བཀའ་བློན་ཁྲི་པའི་ས་ཁང་ཆུང་ངུའི་འདུན་མ།

རྩོམ་པ་པོ། ཞཱ་མིན། སྒྱུར་མཁན། གངས་ལྷ་མོ།
རྒྱལ་སྤྱིའི་སྤྱི་ཚོགས་ནས་ངུར་སྨིག་གི་ཆོས་གོས་གྱོན་པའི་རབ་བྱུང་གཉིས་བོད་མིའི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་མཉམ་དུ་མངོན་བཞིན་བྲེལ་འཚུབ་ཀྱི་རྣམ་པ་ཞིག་རྒྱུན་དུ་མཐོང་བཞིན་ཡོད། དེའི་ནང་གི་གཅིག་ནི་མི་རྣམས་ཀྱིས་ཆེས་རྒྱུས་མངའ་ཟབ་པའི་བླ་ན་མེད་པའི་ཏཱ་ལའི་བླ་མ་མཆོག་རེད། ཁོང་གི་འགྲོགས་བདེ་གཤིབ་བདེའི་ཀུན་སྤྱོད་དང་མི་གཤིས་ཀྱི་སྟོབས་ཤུགས་དེས། མི་རྣམས་ཁབ་ལེན་གྱི་འཐེན་ཤུགས་བཞིན་ཁོང་གི་སྐུ་གམ་དུ་འདུ་བཞིན་ཡོད་པར་བརྟེན། ཁོང་གི་གཟུགས་བརྙན་ནི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་ལ་རྣམ་དབྱེ་གཅོད་པའི་མཚོན་རྟགས་སླ་ཤོས་སུ་གྱུར་ཡོད། ཁོང་ནི་འཛམ་གླིང་ཡོངས་ཀྱིས་གུས་བཀུར་དང་དད་མོས་བྱེད་ཡུལ། བཙན་བྱོལ་བོད་མི་རྣམས་ཀྱི་ནུས་མཐུ་ལྡན་པའི་མགོན་སྐྱབས་དང་ཆོས་སྲུང་མཁན་གྱི་སྲུང་མ་ལྟ་བུ་ཞིག་རེད། འོན་ཀྱང་མི་ཚང་མས་ཁོང་གི་འཕྲིས་སུ་ཡོད་པའི་གཅིག་མཚུངས་ཀྱི་བཙུན་པ་བགྲེས་པོ་གཞན་དེ་ཤེས་ཚོད་མ་རེད། ཁོང་ནི་བོད་བཙན་བྱོལ་སྲིད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རེད་ལ། བོད་གཞུང་གི་སྐབས་དགུ་དང་བཅུ་པའི་བཀའ་ཤག་སྒྲིག་འཛུགས་ཀྱི་དབུ་འཁྲིད་རེད། དུས་མཚུངས་སུ་ཁོང་ནི་བོད་ཀྱི་རིག་གཞུང་དང་རྒྱ་གར་གྱི་རིག་གཞུང་ལ་བྱང་ཆུབ་པའི་མཚན་ཉིད་མཁས་དབང་དང་། ཆོས་ལུགས་ཆེད་མཁས། སློབ་དཔོན་ཆེན་མོ་དང་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་རྗེས་འབྲངས་པ་ཞིག་རེད།

ཁྱད་འཕགས་ཀྱི་བཙུན་པ་དང་ཆབ་སྲིད་མཁས་དབང་གི་མཚན་སྙན་འདི་ཁོ་ནས་མི་རྣམས་ལ་གཟི་བརྗིད་ཀྱི་བག་ཆགས་ཤིག་བཞག་གི་ཡོད་པ་རེད། དེ་མིན་མཚན་ཉིད་རིག་པའི་ཁྱད་མཁས་དང་སློབ་དཔོན་ཆེན་མོའི་རྒྱབ་ལྗོངས་དེར་ལྷག་པར་གོང་བཀུར་བྱེད་འོས་ཤིག་གྱུར་ཡོད། དེར་བརྟེན་ངས་ཁོར་ཡུག་སྣ་ཚོགས་སུ་ཟམ་གདོང་རིན་པོ་ཆེ་ཐུག་འཕྲད་བྱུང་སྐབས་ཁོང་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཞེས་འབོད་ཀྱི་ཡོད་ལ། དེ་ནི་ང་རང་ཡང་སློབ་དཔོན་གྱི་མིང་ཡོད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད།
ངས་གུས་ཞབས་ཆེན་པོས་ཁོང་ལ་འཚམས་འདྲི་བྱེད་ཀྱི་ཡོད། འོན་ཀྱང་༸གོང་ས་ཏཱ་ལའི་བླ་མ་ནང་བཞིན་གྱིས་ཉེ་པོའི་སྒོ་ནས་ཕྱག་བཏང་ཞིང་ཁ་བརྡ་བྱེད་མྱོང་མེད། ཕྱོགས་གཅིག་ནས་ངས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ཐད་ཤེས་རྟོག་གང་ཡང་མེད་པས་ཡིན་སྲིད་ཅིང། སོ་སོས་གོམས་གཤིས་འཆོལ་ནས་ཁོང་རྣམ་པར་གུས་ཞབས་མེད་པར་སོང་ན། ཤེས་ལྡན་མཆོག་ལ་གོང་བཀུར་མཚོན་ཐབས་མེད་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་དང་བཀའ་བློན་ཁྲི་པའི་དད་དམངས་མདུན་ནས་ཁོང་རྣམས་ཀྱི་ཆོས་ལུགས་ཀྱི་གོམས་གཤིས་འཐུས་ཚང་མ་ཡོང་ནས་ཉེས་སྐྱོན་དུ་སོང་ན་མི་ལེགས་སོ་སྙམ་པའི་འཚེར་སྣང་ཆེ་བས་ཡིན།
ཕྱོགས་གཞན་ཞིག་ནི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ནི་འགྲོ་འདུག་སྤྱོད་གསུམ་ཞི་འཇམ་དང་། མི་ཚོགས་མང་ས་ནས་རྒྱུན་དུ་ཁེངས་སྐྱུང་དང་ཉམ་ཆུང་གི་རྣམ་པ་ལས། མི་ཚོས་མདུན་ནས་རུ་དཔུང་གིས་སྣེ་ཤན་དང་རྒྱབ་ནས་དད་དམངས་ཀྱིས་མཉམ་རུབ་ཀྱི་རྣམ་པར་མི་སྤྲོ་བར་བརྟེན། ཉེ་ས་ནས་ཁོང་དང་ཐུག་འཕྲད་བྱ་བའི་གོ་སྐབས་ནི་དངོས་གནས་ཧ་ཅང་ཉུང་ཉུང་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་༸གོང་ས་མཆོག་གཅིག་རྗེས་གཅིག་འབྲངས་ཀྱིས་གསང་བ་ལྐོག་འགྱུར་གྱི་རྣམ་པ་ཞིག་ཐོན་གྱི་ཡོད། དེ་སྔོན་ཤེས་ཡོན་པས་ཁོང་གི་ཕྱོགས་ནས་ཁོང་སྒེར་གྱི་གནས་ཚུལ་འགའ་ཤེས་འདོད་བྱས་ཀྱང་། ཟམ་གདོང་རིན་པོ་ཆེས་རྟག་ཏུ་བདག་དེ་ཙམ་གྱི་གལ་ཆེན་པོ་མ་རེད། གཙོ་བོ་བསམ་བློ་གལ་ཆེ། ཞེས་གསུངས་ནས་སྒེར་སྐོར་རྩ་བ་ནས་གསུང་གི་མེད། ང་ཚོས་དཔེ་དེབ་ཁག་དང་དྲ་ལམ་གྱི་ངོ་སྤྲོད་ཐོག་ནས་ཤེས་རྟོག་བྱུང་བ་ལྟར་ན། ཁོང་ ༡༩༣༩ ལོའི་ཟླ་ ༡༡ ཚེས་ ༥ ཉིན་དེང་གི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བར་འཁྲུངས་ཤིང་། དགུང་ལོ་ལྔའི་ཐོག་ཟམ་གདོང་རིན་པོ་ཆེའི་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས། ༡༩༥༩ ལོར་༸གོང་ས་མཆོག་དང་མཉམ་དུ་བཙན་བྱོལ་དུ་ཕེབས།
༡༩༧༠ ལོར་བོད་བརྒྱུད་ནང་བསྟན་གྱི་འབུམས་རམས་པའི་ཚད་གཞི་ལྡན་པའི་དགེ་བཤེས་ཀྱི་མཚན་གནས་ཐོབ། དེ་སྔོན་ཝཱ་རཱ་ཎ་སིའི་བོད་ཀྱི་རིག་གཞུང་སློབ་ཆེན་གྱི་སློབ་སྤྱི་དང་མཐོ་རིམ་སློབ་སྟོན་པ་གནང་ནས་ལོ་ངོ་སུམ་ཅུ་འདས། ༡༩༩༦ ལོ་ནས་ ༢༠༠༡ བར་བོད་བཙན་བྱོལ་གཞུང་གི་སྤྱི་འཐུས་དང་། དེ་རྗེས་སྤྱི་མོས་ཀྱི་འོས་ཐོབ་ནས་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང། ༢༠༠༡ ལོའི་ཟླ་༨ ཚེས་ ༢༠ ཉིན། ཁོང་སླར་མི་གྲངས་བརྒྱ་ཆ་ ༨༤།༥ ཡིས་བཀའ་བློན་ཁྲི་པར་འདེམས་ཐོབ་བྱུང་། དེ་བཞིན་བཀའ་ཁྲིའི་འགན་དབང་ ༢༠༠༡ ལོ་བར་གནང་། ལོ་དེའི་ཟླ་ ༧ པའི་ཟླ་མཇུག་གམ་ཟླ་༨ པའི་ཟླ་མགོར་དུས་ཡུན་རྫོགས་ནས་ཁོང་གི་དབང་ཆ་བརྒྱུད་སྤྲོད་གནང་སྟེ་ཆེས་མཐོའི་དབང་ཆ་ནས་མར་བབས་ཀྱི་ཡོད་པའི་སྐོར་ཤེས་རྟོག་བྱུང།
ལོ་འདི་ནི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལོ་རྒྱུས་ཐོག་༸གོང་ས་ཏྰ་ལའི་བླ་མ་བཙན་བྱོལ་དུ་ཕེབས་དུས་ཀྱི་མི་གྲངས་ལྡབ་འགྱུར་སླེབས་པའི་ལོ་ཞིག་ཡིན།༸གོང་ས་མཆོག་གིས་ཆབ་སྲིད་ལ་ཐེ་ཇུས་མེད་པར་ཁྱབ་བསྒྲགས་གནང་ཡོད་པ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེའང་བཀའ་ཁྲིའི་དུས་ཡུན་ཐེངས་གཉིས་རྫོགས་ནས་ཆབ་སྲིད་ཀྱི་དབང་ཆ་ནས་ཕྱི་འཐེན་གནང་གི་རེད། ཟླ་ ༤ པའི་ཚེས་ ༢༧ ཉིན་འོས་འདེམས་ཀྱི་གྲུབ་འབྲས་སྤྱི་བསྒྲགས་བྱས་རྗེས་ང་ཚོས་བཙན་བྱོལ་སྲིད་གཞུང་གི་ཆབ་སྲིད་དབང་ཆ་དེ་སྐྱ་བོས་འཛིན་རྒྱུ་དང་། ཡང་ན་གཙོ་ཆེ་བ་གཞིས་ཆགས་ཁག་ཏུ་འཚར་ལོངས་བྱུང་ཞིང་། ནུབ་ཕྱོགས་ཀྱི་སློབ་གསོ་ཐོབ་པའི་མི་རབས་གསར་པས་དམ་འཛིན་བྱ་རྒྱུ་ཡིན་པར་མཐོང་ཐུབ།
སློབ་གསོའི་གསོ་སྐྱོང་དང་ཆོས་ལུགས་རྒྱུད་འཛིན་གྱི་སྲོལ་རྒྱུན་ཐོག་བཙན་བྱོལ་བོད་མི་ཡུའུ་ཐེ་མི་རིགས་དང་ཧ་ཅང་འདྲ་མཚུངས་ཡོད་པར་བརྟེན། གསར་སྐྱེས་ཀྱི་བོད་མིའི་ཆབ་སྲིད་མཁས་དབང་ནང་ཡོ་རོབ་དང་ཨ་རིའི་སྐད་གྲགས་ཅན་གྱི་མཐོ་སློབ་ནས་གསོ་སྐྱོང་བྱས་པའི་ཁྲིམས་རྩོད་པ་ཉུང་ཉུང་མིན། བཙན་བྱོལ་སྲིད་གཞུང་འདི་གཟན་ཤམ་ཐབས་གྱོན་པའི་རབ་བྱུང་ནས་ཕྱི་ལུགས་ཀྱི་ཆས་གོས་སྤྲས་པའི་ཁྲིམས་དཔོན་གྱི་ལག་ཏུ་བརྒྱུད་ཡོང་དུས། སྲིད་འཛིན་གྱི་བསམ་སྤྱོད་དང་། ལུགས་སྲོལ། དེ་བཞིན་སྲིད་ཇུས་འགྱུར་ལྡོག་གང་འདྲ་འབྱུང་མིན་ནི་ངས་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་རེ་སྒུག་དང་ནན་ཏན་གྱིས་ལྟ་ཞིབ་དགོས་པའི་ཕྱོགས་རེད།
བོད་བཙན་བྱོལ་གཞུང་ལ་འགྱུར་ལྡོག་ཆེན་པོ་འདི་འདྲ་ཞིག་འགྲོ་བཞིན་པའི་སྐབས་འདིར་ང་རང་ཁོར་ཡུག་དེར་དངོས་སུ་ཞུགས་པའི་གོ་སྐབས་བྱུང་ཞིང། གནད་དོན་ཆེན་པོ་དེ་དངོས་སུ་མཐོང་ཐུབ་པའང་བྱུང་། ན་ནིང་ཟླ་ ༡༡ པར། ང་དང་བྱང་ཨ་རིའི་ལྟ་བསྐོར་ཚོགས་པ་གཅིག་དང་མཉམ་བཙན་བྱོལ་གཞུང་ཆགས་སའི་རྒྱ་གར་རྡ་རམ་ས་ལར་འབྱོར་ནས་ཁུལ་དེའི་བོད་མི་ཚོས་འོས་འདེམས་ཀྱི་གོ་རིམ་མཐོང་ཞིང་། སྲིད་གཞུང་དང་སྤྱི་འཐུས་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱང་བྱུང་། དེ་བཞིན་སྲིད་གཞུང་གི་ཞབས་ཞུ་བ་ཡོངས་དང་བགྲོ་གླེང་གིས་ཕན་ཚུན་འབྲེལ་བ་ཡོང་བའི་གོ་སྐབས་བྱུང་ཡོད་པ་རེད། དེའི་ནང་ངས་ཆེས་བརྗེད་པར་དཀའ་བ་དེ་ནི་བཀའ་བློན་གྱི་ཁང་ཆུང་ཐོག་བརྩེགས་སྟེང་གི་སྐུ་མགྲོན་སྣེ་ལེན་ཁང་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་མཇལ་འཕྲད་དང་ཁ་བརྡའི་སྐོར་ཡིན།
དེ་ནི་ ༢༠༡༠ ལོའི་ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་བཞི་པའི་ཐོག་རེད། ང་དང་བྱང་ཨ་རི་ནས་ཡོང་བའི་གྲོགས་པོ་གསུམ་དང་མཉམ་བཀའ་ཁྲི་མཇལ་བར་སོང་། ཁོང་གི་སྐུ་མགྲོན་སྣེ་ལེན་ཁང་ཆུང་དེ་ནི་གྲུབ་བཞིའི་གཞུང་ལས་ཁང་ཞིག་རེད་འདུག ཕྱོགས་བཞིའི་སྒེའུ་ཁུང་ཡོངས་ངང་དཀར་མདོག་གི་སྒེའུ་རས་ཐུག་པོ་བཀལ་འདུག་ལ། ཉི་འོད་ནང་དུ་འཕྲོ་ཐུབ་ཀྱི་མི་འདུག ཁང་པའི་སྒྲིག་ཆས་ཡོངས་ཅུང་རྙིང་པའི་མདོག་མངོན་པ་དང་། ང་ཚོ་བསྡད་སའི་ཁུག་ཀྱོག་གཉིས་ཀྱི་མདུན་ལྕོག་སྒང་སངས་རྒྱས་ཀྱི་སྐུ་འདྲ་དང་། འགྱིག་གི་མེ་ཏོག་དྲན་རྟེན་ལག་རྟགས་ཀྱིས་ཁེངས་འདུག  ཁུག་ཀྱོག་གཞན་ཞིག་གི་གྱང་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་བཀལ་ཞིང་དྭངས་གཙང་གི་ཁ་དར་གྱིས་བཀླུབས་འདུག དེ་མིན་ཁུག་ཀྱོག་གཞན་ཞིག་གི་གྱང་ཐོག་རྒྱ་གར་གྱི་མེས་པོ་གྷན་དྷིའི་པར་བཀལ་ཡོད། མཚོན་མདོག་ལྔ་ལྡན་གྱི་རླུང་རྟ་ཞིག་གྱང་གི་ཁུག་སོ་ཞིག་ལ་བཀལ་ཞིང་། དེའི་ཐོག་བོད་འདི་རྟག་བརྟན་ཤོག་ཅེས་བྲིས་འདུག
དབུ་སྐྲ་དུང་ལྟར་དཀར་བའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྐུ་ལུས་ཐོག་ངུར་སྨིག་གི་གཟན་ཤམ་བཀླུབ་ཅིང་ཐུགས་རྩེ་གཅིག་སྒྲིམ་གྱིས་མི་རེ་རེའི་གནས་ཚུལ་དང་དྲི་བ་ཡོངས་ཉན་ནས་བཞུགས། སྐབས་འགར་ཁོང་གི་ངོས་ནས་ནན་ཏན་ཆེན་པོ་མངོན་ཞིང་། སྐབས་རེར་འཛུམ་མདང་གིས་ཁེངས་ནས་ཡོད། འོན་ཀྱང་ག་དུས་ཡིན་ཡང་ཁོང་ནི་ཞི་ལྷོད་བག་འཕེལ་གྱིས་གནས་ཤིང་སྤྱན་གཉིས་དང་མཁུར་མགོ་གཉིས་ལ་གཟི་འོད་ཀྱིས་ཁྱབ་ནས་ཡོད་པ་རེད། བོད་པའི་ཆོས་ལུགས་དབུ་འཁྲིད་མང་པོ་དང་མཇལ་འཕྲད་བྱས་པའི་རྒྱུད་རིམ་ནང་ངས་རྟག་ཏུ་ཁོང་རྣམས་ཀྱི་སེམས་ནང་གི་དགའ་སྤྲོའི་སྣང་བ་ཞིག་ཞལ་རས་ནས་མངོན་བཞིན་པ་ཚོར་གྱི་ཡོད། ཁོང་རྣམ་པ་ནི་འཛུམ་གྱིས་རྒྱན་པ་ཤ་སྟག་རེད། ནང་སེམས་ཀྱི་འོད་སྣང་དེ་སྤྱན་གཉིས་བརྒྱུད་དེ། ཁོང་རྣམས་ཀྱི་སྤྱན་ནས་གཟི་འོད་ཅིག་རྒྱུན་དུ་འཕྲོ་བཞིན་ཡོད།
ངས་ཟམ་གདོང་རིན་པོ་ཆེས་གཞན་གྱི་སྐད་ཆ་གསན་པ་དང་། ཡང་ན་བསམ་བློ་གཏོང་བཞིན་པའི་སྐབས་ཁོང་གི་ཕྱག་གཡོན་པའི་ཕྱོགས་ཀྱི་གཡག་གི་འདྲ་གཟུགས་ཆུང་ཆུང་དེ་དང་། གཡག་དེའི་སྒལ་པར་བཀལ་བའི་རྡོག་འཕྲིས་ལ་རེག་ཙམ་རེག་ཙམ་གནང་དུས། ངའི་སེམས་ནང་བགྲེས་པོ་ཁོང་ནི་ས་མཐོའི་གཡག་རྒོད་ཅིག་དང་མཚུངས་ཤིང་། ཕྲག་པར་བོད་ཀྱི་ལོ་རྒྱུས་ཀྱི་ལས་དབང་དེའི་རྡོག་འཕྲིས་ལྕི་མོ་དེ་འཁྱེར་ཡོད་ཅེས་བསམ་བྱུང་། སྐབས་འགར་ངས་སླར་ཡང་བགྲེས་པོ་ཁོང་གིས་ཐུགས་ལའང་ང་རང་གཡག་ཕྲུག་འདི་ལྟར་ནམ་ཡང་རྡོག་འཕྲིས་ལྕི་མོ་ཞིག་འཁྱེར་འདོད་མེད། ངས་མཆིང་ཐག་འདི་དོར་ནས་བསམ་བློའི་གླིང་ཆེན་དུ་རང་དབང་གི་སྒོ་ནས་འཕུར་ལྡིང་བྱ་རྒྱུ་ཡིན། ཞེས་བསམ་བཞིན་ཡོད་དམ་སྙམ།
བོད་བཙན་བྱོལ་གཞུང་འདིས་གལ་ཆེའི་དབང་ཆ་བརྗེ་བསྒྱུར་བྱེད་བཞིན་པ་རེད། ངས་ཁོང་ད་ལྟའི་ཆར་གྱི་སེམས་ཁམས་ཤེས་འདོད་ཡོད། ངས་ཁྱེད་ཀྱིས་རྗེས་རབས་རྒྱུན་འཛིན་པར་བསྐུལ་མ་འདྲ་ཡོད་དམ། དཔེར་ན་རྗེས་རབས་པ་དེ་དབང་ཆའི་རྟ་ལ་ཞོན་རྗེས་ཕར་ཙམ་བསྐྱེལ་མ་བྱ་བ་སོགས། ཅེས་དྲིས། ཟམ་གདོང་རིན་པོ་ཆེས་ཡུན་ཙམ་རྗེས་ནས་ང་ཚོར། ང་རང་བྱང་ཨ་རིར་འཚམས་འདྲིར་བཅར་དུས་མ་འོངས་བཀའ་ཁྲིའི་འོས་མི་ཞིག་གིས་བདག་ལ་མ་འོངས་པར་ཁོང་གལ་ཏེ་རྗེས་འཛིན་པ་ཆགས་ན་བཅོལ་དགོས་པའི་གཏམ་འདྲ་དང་བཀའ་སློབ་འདྲ་ཡོད་མེད་དྲིས་བྱུང་། ངས་ཁོ་ལ་གལ་ཏེ་ཁྱོད་རང་མ་འོངས་རྗེས་འཛིན་པ་གྱུར་ཚར་བ་ཡིན་ཚེ་ཁྱོད་ཀྱིས་གཤམ་གྱི་འཆར་གཞི་དང་བཀོད་བསྒྲིག་ག་རེ་དགོས་མིན་ཤེས་ཚར་བ་རེད། གལ་ཏེ་ཁྱོད་ཀྱིས་དེ་དག་ཤེས་ཀྱི་མེད་ན་ཁྱོད་རང་ལ་གོ་གནས་འདི་འཚམས་པོ་མེད། གལ་ཏེ་ཁྱོད་རང་མ་འོངས་བཀའ་ཁྲི་ཆགས་པ་ཡིན་ན། མི་མང་ཚོས་ཁྱོད་ལ་ཡིད་ཆེས་ཡོད་པར་མཚོན་ཡོད་སྟབས་ངས་དེར་ཇུས་གཏོགས་འཕྲད་ཀྱི་མ་རེད། དེར་བརྟེན། ངས་ཁྱོད་ལ་བཤད་རྒྱུ་གང་ཡང་མེད། ཅེས་བཤད་པ་ཡིན། ཞེས་གསུངས་བྱུང།
ངས་ཁྱེད་ཀྱི་འདས་སོང་གི་ཆབ་སྲིད་ཉམས་མྱོང་དེ་དག་ནི་ཕུན་སུམ་ཚོགས་པའི་མ་རྩ་ཞིག་རེད། ཁྱེད་སློབ་དཔོན་ཆེན་མོ་ཞིག་ཡིན་པའི་ངོས་ནས་དང། ངའང་སློབ་དཔོན་ཞིག་ཡིན་པའི་ངོས་ནས་ངས་ཤེས་འདོད་པ་ནི། ཁྱེད་རང་དབང་སྒོ་ནས་ཕྱིར་དོན་རྗེས་ཁྱེད་ཀྱི་མཛད་རྣམ་ཞིག་བྲིས་ཏེ་ལོ་རྒྱུས་དང་བསམ་གཞིགས་དེ་དག་རྗེས་རབས་པར་བཞག་བསམ་གྱི་ཡོད་དམ། ཞེས་བྲིས། ཟམ་གདོང་རིན་པོ་ཆེས་ང་ལ་ཕྱི་དྲན་གྱི་ལོ་རྒྱུས་འབྲི་རྩོམ་བྱ་བསམ་པ་གང་ཡང་མེད། མི་མང་པོས་ང་ལ་དེའི་སྐོར་བསམ་འཆར་དང་རེ་འདུན་བཏོན་མྱོང་ཡོད། ངས་གལ་ཏེ་གང་ཟག་ཅིག་གིས་ངའི་སྐོར་གྱི་ལོ་རྒྱུས་དུམ་ཞིག་འབྲི་འདོད་ཡོད་ཚེ། དཔེར་ན་ངའི་སློབ་བུ་ཚོས་དེ་ལྟར་བྱ་འདོད་ཡོད་ན་ངས་ངོ་རྒོལ་བྱེད་ཀྱི་མ་རེད། འོན་ཀྱང་ང་རང་སྒེར་ངོས་ནས་ཕྱི་དྲན་གྱི་ལོ་རྒྱུས་འབྲི་མི་སྲིད་པ་རེད། ཅེས་གསུངས།
ངས་སླར་ཡང་ཁོང་ལ། གལ་ཏེ་ད་ལྟའི་ཆར་ཁྱེད་ཀྱིས་སྨོན་ལམ་འདེབས་པའི་དབང་དུ་བཏང་ན་དབང་ཆ་ནས་ཕྱིར་འཕོས་རྗེས་ཁྱེད་ཀྱིས་ཅི་ཞིག་གནང་འདོད་དམ། ཞེས་དྲིས། ཟམ་གདོང་རིན་པོ་ཆེས་དལ་བུའི་ངང་ནས་ང་ལ་ཁོང་གི་སེམས་ཀྱི་རེ་འདུན་གསུང་བྱུང་། དེ་རྗེས་ཁོང་གི་ཕྱག་རོགས་དང་བཙན་བྱོལ་གཞུང་གི་མཐོ་རིམ་དཔོན་བློན་གྱིས་ང་ལ་ཁོ་ཚོའི་ཤེས་རྟོགས་ལྟར་ན་དེ་ནི་ཟམ་གདོང་རིན་པོ་ཆེས་ཐོག་མར་མི་གཞན་ལ་ཁོང་གི་མ་འོངས་པའི་འཆར་གཞི་བརྗོད་པ་ཡིན་སྲིད་ཟེར། ཁོང་གིས་ང་ནི་རབ་བྱུང་བགྲེས་པོ་ཞིག་ཡིན། ཆབ་སྲིད་ལ་དོ་དབྱིངས་མེད། ང་ཚོའི་ཆོས་ལུགས་ནང་མི་ཞིག་ལོ་དྲུག་ཅུའི་མཚམས་སུ་སླེབས་དུས་ཚེ་གཅིག་དང་། དེ་བསམ་བློའི་ཉམས་ལེན་དང་འབད་ཕྱོགས་སུ་ལེགས་སྐྱེས་ཕུལ་ཚར་བ་རེད། ངའང་ལོ་དྲུག་ཅུའི་རྗེས་སུ་༸གོང་ས་མཆོག་གིས་ངས་དམངས་ཀྱིས་འོས་འདེམས་བྱས་པའི་གྲུབ་འབྲས་ལ་ངོས་ལེན་ཐོག་ནས་བཙན་བྱོལ་གཞུང་དུ་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་ཞུགས་དགོས་གསུངས་བྱུང་། སྒེར་གྱི་འབད་ཡུལ་དང་དམངས་ཀྱི་ཁེ་ཕན་དབར་ནས་ངས་བཙན་བྱོལ་བོད་མི་མང་ཆེར་གྱི་འདོད་དོན་ལ་དངས་ལེན་བྱས་ཏེ་བཀའ་ཁྲི་སྐབས་གཉིས་ནང་ལོ་བཅུ་ལྷག་བྱས་པ་ཡིན། ད་ལྟའི་ཆར་ངས་དབང་ཆ་བརྩིས་སྤྲོད་བྱེད་པའི་དུས་སུ་སླེབས་ཡོད། ཅེས་གསུངས།
ངས་ཟམ་གདོང་རིན་པོ་ཆེས་དེ་སྔོན་རྒྱ་གར་དབུས་ཕྱོགས་རྡོ་རྗེ་གདན་དུ་ཤེས་ཡོན་དང་ཆོས་ལུགས་ཀྱི་བརྗོད་གཞིའི་ཐོག་ཞིབ་འཇུག་གནང་མྱོང་བ་ཤེས་ཡོད་པར་བརྟེན། ཁོང་ཧི་མ་ལ་ཡའི་རི་གྲོང་འདི་ཁ་བྲལ་ཏེ་རྒྱ་གར་སྤང་ཐང་ཐོག་ཕྱིར་ཕེབས་སྲིད་དམ་སྙམ་ཡོད། དེའི་སྐོར་ཁོང་གིས་མུ་མཐུད་དུ་གསུངས་དོན། ངའི་གྲོགས་པོ་ཞིག་ལ་བཤད་ཚར་བ་ཡིན། ཁོས་ང་ལ་རྡ་སའི་རི་གཤམ་ཏུ་ས་ཁང་ཆུང་ཆུང་ཞིག་བརྒྱབ་རྒྱུ་བྱས་ཚར། དབང་ཆ་ནས་ཕྱིར་འཕོས་རྗེས་ང་ས་ཁང་ཆུང་ཆུང་ནང་སྤོས་ནས་དེར་འཚོ་བ་བསྐྱེལ་རྒྱུ་ཡིན། ངས་གྲོགས་པོར་བསྐུལ་ཚར། ང་རང་ཤ་གཟུགས་འདི་དང་བྲལ་རྗེས། ས་ཁང་ཆུང་ངུ་དེ་མར་བསློག་ནས་ཐང་བདེ་བཟོས་རྗེས་ཤུལ་ཏོག་ཙམ་ཡང་མ་ལུས་པར་བྱོས་ལ། མི་གཞན་གྱིས་ང་རང་དེར་བསྡད་མྱོང་བར་མ་ཤེས་པར་གྱིས། ཅེས་བཤད་ཚར། ཞེས་གསུངས་པ་དང།
ཁོང་གིས་མུ་མཐུད་དེ་གསུངས་དོན། ས་ཁང་ཆུང་ངུ་དེའི་ནང་ངས་ལས་དོན་གཅིག་བསྒྲུབ་བསམ་ཡོད། དེ་ནི་བོད་རྒྱུད་ནང་བསྟན་གྱི་གལ་འགངས་ཆེ་ཤོས་ཀྱི་ཆོས་དཔེ་བཀའ་འགྱུར་ལ་རྩོམ་སྒྲིག་དང་དཀར་ཆགས་བསྒྲིག་རྒྱུ་དེ་རེད། ཤེས་དགོས་པ་ཞིག་ལ་བཀའ་འགྱུར་ལ་པོད་༡༠༨ ཡོད་པ་དང། ལེའུ་སྟོང་ལ་ཉེ། ངའི་ཚེ་གཅིག་གི་དུས་ཚོད་བེད་སྤྱོད་ཀྱང་མཇུག་བསྒྲིལ་ཐབས་དཀའ་མོ་ཆགས་སྲིད། འོན་ཀྱང་གལ་ཏེ་ངས་སྒྲོམ་གཞི་དང་དཀར་ཆགས་བསྒྲིག་ཚར་ན་རྗེས་རབས་པ་ཚོས་ཀྱང་མུ་མཐུད་བྱ་བཞག་དེ་རྒྱུན་མཐུད་ཀྱིས་ལེགས་འགྲུབ་བྱ་ཆོག་གི་རེད།
ཟམ་གདོང་རིན་པོ་ཆེས་ས་ཁང་ཆུང་ངུའི་རེ་འདུན་དེས་ངས་ས་ཁང་ཆུང་ངུ་གཞན་ཞིག་གི་ལོ་རྒྱུས་དྲན་བྱུང་། ལོ་ངོ་སྟོང་ཁྲག་གཅིག་དང་དྲུག་སྟོང་གི་སྔ་རོལ་ན་ནུབ་ཡུལ་དུ་འཕགས་པ་ཞིག་གིས་ཆིང་ལིན་རི་རྒྱུད་ཀྱི་བྱང་ཕྱོགས་ཁྲང་ཨན་ཕྱིར་རྩ་ཁང་ཞིག་བརྒྱབ། རྒྱ་ནག་ནུབ་བྱང་རྒྱལ་རབས་སྐབས་སུ་ཁོང་གི་ཁྱིམ་རྒྱུད་ཉམས་ཉེས་སོང་ནས་དགྲ་བོས་ཁོང་དབུས་ཁུལ་དུ་བཙན་འཁྲིད་བྱས། ཡང་དེ་རྗེས་ཆིང་མཇུག་མའི་རྒྱལ་རབས་ཀྱི་དབང་འཛིན་པས་ཁྲང་ཨན་གྲོང་དུ་ཕྱིར་གདན་དྲངས། སྐབས་དེར་དགུང་ལོ་ལྔ་བཅུ་ང་བརྒྱད་ཟིན་པའི་ལའོ་ཁྱིམ་རྒྱུད་ནས་རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེའི་དཔེ་ཆ་ལོ་ཙཱ་བྱ་བའི་ལས་དོན་དེ་འགོ་བཙུགས་ནས་ལོ་ངོ་བཅུ་གྲངས་རྗེས་སུ་འདས་གྲོངས་སུ་གྱུར། བྱ་བཞག་དེས་རྒྱ་ནག་ཏུ་ནང་ཆོས་ཀྱི་ལོ་རྒྱུས་ཐོག་ནམ་ཡང་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཤིག་ཕུལ་ཡོད་པ་རེད། ཁོང་གིས་ལོ་ཙཱ་མཛད་པའི་ཕར་ཕྱིན་དང། རྡོ་རྗེ་ཐིགས་པ་སོགས་ནི་ནང་བསྟན་ཆོས་བརྒྱུད་ཁག་གི་གལ་ཆེའི་དཔེ་ཆ་གྱུར་ཞིང་། ལོ་རྒྱུས་སུ་གྲགས་པ་འབར་བའི་ལེགས་བཤད་སྣ་ཚོགས་བཞག་ཡོད་པ་་དཔེར་ན། ངོ་བོ་ཙམ་གྱིས་སེམས་མི་འགུལ། གཟུགས་སྒྲ་དྲི་རོ་རེག་བྱར་སེམས་མི་ཆགས། ཆོས་སྟོང་པ་ཉིད་དུ་མཐོང་ཞིང་། སངས་རྒྱས་ནི་སྐྱེ་བ་མེད་ཅིང་ཤི་བའང་མེད་པར་བརྟེན། ཡོད་པ་ཚང་མ་སྟོང་ཞིང་། མཐོང་བ་མཐའ་དག་དེ་བཞིན་སྟོང་། དེ་ནི་སངས་རྒྱས་བསྟན་པ་ཡིན། ཞེས་ཚིག་འདི་དག་གི་ཐོག་ནས་ང་ཚོས་ཟམ་གདོང་རིན་པོ་ཆེས་དབང་ཆའི་གོ་གནས་ཀྱི་ལྟེ་བ་ནས་ཕྱིར་འཕོས་སྐབས་ཀྱི་སེམས་ཁམས་མྱོང་ཐུབ།
ང་རང་རྡ་ས་ནས་ཁ་བྲལ་ཏེ་ལོ་ཕྱེད་ཙམ་སོང་། ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་གོ་གནས་ཡོད་པ་ཞིག་ནས་དཔོན་གནས་མེད་པའི་སངས་རྒྱས་རྗེས་འབྲངས་ཀྱི་དགེ་སློང་ཞིག་འགྱུར་གྱི་རེད། ཁོང་གི་སྐད་ཆ་དེ་དག་ངའི་བློ་ཡུལ་དུ་རྒྱུན་རིང་འཁོར་གྱི་འདུག འོན་ཀྱང་ཁོང་གིས་དད་འདུན་རྒྱུད་བསྒྲགས་གནང་བ་དེ་ནི་སྔར་བའི་སྟོབས་ཤུགས་ལྡན་པ་ཞིག་གྱུར་ཏེ། དེས་ང་ལ་གནོན་ཤུགས་སྤྲད་བཞིན་འཇིག་རྟེན་པ་རྣམས་ལ་ཁོང་གི་སྐོར་གཅིག་འབྲི་དགོས་པའི་བསྐུལ་མ་ཤུགས་ཆེར་སྟེར་གྱི་འདུག ངས་དུས་དང་རྣམ་པ་ཀུན་དུ་ང་རང་རྡ་སར་ཡོད་པའི་ཉིན་མོ་དེ་དག་ཕྱི་དྲན་བྱེད་བཅུག་གི་ཡོད། ངས་དུས་དང་རྣམ་པ་ཀུན་དུ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་པའི་ངོས་ནས་ང་དང་ཆེས་མཐའ་མའི་མཇལ་འཕྲད་དེ་དྲན་གསོ་བྱེད་ཀྱི་ཡོད། ངས་མ་འོངས་པའི་ཉིན་ཞིག་ཁོང་གི་ས་ཁང་ཆུང་ཆུང་དེ་མཇལ་ཐུབ་པའི་སྨོན་ལམ་འདེབས་པ་ཡིན།
ང་ཨ་རི་ཕྱིར་སླེབས་རྗེས་སླར་སཱིང་ཀ་ཕོར་སློབ་གཉེར་ལ་སོང། དུས་དེར་ཡང་ངས་ས་ཁང་ཆུང་ཆུང་དེའི་རྒྱབ་ཀྱི་བདེན་དོན་ཞིག་རྙེད་ཐབས་བྱས། ངས་མཚན་ཉིད་མཁས་དབང་དང་། ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་བརྩམས་པའི་དཔེ་དེབ་ (The Uncompromising Truth for a Compromised World,2006) ཅེས་པ་དེ་བཀླགས་པ་ཡིན་ལ། ངའི་འབད་འབུངས་བྱེད་སའི་མདུན་ལམ་ཞིག་བསྙེག་ཐབས་བྱས། དཔེ་དེབ་དེའི་མདུན་ངོས་སུ་ཁོང་གི་སྙན་ངག་ཅིག་ཡོད་པ་དེ་རྒྱ་བསྒྱུར་བྱས་པ་དང་། སྙན་ངག་དེས་ང་ཚོར་ས་ཁང་ཆུང་ཆུང་དང་དེའི་ཁང་བདག་ལ་རྒྱུས་ལོན་བྱེད་པར་ཕན་ཐོག་ཡོང་སྲིད་ཀྱི་རེད། སྒེར་སེམས་བྲལ་ཞིང་གཞན་ཕན་ཡིད་འོང་གི་ཁམས་སུ་མ་འབྱོར་ཡང་། གཞན་ལ་གནོན་བྱེད་གསང་བ་ལྐོག་འགྱུར་གྱི་བློ་བསྐྱེད་སྤུ་ཙམ་མེད། འགྲོ་བ་རིགས་དྲུག་གི་ཆེད་དུ་བོད་ཀྱི་རང་དབང་ལ་འབད་པ་དེ་ཆོས་བཞིན་ཡོང་ཐབས་ནི། ང་ཚོ་རང་ངོས་སུ་ཡོད་པ་ལས། གཞན་ཕྱོགས་ནས་འཚོལ་དགོས་དོན་མེད།
ཐོག་མར་རྣལ་འབྱོར་འདིའི་བསམ་བློ་ཁ་བ་གངས་ཅན་ལྗོངས་ནས་འབུས་པ་ཡིན། འོན་ཀྱང་ཁོང་གི་བློ་གྲོས་དེས་ང་དང་འགྲོགས་ནས་རྒྱ་གར་འཕགས་ཡུལ་དུ་མི་ཚེ་ཕྱེད་ཙམ་སོང་། ང་རང་སངས་རྒྱས་ཆོས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བའི་འཚོ་བ་ནང་གོམས་པ་སྤོས་པ་ཡིན། འོན་ཀྱང་འཇིག་རྟེན་པའི་ལས་དབང་གིས་ང་རང་ཆབ་སྲིད་ཀྱི་མཚོ་མོར་གཡུག་ཡོད་པ་རེད། དབང་ཤུགས་ཀྱི་མཐོ་ཚད་ལ་འབད་པ་མེད་ཅིང་། དགྲ་རྒོལ་གཉེན་སྐྱོང་གི་བསམ་བློའང་མེད། བདག་ནི། འཇིག་རྟེན་དུ་ཡུན་ཙམ་འཁྱམ་པའི་མགྲོན་པོ་ཞིག ཆབ་སྲིད་ནས་ཐོབ་རེག་གང་ཡང་མེད། ཁ་ནས་ཚིག་འདི་དག་བརྗོད་ཅིང་། གནམ་འོག་ཞི་འཇགས་ཡོང་ཕྱིར་ཁོ་ནར་སྨོན།
༢༠༡༡ ལོའི་ཟླ ༤ ཚེས་ ༢༤ ཉིན། སིང་ཀ་པོར། ནས།