གཞི་བཞག་བྱས་ནས་རང་བཙན་རྩོད་གླེང་མི་བྱེད་པའི་ཐག་གཅོད་གནང་བ་ཞིག་རེད། བྱས་ཙང་བཀའ་མོལ་དེ་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ལུང་འདྲེན་བྱེད་དགོས་པའི་གལ་ཆེའི་བཀའ་མོལ་ཞིག་རེད་བསམ་གྱི་ཡོད།
ཡང་ཐ་སྙད་བེད་སྤྱོད་བྱེད་སྟངས་འགྱུར་བ་ཕྱིན་འདུག་ཅེས་བཀའ་གནང་སོང༌། ཐ་སྙད་བེད་སྤྱོད་བྱེད་སྟངས་ལ་འགྱུར་བ་གང་ཡང་ཕྱིན་ཡོད་མ་རེད། ཐ་སྙད་བེད་སྤྱོད་གཅིག་གྱུར་དགོས་ཀྱི་འདུག་ཅེས་བཤད་པ་ཡིན། ཆོལ་གསུམ་གྱི་ཐ་སྙད་བེད་སྤྱོད་གཏོང་དགོས་གར་ཡོད་ལ་མུ་མཐུད་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་མི་རིགས་ས་གནས་རང་སྐྱོང་གི་སྐད་ཆ་བཤད་སྐབས་བོད་རིགས་ཡོངས་སུ་རྫོགས་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་དེང་སྐབས་ཆོལ་གསུམ་གང་གི་ཁོངས་སུ་མ་གཏོགས་པའི་བོད་རིགས་གང་འཚམས་ཤིག་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༢༠༠༠ ལོའི་མི་འབོར་གྲངས་བཤེར་ལ་གཟིགས་པ་ཡིན་ན་བོད་རིགས་མི་ཉུང་བ་ཞིག་ཆོལ་གསུམ་གྱི་ཕྱི་ལ་བསྡད་ཡོད་པ་རེད། དེ་ཙམ་མ་ཟད་ཆོལ་ཁ་གསུམ་གྱི་ས་ཁྱོན་གྱི་ནང་དུ་བོད་རིགས་ལས་བོད་རིགས་མིན་པའི་མི་འབོར་མང་བ་ཆགས་ཡོད། ཆོལ་གསུམ་ཞེས་པའི་ཐ་སྙད་དེ་ས་ཁྱོན་དང་འབྲེལ་བ་ཆེ་བའི་ཐ་སྙད་ཅིག་ཡིན་ཙང་མི་རིགས་ས་གནས་རང་སྐྱོང་གི་གནས་ཚུལ་བཤད་སྐབས་མི་རིགས་ཞེས་པའི་ཚིག་དེ་ངེས་པར་དུ་བེད་སྤྱོད་བྱེད་དགོས་པ་དེ་ཁྲིམས་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གལ་ཆེན་པོ་རེད། དེར་བརྟེན་བོད་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དགོས་ཞེས་བཤད་དུས་ཆོལ་གསུམ་གྱི་ཐ་སྙད་བེད་སྤྱོད་མ་བྱས་པ་དེའི་དབང་གིས་ཐ་སྙད་ལ་འགྱུར་བ་འགྲོ་དོན་ཡོད་མ་རེད། ཆོལ་གསུམ་ཞེས་པའི་ཐ་སྙད་དེ་འགྱུར་བ་གང་ཡང་མེད་པར་རང་འཇགས་བསྡད་ཡོད། ཐ་སྙད་དེ་ནི་འདས་པའི་བྱུང་བའི་ནང་ཡོད་པ་དང༌། ད་ལྟ་ང་ཚོས་བེད་སྤྱོད་གཏོང་བཞིན་པ། མ་འོངས་པར་ཡང་བེད་སྤྱོད་གཏོང་དགོས་པའི་ཐ་སྙད་ཅིག་རེད། ཐ་སྙད་དེ་སྐབས་དོན་བྱེ་བྲག་པ་འགའ་ཤས་ལ་བཀོལ་སྤྱོད་མ་བྱས་པ་དེའི་དབང་གིས་ཐ་སྙད་འགྱུར་འགྲོ་རྒྱུ་གང་ཡང་མེད། བཙན་བྱོལ་གཞུང་གི་ལས་དོན་རྣམས་སྒྲིག་འཛུགས་ཚད་ལྡན་ཞིག་གི་ལས་ཀ་ཡིན་པར་མངོན་དགོས་ཀྱི་ཡོད་ན་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་ཐ་སྙད་བེད་སྤྱོད་གཏོང་ས་མ་ནོར་བ་དང༌། གཅིག་གྱུར་གཏོང་དགོས་པ་གལ་ཆེན་པོ་ཡིན་པར་མཐོང་གི་ཡོད།

སྤྱི་འཐུས་ངག་དབང་བསྟན་པ་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་ ༨ པའི་ཐོག་ལ་ནམ་རྒྱུན་རང་ཉིད་ནས་གལ་གནད་ཆེན་པོ་བརྩི་བ་དང་དྭོགས་པ་སེམས་འཚབ་ཡོད་པ་ཞིག་གསལ་པོར་བཟོས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་དོན་ཚན་གཉིས་པའི་ཐོག་ལ་ཞུ་རྒྱུ་ཡིན། ཞི་མོལ་འགོ་ཚུགས་ཐུབ་མེད་ཅེས་གསུངས་པ་དང༌། ཡང་གྲོས་མོལ་མུ་མཐུད་ནས་བྱ་རྒྱུ་ཡིན་ཞེས་གསུངས་འདུག སྐུ་ཚབ་ཐེངས་ལྔ་པའི་བར་དུ་ཡུལ་སྐོར་སྤྲོ་འཆམ་ལྟ་བུ་ཞིག་མངོན་གྱི་ཡོད་ཀྱི་རེད། དོན་དག་ཆུང་ཆུང་ཡོང་སྲིད་ཀྱི་རེད་ལ། ཆེན་པོ་ཡང་ཡོང་སྲིད་ཀྱི་རེད། ཐུགས་ཁག་ཡོད་མ་རེད། ཡིན་ནའང་དྲི་བ་གསུམ་ཙམ་ཞིག་ཞུ་འདོད་བྱུང༌།
སྐུ་ཚབ་འགྲོ་མཁན་རྣམས་ཐེངས་མང་འགྱུར་བ་བཏང་བ་དེ་གསལ་པོ་ཆགས་སོང༌། སྐུ་ཚབ་ཚོགས་གཙོ་རྒྱ་རི་རིན་པོ་ཆེས་ཉེ་ཆར་གསལ་པོར་བྱས་ནས་དམིགས་བསལ་སྐུ་ཚབ་ནས་དགོངས་པ་ཞུ་གི་ཡོད་ཅེས་བརྒྱུད་ལམ་ཐོག་ནས་གསུངས་སོང༌། དགོངས་ཞུ་དགོས་དོན་གང་ཡིན་ནམ་བསམས་ནས་ང་ཚོ་ཡང་སེམས་འཚབ་ཆེན་པོ་བྱུང༌། གང་ཡིན་ཞེ་ན་དོན་ཆེན་ཞིག་ཡིན་པར་བརྟེན་སྐུ་ཚབ་ངོ་མ་ཕེབས་མེད་པའི་བཟོ་འདྲ་ཞིག་འདུག་པས་དེའི་ཐོག་བཀའ་ཤག་ནས་ངོ་མ་གང་ཡིན་གྱི་གསལ་བཤད་གནང་རོགས་གནང་ཞུ་རྒྱུ་ཡིན།
སོ་སོའི་དྭོགས་པ་ལ་བལྟས་དུས་ཞི་མོལ་དང་གྲོས་མོལ་ཞེས་པ་དེ་གསལ་པོ་ཤེས་ཐུབ་ཀྱི་མི་འདུག བོད་རང་སྐྱོང་ལྗོངས་ཡོད་བཞིན་པ་རེད། རྒྱ་སྡེ་བོད་སྡེ་ཟེར་བ་དེའི་ཐོག་ནས་འགྲིག་གི་མེད་པ་རེད་དམ། ག་རེའི་ཐོག་ནས་ཞི་མོལ་འགོ་འཛུགས་ཀྱི་ཡོད་དམ་ཞུ་རྒྱུ་ཡིན། བོད་དེ་ཆོལ་ཁ་གསུམ་དང་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་རེད། དེའི་ཐོག་ནས་ཁས་ལེན་བྱེད་ཀྱི་མེད་པ་རེད་དམ། རྒྱུ་མཚན་ཞིག་དགོས་ཀྱི་ཡོད་རེད་མ་གཏོགས་གྲོས་མོལ་དེ་ཐག་རིང་དུ་རིང་དུ་སོང་བ་ལྟ་བུའི་བློ་འཚབ་ཡོང་གི་འདུག་ཞུ་རྒྱུ་ཡིན།
བོད་ནང་དུ་ལོ་ལྟར་སློབ་གསོ་བཏང་ནས་དགེ་འདུན་པ་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ནས་རང་དབང་ཐོག་ཡར་རྒྱས་འགྲོ་བའི་རྣམ་པ་རྩ་ནས་མེད་པ་ཞིག་ཡོད་རེད། སློབ་གསོ་དེ་ཡང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་དུས་དོན་དུ་དགེ་འདུན་པ་རྣམས་ལ་དཀའ་ངལ་སྤྲད་ཀྱི་ཡོད་རེད། དོན་དག་ག་འདྲ་ཞིག་གི་ཐོག་ནས་ཁོ་ཚོར་འགྲིག་གི་ཡོད་མ་རེད། ཞི་མོལ་ཞེས་པ་དེའི་ཐོག་ལ་བཀའ་ལན་གསལ་པོ་ཞིག་དང༌། གྲོས་མོལ་ག་འདྲ་ཞིག་འགྲོ་བསྡད་ཀྱི་ཡོད་མེད་ཐོག་ལ་གསལ་བཤད་གནང་རོགས།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་དམིགས་བསལ་སྐུ་ཚབ་དགོངས་པ་ཞུས་པ་རེད་ཅེས་གསར་ཤོག་ནང་ཐོན་འདུག་ཀྱང་དགོངས་པ་མ་ཞུས་པར་ད་རེས་རྒྱ་ནག་ལ་ཕེབས་པ་དེ་ག་འདྲ་རེད་ཅེས་གསུངས་པའི་ཐད། དམིགས་བསལ་སྐུ་ཚབ་དགོངས་པ་ཞུས་ཚུལ་གསར་ཤོག་ཏུ་ཐོན་པ་ངས་ཤེས་མ་སོང༌། ཤེས་དགོས་དོན་ཡང་མེད་པ་རེད། དམིགས་བསལ་སྐུ་ཚབ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་བསྐོས་གནང་རྒྱུ་ཞིག་ཡིན་ཙང༌། བཀའ་ཤག་དང་འབྲེལ་བ་མེད།
ཞི་མོལ་འགོ་ཚུགས་པ་རེད་ཅེས་ལབ་མི་ཆོག་པའི་རྒྱུ་མཚན་གང་རེད་ཅེས་གསུངས་པའི་ཐད། དེ་སྔོན་ནས་དབྱིན་སྐད་དུ་ Negotiation ཟེར་བ་དེ་ལ་བོད་སྐད་དུ་ཞི་མོལ་ཞེས་བེད་སྤྱོད་བཏང་འདུག དེ་འགྱུར་ལེགས་པོ་ཞིག་ཡིན་མིན་མ་ཤེས་ཀྱང་ཡིག་ཆ་མང་པོའི་ནང་བེད་སྤྱོད་བྱས་ཟིན་པ་ཡིན་ཙང་ང་ཚོས་ཐ་སྙད་དེ་རང་འཇགས་བཞག་པ་རེད། ལར་ནས། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར། །ཞེས་གསུངས་པ་ལྟར་སྨྲ་བ་པོའི་བརྗོད་འདོད་ལ་ལྟོས་ཏེ་སྦྱར་ན་འགྲིགས་པར་མཐོང་ནས་དེ་ལྟར་བེད་སྤྱོད་བྱེད་ཀྱི་ཡོད། ཡང་དབྱིན་སྐད་དུ་ Dialogue ཞེས་པ་ཞིག་ཡོད་པ་དེ་བོད་སྐད་དུ་སྒྱུར་སྐབས་འབྲེལ་མོལ་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་པ་རེད། Negotiation ཞེས་པ་གནད་དོན་བྱེ་བྲག་པའི་ཐོག་ཕྱོགས་གཉིས་ནས་མོས་མཐུན་ཡོང་ཐབས་སུ་ཚོང་སྒྲིག་པ་ལྟ་བུའི་ཆིངས་སྒྲིག་བྱེད་རྒྱུ་ཞིག་ལ་གོ་དགོས། དེ་འདྲའི་ཆིངས་སྒྲིག་བྱེད་རྒྱུ་མེད་པར་ཕན་ཚུན་གསལ་བཤད་དང་བགྲོ་གླེང་ལྟ་བུའི་རིགས་ལ་ Dialogue ཟེར་གྱི་ཡོད། དེར་བརྟེན་ད་ལྟ་ང་ཚོ་འབྲེལ་མོལ་གནང་བཞིན་པ་མ་གཏོགས་ཞི་མོལ་འགོ་འཛུགས་ཐུབ་མེད་ཅེས་བཤད་ཀྱི་ཡོད།
ཡང་སྐུ་ཚབ་ཚོགས་ཆུང་ཐེངས་གཅིག་གཉིས་ཤིག་ཕེབས་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་དགོས་པའི་དགོངས་པ་བཞེས་ཀྱི་ཡོད་ན། དེ་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཞིབ་ཚགས་མ་གཟིགས་པའི་དབང་གིས་བྱུང་བ་རེད། འཛམ་གླིང་ནང་ཆབ་སྲིད་ཀྱི་འགལ་ཟླ་ཡོད་མཁན་ཧ་ཅང་མང་པོ་ཡོད་ཀྱང་དེ་ཚོ་སུས་ཀྱང་སྐད་ཆ་ཐེངས་བཞི་ལྔ་ཙམ་བཤད་ནས་ཐག་ཆོད་མ་བྱུང་ན་སེམས་ཤུགས་ཆག་ནས་སྡོད་མཁན་སུའང་ཡོད་མ་རེད། ང་ཚོའི་འབྲེལ་མོལ་འགོ་ཚུགས་ནས་དུས་ཚོད་ལོ་བཞི་དང་ཕྱེད་ཙམ་ལས་ཕྱིན་མེད་ཅིང༌། ཕེབས་ཐེངས་ལྔ་ལས་ཕྱིན་མེད། གྲོས་ཚོགས་ཚོགས་དུས་སྔོན་མའི་སྐབས་ངས་སྐུ་ཚབ་ཚོགས་ཆུང་ཐེངས་བརྒྱ་ཕེབས་དགོས་བྱུང་ཡང་ཕེབས་རྒྱུ་ཡིན་ཞེས་ཞུས་ཡོད། ཐེངས་ལྔ་ལ་ཐག་ཆོད་མ་བྱུང་བའི་དབང་གིས་ཡིད་ཐང་ཆད་དགོས་པ་ཞིག་ཡིན་པར་བཀའ་ཤག་གིས་ངོས་འཛིན་བྱེད་ཀྱི་མེད།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ནས།
མིང་དོན་མཚུངས་པའི་རང་སྐྱོང་དང་བོད་རྒྱ་ཞི་མོལ་གྱི་སྐོར་ལ་ཞུ་དགོས་པ་ཆགས་ཀྱི་འདུག གོང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་དྲི་བའི་ལན་ལས་འཕྲོས་པའི་དྲི་བ་ཁག་གཅིག་ཆགས་ཀྱི་འདུག མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དེ་བོད་རིགས་ཡོངས་སུ་རྫོགས་པ་ལ་གོ་དགོས་རེད་གསུངས་པ་རེད། རྩ་འཛིན་ཡིག་ཆ་དེའི་ནང་དུ་ཚད་མཐོའི་རང་སྲིད་རང་སྐྱོང་ཞེས་པ་དེ་མ་བརྗོད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞེས་གཅིག་གྱུར་གྱི་ཐོག་ནས་བེད་སྤྱོད་གཏོང་དགོས་ཞེས་གསུངས་པ་རེད། དེ་འདྲ་ཡིན་ཙང་བོད་རིགས་ཡོངས་སུ་རྫོགས་པ་དེ་གོང་དུ་འགྲེལ་བཤད་གསུང་སྟངས་ལ་བོད་པའི་སྤྱི་ཚོགས་ཀྱི་ནང་དུའང་ཆོལ་ཁ་གསུམ་མ་གཏོགས་པའི་བོད་པ་ཁ་ཤས་ཤིག་ཡོད་པ་དེ་ཚོ་ལ་དགོངས་པ་བཞེས་པ་ཡིན་གསུངས་པ་རེད། བོད་རིགས་ཞེས་པ་དེ་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་ཡོད་རེད། བོད་རིགས་ཡོངས་སུ་རྫོགས་པ་ལ་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་རྒྱ་མི་ལ་ཡོད་རེད་མ་མ་རེད་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་སྔོན་མའི་ནང་དུ་བཀའ་ཁྲི་མཆོག་ནས་གང་གསུངས་པའི་ཐོག་ལ་ཚོར་སྣང་ཞིག་འདུག བཀའ་ཁྲི་མཆོག་ནས་ད་དུང་ཐེངས་བརྒྱ་དང་སྟོང་འགྲོ་དགོས་ནའང་འགྲོ་རྒྱུ་རེད་ཅེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་ཞིག་གི་ཐོག་ནས་གསུང་སྟངས་ཤིག་རེད། ཡིན་ནའང་ཚོགས་དུས་སྔོན་མའི་སྐབས་སུ་དཔལ་ལྡན་བཀའ་ཁྲི་མཆོག་གིས་གསུང་སྟངས་ཀྱི་རྣམ་འགྱུར་ཡང་ད་ལྟ་ཆ་ཚང་ཤར་ཡོང་གི་འདུག སྐུ་ཚབ་ཐེངས་ལྔ་པའི་ཐོག་ནས་ཞི་མོལ་ཡོང་མིན་བཟང་ཐག་ངན་ཐག་ཆད་འགྲོ་གི་རེད་ཅེས་གསུངས་སོང་བས། ད་ལྟའི་ཐེངས་ལྔ་པའི་སྐབས་ལ་བཟང་ཐག་ངན་ཐག་ཆོད་འགྲོ་བ་དེ་འདྲ་གང་ཡང་མི་འདུག སྐུ་ཚབ་ཐེངས་ལྔ་པ་རྒྱ་ནག་ལ་ཕེབས་རྗེས་སུ་ཚུར་དྷ་སར་ཕེབས་ནས་ྋསྐྱབས་མགོན་རིན་པོ་ཆེ་ལ་སྐུ་བཅར་ཞུས་ཚར་བའི་རྗེས་ལ་ཚོགས་གཙོ་རྣམ་པ་གཉིས་ཀྱི་གསུང་སྟངས་ལ་གཞིགས་པ་ཡིན་ན། བཀའ་བློན་ཁྲི་པ་མཉམ་དུ་ཡོད་ཅེས་དེ་འདྲ་ཞིག་དྲན་བསྡད་ཀྱི་འདུག སྐབས་དེ་དུས་སྐུ་ཚབ་རྣམ་པས་གང་གསུངས་པ་དང་སྙན་གསན་གང་ཞུས་འདུག་ཅེ་ན། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བ་ཟེར་བ་དེ་རྩ་ནས་ཡོང་རྒྱུ་ཡོད་པ་ཞིག་མ་རེད། བོད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་ཟེར་བ་དེ་རྩ་ནས་ཡོང་ཐབས་ཡོད་མ་རེད་ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་གསུངས་ཀྱི་འདུག་ཅེས་སྙན་གསན་ཞུས་འདུག དེ་ང་ཚོ་སྤྱི་འཐུས་རྒྱུན་ལས་ལ་ཚོགས་གཙོ་རྣམ་པ་གཉིས་ཀྱིས་གསུངས་སོང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་དེ་འདྲའི་ཚིག་ཐག་ཆོད་པོས་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བ་དེ་ཡོང་གི་མ་རེད་ཅེས་ཐག་གཅོད་བྱས་ཡོད་པ་དེ་འདྲ་བཤད་ཀྱི་ཡོད་པ་ཡིན་ན་བསམ་བློ་གཞན་ཞིག་གཏོང་དགོས་པའི་གནས་སྟངས་ཤིག་ཕལ་ཆེར་ཆགས་བསྡད་ཡོད་རེད་མ་གཏོགས། དེ་འདྲ་བཤད་པ་ཡིན་ན་འགྲིག་གི་ཡོད་མ་རེད་ཅེས་གོང་དུ་གསུངས་པ་དང༌། དེ་འདྲ་གསུངས་ཡོད་མ་རེད་ཅེས་གསུངས་སོང༌། བྱས་ཙང་སྙན་གསན་ཞུ་མཁན་གྱིས་ཞུ་སྟངས་མི་འདྲ་བ་གཉིས་ཞུས་པ་ཡིན་ནམ། སྙན་གསན་ཞུ་སྟངས་གཅིག་ལ་གསན་མཁན་མི་འདྲ་བ་གཉིས་ཀྱིས་གསན་སྟངས་མི་འདྲ་བ་གཉིས་ཆགས་པ་རེད། དེ་ག་འདྲ་ཞིག་ཆགས་པ་ཡིན་ནམ་ཞུ་རྒྱུ་ཡིན། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་ལ་ཞི་བའི་དོན་ཚན་ལྔ་ལས་དང་པོ་དེ་བོད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དེ་ཐུགས་ཀྱི་འཆར་སྣང་རེད། བོད་རྒྱ་ཞི་མོལ་བྱུང་ན་རུང་མ་བྱུང་ན་རུང་བོད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་ལ་དགོངས་པ་དེ་བཞེས་ཀྱི་ཡོད་རེད། དེའི་ལམ་དུ་འགྲོ་དགོས་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་པ་ཞིག་གོང་དུ་གསུངས་པ་བཞིན་རེད། རྒྱ་མིས་བོད་ཞི་བའི་བསྟི་གནས་སུ་སྒྱུར་ཐབས་རྩ་ནས་ཡོད་མ་རེད་ཅེས་སྐུ་ཚབ་རྣམ་པ་ལ་ཞུས་པ་རེད། ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དེ་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་དགོས་འདུན་དོན་ཚན་གཅིག་ཆགས་བསྡད་ཀྱི་ཡོད་རེད། བྱས་ཙང་ཞི་བའི་བསྟི་གནས་སུ་སྒྱུར་ཐབས་ཡོད་མ་རེད་ཅེས་རྒྱ་མིས་བཤད་དུས། ང་ཚོ་ལ་ཡོང་རྒྱུའི་ཐབས་ལམ་ག་འདྲ་ཞིག་ཡོད་རེད། དེ་རིང་གོ་སྐབས་ཞུ་བ་འདིའི་བརྒྱུད་ནས་ང་ཚོ་ལ་བློ་དྭོགས་མང་པོ་ཡོད་རེད། རྩ་འཛིན་གྱི་ཡིག་ཆའི་ནང་དུ་ཆོལ་ཁ་གསུམ་འབོད་རྒྱུ་ཡོད་མ་རེད། བོད་རིགས་ཡོངས་རྫོགས་ཟེར་དགོས་པ་དང༌། བོད་དང་བོད་ཆེན་པོ་ལབ་རྒྱུ་ཡོད་མ་རེད་ཟེར་བ། པཎ་ཆེན་རྫུན་མ་ལབ་རྒྱུ་ཡོད་མ་རེད་ཟེར་བ། རྒྱ་དམར་ལ་རྒྱ་དམར་ལབ་རྒྱུ་ཡོད་མ་རེད་ཟེར་བ་དེ་འདྲའི་རིགས་ཡོད་སྟབས། གོང་དུ་ཞུས་པ་དེ་དག་བློ་དྭོགས་ཤིག་སྟེ་དེ་དག་ལ་གསལ་བཤད་རྒྱུ་མཚན་དང་ལྡན་པ་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
གསོལ་ཇའི་བར་མཚམས་བཞག་པ་སོང་ཙང་དྲི་བ་ཁ་ཤས་བརྗེད་འདུག བོད་རིགས་ཡོངས་རྫོགས་ཟེར་དུས་རྒྱ་གར་དང་བལ་ཡུལ་གྱི་ཡུལ་མི་ཡིན་པའི་མི་རིགས་བོད་རིགས་ཡིན་མཁན་ཚོའང་ཚུད་དགོས་རེད་དམ་ཞེས་བཀའ་གནང་བའི་ཐད། བོད་རིགས་ཡོངས་རྫོགས་ཟེར་བའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་འཛིན་བྱས་པའི་གྲངས་ཉུང་མི་རིགས་ ༥༥ ནང་གི་བོད་རིགས་ཀྱི་སྐོར་བཤད་ཀྱི་ཡོད་པ་མ་གཏོགས། རྒྱ་གར་དང་བལ་ཡུལ་གྱི་ཡུལ་མི་ཡིན་པའི་བོད་རིགས་ཀྱི་སྐད་ཆ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་ཐག་གཅོད་བྱེད་རྒྱུ་རྒྱ་ནག་མི་དངས་སྤྱི་མཐུན་རྒྱལ་ཁབ་ལ་ལྟོས་དགོས་པ་མ་གཏོགས། རྒྱ་གར་དང་བལ་ཡུལ་གྱི་ཡུལ་མི་ཚོའི་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་གང་ཡང་མེད།
སྐུ་ཚབ་ཚོགས་ཆུང་ཕེབས་ཐེངས་ལྔ་པའི་སྐབས་ལ་བཟང་ཐག་ངན་ཐག་ཆོད་ཀྱི་རེད་ཅེས་ངས་ལག་པ་ཡང་གཡུགས་ནས་ཞུས་སོང་ཞེས་བཀའ་གནང་སོང༌། ཕེབས་ཐེངས་ལྔ་པའི་སྐོར་ངས་གྲོས་ཚོགས་ནང་བཀའ་མོལ་ཞུས་པ་ཞིག་རྩ་བ་ནས་དྲན་གྱི་མི་འདུག གྲོས་ཚོགས་ཚོགས་དུས་སྔོན་མའི་སྐབས་སྐུ་ཚབ་ཕེབས་ཐེངས་ལྔ་པ་ནམ་ཕེབས་ཀྱི་འཆར་གཞི་ཙམ་ཡང་ཡོད་མ་རེད། བྱས་ཙང་ངས་དེའི་སྐོར་ཞུ་དགོས་དོན་མེད་པ་ཞིག་རེད། ཡིན་ནའང་བཀུར་འོས་སྤྱི་འཐུས་མཆོག་གིས་ཐུགས་ཐག་ཆོད་པོའི་ཐོག་ནས་གསུངས་པ་སོང་ཙང༌། ངས་དེ་བདེན་པ་མ་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག གྲོས་ཚོགས་ཀྱི་དེབ་ཐེར་ལ་ཞིབ་འཇུག་གནང་རྒྱུ་རེད། གལ་སྲིད་ངས་དེ་འདྲ་ཞུས་ཡོད་པ་ཡིན་ན་ནོར་འཁྲུལ་རེད། ཕེབས་ཐེངས་ལྔ་པའི་སྐབས་ལ་བཟང་ཐག་ངན་ཐག་ཆོད་རྒྱུའི་རེ་བ་ཞིག་ངའི་བསམ་བློའི་ནང་འཁོར་མ་མྱོང༌། དེ་འདྲའི་བསམ་ཚུལ་ཞིག་ཡོད་ན་ཐེངས་བརྒྱ་ཐམ་པ་ཕེབས་དགོས་བྱུང་ཡང་ཕེབས་དགོས་ཀྱི་རེད་ཅེས་ངས་ཞུ་ཐབས་ཡོད་མ་རེད། བོད་ཀྱི་རྩ་དོན་ཐོག་བཟང་ཐག་ངན་ཐག་ཅིག་མ་ཆོད་བར་དུ་སྐུ་ཚབ་ཚོགས་ཆུང་ཕེབས་དགོས་ཀྱི་རེད་མ་གཏོགས། ཐག་ཆོད་གང་ཡང་མ་བྱུང་གོང་ནས་འབྲེལ་མོལ་མཚམས་གཞག་རྒྱུ་མི་འདུག་ཅེས་ངས་ངེས་པར་དུ་ཞུས་ཡོད། གལ་སྲིད་འབྲེལ་མོལ་མཚམས་འཇོག་བྱེད་དགོས་བྱུང་ནའང་དེའི་འགན་དེ་ང་ཚོའི་ཐོག་ཏུ་མ་འཁྲི་བ་ཞིག་དགོས་ཀྱི་རེད་ཅེས་ཞུས་ཡོད། ཐེངས་ལྔ་དང་དྲུག་ཙམ་ཕེབས་རྒྱུ་དེ་མང་དྲགས་པ་རེད་ཅེས་སྤྱི་འཐུས་སྒེར་གྱིས་དགོངས་འཆར་གསུངས་མིན་ལ་མ་ལྟོས་པར་གྲོས་ཚོགས་ཀྱིས་སྐུ་ཚབ་ཚོགས་ཆུང་གཏོང་མི་དགོས་པའི་ཐག་ཆོད་གཙང་མ་ཞིག་མ་གནང་བའི་བར་འཛིན་སྐྱོང་ངོས་ནས་ཐེངས་བརྒྱ་གཏང་དགོས་བྱུང་ནའང་བཟང་ཐག་ངན་ཐག་མ་ཆོད་བར་མུ་མཐུད་གཏོང་གི་ཡིན་ཞུ་རྒྱུ་ཡིན།
སྐུ་ཚབ་ཚོགས་ཆུང་གིས་དཔལ་ལྡན་ཚོགས་གཙོ་ལྷན་རྒྱས་ལ་སྙན་གསན་ཞུ་སྟངས་མ་འགྲིགས་པ་གང་བྱུང་ཡོད་ནའང་དེའི་འགན་འཁྲི་ང་རང་ལ་ཡོད། སྙན་གསན་བཀའ་བློན་ཁྲི་པའི་བརྒྱུད་ནས་ཞུས་པ་མ་གཏོགས་སྐུ་ཚབ་རྣམ་པ་ངོ་བཅར་ཞུས་ཐུབ་ཡོད་མ་རེད། དཀའ་ངལ་དང་འགལ་ཟླ་ཆེ་བའི་གནས་ཚུལ་གང་ཡོད་པ་དེ་དག་ཞུས་པ་མ་གཏོགས་ཆོལ་གསུམ་ཡོངས་རྫོགས་སམ་བོད་རིགས་ཡོངས་རྫོགས་ཟེར་བ་དེ་ཡོང་ཐབས་མེད་པའི་གནས་ཚུལ་ཐག་བཅད་པ་རེད་ཅེས་ངས་ཞུ་རྒྱུ་མ་བྱུང༌།

ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས།
ད་ལྟ་འཕྲོས་དོན་དྲི་བ་དེ་འདྲའི་སྐབས་ལ་ཚོགས་གཙོ་གཉིས་ལུང་འདྲེན་པའི་གནས་ཚུལ་ཁ་ཤས་བྱུང་སོང༌། ད་དུས་ཚོད་ཕྲན་བུ་འགྲོ་དུས་ང་ཚོའི་སྐད་ཆ་དེ་ཏོག་ཙམ་རིང་དུ་རིང་དུ་འགྲོ་རྒྱུ་ཞིག་ཆགས་ཡོང་གི་འདུག ཚོགས་གཙོ་གཉིས་ཀྱི་ངོས་ནས་སྐུ་ཚབ་རྣམ་པ་ཚོ་ཚོགས་གཙོ་གཉིས་ལ་སྙན་གསན་ཆེད་བཅར་སོང་ཞེས་ཞུས་མེད། རྒྱུན་ལས་ལ་ཚོགས་གཙོ་གཉིས་ནས་སྙན་གསན་ཞུས་པའི་སྐབས་ལ་ཚིག་ཐོ་འདི་རེད། སྐབས་དེར་གང་ཞུས་ཡོད་ཅེ་ན། ༢༠༠༦ ཟླ་ ༦ ཚེས་ ༤ ཞོགས་པ་ཚོུད་ ༩།༣༠ ཐོག་བཀའ་བློན་ཁྲི་པ་རིན་པོ་ཆེ་ཚོགས་གཙོའི་ལས་ཁུངས་སུ་ཕེབས་སོང༌། ཕེབས་པའི་སྐབས་ལ་སྐུ་ཚབ་རྣམ་པ་དེ་དག་ཚུར་ཕེབས་ནས་ྋསྐྱབས་མགོན་རིན་པོ་ཆེར་སྙན་ཞུ་བཅར་ཚར་བ་ཡིན། དེའི་སྐབས་ལོ་གསར་འཁེལ་བ་སོང་ཙང་ཚོགས་གཙོ་གཉིས་ལ་སྙན་གསན་ཞུ་རྒྱུ་བྱུང་མ་སོང༌། དེ་འདྲ་སོང་ཙང་བཀའ་བློན་ཁྲི་པ་ལ་ཚོགས་གཙོ་གཉིས་སར་སྙན་གསན་ཞུ་རོགས་ཞེས་བཀའ་མངགས་གནང་སོང་ཞེས་པ་དེ་ཞུས་ཡོད་མ་གཏོགས། སྐུ་ཚབ་རྣམ་པ་དེ་དག་ཚོགས་གཙོ་གཉིས་ཀྱི་མདུན་ལ་བཅར་ནས་སྙན་གསན་དེ་གནང་སོང་ཞེས་ཞུས་མེད། དེ་ནས་ཁོ་རང་ཚོའི་ངོས་ནས་ང་ཚོའི་ཐོག་ལ་ཁོར་ཡུག་མ་བསྐྲུན་པ་ནི་ང་ཚོས་ WPCT ཚོགས་འདུ་ཚོགས་རྒྱུ་ལ་སོགས་པ་གནད་དོན་མང་པོ་ཞིག་བགྲངས་སོང༌། ང་ཚོའི་ངོས་ནས་ཕར་གསལ་བཤད་གནང་འདུག དེ་ནས་དཀའ་གནད་ཆེ་བའི་དོན་ཚན་ལྔ་གསུངས་འདུག དོན་ཚན་ལྔའི་ནང་ནས་ད་ལྟ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཟེར་རྒྱུ་དེ་ཁག་པོ་རེད། གང་ཡིན་ཟེར་ན་དེ་སྔ་ལོ་རྒྱུས་ཀྱི་ཐོག་ནས་ཁྱེད་རང་ཚོ་གཅིག་ཏུ་བསྒྲིལ་བའི་གནས་སྟངས་ཆགས་ཡོད་རེད་དམ་ཞེས་གསུངས་པའི་སྐབས། ང་ཚོས་འདས་པའི་ལོ་རྒྱུས་ལ་རྩོད་པ་རྒྱག་གི་མེད། དེ་ྋསྐྱབས་མགོན་རིན་པོ་ཆེས་བཀའ་སྔ་རྗེས་གནང་ཚར་བ་རེད་ཅེས་ཞུས་ཡོད། དེ་བཞིན་ལུང་འདྲེན་ཞུ་རྒྱུ་ཞིག་ལ། ཞི་བའི་བསྟི་གནས་བཟོ་རྒྱུ་དེ་འགྲིག་གི་མི་འདུག་ཅེས་ཁོང་ཚོས་ཚུར་ལབ་པ་ཞིག་རེད། ཞི་བའི་བསྟི་གནས་བཟོ་རྒྱུ་དེའི་ཐད་བཀའ་བློན་ཁྲི་པས་ང་ཚོར་བཀའ་གནང་སྟངས་བྱས་པ་ཡིན་ན་དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་གནོད་སྐྱོན་ཡོང་གི་འདུག་ཅེས་ཁོ་རང་ཚོས་གསུང་རྒྱུ་དེ་རེད། བྱས་ཙང་དེ་ད་ལྟ་གསལ་པོ་ཞིག་བཟོས་ན་བསམས་སོང༌།

སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ནས།
ངའི་དྭོགས་འདྲི་མང་པོ་ཞིག་བཀུར་འོས་སྤྱི་འཐུས་རྣམ་པའི་དྭོགས་འདྲི་དང་བཀའ་ལན་ཐོག་ནས་ཐག་ཆོད་སོང༌། ཡིན་ནའང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དྭོགས་འདྲི་ཁག་གཉིས་ཞུ་ཆོག་པ་བགྱི། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་མིང་དོན་མཚུངས་པའི་མི་རིགས་ས་ཁུལ་རང་སྐྱོང་ཟེར་རྒྱུ་དེ། ད་ལྟ་ང་ཚོས་རྩ་འཛིན་བྱེད་པའི་ཐ་སྙད་དང་དམིགས་ཡུལ་གོ་དོན་འབབ་ས་དེའི་ཐོག་གསུངས་པ་དེ། ཐ་སྙད་ཐོག་ནས་དེ་ལ་དངོས་གནས་མ་འོངས་པའི་དམིགས་ཡུལ་འཛིན་ས་དེ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་རེད་བསམ་པ་ཞིག་དྲན་གྱི་ཡོད། དེའི་ཐོག་ལ་དྭོགས་འདྲི་ཞུ་རྒྱུར། མི་རིགས་ས་ཁུལ་རང་སྐྱོང་ཟེར་རྒྱུ་དེ་ྋསྐྱབས་མགོན་རིན་པོ་ཆེས་རྒྱུན་ལྡན་ནས་སྨོན་ལམ་གསུང་བསྡད་རྒྱུའི་ནང་ལ་ “རིང་ནས་སྙིང་ལ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པའི་ཡོངས་རྫོགས་བོད་ལྗོངས་ཞེས་པ་དེ་མིང་དོན་གཉིས་མཚུངས་ཀྱི་རང་སྐྱོང་ཡིན་ནམ། རང་དབང་དང་བདེན་པའི་འཐབ་རྩོད་ཀྱི་གྲུབ་འབྲས་ཡིན་ནམ། གསུང་དེའི་ནང་གི་དགོངས་དོན་དང་མིང་དོན་མཚུངས་པའི་མི་རིགས་ས་ཁུལ་རང་སྐྱོང་གི་དབར་ཁྱད་པར་ཡོད་པ་རེད་དམ་མ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན། དེ་ཞུ་དགོས་པའང་རྒྱ་ནག་གིས་ང་ཚོར་སྤྲད་པའི་རང་སྐྱོང་ནི་དེ་འབྲི་ཆུ་ཡན་ཆད་བོད་རང་སྐྱོང་ལྗོངས་སྤྲད་ཡོད་རེད། དེ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང༌། རྔ་པ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཁུལ་དུ་མཚོ་ཤར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། བདེ་ཆེན་བོད་རིགས་རང་སྐྱོང་རྫོང་བཅས་མདོར་ན་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཞེས་པ་དེ་ཚོ་ཚང་མ་ལ་རྒྱ་ནག་གིས་མི་རིགས་རང་སྐྱོང་སྤྲད་ཡོད་རེད་བསམ་གྱི་འདུག བྱས་ཙང་རྒྱ་ནག་གིས་ད་ལྟ་སྤྲད་པའི་རང་སྐྱོང་ལྗོངས་དང༌། རང་སྐྱོང་རྫོང། རང་སྐྱོང་ཁུལ་ཞེས་པའི་རང་སྐྱོང་དེ་དང༌། མིང་དོན་གཉིས་མཚུངས་ཀྱི་རང་སྐྱོང་དགོས་ཟེར་རྒྱུ་དེ་ས་ཆའི་ཐོག་ནས་ད་ལྟ་རྒྱ་ནག་གིས་སྤྲད་པའི་རང་སྐྱོང་དེ་ཚོ་གཞིར་བཟུང་བྱ་རྒྱུ་རེད་དམ། ཡང་ན་དམིགས་ཡུལ་འབད་བརྩོན་བྱ་རྒྱུའི་རང་སྐྱོང་གི་གནས་བབ་དེའི་ནང་ས་ཁུལ་གྱི་རང་སྐྱོང་དེ་ད་ལྟ་དེ་ལས་གཞན་ཞིག་ཡོད་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ཕལ་ཆེར་ང་དང་ང་འདྲ་བའི་མི་མང་པོ་ཞིག་ལ་དྭོགས་པ་ཡོད་ཀྱི་རེད། བྱས་ཙང་གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན། འཕྲོ་དོན་དྲི་བ་དྲིས་ལན་དང་འབྲེལ་བའི་དྭོགས་འདྲི་ཞུ་རྒྱུར། གཞིས་ལུས་བོད་མིའི་ནང་དང༌། དྷ་སའི་ཁོར་ཡུག་ནང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བ་ཞེས་པ་དེའི་ཐོག་ལ་འདོད་པ་མེད་པའི་བཟོ་འདྲ་པོ་དེ་འདྲ་ངས་གོ་ལོག་མིན་ན་ཡོད་རེད་ཟེར་མཁན་འདྲ་པོ་ཞིག་གསུངས་སོང་བསམ་པ་ཞིག་བྱུང༌། གལ་སྲིད་དེ་འདྲ་ཡོད་ན་དེ་ཚོགས་པའམ། སྡེ་ཚན། མི་སྒེར་སོགས་སུ་འདྲ་ཞིག་གི་ལྟ་སྟངས་ཡིན་པ་དེ་གསལ་བཤད་གནང་རོགས་གནང༌།

བཀའ་ལན།
ད་ལྟ་ང་ཚོས་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཆ་ཁག་གི་ནང་མི་རིགས་ས་ཁུལ་རང་སྐྱོང་དང༌། ས་ཁོངས་རང་སྐྱོང་ས་གནས་རང་སྐྱོང་ཞེས་ཚིག་སྣ་ཚོགས་ཤིག་བེད་སྤྱོད་བྱས་འདུག ཡིན་ནའང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་བོད་ཡིག་ནང་ས་གནས་རང་སྐྱོང་ཞེས་བཀོད་ཡོད་ཙང༌། ང་ཚོས་དེ་རང་བེད་སྤྱོད་བྱེད་ཀྱི་ཡོད། ཚིག་དེ་རྒྱ་སྐད་དང་དབྱིན་སྐད་ལ་ཁྱད་པར་གང་ཡང་མེད་པ་རེད། མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་མར་ཁེ་སི་དང་ལེ་ཉིན། མའོ་ཚེ་ཏུང་བཅས་ཀྱི་གྲངས་ཉུང་མི་རིགས་ལ་དམིགས་བསལ་དགོས་མཁོའི་དབང་གིས་རང་ཁྱིམ་རང་བདག་དང༌། རང་སྲིད་རང་སྐྱོང་གི་གནས་བབ་ཚད་དང་ལྡན་པ་ཞིག་སྤྲད་དགོས་པའི་ལྟ་གྲུབ་གསལ་པོ་གཏན་ལ་ཕབ་ཡོད་པ་དང༌། དེའི་དབང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དེའི་ཆ་རྐྱེན་ཞིབ་གསལ་བཀོད་ཡོད་པ་རེད། ཆ་རྐྱེན་དེའི་འོག་ནས་ང་ཚོར་ཐོབ་ཐང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་རྩོད་གླེང་བྱེད་ཀྱི་ཡོད་རེད་མ་གཏོགས་འདས་པའི་ལོ་རྒྱུས་ཀྱི་གཞི་རྩའི་ཐོག་ནས་དང༌། དེ་མིན་གནས་ཚུལ་གཞན་གྱི་ཐོག་ནས་རྩོད་གླེང་བྱེད་ཀྱི་ཡོད་པ་མ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ལོ་བཞི་བཅུ་བརྒལ་བའི་སྔོན་དུ་ངས་གསུངས་པའི་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།། ཞེས་པ་དེ་མ་འོངས་སྔོན་གཟིགས་ཀྱི་རྡོ་རྗེའི་ཚིག་རང་རེད། དེ་གཞིར་བཟུང་གིས་བོད་ལྗོངས་ཡོངས་སུ་རྫོགས་པ་ལ་རང་སྲིད་རང་སྐྱོང་གི་གནས་བབ་གཙང་མ་ཞིག་མ་བྱུང་བར་དུ་རྩོད་གླེང་མུ་མཐུད་བྱེད་དགོས་པ་དེ་གསལ་པོ་རེད།
ས་མཚམས་ཀྱི་གནས་སྟངས་ག་འདྲ་ཐག་བཅད་ཀྱི་རེད་ཅེས་གསུངས་པ་དེ་ལ་ད་ལྟ་ལན་གསལ་པོ་འབུལ་རྒྱུ་ཧ་ཅང་ཁག་པོ་རེད། ད་ལྟ་གཞིས་བཞུགས་བོད་མི་རྣམས་རང་སྐྱོང་ལྗོངས་ནས་རང་སྐྱོང་རྫོང་གི་བར་དུ་ཁག་བཅིུག་བཅིུས་ཤིག་ཏུ་བགོས་ནས་ཡོད་པ་དེ་ཚོ་ཁ་ཤས་བོད་རིགས་གནས་ཡུལ་གྱི་ས་ཁུལ་དང༌། ཁ་ཤས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གནས་ཡུལ་གྱི་ས་ཁུལ། ཁ་ཤས་གྲངས་ཉུང་མི་རིགས་གཞན་གྱི་ས་ཁུལ་སོགས་ཀྱི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་སོང་ཙང༌། མ་འོངས་པར་མི་རིགས་གཙོ་བོར་བྱས་ནས་འོས་ཤིང་འཚམས་པའི་གནས་ཚུལ་ཞིག་ཐག་ཆོད་བྱེད་རྒྱུ་མ་གཏོགས་ས་ཆ་གཙོ་བོར་བྱས་ནས་ཐག་ཆོད་བྱེད་རྒྱུ་ཁག་པོ་རེད་བསམ་གྱི་ཡོད།
ཆོལ་གསུམ་ཆིག་བསྒྲིལ་ཡོང་ཐབས་མེད་ཚུལ་གསུང་མཁན་དྷརྨ་ཤཱ་ལར་མང་པོ་ཡོད་རེད། ང་ཚོ་ལའང་དེ་འདྲ་བཀའ་སློབ་གནང་མཁན་ཡོང་གི་འདུག ཆོལ་གསུམ་ཆིག་བསྒྲིལ་དགོས་རྒྱུ་དེ་ཁྱེད་ཚོས་སྔོན་འགྲོའི་ཆ་རྐྱེན་དུ་བཞག་གི་འདུག དེ་ཞི་མོལ་མི་ཡོང་བའི་ཐབས་ཤེས་རེད་དམ་ཞེས་ང་ལ་བཀའ་འདྲི་གནང་མཁན་བྱུང༌། ཆོལ་གསུམ་ཆིག་བསྒྲིལ་ཟེར་བ་ལྟ་བུ་རྒྱ་ཕྱོགས་ནས་ཡོང་ཐབས་མེད་པ་ཐག་བཅད་ཟིན་པ་ཞིག་ད་དུང་ང་ཚོས་ཨུ་ཚུགས་རྒྱག་བསྡད་པ་ཡིན་ན་བྱབ་ཆུང་རེད། ཞི་མོལ་ལས་ཕྱིར་འཐེན་བྱ་རྒྱུའི་ཆེད་དུ་ལབ་ཀྱི་ཡོད་ན་ནི་གནས་ཚུལ་ཐ་དད་རེད་ཅེས་བཀའ་སློབ་གནང་མཁན་བྱུང༌། ཡང་ཕྱོགས་གཞན་ཞིག་ནས་བདེན་པ་ཡིན་མིན་མ་ཤེས་ཀྱང་དེ་འདྲའི་བཀའ་སློབ་གནང་མཁན་ཚོས་ཕྱི་ལ་བཀའ་ཤག་གིས་ཆོལ་གསུམ་ཁ་བྲལ་གཏོང་གི་འདུག་ཅེས་བཀའ་གནང་བ་རེད་ཅེས་གོ་རྒྱུ་འདུག

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
དེ་རིང་དྲི་བ་དྲིས་ལན་ཐོག་ནས་གནད་དོན་མང་པོ་ཞིག་གསལ་པོ་ཆགས་སོང༌། སོ་སོའི་ངོས་ནས་དྭོགས་འདྲི་གཅིག་ད་ལྟ་གང་ལྷག་གི་འདུག་ཅེ་ན། ད་ལྟ་བཀའ་ལན་གྱི་སྐབས་སུ་ད་ལྟ་ང་རང་ཚོས་ཚིག་བེད་སྤྱོད་གཏོང་རྒྱུ་དེ་མི་རིགས་ས་ཁུལ་རང་སྐྱོང་ཞེས་གཏོང་གི་ཡོད་རེད། དེ་དང་ཕྱོགས་མཚུངས་མི་རིགས་དང་བོད་རིགས་ཞེས་པ་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བེད་སྤྱོད་གཏོང་བསྡད་པ་དེ་རང་རེད་ཅེས་བཀའ་གནང་བ་འདྲ་པོ་བྱས་སོང༌། བྱས་ཙང་དེ་བཞིན་གོང་དུ་གལ་ཆེའི་ཡིག་ཆ་ང་ཚོས་ཀློག་གི་ཡོད་མ་རེད་གསུང་རྒྱུ་དེ་ཚོ་ང་ཚོས་ཀློག་རྒྱུ་ཀློག་གི་ཡོད། དེ་ཚོའི་ནང་ལ་དེ་བཞིན་གསལ་བསྡད་ཡོད་རེད། ངས་དྭོགས་འདྲི་དེ་གང་ཡིན་ཞུ་ན། སྤྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཧན་མི་རིགས་ཕར་ཕུད་པའི་གྲངས་ཉུང་མི་རིགས་ ༥༥ ནས་བོད་རིགས་དེ་གཅིག་ཡིན་པར་རྒྱ་མིའི་ངོས་ནས་རྩིས་ཀྱི་ཡོད་རེད། ང་ཚོའི་མི་རིགས་ས་ཁུལ་རང་སྐྱོང་ངམ་བོད་རིགས་ས་ཁུལ་རང་སྐྱོང་ཞེས་པའི་སྐབས་ཀྱི་མི་རིགས་སམ་བོད་རིགས་ཞེས་པ་དེ་དང་ཚིག་དང་དོན་གཉིས་རྒྱ་མིས་འདོད་པ་ལྟར་ངོས་འཛིན་བྱེད་པ་ཡིན་ན། དེ་ནས་བོད་བསྟན་པ་ཆགས་པ་ནས་བཟུང་ང་རང་ཚོའི་བོད་རིགས་རང་ཡིན་པ་དང༌། ཆོས་དང་རིག་གཞུང་སོགས་གང་ཅིའི་ཐོག་ནས་གཅིག་པ་ཡིན་བསྡད་པ། དཔེར་ན་བོད་ནང་ཡོད་བསྡད་པའི་མོན་པ་དང༌། ཀློ་པ་ལ་སོགས་མོན་འདྲ་པོ་ཆ་བཞག་ན། ང་རང་ཚོ་ཚང་མས་མཁྱེན་གསལ་རེད། ྋརྒྱལ་བ་སྐུ་ཕྲེང་དྲུག་པའི་འཁྲུངས་ས་ཡིན་པ་དང༌། རྒྱ་གར་བ་ཁོ་རང་ཚོའི་ངོས་ནས་ཀྱང་ཡ་གིར་ཕྱིན་པ་ཡིན་ན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་མང་པོ་མཇལ་རྒྱུ་ཡོད་རེད་ཅེས་ཚུར་བཤད་ཀྱི་ཡོད་རེད། བྱས་ཙང་མོན་དང་ཀློ་པ་ཞེས་བོད་ནང་ཡོད་པ་དེ་རྒྱ་མིས་དེ་གྲངས་ཉུང་མི་རིགས་ ༥༥ ནང་ནས་ལོགས་སུ་བཞག་ཡོད་པ་རེད། དེས་ན་ང་ཚོས་མི་རིགས་ས་ཁུལ་རང་སྐྱོང་ཞེས་ལབ་དུས་མི་རིགས་ ༥༥ ནང་ནས་ཁོང་ཚོས་ལོགས་སུ་བཞག་པ་ནང་བཞིན། ང་ཚོས་ཀྱང་གྲངས་འདྲེན་ལོགས་སུ་བཞག་རྒྱུ་རེད་དམ། ཡང་ན་ང་རང་ཚོས་མི་རིགས་ས་ཁུལ་རང་སྐྱོང་ཞེས་པ་དེའི་ནང་དེ་དག་ཚུར་བསྡུ་ཐུབ་ཀྱི་ཡོད་དམ་མེད།

བཀའ་ལན།
བཀའ་ཤག་གི་གཏམ་བཤད་ཁག་དང༌། འཕྲོས་དོན་དྲི་བའི་ལན་འདེབས་ཁག་མང་པོའི་ནང་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་དགོས་ཞེས་རྩོད་གླེང་བྱེད་རྒྱུའི་བོད་རིགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ ༥༥ ནང་ནས་མི་རིགས་བྱེ་བྲག་པ་གཅིག་གི་སྐོར་ཡིན་ཞེས་ཡང་ཡང་ཞུས་ཟིན་པ་ཡིན། ཀློ་རིགས་དང་མོན་རིགས་ཟེར་བ་དེ་ཚོ་གྲངས་ཉུང་མི་རིགས་ནང་ལོགས་སུ་བརྩིས་ཡོད་པ་མ་གཏོགས་བོད་རིགས་ནང་ཚུད་ཡོད་མ་རེད། ཁོང་ཚོའང་གྲངས་ཉུང་མི་རིགས་ཡིན་ཙང་བོད་རིགས་དང་མཚུངས་པར་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་དགོས་པ་སྨོས་མེད་ཡིན་ནའང༌། ཁོང་ཚོ་བོད་རིགས་ནང་ཚུད་ཀྱི་མ་རེད། ང་ཚོ་རྒྱུན་དུ་མི་རིགས་ཡོངས་རྫོགས་གོང་བུ་གཅིག་ཏུ་བསྒྲིལ་དགོས་པའི་རྒྱུ་མཚན་གཙོ་བོ་བོད་རིགས་ཞེས་པ་གྲངས་ཉུང་མི་རིགས་གཅིག་ཡིན་པ་དང༌། གྲངས་ཉུང་མི་རིགས་གཞན་ ༥༤ སུ་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ། དེ་འདྲའི་ཁྱད་ཆོས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་གོང་མ་ཚོས་ཁས་ལེན་གནང་བ་ཞིག་རེད་ཅེས་བཤད་ཀྱི་ཡོད།
དཔལ་ལྡན་ཚོགས་གཙོ་མཆོག འཕྲོས་དོན་དྲི་བ་ཚང་མ་ལ་ལན་གང་ཐུབ་ཞུས་པ་ཡིན། བཀུར་འོས་སྤྱི་འཐུས་གཅིག་གིས་ཁོར་ཡུག་གི་ཆེད་དུ་ལན་ཞུ་རྒྱུ་ལ་དཀའ་ངལ་ཡོད་ན་ལན་མ་འབུལ་ནའང་འགྲིག་གི་རེད་ཅེས་གསུངས་སོང་ཡང༌། ཐོག་མ་དྲི་བ་དེ་ཕེབས་པའི་སྐབས་སྐར་རྟགས་མེད་པའི་དྲི་བར་བསྒྱུར་རོགས་གནང་ཞེས་ཞུས་ན་སྙམ་པའི་བསམ་ཚུལ་དང་གོ་བསྡུར་ཡང་བྱུང༌། མཐའ་མ་འཛིན་སྐྱོང་གམ་ཁོར་ཡུག་བསྐྲུན་རྒྱུ་དང་གྲོས་ཚོགས་ལ་འགན་འཁྱེར་རྒྱུ་གཉིས་བསྡུར་ན་གྲོས་ཚོགས་ལ་འགན་འཁྱེར་རྒྱུ་གལ་ཆེ་བར་བརྩི་ནས་དྲི་བ་ག་སྒྱུར་གནང་རོགས་གནང་ཞེས་མི་ཞུ་བར་ཐག་བཅད་པ་ཡིན། ཁོར་ཡུག་ལ་གནོད་སྲིད་ནའང་དེའི་འགན་དེ་གྲོས་ཚོགས་ཀྱི་ཐོག་ཏུ་བབ་པ་མ་གཏོགས། འཛིན་སྐྱོང་ལ་འབབ་ཀྱི་མ་རེད་ཅེས་ད་ལྟ་ནས་གསལ་པོ་བཟོ་རྒྱུའི་འདོད་པ་བྱུང༌།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩