ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྲུང་རྩིའི་མཛད་སྒོའི་ཉིན་གནང་བའི་གསུང་བཤད།

ད་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་བཅུ་གཉིས་འཁོར་བའི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། རྒྱལ་སྤྱིའི་ཧིམཱལཡའི་དུས་ཆེན་ཐེངས་བདུན་པ་བཅས་དུས་དྲན་ཁྱད་པར་ཅན་གསུམ་འཛོམས་ཀྱི་དགའ་སྟོན་གྱི་མཛད་སྒོ་འདིར་ངས་བོད་གཞུང་བཀའ་ཤག་གི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཁ་བའི་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཟབ་བརླིང་དཀྱེལ་ཆེའི་མཛད་འཕྲིན་སྤྱི་དང༌། བྱེ་བྲག་བོད་མི་རིགས་ཀྱི་སྙིང་དུ་བརྣག་པའི་འདོད་དོན་བོད་ལྗོངས་རང་དབང་སླར་གསོའི་རྩ་དོན་བསྒྲུབ་བྱས་མཚོན་འགྲོ་བ་མི་?ི་རིགས་སུ་གཏོགས་པའི་དཀའ་རྙོག་མཐའ་དག་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་བརྒྱུད་སེལ་ཐབས་དོན་གཉེར་ཞུམ་པ་མེད་པར་མཛད་དང་མཛད་བཞིན་པའི་རྨད་བྱུང་མཛད་འཕྲིན་ལ་བཅོས་མིན་རྗེས་སུ་ཡི་རངས་མངོན་པར་བསྟོད་པའི་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་མངའ་གསོལ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་མི་ལོ་ཧྲིལ་པོ་བཅུ་གཉིས་འཁོར་བའི་ཆེས་གཟི་བརྗིད་ཅན་གྱི་དུས་དྲན་མཛད་སྒོ་འདིའི་ཐོག་ངས་བཙན་བྱོལ་བོད་གཞུང་དང༌། གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགའ་སེམས་རབ་ཏུ་འཁོལ་བའི་ངང་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ལན་བརྒྱར་ཞུ་བ་དང་ཆབས་ཅིག མགོན་པོ་མཆོག་ཉིད་འཛམ་གླིང་སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་གཞིས་བྱེས་བོད་འབངས་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་ཡུན་བརྟན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་དུས་རྟག་ཏུ་ཡར་ངོའི་ཟླ་ལྟར་རྒྱས་བཞིན་པར་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང༌། མཁས་དབང་ཁགའཛམ་གླིང་ཡུལ་ཁག་དུ་མའི་དབུ་ཁྲིད་གནད་ཆེ་མངཔོས་དགའ་དད་སྤྲོ་གསུམ་ངང་བསྔགས་བརྗོད་ཀྱི་མེ་ཏོག་རྒྱུན་མར་འཐོར་བཞིན་པ་ནི་ད་ཆ་འཛམ་གླིང་ནང་ཡོངས་སུ་གྲགས་པའི་གནས་ཚུལ་ཞིག་ཆགས་ཡོད་པ་ཚང་མའི་དགོངས་པར་མངའ་གསལ་ལྟར་རེད། དེང་སྐབས་བོད་ནང་རྒྱ་ནག་གཞུང་གི་བཙན་གནོན་དབང་བསྒྱུར་འོག་གནས་པའི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལོངས་སུ་སྤྱོད་རྒྱུ་མེད་པ་མ་ཟད། བོད་ནང་བོད་མི་རིགས་ཀྱི་ཆོས་དང༌། རིག་གཞུང༌། གོམས་གཤིས་བཅས་པ་ཆགས་འཇིག་མཚམས་ལ་ཐུག་པའི་ཛ་དྲག་ཉེན་ཁའི་འོག་ཏུ་གནས་ཡོད།

ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བོད་ཀྱི་དེང་རབས་ཅན་གོང་འཕེལ་གྱི་ཤོག་བུ་དཀར་པོའི་ཡིག་ཆ་ཞེས་པ་བཏོན་ནས་དེང་སྐབས་ཁོང་ཚོས་བོད་ནང་ཆབ་སྲིད་དང་ནོར་སྲིད་ཀྱི་བྱ་ཐབས་གཉིས་ལ་བརྟེན་ནས་བོད་འདི་རྒྱ་ནག་ཆེན་པོའི་ནང་ཐིམས་སུ་འཇུག་རྒྱུའི་ནག་ཉེས་འགེབས་སྲུང་གི་རེ་ངན་བཅངས་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་ཀྱི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཚོ་མགོ་བོ་རྨོངས་ཐབས་བྱེད་བཞིན་ཡོད་པ་འདི་ཐད། རང་ཕྱོགས་ནས་གཞུང་འབྲེལ་ལན་འདེབས་གནད་དུ་ཕིག་པ་ཞིག་འདོན་གྱི་ཡོད་པས་ཚང་མས་ཐུགས་སྣང་ཟབ་བསྐྱེད་ངེས་པར་ཡོང་བ་ཞུ་རྒྱུ་ཡིན།

ཉེ་དུས་ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༡༠ ཉིན་འཇར་མི་ནི་ཁུལ་རྒྱ་ནག་སྲིད་འཛིན་གཞོན་པ་ཧུའུ་ཅིན་ཐའོ་ནས་བརྗོད་དོན་དུ། རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱེད་རྒྱུའི་སྒོ་མོ་ཕྱེ་ཡོད་ཀྱང༌། ཏཱ་ལའི་བླ་མས་ཉེ་ཆར་ཡོ་རོབ་གྲོས་ཚོགས་སུ་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་བཏོན་བྱས་པ་དེ་ཐོག་ནས་ཁོང་ལ་གྲོས་མོལ་བྱ་རྒྱུའི་ལྷག་བསམ་མེད་པའི་མངོན་རྟགས་གསལ་པོ་མཚོན་ཡོད་ཅེས་བརྗོད་ཡོད་པ་དེ་ནི་ཁོ་པས་དངོས་ཡོད་གནས་ཚུལ་ཤེས་བཞིན་དུ་འཁྱོག་བཤད་བྱས་པའམ། ཡང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་བཀའ་སློབ་གསུང་འཕྲིན་གྱི་གོ་དོན་ཇི་བཞིན་མ་རྟོགས་པའི་ཉེར་ལེན་གྱིས་བྱུང་བ་ཞིག་ཡིན་པ་གོར་མ་ཆག་གཤིས། གལ་ཏེ་ཁོང་ནས་བཀའ་ས?ོབ་གསུང་འཕྲིན་གྱི་གོ་དོན་ཇི་བཞིན་མ་རྟོགས་པ་ཡིན་ཚེ་གཤམ་གསལ་གསུང་འཕྲིན་གྱི་དགོངས་དོན་ནས་གནས་ཚུལ་གསལ་པོ་ཆགས་ངེས་ཡིན།

དེ་ཡང་ྋགོང་ས་མཆོག་གིས་ ༼ངོས་ཀྱི་བོད་ཀྱི་རང་དབང་འཐབ་རྩོད་འདི་འཚེ་བའི་ཐབས་ལམ་ལ་བརྟེན་ཏེ་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོར་ཆབ་སྲིད་ཀྱི་ཐབས་ལམ་མཐའ་དག་འཚོལ་རྒྱུའི་ཐོབ་ཐང་ཡོད་པ་ཡིན། ངོས་རང་རང་དབང་དང༌། མང་གཙོ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་ཞིང༌། ངོས་ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་གྱི་ཐོག་བསྐྱོད་དགོས་པ་སྐུལ་འདེད་བྱས་དང་བྱེད་བཞིན་ཡོད། ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་བཙན་བྱོལ་བའི་སྤྱི་ཚོགས་ནང་ཁྲིམས་བཟོ་ལྷན་ཁང་དང༌། ཁྲིམས་ཞིབ་ཁང༌། འཛིན་སྐྱོང་སྡེ་ཚན་བཅས་མང་གཙོའི་ཀ་བ་གསུམ་ཆ་ཚང་ཡོད་པ་ཕལ་ཆེར་བོད་པའི་སྤྱི་ཚོགས་འདི་ཙམ་ཡིན། འདི་ལོ་ང་ཚོས་མང་གཙོའི་ཐོག་གོམ་པ་ཆེན་པོ་ཞིག་སྤོས་ཏེ་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་ཤོག་འཕངས་ཏེ་བདམས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་གནད་དོན་མཐའ་དག་གི་དབང་ཆ་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་ལྷན་ཚོགས་གཉིས་ནས་འཁུར་དགོས་པ་ཡིན། འོན་ཀྱང་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཏེ་གྲོས་མོལ་བྱ་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་མིའི་རང་དབང་གི་མགྲིན་ཚབ་པ་བྱ་རྒྱུ་འདི་གཉིས་ངོས་ཀྱི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན།

ངོས་ཀྱིས་བཏོན་པའི་གྲོས་འཆར་ལ་རྒྱ་ནག་གཞུང་གིས་ལོ་མང་རིང་དོན་ཕན་ལྡན་པའི་བརྡ་ལན་མ་བྱས་པར་བརྟེན། ངོས་ལ་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཞུ་རྒྱུ་ལས་གཞན་གྱི་ཐབས་ལམ་མེད་པར་གྱུར་པ་དང༌། དེང་གི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཡོང་བར་བྱེད་པ་ལ། རྒྱལ་སྤྱིའི་ཐོག་ནས་གཅིག་མཇུག་གཉིས་གནོན་གྱི་གནོན་ཤུགས་ཆེན་པོ་ཞིག་སྤྲོད་རྒྱུ་ལས་གཞན་གྱི་ཐབས་ལམ་མེད་པ་ཡིན། དེ་ལ་རྒྱ་ནག་གཞུང་གིས་སྐབས་འཕྲལ་དེ་ལན་དེ་འཇལ་བྱ་རྒྱུ་གདོན་མི་ཟ་ཡང༌། མཐར་ཐུག་བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་འཐོན་རྒྱུ་ཡིན། དེར་བརྟེན་རྒྱལ་སྤྱིའི་ཐོག་ནས་སེམས་ཁུར་དང༌། རྒྱབ་སྐྱོར་ཆེན་པོ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད་ལ། ང་རང་ངོས་ནས་གྲོས་མོལ་བྱ་རྒྱུའི་དམ་བཅའ་བརྟན་པོར་གནས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་དྲང་པོ་དྲང་བཞག་དང༌། བློ་རིག་གསལ་པོའི་ལྟ་ཚུལ་ཞིག་བཟུང་ནས་གྲོས་མོལ་འགོ་འཛུགས་བྱས་པ་ཡིན་ན་ཕན་ཚུན་གཉིས་སྨན་གྱི་ཐབས་ལམ་ཞིག་རྙེད་ངེས་ཡིན་པ་མ་ཟད། དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་བསྒྲིལ་ལ་ཕན་ཐོགས་ཡོང་རྒྱུ་དང༌། ང་ཚོ་བོད་མི་རྣམས་ཀྱང་རང་དབང་དང༌། ཞེ་བདེ། མི་མཐོང་ཆ་འཇོག་ཡོད་པ་བཅས་ཀྱི་ཐོག་ནས་གནས་ཐུབ་པ་ཡོང་རྒྱུ་ཡིན། ༽ཞེས་བཀའ་བསྩལ་ཡོད།

ང་ཚོས་རང་རེའི་རྩ་དོན་འཐབ་རྩོད་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་སེལ་ཐབས་བྱེད་པ་སྨོས་ཅི། དེང་སྐབས་རྒྱལ་སྤྱིའི་ཛ་དྲག་དཀའ་རྙོག་གསར་པའི་རིགས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་བརྒྱུད་སེལ་ཐབས་ཀྱི་བསྐུལ་འདེད་ཤུགས་ཆེ་ཞུ་བཞིན་ཡོད་པ་དཔེར་ན། འདི་ལོ་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཐབས་སྐྱོའི་གནས་ཚུལ་ཐོན་འཕྲལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་མང་ཡོངས་ལ་ཐུགས་ཕམ་ཆེན་པོ་བྱུང་ཡོད། འཇིགས་སྐུལ་བྱ་སྤྱོད་དེ་དག་ནི་གནོད་འཚེའི་རང་བཞིན་ཧ་ཅང་ཆེན་པོ་ཡིན་པར་བརྟེན་དཀའ་རྙོག་དེ་དག་མེད་པ་བཟོ་དགོས་ངེས་ཡིན། དེ་ལྟར་ན་ཡང༌། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ནས་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་མེད་པ་བཟོ་བའི་ཐབས་ལམ་བཟང་ཤོས་ནི་ཁྲོ་ལན་ཁྲོ་འཇལ་མི་བྱེད་པར་ཕན་ཚུན་བཟོད་བསྲན་དང༌། ཞི་བའི་གྲོས་མོལ་ལ་བརྟེན་ནས་སེལ་ཐབས་བྱེད་དགོས་པའི་མཛད་ཕྱོགས་ཨ་རིའི་སྲིད་འཛིན་དང་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་སོགས་ལ་འབོད་བསྐུལ་གསལ་པོ་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཀྱང་འབོད་བསྐུལ་ཞུས་ཡོད། ད་དུང་ཨབ་གྷ་ནི་སི་ཐན་དང་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་འཕྲོ་ཅན་དེ་དག་ཀྱང་ཞི་བའི་ཐབས་ལམ་བརྒྱུད་སེལ་ཐབས་བྱེད་དགོས་པ་མ་ཟད། ང་ཚོའི་ངོས་ནས་མ་འོངས་པར་ཨབ་གྷན་ནི་སི་ཐན་ནང་མང་གཙོ་དང༌། རང་དབང༌། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྲུང་སྐྱོབ་ལྡན་པའི་སྲིད་གཞུང་གསར་པ་ཞིག་སྒྲིག་འཛུགས་ཐུབ་པ་དང༌། སླར་མངའ་ཁུལ་དེའི་ནང་འཇིགས་སྐུལ་གྱི་དཀའ་རྙོག་གཙང་སེལ་གྱིས་ཞི་བདེ་བག་ཕེབས་ཀྱི་བསྟི་གནས་ཤིག་བསྐྲུན་ཐུབ་རྒྱུའི་སྨོན་འདུན་དང༌། རེ་བ་ཤུགས་ཆེ་བྱེད་བཞིན་ཡོད། ད་ཉིན་འདི་གར་ཆེད་ཕེབས་སྐུ་མགྲོན་གཙོ་བོ་ཧིམཱཅལ་མངའ་སྡེའི་ཁྲལ་བསྡུ་དང༌། གཞོན་ནུ། རྩེད་རིགས་བཅས་པའི་བློན་ཆེན་སྐུ་ཞབས་ཕར་ཝན་ཤར་མ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་དང༌། མཛད་སྒོ་གྲ་སྒྲིག་གནང་མཁན་ཧི་མ་ཅལ་མངའ་སྡེའི་གཞུང་དང༌། འཕགས་བོད་མཛའ་འབྲེལ་ཚོགས་པ་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མཐའ་དོན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་སྐལ་བརྒྱར་བརྟན་ཅིང༌། བཞེད་དོན་ལྷུན་གྱིས་འགྲུབ་པ། དེ་བཞིན་འཕགས་བོད་མཛའ་འབྲེལ་གོང་ནས་གོང་འཕེལ་ཡོང་བའི་སྨོན་འདུན་བཅས། བོད་གཞུང་བཀའ་ཤག་ནས་ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡༠ ལ། །