ན་གཞོན་ལས་མེད་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༄༅། །ན་གཞོན་ལས་མེད་ཀྱི་དཀའ་ངལ་ནི་སྤྱིར་འཛམ་གླིང་ཡོངས་དང༌། ལྷག་དོན་བཙན་བྱོལ་བོད་གཞུང་ལ་དམིགས་བསལ་ཛ་དྲག་གི་དཀའ་ངལ་ཞིག་ཆགས་ཡོད་པར་བརྟེན། ༢༠༠༤།༠༥ ལོར་སྒོར་འབུམ་ ༡༤༨།༦༩ དང་ ༢༠༠༥།༠༦ ལོར་འབུམ་ ༣༩།༥༥ བཅས་སྔོན་རྩིས་ལོ་ ༢ ནང་བསྡོམས་སྒོར་འབུམ་ ༡༨༨།༡༤ ལས་མེད་ཀྱི་དཀའ་སེལ་སླད་བཟོ་ལས་འདྲ་མིན་སྦྱོང་བརྡར་སྤྲོད་རྒྱུ་སོགས་ལ་བཀའ་འཁྲོལ་ཐོབ་འདུག་པ་དྭོགས་འདྲི་ཞུ་རྒྱུར།༡ བཟོ་ལས་འདྲ་མིན་ཐོག་ལས་མེད་གཞོན་སྐྱེས་གྲངས་གང་ཙམ་ལ་སྦྱོང་བརྡར་གནང་ཡོད་དམ།
༢ སྦྱོང་བརྡར་རྗེས་རང་ངོས་དང་གཞུང་གི་བུན་གཡར་གྱི་ལས་གཞི་དངོས་སུ་བཙུགས་ཐུབ་པ་གང་ཙམ་བྱུང་ཡོད།
༣ དེ་མིན་ཐབས་ལམ་དང་ལས་འཆར་ཇི་སྤེལ།

བཀའ་ལན།
༡ ཕྱི་ལོ་ ༢༠༠༤།༠༥ དང་ ༢༠༠༥།༠༦ ལོར་གཞིས་ཁག་ ༢༣ ནས་གཞོན་སྐྱེས་གྲངས་ ༢༤༢ ལ་འཚེམ་བཟོ་དང༌། མཛེས་བཟོ། ཤིང་བཟོ། སྦག་སྦག་བཟོ་བཅོས། འདྲ་པར་གྱི་ལག་ལེན། སྐྲ་བཞར། གློག་དཔྱད་རིག་གནས། བག་ལེབ་རིགས་བཟོ་སྟངས། འཕྲུལ་ལས་ཚན་རིག ཐང་ཀ སྐྱེ་ལྡན་སོ་ནམ་འདེབས་ལས། ཆུ་ལམ་བཟོ་སྒྲིག ཀམ་པུའི་ཀྲར་བཅས་ཀྱི་ཐོག་ཟབ་སྦྱོང་ཕུལ་ཡོད།
༢ གོང་གསལ་སྦྱོང་བརྡར་རྗེས་རང་ཉིད་ནས་ལས་ཀ་ཐབས་འཚོལ་གྱིས་ལས་ཀ་བྱེད་མུས་ང་ཚོས་ཤེས་པ་གྲངས་ ༥༢ ཡོད། སྦྱོང་བརྡར་ཐོན་པ་དེ་དག་ནས་ལས་གཞིའི་ཆེད་བུན་ཞུའི་སྙན་འབུལ་བྱུང་མེད་སྟབས་དམིགས་བཀར་བུན་གཏོང་ཞུས་པ་བྱུང་མེད་ཀྱང༌། གཞིས་ཆགས་ཁག་གི་ན་གཞོན་རམ་འདེགས་ཚོགས་ཆུང་བརྒྱུད་མང་ཚོགས་ཁྲོད་ནས་འཚོ་རྟེན་ལས་གཞིའི་ཆེད་བུན་ཞུ་བ་མི་གྲངས་ ༡༧ ལ་བོུན་བཏང་ཡོད། ད་ལྟའི་བུན་གཡར་སྒུག་ཐོའི་ནང་སྦྱོང་བརྡར་ཐོན་མཁན་གཅིག་ཡོད་པར་གང་མྱུར་བུན་གཏོང་ཞུ་རྒྱུ་ཡིན།
༣ གོང་གསལ་ལོ་དུས་ནང་དུ་གཤམ་གསལ་ལས་རིམ་ཁག་བྱས་ཡོད།
ཀ Pune Panchgani དུ་ ༢༠༠༤།༥།༣༡ ནས་ ༢༠༠༤།༦།༧ བར་བདུན་ཕྲག་གཅིག་རིང་གཞོན་སྐྱེས་ལྷན་ཚོགས་ཤིག་གོ་སྒྲིག་ཡོད་པ་དེར་ས་གནས་ཁག་ནས་ན་གཞོན་རོགས་སྐྱོར་གྱི་འབྲེལ་ལས་པ་བརྒྱད་ནས་མཉམ་ཞུགས་བྱས་ཡོད།
ཁ ལྷོ་ཕྱོགས་དང་དབུས་གཞིས་ཁག་དྲུག་གི་ན་གཞོན་གྲངས་སུམ་ཅུ་ལ་ཁྱད་མཁས་མི་སྣ་གཉིས་གླ་གླས་ཀྱིས་སློབ་གསོའི་ལས་རིམ་ Motivational Workshop ཞིག་ ༢༠༠༤།༩།༨ ནས་ ༢༠༠༤།༩།༡༠ བར་ཉིན་གསུམ་རིང་བདེ་སྐྱིད་སླར་གསོའི་གཞིས་ཆགས་སུ་གོ་སྒྲིག་ཞུས་ཡོད།
ག གཞོན་སྐྱེས་ལས་མེད་རིགས་ལ་ལས་འཚོལ་འབྲེལ་མཐུད་ཆེད་ནང་སྲིད་དུ་ལས་འཚོལ་ཚན་པ་གསར་འཛུགས་ཞུས་ཡོད།
ང གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་འབྲེལ་བ་ཞུས་ཏེ་གཞོན་སྐྱེས་ཁག་ལ་དུས་ཐུང་གི་ཟབ་སྦྱོང་དང་ལས་ཀ་ཐབས་འཚོལ་འབད་བརྩོན་ཞུ་མུས་ཡིན་པ་བཅས།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
ལོ་གཉིས་ནང་སྔོན་རྩིས་མ་དངུལ་བཀའ་ཁྲོལ་ཐོབ་པའི་ཐོག་ལག་ལེན་གནང་བ་དེ་དག་ཧ་ཅང་ཡག་པོ་བྱུང་འདུག ཡིན་ཡང་སྦྱོང་བརྡར་རྗེས་དངོས་སུ་ལག་ལེན་བསྟར་མཁན་ ༥༢ ལས་མེད་དུས་བརྒྱ་ཆར་རྩིས་ན་བརྒྱ་ཆ་ ༢༡ ཙམ་ཡིན། གྲུབ་འབྲས་ཀྱི་བརྒྱ་ཆ་ཉུང་ཉུང་མ་གཏོགས་མ་སོན་པ་ལྟ་བུ་ཆགས་ཀྱི་འདུག སྤྱིར་བཏང་གྲུབ་འབྲས་དེ་ཙམ་སོན་པ་ཡང་བཟང་ཕྱོགས་ཀྱི་བརྒྱུད་ལམ་ནང་ཕྱིན་པ་ལྟ་བུའི་ཡག་པོ་རེད་དེ། གང་ཞིག་འགྲོ་སོང་བཏང་བ་དེ་ལ་གཞིར་བཞག་ན་གྲུབ་འབྲས་སོན་པ་ཉུང་ཉུང་ཡིན་དུས་བསྲི་ཚགས་ཀྱི་ལྟ་གྲུབ་ཐད་ལའང་ཏག་ཏག་བསྡད་ཀྱི་ཨེ་ཡོད་བསམ་པའི་དྭོགས་པ་སྐྱེ་གི་འདུག མ་འོངས་པར་དང་པོ་ནས་སྦྱོང་བརྡར་སྤྲད་པའི་དོ་བདག་དེ་ཚོ་ལ་ཞིབ་འཇུག་དང༌། དེ་བཞིན་སྦྱོང་བརྡར་རྗེས་སུ་ལས་གཞི་དངོས་སུ་བཙུག་གི་ཡོད་མེད་དེའི་མཐུན་འགྱུར་སོ་སོའི་ངོས་ནས་གང་ཙམ་བྱེད་ཐུབ་མིན་སོགས་ལ་ཞིབ་འཇུག་གནང་གི་ཡོད་དམ། ཡང་ན་སྦྱོང་བརྡར་ཡོད་ཅེས་ལབ་སྐབས་དམིགས་ཡུལ་དང་རྒྱུན་གནས་ཐུབ་པའི་བསམ་བློ་གང་ཡང་མེད་པའི་ཐོག་ཟླ་བ་ ༦།༧ བར་སྦྱོང་བརྡར་བྱས་པ་ཙམ་གྱིས་ནང་ལ་འཛུལ་མཁན་དེ་རིགས་ལ་གཞི་རྟེན་གང་ཡང་མེད་པའི་ཐོག་གནང་གི་ཡོད་དམ། གལ་སྲིད་དེ་འདྲ་གནང་གི་ཡོད་ན། མ་འོངས་པར་དེ་འདྲ་མེད་པའི་ཐོག་ནས་འགྲོ་སོང་བཏང་བའི་བརྒྱ་ཆ་གང་མང་བ་ཞིག་གྲུབ་འབྲས་ཐོན་པར་འབད་བརྩོན་གནང་དགོས་འདུག དེ་འདྲ་གནང་ཡོད་དམ་མེད།
དེ་ནས་ལན་འདེབས་གཉིས་པར་གཞོན་སྐྱེས་རམ་འདེགས་ཚོགས་ཆུང་ཟེར་བ་ཞིག་ཡོད་འདུག་པས་དེ་གཞུང་འབྲེལ་རེད་དམ་མ་རེད། བོུན་གནང་བའི་མི་ ༡༧ དེ་ཚོ་སྦྱོང་བརྡར་བའི་ཁོངས་ནས་རེད་དམ་མ་རེད།
དོན་ཚན་ ༣ པའི་ཀ་པ་དེར་ Pune Panchgani ཟེར་བ་དེར་བདུན་གཅིག་རིང་ལྷན་ཚོགས་ཤིག་གནང་འདུག དེ་ཚོར་གཞོན་སྐྱེས་རོགས་སྐྱོར་འབྲེལ་ལས་པ་ཞེས་གསུངས་འདུག ཁོང་ཚོ་གཞུང་འབྲེལ་ཡིན་ནམ་གཞུང་འབྲེལ་མིན་པ་ཞིག་ཡིན། ལྷན་ཚོགས་གནང་བ་དེ་ཡང་བརྗོད་བྱ་སོགས་གང་གི་དོན་དུ་ཡིན་ནམ།
དེ་ནས་ཁ་པ་ Motivational Workshop སྐོར་ལ་ Workshopའདི་གནང་བའི་རྗེས་ལ་འགྲོ་སོང་ག་ཚོད་ཕྱིན་པ་དང༌། དེ་ལ་གྲུབ་འབྲས་ག་ཚོད་བྱུང༌། མི་གཅིག་གིས་མདུན་བསྐྱོད་བྱས་ནས་ Workshop སྤྲད་པ་ནང་བཞིན་ Motivate བྱས་ཐུབ་ཡོད་དམ་མེད་སྐོར་ཤེས་འདོད་བྱུང༌། ག་པ་དེར་གཞོན་སྐྱེས་ལས་མེད་རིགས་ལ་ལས་འཚོལ་གྱི་ཚན་པ་ཞིག་བཙུགས་འདུག དེ་ག་དུས་བཙུགས་གནང་བ་རེད། ད་བར་གཞོན་སྐྱེས་ག་ཚོད་ཙམ་ལ་ལས་འཚོལ་ཐུབ་པ་བྱུང་ཡོད།
དེ་ནས་ བྱངབྱ པ་དེར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་འབྲེལ་བ་ཞུས་ཏེ་གཞོན་སྐྱེས་ཁག་ལ་དུས་ཐུང་གི་ཟབ་སྦྱོང་སྤྲད་པ་དང༌། ཁོ་ཚོར་ལས་ཀ་རག་པའི་ཐབས་ཤེས་ཞུ་མུས་ཡིན་ཞེས་འདུག གཞུང་འབྲེལ་མིན་པའི་ཚོགས་པ་དེ་སུ་དང་སུ་ཡིན། དེ་ཚོར་བོད་གཞུང་གིས་མཐུན་རྐྱེན་གནང་ཡོད་མེད། གལ་སྲིད་གནང་ཡོད་ན་དེའི་སྙན་ཐོ་དང་གྲུབ་འབྲས་གང་བྱུང་ཡོད་པ་བཅས་དྭོགས་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོ་སྦྱོང་བརྡར་སྤྲད་པའི་ནང་ནས་ལས་ཀ་བྱེད་བཞིན་པའི་མི་གྲངས་ ༥༢ ལས་མེད་པ་དེ་བརྒྱ་ཆ་དམའ་པོ་རེད་ཅེས་བཀའ་གནང་སོང༌། དྲིས་ལན་ནང་ང་ཚོས་ཤེས་རྟོགས་ཡོད་པ་ ༥༢ ཡོད་ཞུས་པ་མ་གཏོགས་ལས་ཀ་བྱེད་མཁན་ ༥༢ ལས་མེད་ཅེས་ཞུས་མེད། སྦྱོང་བརྡར་ཟིན་རྗེས་སོ་སོའི་གཞིས་ཆགས་ནང་ཕྱིར་ལོག་བྱེད་ཀྱི་ཡོད་པ་རེད། དེའི་རྗེས་སོ་སོས་ལས་ཀ་གང་དང་གང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆ་ཚང་ཞིག་ནང་སྲིད་ལ་འབྱོར་གྱི་མི་འདུག ངེས་པར་དུ་མི་ ༥༢ ལས་མང་བ་ཞིག་རང་གིས་སྦྱོང་བརྡར་ཇི་བྱས་བཞིན་ལས་ཀ་བྱེད་ཐུབ་པ་བྱུང་ཡོད་པའི་རེ་བ་བྱེད་ཀྱི་ཡོད།
སྦྱོང་བརྡར་སྤྲད་པའི་དམིགས་ཡུལ་ལྷ་རབ་གཞིས་ཆགས་སོ་སོའི་ནང་ལས་ཀ་བྱེད་ཐུབ་པ་དང༌། མ་མཐའ་ཡང་སོ་སོའི་གཞིས་ཆགས་ནས་ཀི་ལོ་མི་ཊར་ ༢༠༠ ལྷག་མ་བརྒལ་བའི་ས་རུ་ལས་ཀ་ཐོབ་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྦྱོང་བརྡར་ཟིན་རྗེས་སོ་སོའི་སྦྱོང་བརྡར་དང་མཐུན་པར་རང་གི་ལས་ཀ་འགོ་འཛུགས་བྱེད་རྒྱུའམ། སྦྱིན་བདག་གཞན་གྱི་སར་གླ་ཡོད་ལས་ཀ་བྱེད་རྒྱུ་གང་རུང་ཞིག་ཡོང་དགོས་ཀྱི་རེད། དེ་སྔོན་སྦྱོང་བརྡར་ཐོན་ནས་ལས་ཀ་མ་ཐོབ་པ་དང༌། ཐོག་མར་སྦྱོང་བརྡར་ཡོང་དུས་ནས་ལས་ཀ་བྱེད་རྒྱུའི་དམིགས་ཡུལ་མེད་པ་དེ་འདྲའང་སླེབས་ཡོད་ཚོད་འདུག ད་ཆ་ཐོག་མ་འདེམས་སྒྲུག་བྱེད་པའི་སྐབས་ནས་ས་གནས་འགོ་འཛིན་སོ་སོའི་བརྒྱུད་ཞིབ་འཇུག་ནན་པོ་བྱས་ཏེ་སྦྱོང་བརྡར་ཐོན་རྗེས་རང་གིས་སྦྱོང་བརྡར་བྱས་པའི་ལག་ཤེས་དེས་རང་གི་འཚོ་ཐབས་ཀྱི་ལས་ཀ་བྱེད་དགོས་པ་དང་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།
འཕྲོས་དོན་དྲི་བ་གཉིས་པ་ན་གཞོན་རོགས་སྐྱོར་གྱི་འབྲེལ་ལས་པ་བརྒྱད་ཟེར་བ་དེ་གཞུང་འབྲེལ་ཡིན་མིན་བཀའ་འདྲི་གནང་སོང༌། དེ་སྔོན་འཆར་འགོད་ལས་ཁུངས་དང༌། རྗེས་སུ་ནང་སྲིད་ལས་ཁུངས་ནས་འཛིན་སྐྱོང་བྱས་པའི་པདྨའི་ལས་གཞི་ཟེར་བ་ཞིག་ཡོད་པ་དེང་སྐབས་མིང་བསྒྱུར་ནས་དབྱིན་སྐད་ནང་ཡེས་ Yes ལས་གཞི་དང༌། བོད་སྐད་ནང་ན་གཞོན་རོགས་སྐྱོར་ལས་གཞི་ཟེར་གྱི་ཡོད། དེའི་ཁོངས་འབྲེལ་ལས་པ་ཡོད་པ་ཚང་མ་གཞུང་འབྲེལ་རེད། ཁོང་ཚོ་གཞུང་ཞབས་མིན་ཡང་ན་གཞོན་རོགས་སྐྱོར་ལས་གཞིའི་འོག་གཞུང་འབྲེལ་གྱིས་བསྐོ་གཞག་བྱས་པའི་འབྲེལ་མཐུད་པ་རེད། ཁོང་ཚོས་རྒྱུན་དུ་གཞིས་ཆགས་སོ་སོའི་ནང་ན་གཞོན་རོགས་སྐྱོར་ལས་གཞིའི་འོག་རོགས་སྐྱོར་ཞུ་མཁན་གྱི་སྙན་ཐོ་ལེན་རྒྱུ་དང༌། རོགས་སྐྱོར་ཐོབ་རྗེས་ལས་ཀ་ལ་ལྟ་རྟོག་བྱེད་རྒྱུ་བཅས་ཀྱི་ལས་འགན་ཡོད་པ་རེད།
ཡང་འཕྲོས་དོན་དྲི་བ་དང་པོའི་ཆ་ཤས་སུ་བུ་ལོན་ཞུ་མཁན་གྱི་མི་ ༡༢ ཚང་མ་སྦྱོང་བརྡར་འཐོན་མཁན་གྱི་གྲས་ནས་རེད་དམ་ཞེས་བཀའ་གནང་སོང༌། དེ་ཚང་མ་སྦྱོང་བརྡར་འཐོན་མཁན་གྲས་མ་རེད། བུ་ལོན་ཞུ་མཁན་དེ་ཚོ་ན་གཞོན་རོགས་སྐྱོར་ལས་གཞིའི་འོག་སོ་སོའི་འཚོ་ཐབས་ཀྱི་ལས་ཀ་བྱེད་རྒྱུའི་ཐོག་བུ་ལོན་ཞུ་གཏོང་བྱེད་ཀྱི་ཡོད། དེའི་གྲས་ཚོང་ཁང་བཟུང་མཁན་དང་ཟ་ཁང་བཟུང་མཁན་སོགས་ཅི་རིགས་ཤིག་ཡོད་པ་རེད། བྱས་ཙང་ཁོང་ཚོའི་གྲས་སུ་སྦྱོང་བརྡར་འཐོན་མཁན་དང༌། སྦྱོང་བརྡར་ལ་མ་འགྲོ་མཁན་ཚང་མར་སྤྱི་སྙོམ་གྱིས་སྙན་ཞུ་གཏང་ཆོག་གི་ཡོད་རེད།
ཡང་ལྷོ་ཕྱོགས་གཞིས་ཆགས་དྲུག་གི་ན་གཞོན་ ༣༠ ལ་ Motivational Workshop བྱས་ནས་ཕན་ཐོགས་གང་བྱུང་སོང་ཞེས་བཀའ་གནང་སོང༌། ཁོང་ཚོར་དེ་ལ་བརྟེན་ནས་ཕན་ཐོགས་གང་བྱུང་ཡོད་མེད་ད་ལྟ་ངས་ཞུ་ཐུབ་ཀྱི་མི་འདུག དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
ནང་སྲིད་ལས་ཁུངས་ནང་ལས་འཚོལ་སྡེ་ཚན་དེ་སྔོན་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་སྐབས་ནས་གཏོད་ཡོད་ཀྱང༌། ལས་བྱེད་ཉེ་ཆར་ཟླ་ཤས་སྔོན་ཙམ་མ་གཏོགས་བསྐོ་གཞག་བྱས་ཐུབ་མེད། བྱས་ཙང་ད་ལྟ་ལས་གཞི་འགོ་ཚུགས་ཙམ་རེད། ད་ལྟ་ཁོང་ཚོས་བོད་མིའི་གཞིས་ཆགས་ཁག་དང་ཁ་ཐོར་གནས་སྡོད་ཚང་མའི་ནང་ན་གཞོན་ལས་མེད་སྐོར་ཞིབ་འཇུག་བྱེད་རྒྱུ་དང༌། དྲྭ་རྒྱའི་བརྒྱུད་ནས་རྒྱ་གར་ནང་ལས་ཀ་འཚོལ་སྟངས་སྐོར་ཉམས་ཞིབ་བྱེད་རྒྱུ་བཅས་ལས་གཞི་གཉིས་འགོ་འཛུགས་ཟིན་པ་ཡིན། དངོས་སུ་གྲུབ་འབྲས་འཐོན་རྒྱུར་དུས་ཚོད་ཕྲན་བུ་འགོར་རྒྱུ་ཡིན་སྟབས་ད་ལྟ་གྲུབ་འབྲས་འདི་བྱུང་ཞུ་རྒྱུ་མེད།
དྲིས་ལན་ བྱངབྱ པའི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་བྱས་པ་ཡིན་ཞེས་འཁོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་བཀའ་འདྲི་ཕེབས་པའི་ཐད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བཙུགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཡོད་པ་གཅིག་དིལླཱི་དང༌། གཅིག་དྷ་སར་གནས་གཞི་བྱས་ཏེ་ཡོད། དེ་ཚོ་དང་མཉམ་དུ་བཀའ་ཤག་དང་ནང་སྲིད་ནས་འབྲེལ་བ་ཞུས་ཏེ་ལས་གཞི་བཟོ་འགོད་བྱས་ཡོད། ཁོང་ཚོར་ནང་སྲིད་ལས་ཁུངས་བརྒྱུད་མི་དགོས་པར་བོད་རིགས་ན་གཞོན་ལས་མེད་ཚོར་ཐད་ཀར་འབྲེལ་བ་གནང་སྟེ་ཟབ་སྦྱོང་དང༌། ལས་འཚོལ་ངོ་སྤྲོད་སོགས་ཀྱི་རོགས་ཕན་གནང་རྒྱུའི་རེ་བསྐུལ་ཞུས་ཡོད། ཚོགས་པ་དེ་གཉིས་ལ་བཀའ་ཤག་གི་ངོས་ནས་དཔལ་འབྱོར་གྱི་མཐུན་འགྱུར་གང་ཡང་ཕུལ་མེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་པ་ཞིག་ལོ་ཤས་སྔོན་དིལླཱིར་བཙུགས་སྐབས་བཀའ་ཤག་ནས་འགྲོ་གྲོན་གྱི་ས་བོན་སྒོར་ལྔ་ཁྲི་ཕུལ་ཡོད། འོན་ཀྱང་ཚོགས་པ་དེ་ད་ལྟ་ཕྱག་ལས་ག་རེ་གནང་གི་ཡོད་མེད་དང༌། སྒོར་ ༥༠༠༠༠།༠༠ བྱུང་སོང་བསྡད་གསུམ་གྱི་གནས་སྟངས་ཞུ་མཁན་བྱུང་མ་སོང་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
བཀའ་ལན་གྱི་དོན་ཚན་གཉིས་པར་གཞིས་ཆགས་ཁག་གི་ན་གཞོན་རམ་འདེགས་ཚོགས་ཆུང་བརྒྱུད་མང་ཚོགས་ཁྲོད་འཚོ་རྟེན་ལས་གཞིའི་ཆེད་བུན་ཞུ་བ་མི་གྲངས་ ༡༧ ལ་བོུན་བཏང་ཡོད། ད་ལྟའི་བུན་གཡར་སྒུག་ཐོའི་ནང་སྦྱོང་བརྡར་འཐོན་མཁན་གཅིག་ཡོད་པར་གང་མྱུར་བུན་གཏོང་ཞུ་གི་ཡིན་ཞེས་པ་དེ་ལ་དྲི་བ་ཆགས་ཀྱི་ཡོད། རང་གཞུང་ནས་བུ་ལོན་གཡར་བའི་ཐོག་ལ་ཁོ་ཚོས་བུ་ལོན་གཡར་སྐབས་གཏའ་མ་འདྲ་བཞག་དགོས་ཀྱི་ཡོད་དམ་མེད། གལ་ཏེ་མེད་ཚེ་བཤད་སྲོལ་ལ་ཐིགས་པ་བསགས་པའི་རྒྱ་མཚོ་ཞེས་པ་ལྟར་རང་གཞུང་གིས་དངུལ་བསྲི་ཚགས་བྱེད་རྒྱུའི་ཐོག་ལ་ཉམས་གནོད་ཡོང་གི་ཡོད་དམ།
བཀའ་ལན།
ད་ལྟ་ང་ཚོས་བུ་ལོན་གཏང་རྒྱུའི་ལས་གཞི་དེ་ཚོར་གཏའ་མ་ལེན་གྱི་མེད། ཡིན་ནའང་ཁག་ཐེག་ལེན་གྱི་ཡོད་པ་རེད། བུ་ལོན་མི་སྒེར་རེ་རེའི་ཐོག་ནས་ཞུ་མཁན་དང༌། མི་གཉིས་དང་གསུམ་བཞི་བསྡོམས་ནས་ཞུ་མཁན་ཡང་ཡོད་པ་རེད། མི་སྒེར་རེ་རེ་ལ་དངུལ་འབོར་ཉུང་བ་དང༌། མི་ཁ་ཤས་མཉམ་ལས་བྱེད་མཁན་ཚོར་དངུལ་འབོར་མང་བ་སྤྲོད་ཀྱི་ཡོད་རེད། ཁོང་ཚོར་བུ་ལོན་མ་སྤྲད་གོང་བུ་ལོན་བླངས་ནས་ལས་ཀ་བྱེད་རྒྱུའི་འཆར་གཞི་དེ་ལ་ཞིབ་འཇུག་ཞིབ་ཚགས་དང་ནན་ཏན་བྱེད་ཀྱི་ཡོད་རེད། དཔེར་ན་ཇ་ཁང་ཞིག་གཟུང་གི་ཡིན་ཞེས་ཞུས་པ་ཡིན་ན། དེའི་ས་ཆ་དང་ཇ་འཐུང་མཁན་མང་ཉུང༌། དེའང་རྒྱུན་ལྡན་དང་སྐབས་རེ་ཡོད་པ་གང་ཡིན། ཉེ་འགྲམ་དུ་ཇ་ཁང་གཞན་ཡོད་མེད་སོགས་ཚོང་ལས་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་དང༌། དེ་བཞིན་བཟོ་སྐྲུན་གྱི་ལས་རིགས་ཤིག་ཡིན་ན་ལག་ཤེས་སྦྱངས་ཆ་ཡོད་མིན། རྒྱུ་ཆ་དང་ཁྲོམ་རྭ་འཛོམས་མིན་སོགས་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད། ལས་གཞི་ལམ་ལྷོང་ཡོང་བའི་ངེས་པ་བརྒྱ་ཆ་བརྒྱ་རྙེད་ན་གཞི་ནས་བུ་ལོན་སྤྲོད་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་བུ་ལོན་འཇལ་མ་ཐུབ་མཁན་ཕལ་ཆེར་ཡོང་གི་མི་འདུག བུ་ལོན་གྱི་དངུལ་འབོར་དང་མཉམ་པའི་གཏའ་མ་ལེན་པ་ཡིན་ན་བུ་ལོན་ལེན་ཐུབ་མཁན་ཧ་ཅང་དཀོན་པོ་ཡིན་གྱི་རེད། དེ་འདྲ་སོང་ཙང་ཁག་ཐེག་མ་གཏོགས་གཏའ་མ་ལེན་གྱི་མེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས།
གཞོན་སྐྱེས་གྲངས་ ༢༤༢ ལ་སྦྱོང་བརྡར་གནང་བ་རེད་གསུང་གི་འདུག དེས་ན་ལས་མེད་གྲངས་ག་ཚོད་ཙམ་ཡོད་མིན་ཚོད་དཔག་གནང་ཡོད་དམ་མེད་ཞུ་རྒྱུ་ཡིན།
གཉིས་པ། མི་གྲངས་ ༡༧ ལ་བོུན་བཏང་ཡོད་གསུང་གི་འདུག དེའི་དངུལ་འབོར་ག་ཚོད་ཡིན་མིན་བཀའ་འདྲི་ཞུ་རྒྱུ་ཡིན།
གསུམ་པ། བུན་གཡར་སྒུག་ཐོའི་ནང་སྦྱོང་བརྡར་བྱེད་མཁན་གཅིག་ཡོད་གསུང་གི་འདུག དེ་སྒུག་ཐོའི་ནང་ཕེབས་དགོས་དོན་དངུལ་མ་འདེང་བའི་དཀའ་ངལ་རེད་དམ། ཡང་ན་ཆ་རྐྱེན་མ་ཚང་བའི་དཀའ་ངལ་རེད་དམ་ཞུ་རྒྱུ་ཡིན།
དེ་ནས་མཐའ་མ། ལས་འཚོལ་ཚན་པ་གསར་འཛུགས་ཞུས་ཡོད་གསུངས་འདུག དེ་ལ་བསྔགས་བརྗོད་དང་སྦྲགས་དེ་ག་དུས་གསར་འཛུགས་གནང་བ་ཡིན་ནམ། བེད་སྤྱོད་གཏོང་མཁན་ག་ཚོད་ཡོད་མིན་བཀའ་འདྲི་ཞུ་གི་ཡོད། དེའི་ནང་དྲྭ་རྒྱ་ཞིག་ཡོད་དམ་མེད། ཡོད་ན་གསུང་རོགས་གནང༌།

བཀའ་ལན།
ན་གཞོན་ལས་མེད་དང་ཡང་ན་ལས་ཀ་མི་བྱེད་མཁན་དེ་ཚོའི་གྲངས་ཐོ་ད་ལྟ་མེད། གོང་དུ་ཞུས་པ་ལྟར་ནང་སྲིད་ལས་འཚོལ་སྡེ་ཚན་གྱི་ལས་གཞི་དང་པོ་ན་གཞོན་ལས་མེད་གང་ཡོད་ཉམས་ཞིབ་བྱ་རྒྱུ་དེ་ཡིན། དེ་སྔོན་དཔེ་མཚོན་གྱི་ཉམས་ཞིབ་ཅིག་བྱས་འདུག་ཀྱང་དེ་ཞིབ་ཚགས་པོ་དང་ཚད་ལྡན་ཞིག་བྱུང་མི་འདུག ད་ལྟ་ཞིབ་འཇུག་གི་ལས་གཞི་དེ་ཟླ་བ་ལྔ་དྲུག་ཙམ་གྱི་ནང་ཟིན་པའི་རེ་བ་ཡོད།
ཡང་མི་ ༡༧ ལ་བུ་ལོན་བཏང་བ་དེ་དངུལ་འབོར་ག་ཚོད་རེད་ཅེས་བཀའ་གནང་སོང༌། དངུལ་འབོར་འདྲ་མིན་སྣ་ཚོགས་ཤིག་འདུག མང་ཤོས་ ༣༦༠༠༠༠།༠༠ དང་ཉུང་ཤོས་ ༧༥༠༠༠།༠༠ རེད་འདུག དེའི་བར་ ༩༠༠༠༠།༠༠ དང༌། ༡༠༠༠༠༠།༠༠ སོགས་ཅི་རིགས་འདུག
སྒུག་ཐོའི་ནང་མི་གཅིག་ཡོད་ཅེས་ཞུས་པ་དེ་དངུལ་མེད་ནས་སྒུག་བསྡད་པ་མ་རེད་ལ། ཆ་རྐྱེན་མ་ཚང་ནས་སྒུག་བསྡད་པ་ཡང་མ་རེད། ཁོ་རང་གི་བུ་ལོན་ཞུ་རྒྱུའི་ལས་གཞི་དེའི་ཉམས་ཞིབ་ཆ་ཚང་མ་ཟིན་པའི་དབང་གིས་སྒུག་བསྡད་པ་རེད། ལས་གཞི་ཁུངས་འཁྱོལ་བ་ཞིག་ཡིན་པའི་ངེས་པ་རྙེད་ན་བུ་ལོན་གཏང་རྒྱུ་དང༌། ལས་གཞི་ཁུངས་འཁྱོལ་མིན་ཐེ་ཚོམ་ཡོད་པ་ཞིག་ཡིན་ན་ལས་གཞི་གཞན་ཞིག་འཚོལ་དགོས་ལམ་སྟོན་བྱེད་དགོས་པ་ཡིན་པས་ད་ལྟ་སྒུག་ཐོའི་ནང་ཡོད་པ་རེད།
ནང་སྲིད་ལས་ཁུངས་སུ་ལས་འཚོལ་སྡེ་ཚན་ག་དུས་བཙུགས་པ་དྲི་བ་སྔ་མའི་ལན་དུ་ཞུས་ཟིན་པ་ཡིན། དྲྭ་རྒྱ་ཁག་གི་ནང་ནས་རྒྱ་གར་ནང་ལས་ཀ་གར་ཡོད་ཞིབ་འཇུག་བྱ་རྒྱུ་ཁོང་ཚོའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་ཞུས་པ་མ་གཏོགས། ང་ཚོས་དྲྭ་རྒྱ་བཟོས་ཡོད་ཅེས་ཞུས་མེད། དྲྭ་རྒྱ་ཁག་ནས་ལས་གཞི་ཉམས་ཞིབ་བྱས་ཏེ་བོད་རིགས་ན་གཞོན་ཚོར་ཕན་ཐོགས་ཡོད་པ་རྣམས་ཟུར་འདོན་གྱིས་ནང་སྲིད་དང་གཞུང་གི་དྲྭ་རྒྱའི་ནང་བཞག་ཆོག་གི་རེད།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
རྣམ་ཀུན་ང་ཚོར་ན་གཞོན་ལས་མེད་ཚོའི་དཀའ་ངལ་སེལ་ཐབས་ཀྱི་སྐོར་དཀའ་ངལ་འཕྲད་སྡོད་ཀྱི་ཡོད་རེད། ཡིན་ནའང་ད་ཆ་ནང་སྲིད་ལྷན་ཁང་ནས་ཐུགས་ཁུར་བཞེས་ནས་གང་ལ་གང་འཚམས་ཤིག་སྦྱོང་བརྡར་གནང་སྡོད་ཀྱི་ཡོད་རེད། དེ་ཞེ་དྲགས་ཡག་པོ་འདུག ཡིན་ནའང་བཀའ་འདྲི་ཞུ་རྒྱུ་ལ། ད་ལྟ་དེ་ནང་སྲིད་དང་ཤེས་རིག་ལྷན་ཁང་གཉིས་དང་འབྲེལ་བ་ཆགས་མིན་མི་ཤེས་ཏེ། ངས་ཞུ་རྒྱུ་ལ་ད་ལྟ་ཌེ་ར་ཌུན་སི་ལ་ཀུའི་བོད་ཁྱིམ་ལག་ཤེས་བཟོ་གྲྭ་དེ་དངུལ་འབོར་བསམ་གྱིས་མི་ཁྱབ་པ་བཏང་ནས་བཞུགས་ཤག་དང་འཛིན་ཁང་སོགས་སྤུས་ལེགས་བརྒྱབས་འདུག ངས་ ༢༠༠༤ དང་ ༢༠༠༥ མཚམས་ལ་བཀའ་འདྲི་ཞུ་དུས་སློབ་གྲྭ་མཐར་མ་ཁྱོལ་བ་མང་པོ་ཞིག་དེའི་ནང་དུ་བཅུག་པ་དེའི་ནང་མང་ཆེ་བ་བོད་ནས་གསར་དུ་འབྱོར་བ་དང༌། དེ་མིན་གཞིས་ཆགས་ཁག་ནས་ཁ་ཤས་དེར་ཚུད་འདུག ཕལ་ཆེར་སློབ་གཉེར་བ་གྲངས་བརྒྱད་བརྒྱ་དགུ་བརྒྱ་ཞིག་ཡོད་བཟོ་འདུག དེར་ལག་ཤེས་སྦྱོང་བརྡར་གནང་རྒྱུ་ལ་ཆ་མཚོན་ན་དེང་དུས་ཚན་རིག་དང༌། འཕྲུལ་ལས། རླངས་འཁོར་བཟོ་བཅོས་སོགས་དེང་དུས་དགོས་མཁོ་ཆགས་བསྡད་པ་མང་པོ་ཞིག་སྦྱོང་བརྡར་གནང་གི་འདུག ཡིན་ནའང་ཁ་སང་ཉེ་བའི་ཆ་ལ་ང་སློབ་གྲྭའི་སྒོ་སྲུང་ཞིག་གི་སར་ཕྱག་རོགས་ཤིག་སྒུག་ནས་སྡོད་པའི་སྐབས་སུ་སློབ་གྲྭའི་སྒྲིག་འཛུགས་སོགས་ཁྱེད་རང་གི་མཐོང་སྣང་ལ་ག་འདྲ་འདུག ལྷག་པར་དུ་ VTC ནང་སློབ་གཉེར་བ་མང་ཉུང་ག་འདྲ་ཡོད་མེད་དང༌། གནས་སྟངས་ཇི་འདྲ་ཡོད་མིན་ཁོ་ལ་སྐད་ཆ་དྲིས་དུས་ཁོང་ནས་ VTC དེར་ད་ཆ་བག་ལེབ་བཟོ་རྒྱུ་དེ་དང༌། ཀམ་པུ་ཊར་སྡེ་ཚན་དེ་མ་གཏོགས་ད་ཆ་ཕལ་ཆེར་ཉམས་ཆག་ཕྱིན་ནས་སྦྱོང་བརྡར་བྱེད་མཁན་ཡང་ཕལ་ཆེར་དེང་ ༣༠༠ ཙམ་མ་གཏོགས་མི་འདུག་ཅེས་ལབ་ཀྱི་འདུག དེ་འདྲ་སོང་ཙང་དེའི་ཐོག་ལ་ནང་སྲིད་ལྷན་ཁང་ནས་དེའི་སྐོར་མཁྱེན་རྟོགས་བྱུང་ཡོད་དམ་མེད་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ནས་བཀའ་འདྲི་གནང་བའི་ལག་ཤེས་སློབ་གྲྭ་དེ་བོད་ཁྱིམ་ནས་འཛིན་སྐྱོང་གནང་བའི་རང་སྐྱོང་སྡེ་ཚན་ཞིག་རེད། དེའི་གནས་སྟངས་སྐོར་ནང་སྲིད་ལས་ཁུངས་ནས་ལན་ཞུ་ཐུབ་ཀྱི་མི་འདུག སྤྱིར་བཏང་སློབ་ཁང་དེ་བཙན་བྱོལ་བོད་མིའི་ན་གཞོན་རྣམས་ལ་ལས་རིགས་སྦྱོང་བརྡར་སྤྲད་པའི་སློབ་ཁང་ཡག་ཤོས་དང་མཐུན་རྐྱེན་འཛོམས་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སློབ་ཁང་དེའི་ལག་ཤེས་སྡེ་ཚན་ཁག་གི་ནང་ནས་ང་རང་གིས་དངོས་སུ་མཐོང་བ་མ་བྱན་དང་ཞལ་ལག་འདེགས་འཇོག་གི་སློབ་སྦྱོང་བྱེད་མཁན་ཚོ་རེད། ཁོང་ཚོས་ང་ལན་གཉིས་ཐུག་འཕྲད་བྱུང་སྐབས་སྦྱོང་བརྡར་ཡག་པོ་ཐོན་འདུག་བསམ་པ་བྱུང་བ་མ་ཟད། ཁོང་ཚོ་མང་ཆེ་བ་བོད་ལ་ཕྱིར་ལོག་བྱ་རྒྱུའི་འདོད་པ་ཡོད་པའི་རིགས་རེད་འདུག སྤྱིར་བཏང་འཕྲོས་དོན་དྲི་བ་འདི་དྲི་བ་དངོས་གཞི་དང་འབྲེལ་བ་མི་འདུག

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དང་པོ་དེར་དཔལ་ལྡན་ནང་སྲིད་བཀའ་བློན་གྱི་བཀའ་ལན་དང་པོའི་ནང་དུ་ན་གཞོན་ལས་མེད་གྲངས་ ༢༤༢ ལ་སྦྱོང་བརྡར་ལས་ཚན་དེ་ལྟ་བུ་འདྲ་མིན་ཞེས་གསུངས་འདུག ད་ལྟ་ངས་བཀའ་འདྲི་ཞུ་རྒྱུ་དེ། གཤམ་གསལ་ལས་ཚན་འཚེམ་བཟོ་ལ་མི་གྲངས་ཇི་ཙམ་དང༌། མཛེས་བཟོ་སོགས་ལ་ཇི་ཙམ་ཡོད་མེད་གསུང་བདེ་པོ་ཡོད་ན་རེ་རེ་བཞིན་གསུང་རོགས་གནང་ཞུ་རྒྱུ་ཡིན།
དྲི་བ་གཉིས་པ་དེ་ལ་ད་ལྟ་གོང་དེ་དང་འབྲེལ་བ་ཆགས་ཀྱི་འདུག སློབ་སྦྱོང་བྱས་པ་དེ་ཚོའི་ནང་ནས་རང་གཞུང་ནང་སྲིད་ལས་ཁུངས་ཀྱིས་མཁྱེན་གསལ་ལྟར་བྱེད་པ་ཡིན་ན་མི་ ༥༢ ལས་ཀ་བྱེད་ཀྱི་ཡོད་པ་ཞིག་གསུངས་འདུག དེའི་ཐོག་ལ་བཀའ་འདྲི་ཞུ་རྒྱུར། མི་གྲངས་ ༥༢ གོང་གསལ་ལས་གཞི་གང་དང་གང་གི་ནང་ཡོད་མེད་གསལ་བཤད་གནང་བདེ་པོ་ཞིག་ཡོད་ན་གསུང་རོགས་གནང་ཞུ་རྒྱུ་ཡིན།
དེ་ནས་བཀའ་ལན་དོན་ཚན་གཉིས་པ་དེ་རང་གི་ནང་དུ་སྦྱོང་བརྡར་ཐོན་པ་དེ་དག་ནས་ལས་གཞིའི་ཆེད་བུན་ཞུའི་སྙན་འབུལ་བྱུང་མེད་སྟབས་དམིགས་བཀར་བུན་གཏོང་ཞུས་པ་བྱུང་མེད་ཀྱང་ཞེས་གསུངས་འདུག་པ་དེའི་ཐོག་ངས་བཀའ་འདྲི་ཞུ་རྒྱུར། བུན་ཞུའི་སྙན་འབུལ་ད་ལྟ་ཞུས་མེད་པའི་རྒྱུ་མཚན་ལ་བརྟེན་ནས་བུན་གཏོང་གནང་མི་འདུག དེས་ན་མ་འོངས་པར་མི་གྲངས་ ༥༢ ནང་མ་ཡིན་པ་དེ་དག་གིས་བུན་གཏོང་གནང་རོགས་གནང་ཞེས་ཞུ་ན་ཆ་རྐྱེན་ལྡན་ཡོད་ན་བུན་གཏོང་གནང་གི་རེད་མ་མ་རེད། དེ་བཞིན་སྙན་འབུལ་ཞུ་སྟངས་ཇི་འདྲ་ཞུ་དགོས་མིན་དེའི་ཐོག་ལ་གསལ་བཤད་ཅིག་གནང་རོགས་གནང༌།
དེ་ནས་སྡེ་ཚན་ ག པའི་ནང་དུ་གཞོན་སྐྱེས་ལས་མེད་རིགས་ལ་ལས་འཚོལ་འབྲེལ་མཐུད་ཆེད་ནང་སྲིད་དུ་ལས་འཚོལ་ཚན་པ་གསར་འཛུགས་ཞུས་ཡོད་ཅེས་གསུངས་འདུག་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་ངས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ནང་སྲིད་ལས་ཁུངས་ནས་ལས་འཚོལ་ཚན་པ་གསར་འཛུགས་ཞུས་པ་དེར་ལས་ཀ་འཚོལ་མཁན་དེ་ཚོས་ཡར་འབྲེལ་བ་ཞུ་སྟངས་དེ་ག་འདྲ་བྱས་ནས་ཞུ་དགོས་ཀྱི་ཡོད་མེད་དང༌། དེར་ཆ་རྐྱེན་གང་དང་གང་དགོས་མིན་གསར་འགྱུར་བརྒྱུད་ལམ་དང་འབྲེལ་ཡོད་ལས་ཁུངས་ཆེ་ཁག་དག་བརྒྱུད་ནས་མར་གསལ་བསྒྲགས་གནང་ཡོད་རེད་དམ་མ་རེད། གལ་སྲིད་གནང་མེད་ན་མ་འོངས་པར་དེ་འདྲ་གནང་ཐུབ་ན་དགེ་མཚན་ཆེན་པོ་ཞིག་མེད་འགྲོ་བསམ་གྱི་འདུག དེས་ན་དེའི་སྐོར་གསལ་བཤད་ཅིག་གནང་རོགས་གནང༌།
དེ་ནས་དོན་ཚན་ ང་ པའི་ནང་དུ་ཟབ་སྦྱོང་དང་ལས་ཀ་ཐབས་འཚོལ་ཆེད་འབད་བརྩོན་ཞུ་མུས་ཡིན་ཞེས་གསུངས་པ་དེ་གོང་དང་འདྲ་པོ་ཞིག་ཆགས་ཀྱི་འདུག དེ་འདྲ་སོང་ཙང་གོང་དང་གཅིག་མཚུངས་ལྟར་ན་གཞོན་ལས་མེད་ལས་འཚོལ་བ་དེ་ཚོས་ལས་ཀ་འཐོབ་རྒྱུའི་ཆེད་འབད་བརྩོན་ཞུ་སྟངས་ཇི་འདྲ་བྱ་དགོས་མིན། དཔེར་ན་དྲྭ་རྒྱ་ལྟ་བུ་ཡོད་ན་དེའི་ཁ་བྱང་ཇི་འདྲ་ཡིན་མིན་སྐོར་དང༌། ལྷག་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་གནང་བ་དེ་ཚོ་ཡང་ད་ལྟ་དེ་འདྲ་ཞིག་བཙུགས་ཡོད་ཅེས་མར་གསལ་བསྒྲགས་གནང་ཡོད་རེད་དམ་མ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་མི་གྲངས་ ༢༤༢ སྦྱོང་བརྡར་གང་དང་གང་སྤྲད་པ་རེད་ཅེས་གསུངས་པའི་ཐད། འཚེམ་བཟོའི་ནང་ ༢༠༠༤།༠༥ ལོ་ལ་མི་ ༩ ༢༠༠༥།༠༦ ལོ་ལ་མི་ ༡༨ མཛེས་བཟོའི་ནང༌། ༢༠༠༤།༠༥ ལོ་ལ་མི་ ༥༡ ༢༠༠༥།༠༦ ལོ་ལ་ ༡༠ ཤིང་བཟོའི་ནང༌། ༢༠༠༤།༠༥ ནང་དུ་མི་ ༥ ༢༠༠༥།༠༦ ནང་དུ་མི་ ༩ སྦག་སྦག་བཟོ་བཅོས་ནང༌། ༢༠༠༤།༠༥ ལོ་ལ་ ༤ དང་ ༢༠༠༥།༠༦ ནང་མེད། འདྲ་པར་རྒྱག་མཁན་ནང༌། ༢༠༠༤།༠༥ ལོ་ལ་ ༢ ༢༠༠༥།༠༦ ནང་ ༢ སྐྲ་བཞར་མཁན། ༢༠༠༤།༠༥ ལོ་ལ་ ༩ ༢༠༠༥།༠༦ ནང་མེད། བག་ལེབ་བཟོ་སྟངས། ༢༠༠༤།༠༥ ལོ་ལ་ ༨ ༢༠༠༥།༠༦ གི་ནང་ ༧ འཕྲུལ་ལས་ཚན་རིག་ལ། ༢༠༠༤།༠༥ ནང་ ༡༧ ༢༠༠༥།༠༦ ནང་ ༡༢ ཀམ་པུ་ཊར་མལ་ཊི་མི་ཌི་ཡི་ནང་ ༢༠༠༤།༠༥ ནང་ ༡༩ ༢༠༠༥།༠༦ ནང་ ༤ ཀམ་པུ་ཊར་མེགྲོ་སོ་ཕཊ་སིས་ཊམ་ཨིན་ཇི་ནི་ཡ་རིང་དེའི་ནང་ལ་ ༢༠༠༤།༠༥ ལོར་ ༥ དང༌། ༢༠༠༥།༠༦ ནང་ ༡ ཀམ་པུ་ཊར་སོ་ཕཊ་ཝེ་ཡར་ནང་ ༢༠༠༤།༠༥ ལོར་ ༡༠ དང༌། ༢༠༠༥།༠༦ ནང་ ༧ ཧཱདྲ་ཝེ་ཡར་དང་ནེཊ་ཝར་ཀིང་གི་ནང་ ༢༠༠༤།༠༥ ལོར་ ༩ དང་ ༢༠༠༥།༠༦ ནང་ ༥ ཀམ་པུ་ཊར་ལས་གཞི་ཌ་ཊའི་ནང་ཕལ་ཆེར་བཞི་ལྔ་དེ་ལས་མེད་པ་འདྲ། ཐང་ཀ་ལྷ་འབྲི་ནང་ ༢༠༠༤།༠༥ ལོར་ ༥ དང་ ༢༠༠༥།༠༦ ནང་མེད། སྐྱེ་ལྡན་སོ་ནམ་འདེབས་ལས་ལ་ ༢༠༠༤།༠༥ ནང་ ༤ དང་ ༢༠༠༥།༠༦ ནང་ ༣ ཆུ་ལམ་བཟོ་སྒྲིག་གི་ནང་ ༢༠༠༥།༠༦ ནང་ ༢ བཅས་འདས་པའི་ལོ་གཉིས་ཀྱི་ནང་ཁོང་ཚོ་ལས་གཞི་མི་འདྲ་བའི་སྦྱོང་བརྡར་ཞུས་པ་དེ་དག་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་སློབ་སྦྱོང་ཐོན་པ་ ༥༢ སུ་དང་སུ་ཡིན་པ་དང༌། ཁོང་ཚོས་ལས་ཀ་གང་དང་གང་བྱེད་ཀྱི་ཡོད་པ་ད་ལྟ་ཞུ་རྒྱུ་མེད། ཡིན་ནའང་ཁོང་ཚོ་གཞིས་ཁོངས་གང་ནས་ཡིན་པ་ཞུ་རྒྱུ་ཡོད། ལུགས་བསམ་ནས་མི་ ༩ རབ་རྒྱས་གླིང་ནས་མི་ ༦ དོན་ལྡན་གླིང་ནས་མི་ ༣ ཕུན་ཚོགས་གླིང་ནས་མི་ ༨ བསོད་ནམས་གླིང་ནས་མི་ ༤ འདོད་རྒུ་གླིང་ནས་མི་ ༧ ཕན་བདེ་གླིང་ནས་མི་ ༡ དར་རྒྱས་གླིང་ནས་མི་ ༤ ནོར་རྒྱས་གླིང་ནས་མི་ ༡ བདེ་སླར་ནས་མི་ ༩ བཅས་མི་གྲངས་ ༥༢ ང་ཚོས་ཤེས་རྟོགས་ཡོད་པའི་ད་ལྟ་ལས་ཀ་ཐོབ་ཟིན་པའམ་སོ་སོའི་ལས་ཀ་འགོ་བཙུགས་ཟིན་པའི་གྲས་རེད། ཁོང་ཚོའི་ལས་གཞི་གང་དང་གང་ད་ལྟ་ཞུ་རྒྱུ་མེད། ཁོང་ཚོས་བུ་ལོན་ཞུ་རྒྱུའི་སྙན་ཞུ་མ་འབུལ་བ་ཡིན་ཙང་གཏང་ཡོད་མ་རེད་ཅེས་ཞུས་འདུག གལ་སྲིད་བུ་ལོན་ཞུ་རྒྱུའི་སྙན་ཞུ་འབུལ་ན་གཏང་གི་རེད་དམ་ཞེས་བཀའ་འདྲི་གནང་འདུག སྙན་ཞུ་ཕུལ་བ་ཡིན་ན་བུ་ལོན་འཐོབ་རྒྱུའི་ཆ་རྐྱེན་ཚང་བ་དེ་ལ་ངེས་པར་དུ་བུ་ལོན་ཕུལ་གྱི་རེད་ཅེས་ཞུ་རྒྱུ་ཡིན།
ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ན་གཞོན་ལག་ཤེས་སློབ་སྦྱོང་སྤྲད་རྒྱུའི་ལས་གཞི་དང༌། བུ་ལོན་གཏང་རྒྱུའི་ལས་གཞི་གཉིས་གཅིག་པ་ཡིན་པར་དགོངས་པ་བཞེས་ཀྱི་མེད་དམ་བསམ་གྱི་འདུག དེ་གཉིས་ལས་གཞི་ཐ་དད་རེད། སློབ་སྦྱོང་སྤྲད་པའི་རྗེས་ལ་ང་ལས་ཀ་དེ་འདྲ་ཞིག་འགོ་བཙུགས་ཀྱི་ཡིན། བུ་ལོན་གཏང་རོགས་གནང་ཞུས་པ་ཡིན་ན་དེ་འདྲའི་སྙན་ཞུ་དེ་ན་གཞོན་རོགས་སྐྱོར་གྱི་ལས་གཞི་ལ་ཞུ་དགོས་ཀྱི་རེད་མ་གཏོགས་སྦྱོང་བརྡར་གྱི་ལས་གཞིའི་ནང་ནས་བུ་ལོན་སྤྲད་རྒྱུ་ཡོད་མ་རེད། སྦྱོང་བརྡར་སྤྲོད་མཁན་དེས་སྦྱོང་བརྡར་སྤྲད་རྒྱུ་ཁོ་ན་ལས་འགན་རེད། བུ་ལོན་ཞུ་དགོས་བྱུང་ན་དེ་སྔོན་མ་པདྨ་ཟེར་བའི་ལས་གཞི་དེའི་འོག་ནས་ཞུ་དགོས་ཀྱི་ཡོད་རེད། དེའི་སྒྲིག་གཞི་གཞིར་བཟུང་ས་གནས་འབྲེལ་མཐུད་པའི་བརྒྱུད་སྙན་ཞུ་འབུལ་དགོས་ཤིང༌། གོང་དུ་ཞུས་པ་བཞིན་ལས་གཞི་ཞིབ་འཇུག་བྱས་ནས་ཁུངས་འཁྱོལ་ངེས་ཤིག་ཡིན་ན་ངེས་པར་དུ་བུ་ལོན་ཐོབ་ཀྱི་རེད།
ད་ལྟ་ང་ཚོས་ལས་ཀ་སྦྱོང་བརྡར་སྤྲད་པ་དེ་དག་སྦྱོང་བརྡར་ཐོན་རྗེས་གླ་ཡོད་ཀྱི་ལས་ཀ་ཐོབ་རྒྱུའི་ལས་རིགས་མང་བ་དང༌། སོ་སོའི་ལས་ཀ་འགོ་འཛུགས་རྒྱུའི་ལས་རིགས་ཉུང་བ་ཡོད་རེད། གླ་ཡོད་ཀྱི་ལས་ཀ་འཚོལ་མཁན་དེ་ཚོར་ལས་ཀ་བཙལ་རྒྱུ་མ་གཏོགས་བུ་ལོན་སྤྲད་དགོས་ཀྱི་ཡོད་མ་རེད།
ནང་སྲིད་ཀྱི་ལས་འཚོལ་སྡེ་ཚན་དེ་ལ་འབྲེལ་བ་ཞུ་སྟངས་ག་འདྲ་ཡིན་མིན་དྲིལ་བསྒྲགས་བྱས་ཡོད་དམ་ཞེས་གསུངས་སོང༌། དེ་ངས་ལན་སྔ་མའི་ནང་ཞུས་ཟིན་པ་བཞིན། ད་ལྟ་ལས་ཀ་འགོ་བཙུགས་པ་ཙམ་ཞིག་རེད། ཁོང་ཚོའི་ལས་གཞི་དང་པོ་དེ་དྲྭ་རྒྱའི་ནང་གི་གནས་ཚུལ་འཚོལ་རྒྱུ་དང་བོད་མི་གནས་ཡུལ་ཁག་ལ་ན་གཞོན་ལས་མེད་ཀྱི་གྲངས་འབོར་ཉམས་ཞིབ་བྱ་རྒྱུ་དེ་གཉིས་རེད། ལས་གཞི་དེ་གཉིས་ཟླ་བ་བཞི་ལྔ་ཞིག་གི་ནང་ལ་འགྲུབ་རྒྱུའི་རེ་བ་ཡོད། དེའི་རྗེས་སུ་ཁོང་ཚོས་གང་བྱེད་ཐུབ་མིན་དང༌། ཁོང་ཚོ་ལ་འབྲེལ་བ་ཇི་ལྟར་བྱ་དགོས་མིན་སོགས་བརྒྱུད་ལམ་ཚང་མའི་ནང་གསལ་བསྒྲགས་ཞུ་རྒྱུ་ཡིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འབྲེལ་བ་ཞུ་སྟངས་དེ་གཞུང་གིས་གསལ་བསྒྲགས་བྱས་ཡོད་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོ་སོའི་དྲྭ་རྒྱ་དང་བརྒྱུད་ལམ་གྱི་ཐོག་ནས་དྲིལ་བསྒྲགས་གནང་གི་ཡོད་རེད། ཁོང་ཚོའི་ཟབ་སྦྱོང་སོགས་སྤྲོད་སྐབས་ཀྱང་མི་འགྲོ་ཐད་ཀར་འདེམས་སྒྲུག་བྱེད་པ་མ་གཏོགས་ནང་སྲིད་ལས་ཁུངས་ཀྱི་བརྒྱུད་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་འཇམ་དབྱངས་འཕྲིན་ལས་ལགས་ནས།
གོང་གསལ་གཞིས་ཆགས་ཁག་ ༢༣ ནང་བལ་ཡུལ་གྱི་གཞིས་ཆགས་དེ་ཚོ་ཚུད་ཡོད་དམ། ཡོད་ན་ན་གཞོན་ལས་མེད་ ༢༤༢ ནང་བལ་ཡུལ་མི་ཇི་ཙམ་ཞིག་ཚུད་ཡོད། བུ་ལོན་གནང་བ་ ༡༧ གྱི་ནང་ནས་བལ་ཡུལ་ནས་ཡིན་པ་ག་ཚོད་ཙམ་ཞིག་ཡོད་དམ། གལ་སྲིད་མེད་ན་བལ་ཡུལ་ལ་ན་གཞོན་ལས་མེད་མང་པོ་ཞིག་ཡོད་རེད། ལྷག་པར་དུ་བཟོ་གྲྭ་མང་པོ་ཞིག་སྒོ་བརྒྱབས་པ་སོགས་ལས་ད་དུང་ན་གཞོན་ལས་མེད་མང་དུ་ཕྱིན་ཡོད་རེད། ལོ་ཤས་སྔོན་ལ་ཨེ་མ་ཊོ་ལ་ན་གཞོན་ལས་མེད་ཀྱི་ཆེད་དུ་ལག་ཤེས་ཆེད་དུ་རོགས་ཚོགས་ནས་རོགས་རམ་ཞུས་ཏེ་ཁང་པ་ཡོ་ཆས་སོགས་ཆ་ཚང་གྲ་སྒྲིག་ཚར་ཡོད་ནའང་ད་བར་བཙུགས་མ་སོང་བ་དེ་རྒྱུ་མཚན་གང་ཡིན་ནམ། ཡང་ན་ས་གནས་སུ་ན་གཞོན་ལས་མེད་མེད་པར་གཟིགས་པ་ཡིན་ནམ། དེ་ཚོར་མ་དགོས་པ་ལྟ་བུ་ཞིག་གཟིགས་ནས་མ་འཛུགས་པ་ཡིན་ནམ་བཀའ་འདྲི་ཞུ་རྒྱུ་ཞིག་ཡིན། ད་བར་བལ་ཡུལ་ཇོར་པ་ཊི་གཞིས་ཆགས་སུ་ལ་ཁ་སྤྲུལ་སྐུའི་རོགས་རམ་འོག་ན་གཞོན་ཚོར་ལག་ཤེས་བྱེད་ས་ཞིག་དང༌། དེ་བཞིན་ཉམ་ཐག་སོགས་ལ་འཚོ་སྣོན་ཞིག་གནང་གི་ཡོད་ཀྱང་དེ་ཞེ་དྲགས་ཀྱི་རྒྱ་ཆུང་ཆུང་རེད། འཕྲུལ་འཁོར་ཁ་ཤས་ཤིག་དང་ཀམ་པུ་ཊར་ཁ་ཤས་ལས་ཡོད་མ་རེད། དེ་བཞིན་སྤོག་ར་ཁུལ་དུའང་ SOS ནང་ལག་ཤེས་བཟོ་གྲྭ་ཞིག་ཡོད་རེད། དེ་ཡང་རྒྱ་ཆེན་པོ་ཞེ་དྲགས་མ་རེད། ས་མིག་བཅུ་བཅོ་ལྔ་ཙམ་ལས་ཡོད་མ་རེད། དེ་མ་གཏོགས་ད་བར་བལ་ཡུལ་གྱི་ན་གཞོན་ལས་མེད་ཚོར་ནང་སྲིད་ཐོག་ནས་དམིགས་བསལ་དེ་འདྲ་གང་དང་གང་གནང་ཡོད་དམ། གནང་མེད་ན་མེད་པའི་རྒྱུ་མཚན་གང་ཡིན་ནམ།
བཀའ་ལན།
གཞིས་ཆགས་ ༢༣ ནང་གི་གཞོན་སྐྱེས་ ༢༤༢ ལ་སྦྱོང་བརྡར་ཕུལ་བ་དེའི་ནང་བལ་ཡུལ་ཁོངས་ནས་གཞིས་ཆགས་གཅིག་ཀྱང་ཚུད་མེད། དེ་འདྲ་ཡིན་ཙང་མི་ ༥༢ ནང་དུའང་བལ་ཡུལ་ཁུལ་ནས་ཡོད་པ་མ་རེད།
འཕྲོས་དོན་དྲི་བ་གཉིས་པ། ཁང་པ་བརྒྱབས་ནས་སློབ་གྲྭ་བཙུག་ཆོག་ཆོག་ཆགས་འདུག་ཀྱང་རྒྱུ་མཚན་གང་ལ་བརྟེན་ནས་མ་བཙུགས་པ་རེད་ཅེས་བཀའ་འདྲི་གནང་བ་དེ་བཀུར་འོས་སྤྱི་འཐུས་ཀྱིས་ཆོ་ག་ཕྱག་ལེན་ལྟ་བུར་བྱས་ནས་བཀའ་འདྲི་གནང་བ་མ་གཏོགས་སློབ་གྲྭ་བཙུག་མ་ཐུབ་པའི་རྒྱུ་མཚན་ང་ཚོ་ལས་བལ་ཡུལ་དུ་བཞུགས་མཁན་སྤྱི་འཐུས་རྣམ་པས་མང་བ་མཁྱེན་གྱི་རེད། ཡིན་ནའང་གྲོས་ཚོགས་ཀྱིས་མཁྱེན་རྟོགས་ཆེད་ལན་མདོར་བསྡུས་ཤིག་ཞུ་རྒྱུར། ཐོག་མ་ལས་གཞི་འདི་འགོ་འཛུགས་བྱེད་སྐབས་བལ་ཡུལ་གྱི་གནས་སྟངས་ད་ལྟ་ནང་བཞིན་ཞིག་ཆགས་ཀྱི་རེད་བསམ་པ་སྐབས་དེ་དུས་ཀྱི་མཛད་གཙོ་རྣམ་པ་སུའི་ཐུགས་ལའང་ཡོད་ཀྱི་མ་རེད། བར་ལམ་བལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཕྱིན་ནས་ད་ལྟའི་གནས་སྐབས་ལ་བལ་ཡུལ་དོན་གཅོད་དང་བདེ་དོན་གྱི་ལས་ཁུངས་ཙམ་ཡང་བཞག་མ་ཐུབ་པའི་གནས་སུ་གྱར་ཡོད། བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པ་བལ་ཡུལ་དུ་ཡོད་པའི་བོད་མི་ཚོར་འཚམས་འདྲི་ཞུ་རྒྱུ་ཙམ་ཞིག་ཀྱང་བཅར་ཐུབ་ཀྱི་ཡོད་མ་རེད། གཞུང་དོན་དུ་ལས་བྱེད་པ་ཞིག་བལ་ཡུལ་དུ་གཏོང་དགོས་བྱུང་སྐབས་དེ་སྔོན་ནས་བལ་ཡུལ་དུ་འགྲོ་ཆོག་པའི་ལག་ཁྱེར་ཡོད་མཁན་སུ་འདུག་བཙལ་རྒྱུ་མ་གཏོགས་འབྲེལ་ཡོད་ལས་བྱེད་གཏང་ཆོག་ཡོད་མ་རེད། བཀུར་འོས་སྤྱི་འཐུས་ཀྱིས་ཀྱང་ལག་ཤེས་སློབ་སྦྱོང་གི་བསྟི་གནས་གཉིས་ད་ལྟ་ཡོད་རེད་ཅེས་བཀའ་གནང་བ་དེ་དངོས་དོན་རེད། དེ་གཉིས་ཀྱི་ནང་ལའང་ས་མིག་གཞིར་བཟུང་སློབ་ཕྲུག་འཛུལ་མཁན་བལ་ཡུལ་ནང་ཡོད་མ་རེད། གནས་ཚུལ་དེ་འདྲའི་ཐོག་ནས་ལས་གཞི་འདི་འགོ་འཛུགས་བྱས་མ་ཐུབ་པ་དང༌། འབྱུང་འགྱུར་ཡང་དུས་ཚོད་ངེས་ཅན་ནང་འགོ་འཛུགས་བྱེད་ཐུབ་པའི་རེ་བ་མ་མཐོང་སྟབས་ད་ཡོད་ས་ཁང་དེ་ཚོའི་འགྲོ་སྟངས་བཟོ་རྒྱུའི་ཆེད་བལ་ཡུལ་དུ་ཚོགས་ཆུང་ཟུར་འཛུགས་བྱས་ཡོད། ཚོགས་ཆུང་ངོས་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་སྔ་རྗེས་གསུམ་ཙམ་འབྱོར་ཟིན་པ་ད་བར་ལག་ལེན་འཁེལ་བ་གང་ཡང་བྱུང་མེད། གཅིག་བྱས་ན་འགྲོ་སྟངས་ཤིག་བཟོ་ཐུབ་མདོག་ཁ་པོ་རེད། དེ་མིན་ཁོ་རང་དེ་མུར་ཉམས་ཆག་འགྲོ་རྒྱུའམ་གཞུང་བཞེས་འགྲོ་རྒྱུ་གང་ཡང་ཡོང་སྲིད་པ་རེད།
བལ་ཡུལ་དུ་ན་གཞོན་ལས་མེད་ཡོད་མ་རེད་ཅེས་ཞུས་མེད། ངེས་པར་དུ་ཡོད་རྒྱུ་རེད། ཡིན་ནའང་ཁོང་ཚོའི་ཆེད་དུ་བཙན་བྱོལ་གཞུང་གི་ངོས་ནས་འཆར་གཞི་དང་ལྡན་པའི་ལས་གཞི་གང་ཡང་བྱེད་ཐུབ་རེ་ཡོད་པ་ཞིག་ད་ལྟའི་གནས་སྐབས་སུ་མཐོང་གི་མེད། དེ་འདྲ་སོང་ཙང་གྲོས་ཚོགས་ཚོགས་དུས་སྔོན་མའི་ནང་ཞུས་པ་བཞིན་འ་ཆད་འུ་ཐུག་གི་ཐོག་ནས་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ཉུང་དུ་གཏང་རྒྱུའི་ཆེད་ཨ་རིར་སྐྱབས་བཅོལ་གཏོང་རྒྱུའི་ལས་གཞི་དེ་བརྩམས་དགོས་བྱུང་བ་རེད། ལས་འཆར་དེའང་ལམ་དུ་འགྲོ་མིན་ད་ལྟ་བཤད་ཐུབ་ཀྱི་མི་འདུག བལ་ཡུལ་གཞུང་གི་གནང་ཕྱོགས་ལ་རག་ལས་པ་རེད། བལ་ཡུལ་དུ་ཡོད་པའི་ན་གཞོན་ལས་མེད་ཚོའི་ཆེད་ལས་འཆར་གང་ཡང་བཟོས་ཐུབ་མ་སོང་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
དང་པོ་དེར་གཞོན་སྐྱེས་ ༢༤༢ ལ་ལས་རིམ་འདྲ་མིན་ཐོག་སྦྱོང་བརྡར་གནང་སྐོར་འཁོད་འདུག ངས་དྲི་བ་ཞུ་རྒྱུ་ལ། རྩིས་ལོ་གཉིས་ནང་ལ་སྒོར་འབུམ་ ༡༨༨།༡༤ སྔོན་རྩིས་བཀའ་ཁྲོལ་ནང་ཡོད་པ་འདི་ནས་གཞོན་སྐྱེས་ལས་མེད་གྲངས་ ༢༤༢ ལ་ལས་རིགས་དེའི་ཐོག་ལ་ཁྱོན་བསྡོམས་འགྲོ་གྲོན་ག་ཚོད་ཕྱིན་ཡོད་མེད་ཐད་ལ་བཀའ་ལན་ཞིག་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེ་ཞུ་དགོས་པའི་རྒྱུ་མཚན་ནི། དངུལ་འབོར་འབུམ་ ༡༨༨།༡༤ དེ་ཆ་ཚང་མི་གྲངས་ ༢༤༢ ལ་ཕྱིན་ཡོད་པའི་བསམ་ཚུལ་སླེབས་མི་སྲིད་པ་དེ་འདྲ་གང་ཡང་མི་འདུག བྱས་ཙང་དངོས་ཡོད་མི་གྲངས་ ༢༤༢ ལ་འགྲོ་གྲོན་ག་ཚོད་ཕྱིན་ཡོད་མེད་ཐོག་ལ་གསལ་བཤད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
དེ་ནས་དྲི་བ་གཉིས་པ་དེར་བཀའ་ལན་གསུམ་པའི་ བྱཁབྱ པའི་ནང་ Motivational Workshop ཞིག་ན་གཞོན་གྲངས་ ༣༠ ལ་ཁྱད་མཁས་མི་སྣ་གཉིས་གླ་གླས་ཐོག་གནང་ཡིན་ཞེས་འཁོད་འདུག སྐབས་འདིའི་ན་གཞོན་དེ་ན་གཞོན་ལས་མེད་རང་ལ་གོ་དགོས་ཀྱི་ཡོད་དམ། ཡང་ན་སྤྱིར་བཏང་ན་གཞོན་ཚོ་ལ་གནང་ཡོད་མེད་ཐོག་ལ་གསལ་བཤད་དང༌། དེ་དང་འབྲེལ་བའི་ཐོག་ནས་དེ་ལས་མེད་ན་གཞོན་ཡིན་ན་གོང་གི་ལས་མེད་གྲངས་ ༢༤༢ དེའི་ནང་གི་གྲངས་ ༣༠ ལ་གནང་ཡོད་དམ། ཡང་དེ་མིན་གྱི་གཞན་ལས་མེད་གྲངས་ ༣༠ ལ་གནང་ཡོད་མེད་ཐོག་གསལ་བཤད་གནང་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
སྔོན་རྩིས་ནང་གསལ་བའི་ན་གཞོན་ལས་མེད་ཆེད་ཧིན་སྒོར་འབུམ་ ༡༨༨ བཀའ་ཁྲོལ་གནང་བ་དེ་མང་ཆེ་བ་སྦྱོང་བརྡར་གྱི་ལས་དོན་ཐོག་འགྲོ་སོང་ཕྱིན་པ་རེད། ཡིན་ནའང་དངུལ་འབོར་གྲངས་ཚད་གསལ་པོ་ད་ལྟ་ཞུ་ཆོག་མེད། དགོས་གལ་གཟིགས་ན་རྗེས་སུ་ཡིག་ཐོག་ནས་འབུལ་ཆོག་པ་ཞུ་རྒྱུ་ཡིན། སྦྱོང་བརྡར་དེ་རིགས་མང་ཆེ་བ་འགྲོ་སོང་ཆེན་པོ་ཤ་སྟག་རེད། ལྷག་པར་དུ་ཀམ་པུ་ཀྲར་གྱི་སྦྱོང་བརྡར་དང་མཛེས་བཟོའི་སྦྱོང་བརྡར་སོགས་སྦྱོང་བརྡར་དང་རྒྱུགས་སྤྲོད་གཉིས་ཀའི་ཐོག་འགྲོ་གྲོན་ཆེན་པོ་རེད། དེ་བཞིན་དུ་མི་ ༢༤༢ ཀྱི་སྦྱོང་བརྡར་རིང་ཟས་གོས་གནས་མལ་དང༌། ཕར་ཚུར་ལམ་གྲོན། སྦྱོང་བརྡར་སྐབས་ཀྱི་སྡོད་ཁང་ནས་སློབ་སྦྱོང་བྱ་སའི་བར་གྱི་ལམ་གྲོན་སོགས་ཀྱི་ཐོག་ཏུའང་འགྲོ་སོང་གང་འཚམས་ཡོད་པ་རེད། དེ་འདྲ་སོང་ཙང་སྔོན་རྩིས་སུ་ཡོད་པའི་དངུལ་འབོར་དེ་དག་ཆ་ཚང་མི་ ༢༤༢ ཀྱི་སྦྱོང་བརྡར་ཐོག་ཕྱིན་ཡོད་པ་ཡིན་ནའང་མ་འཚམས་པ་དང༌། ཧ་ལས་དགོས་པ་ཞིག་མ་རེད།
ལྷོ་ཕྱོགས་དང་གཞིས་ཆགས་ཁག་དྲུག་གི་ནང་ནས་ན་གཞོན་གྲངས་ ༣༠ ཞུས་པ་དེ་ན་གཞོན་ལས་མེད་རང་ཡིན་གྱི་རེད། ཡིན་ནའང་ཡིག་ཆའི་ཐོག་ནས་ཚང་མ་ལས་མེད་ཡིན་པ་གསལ་པོ་མི་འདུག ཁོང་ཚོ་སྦྱོང་བརྡར་ནང་ཡོད་པའི་སློབ་ཕྲུག་གྲས་ནས་མ་རེད། ཟུར་དུ་གཞིས་ཆགས་ཁག་ནས་ཆེད་འབོད་བྱས་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
གོང་དུ་དོན་ཚན་ ༢ པའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཞིག་བརྗེད་འདུག ད་ལྟའི་ན་གཞོན་ཚོར་བུ་ལོན་གཡར་བའི་སྐབས་སོ་སོའི་དཀའ་ངལ་དེ་མ་སེལ་བར་དུ་དངུལ་དེ་བེད་སྤྱོད་བྱེད་རྒྱུའི་གནས་ཚུལ་ཞིག་ཡོད་པ་རེད་དམ། ཡང་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རང་གཞུང་ལ་དངུལ་དེ་ཕྱིར་སློག་ཞུ་དགོས་པའི་དུས་བཀག་དེ་འདྲ་ཡོད་དམ། གལ་ཏེ་དུས་བཀག་དེ་འདྲ་མེད་པ་ཡིན་ན་རང་གཞུང་མཆོག་ནས་དུས་བཀག་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་འཛིན་གྱི་ཡོད་མེད་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ན་གཞོན་རོགས་སྐྱོར་ལས་གཞིའི་འོག་ནས་བུ་ལོན་བཏང་ཚད་ལ་ལོ་ཟླ་ངེས་ཅན་ནང་འབུལ་དགོས་པའི་དུས་བཀག་ཡོད་རེད། ལས་འཆར་འགོ་ཚུགས་ནས་ཟླ་བ་དྲུག་ཙམ་སོང་མཚམས་བུ་ལོན་འཇལ་རྒྱུ་འགོ་བཙུག་དགོས་ཀྱི་རེད། དེ་ནས་ལོ་དུས་ཟླ་གྲངས་ངེས་ཅན་གྱི་ནང་བུ་ལོན་གཙང་དགོས་ཀྱི་ཡོད་རེད། ལས་འཆར་ལམ་འགྲོ་མ་རྒྱུགས་པ་སོགས་ཀྱི་དཀའ་ངལ་བྱུང་སྟེ་དུས་བཀག་ནང་བུ་ལོན་མ་གཙང་བ་ཡིན་ན་ཟླ་བ་ཁ་ཤས་བཀའ་འགྱངས་ཞུ་རྒྱུའི་ཆ་རྐྱེན་ཡོད་པ་དང༌། དེ་འདྲ་ཞུ་དགོས་བྱུང་ཚེ་སྐྱེད་འབབ་ཀྱང་ཕྲན་བུའི་འཕར་གྱི་ཡོད། བུན་གཏོང་གི་ལས་གཞི་འདི་བཞིན་བུ་ལོན་རྙིང་པ་ཚུར་ལོག་པ་ནས་གསར་པ་ཕར་གཏོང་དགོས་ཀྱི་ཡོད་སྟབས་དུས་བཀག་མ་བཟོས་ན་འགྲིག་གི་མི་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བསོད་ནམས་ཚེ་རིང་ལགས་ནས།
དང་པོ་དེར་ང་རང་གིས་ཤེས་རྟོགས་དགོས་པ་ཞིག་ལ་བཙན་བྱོལ་བོད་གཞུང་གིས་ན་གཞོན་དེ་དག་གཞིས་ཆགས་ཁག་ལ་གནས་དགོས་པའི་ཐོག་ནས་ལས་ཀ་འཚོལ་དགོས་པ་ཞིག་ལ་གཟིགས་ཀྱི་ཡོད་དམ། ཡང་ན་ན་གཞོན་དེ་དག་སློབ་སྦྱོང་ཐོབ་ཚར་བའི་རྗེས་ལ་རྒྱ་གར་ས་གནས་གང་དུའང་ལས་ཀ་བྱེད་ན་འགྲིག་གི་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད། དེས་ན་སྲིད་བྱུས་ཀྱི་ཐོག་ནས་ན་གཞོན་ལས་མེད་ཐོག་ལ་གཟིགས་ཚུལ་ག་འདྲ་ཞིག་ཡོད་མེད་ཐོག་ལ་ཤེས་འདོད་བྱུང་སོང༌། གཉིས་པ་དེར། ད་བར་ན་གཞོན་ལས་མེད་ཡོད་པ་དེ་དག་ལས་ཀ་བྱེད་འདོད་མེད་པའི་ན་གཞོན་ཡིན་མིན་དང༌། ལག་འཁྱེར་མེད་པའི་ལས་མེད་ཡིན་མིན། ཡང་ན་འདུག་སེ་ལྷག་ནས་གང་ཡང་མེད་པ། དཔེར་ན་སློབ་གྲྭ་ཐོན་མ་ཐུབ་པ་དང༌། གཞིས་ཆགས་སུའང་ཁུངས་མ་ཁྱོལ་བ་སོགས་འདྲ་མིན་མང་པོ་ཡོད་པ་སོང་ཙང་དེ་ག་འདྲ་ཞིག་ཡིན་མིན་རང་ཉིད་ནས་ཤེས་འདོད་བྱུང་སོང༌།

བཀའ་ལན།
འཕྲོས་དོན་དྲི་བ་འདི་གལ་ཆེན་པོ་འདུག བཀའ་འདྲི་གནང་བར་ཐུགས་རྗེ་ཆེ། གཞུང་གི་ངོས་ནས་བུན་གཏོང་དང་སྦྱོང་བརྡར་གྱིས་མཚོན་པའི་རོགས་སྐྱོར་ག་འདྲ་ཞིག་ཡིན་ཡང༌། རོགས་སྐྱོར་བྱེད་སའི་ན་གཞོན་དེ་གཞིས་ཆགས་རང་གི་ནང་ལས་ཀ་བྱེད་ཐུབ་པ་ཞིག་གམ། ཅི་སྟེ་གཞིས་ཆགས་ནང་མ་བྱུང་ཡང་གཞིས་ཆགས་ནས་ཀི་ལོ་མི་ཊར་ ༢༠༠ ཙམ་གྱི་ནང་ཚུད་ལ་ལས་ཀ་བྱེད་ཐུབ་པ་ཞིག་དགོས་པའི་ཆ་རྐྱེན་བཞག་གི་ཡོད། དྲི་བ་གཞན་ཞིག་གི་ལན་དུ་ཞུས་ཟིན་པ་ལྟར་ཀི་ལོ་མི་ཊར་ ༢༠༠ ཙམ་གྱི་ནང་ལས་ཀ་ཐོབ་དགོས་པའི་རྒྱུ་མཚན་ནི་དེ་འདྲའི་འགྱང་ཐག་ནང་ལས་ཀ་བྱེད་མཁན་ཚོ་ལོ་གསར་དང༌། དུས་ཆེན་གུང་སེང་སོགས་ཀྱི་སྐབས་གཞིས་ཆགས་སུ་ལོག་ཐུབ་རྒྱུ་དང༌། བསམ་བློའི་ནང་གཞིས་ཆགས་དེ་རྒྱུན་ལྡན་གྱི་སྡོད་ཡུལ་ཡིན་པ་དང༌། ལས་ཀ་ཐོན་མཚམས་གཞིས་ཆགས་སུ་ལོག་རྒྱུ་ཡིན་བསམ་པའི་སེམས་ཚོར་ཞིག་ཡོང་བའི་ཆེད་དུ་ཡིན། གལ་སྲིད་མི་གཅིག་གིས་གཞིས་ཆགས་ནས་ཧ་ཅང་ས་ཐག་རིང་བའི་གནས་ཤིག་ཏུ་ཚོང་ལས་སོགས་བཟང་པོ་ཡོད་པས་རོགས་སྐྱོར་གནང་རོགས་ཞུས་པ་ཡིན་ན། ང་ཚོས་དེ་འདྲ་ལ་རོགས་སྐྱོར་སྤྲོད་ཀྱི་མེད།
འཕྲོས་དོན་དྲི་བ་གཉིས་པ་ལ་ན་གཞོན་ལས་མེད་མི་གྲངས་འདི་ཡོད་ཅེས་གྲངས་ཚད་ངེས་ཅན་ད་ལྟ་ཞུ་རྒྱུ་མེད། མ་འོངས་པར་ཞིབ་འཇུག་བྱས་པའི་རྗེས་ལ་ཚོད་དཔག་ཅིག་ཞུ་ཐུབ་ཀྱི་རེད། བྱན་གཞོན་ལས་མེད་བྱ ལ་བཙན་བྱོལ་གཞུང་གི་ཡིག་ཆ་ཚོའི་ནང་ བྱན་གཞོན་བར་ལྡིང་བྱ ཞེས་བཀོད་ཡོད། དེའི་རྒྱུ་མཚན་ཡང་ན་གཞོན་ཁ་ཤས་ལས་ཀ་ཐོབ་ཀྱང་གཟུགས་པོས་འགུལ་བསྐྱོད་བརྒྱབ་དགོས་པའི་ལས་ཀ་ཞིག་ཡིན་ན་ངོས་ལེན་མ་བྱེད་མཁན་དེ་འདྲ་མཐོང་ཐོས་མང་པོ་བྱུང་བ་ཡིན་ཙང་བར་ལྡིང་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་རེད། ན་གཞོན་བར་ལྡིང་ཟེར་བའི་ནང་སློབ་གྲྭ་མཐར་མ་ཁྱོལ་ནས་བསྡད་པ་དང༌། ཡང་སློབ་གྲྭ་ཆ་ཚང་ཐོན་པས་མ་ཚད། མཐོ་རིམ་སློབ་སྦྱོང་ཐོན་པའང་ཇི་སྙེད་ཅིག་ཡོད་པ་དང༌། དེ་བཞིན་ཡི་གེ་འབྲི་ཀློག་མི་ཤེས་མཁན་དེ་འདྲའང་ཡོད་པ་བཅས་བཀུར་འོས་སྤྱི་འཐུས་ཀྱིས་བཀའ་འདྲི་གནང་བའི་རིམ་པ་ཚང་མའི་ནང་ན་གཞོན་བར་ལྡིང་ཡོད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ད་ལྟ་ནང་སྲིད་ལས་ཁུངས་ནས་ ༢༠༠༤ཧ༠༥ བར་དང་ ༢༠༠༥ཧ༠༦ བར་གཞིས་ཆགས་ཁག་ཉེར་གསུམ་གྱི་ནང་ལ་ལག་ཤེས་སྦྱོང་བརྡར་རྣམ་གྲངས་བཅུ་གསུམ་ཙམ་ཞིག་འགྲོ་བཞིན་པའི་གནས་སྟངས་གསུངས་འདུག དེ་དག་སྦྱོང་བརྡར་སྤྲད་ནས་གྲུབ་འབྲས་ཐོན་པ་ནང་སྲིད་ལས་ཁུངས་ཀྱིས་ཤེས་གསལ་ལྟར་ནས་མི་གྲངས་ ༥༢ ཀྱི་གྲངས་འབོར་ཞིག་ཐོན་འདུག་པ་དེ་གང་ཡག་ཡག་ཅིག་རེད་འདུག་བསམ་གྱི་འདུག དེ་བཞོན་ན་གཞོན་ལས་མེད་ལ་ད་ལྟ་ནང་སྲིད་ལས་ཁུངས་ནས་ཐུགས་སྣང་གནང་ནས་ལས་འཚོལ་ཚན་པ་ཞིག་གསར་འཛུགས་གནང་འདུག དེ་དམིགས་བསལ་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། གང་ཡིན་ཞུ་ན། ན་གཞོན་ལས་མེད་པ་དེའི་དབང་གིས་རང་གཞུང་ལ་གང་འཚམས་ཀྱིས་ཁ་རྡུང་བཏང་བསྡད་པ་ནམ་རྒྱུན་ནས་ཡོང་གི་འདུག དེ་འདྲ་སོང་ཙང་ལས་ཀ་བཙལ་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་རྩིས་སྡོད་ཀྱི་ཡོད། དེ་དང་འབྲེལ་ནས་ངས་དྲི་བ་ཞུ་རྒྱུ་དེ། ད་ལྟ་གཞིས་ཆགས་ ༢༣ གྱི་ནང་ལ་མ་གཏོགས་གཞིས་ཆགས་ཁག་གཞན་དག་གི་ནང་ལ་ལག་ཤེས་སྦྱོང་བརྡར་གྱི་སློབ་སྦྱོང་སྤྲད་མི་འདུག་པས་གཞིས་ཆགས་གཞན་དག་གི་ནང་ལ་ན་གཞོན་ལས་མེད་ལག་ཤེས་སློབ་སྦྱོང་སྤྲད་ས་མེད་པ་ཞིག་ཡིན་ནམ། ཡང་ན་དེ་དག་ནས་སྙན་ཞུ་མ་ཕུལ་བ་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་ཞིག་དང༌། ད་ལྟ་ལག་ཤེས་སྦྱོང་བརྡར་སྤྲོད་སའི་གཞོན་སྐྱེས་དེའི་ཚད་གཞི་ག་འདྲ་ཞིག་ཆགས་ཀྱི་ཡོད་དམ། དེ་ད་ལྟ་གྲོས་ཚོགས་ནང་གཅིག་གསུངས་པ་ཡིན་ན་ལས་མེད་དེ་ཚོས་ཤེས་རྒྱུའི་ཐད་ཁྱད་པར་ཞིག་མེད་འགྲོ ལྷག་པར་དུ་གསར་འབྱོར་བའི་ནང་ལ་ལག་ཤེས་སྦྱོང་བརྡར་སྤྲོད་ས་དེ་འདྲ་གྲངས་ག་ཚོད་ཙམ་ཞིག་ཡོད་དམ། གང་ཡིན་ཟེར་ན་གསར་འབྱོར་བའི་ནང་ལ་ལས་ཀ་རག་གི་མི་འདུག་ཅེས་གསུང་མཁན་དེ་འདྲ་མང་པོ་ཞིག་རང་ཉིད་ཀྱིས་ཐོས་ཡོང་གི་འདུག དེ་དང་འབྲེལ་ཡོད་ཞུ་རྒྱུ་ལ། ད་ལྟ་གསར་འབྱོར་བའི་ནང་ལ་ལག་ཤེས་སྦྱོང་བརྡར་སྤྲོད་སའི་གྲངས་འབོར་ཇི་ཙམ་ཞིག་ཡོད་དམ། དེ་ནས་ཞུ་རྒྱུ་གཞན་ཞིག་ལ་ད་ལྟ་ང་ཚོའི་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་འདིའི་ནང་སྤྱི་ཐབ་མཚོན་པའི་སྐུ་ངོ་རྣམ་པ་ཚོའི་ནང་ལ་ཡིན་ནའང་ཞལ་ལག་བཟོ་རྒྱུ་དང༌། ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་ཆེད་རྒྱ་གར་བ་ཚོ་ཉར་བསྡད་པ་མ་ཟད། དེ་ཡང་ལོ་བཅོ་བརྒྱད་མ་ལོན་པ་དེ་ཚོ་ཉར་ནས་བསྡད་ཡོད་པ་རེད། དེ་བཞིན་ཟ་ཁང་མགྲོན་ཁང་སོགས་མང་ཆེ་བའི་ནང་ལས་ཀ་ལས་གཡོག་བྱེད་མཁན་རྒྱ་གར་བ་ཡིན་པ་དང༌། དེ་ཡང་ལོ་བཅོ་བརྒྱད་མ་ལོན་པ་དག་བེད་སྤྱོད་བཏང་བ་དེ་འདྲ་ཡོང་གི་འདུག དེ་འདྲ་སོང་ཙང་ད་ལྟའི་གནས་སྟངས་དེ་ང་རང་ཚོས་ན་གཞོན་ལས་མེད་ཅེས་སྐད་ཤོར་རྒྱུ་དེ་གཉིས་བར་ཁྱད་ག་འདྲ་ཞིག་ཡོང་གི་ཡོད་མེད། དེའི་ཐོག་ལ་མ་འོངས་པར་རང་གཞུང་བཀའ་ཤག་གི་ཕྱག་ལས་གནང་འཆར་ག་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
གཞིས་ཆགས་ ༢༣ ལས་མང་བ་ཡོད་ནའང་ལས་རིགས་སྦྱོང་བརྡར་བྱེད་མཁན་འདེམས་སྒྲུག་བྱེད་སྐབས་སྙན་ཐོ་འབུལ་མཁན་མེད་པ་དང༌། འོས་ཆོས་མ་ཚང་བ་འདེམས་སྒྲུག་བྱུང་ཡང་སྦྱོང་བརྡར་འགྲོ་མ་ཐུབ་པ་ཅི་རིགས་ཀྱི་དབང་གིས་འདས་པའི་རྩིས་ལོ་གཉིས་ཀྱི་ནང་སྦྱོང་བརྡར་འགྲོ་ཐུབ་མཁན་གཞིས་ཆགས་ ༢༣ ནས་མ་གཏོགས་བྱུང་མི་འདུག ནང་སྲིད་ལས་ཁུངས་ནས་གསལ་བསྒྲགས་བྱེད་སྐབས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་གཞིས་ཆགས་ཡོངས་སུ་རྫོགས་པ་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་བྱས་པ་མ་གཏོགས་གཞིས་ཆགས་ཁ་ཤས་ཟུར་འདོན་གྱིས་གསལ་བསྒྲགས་བྱས་པ་ནམ་ཡང་བྱུང་མྱོང་མེད།
སྦྱོང་བརྡར་འགྲོ་མཁན་ཚོའི་ཆ་རྐྱེན་གང་དང་གང་དགོས་ཞེས་བཀའ་འདྲི་གནང་བའི་ཐད། ཆ་རྐྱེན་འདྲ་མིན་སྣ་ཚོགས་ཡོད། དཔེར་ན་གློག་དང༌། ཆུ་ལམ་བཟོ་སྒྲིག་གི་ལས་ཀ་ལྟ་བུ་ཡིན་ན་དབྱིན་བོད་ཡི་གེ་འབྲི་ཀློག་ཤེས་ཙམ་ཞིག་བྱུང་ན་འགྲིག་གི་རེད། འཕྲུལ་ལས་ཚན་རིག་དང༌། ཀམ་པུ་ཀྲར་གྱི་ལས་གཞི་ཁག་ལྟ་བུར་ཆ་མཚོན་ན་ལས་གཞི་སོ་སོར་དཔགས་པའི་ཁ་ཤས་འཛིན་རིམ་བཅུ་གཉིས་ཐོན་པ་དགོས་མཁན་དང༌། ཁ་ཤས་མཐོ་རིམ་སློབ་སྦྱོང་ཐོན་པ་དགོས་མཁན་ཡང་ཡོད་པ་རེད། བོད་ནས་གསར་འབྱོར་བ་རྒྱ་གར་དུ་གཞི་རིམ་སློབ་གྲྭ་འགྲིམས་མ་མྱོང་མཁན་ཞིག་ཡིན་ནའང་ཚུད་ཐུབ་པའི་སྦྱོང་བརྡར་ལས་རིགས་གང་འཚམས་ཤིག་ཡོད་པ་དཔེར་ན་མཛེས་བཟོ་དང༌། ཤིང་བཟོ། འདྲ་དཔར་ལེན་རྒྱུ། སྐྲ་བཞར། བག་ལེབ། ཐང་ཀ སྐྱེ་ལྡན་སོ་ནམ་འདེབས་ལས། ཆུ་ལམ་སྒྲིག་བཟོ་ལྟ་བུའི་རིགས་ལ་གཞི་རིམ་སློབ་སྦྱོང་གི་དགོས་མཁོ་མཐོ་པོ་གང་ཡང་མེད།
མཛད་གཙོ་རྣམ་པས་མཚོན་བོད་མི་མང་པོ་ཞིག་གིས་རྒྱ་གར་ལས་བྱེད་པ་ཉར་བ་དང༌། དེའང་ལོ་ ༡༨ མ་སོན་པའི་ཕྲུ་གུའང་ཉར་གྱིན་འདུག་ཅེས་གསུངས་པ་དེའི་ཐད་མཐའ་གཅིག་ཏུ་ལེགས་ཉེས་ཀྱི་ཁ་ཚོན་གཅོད་ཁག་པོ་འདུག ལོ་ ༡༨ མ་ལོན་པར་གཡོག་པོ་ཉར་རྒྱུ་ནི་ཁྲིམས་འགལ་ཡིན་པས་འགྲིག་གི་མི་འདུག་ཅེས་བཀའ་ཤག་གིས་འབོད་བསྐུལ་དང་ལམ་སྟོན་སྔ་རྗེས་ཞུས་ཡོད། འོན་ཀྱང་དེ་ལ་གསན་འཇོག་གནང་མཁན་ཇི་ཙམ་ཡོད་མིན་མི་ཤེས། ལོ་བཅོ་བརྒྱད་ཡན་ཆད་དེ་ཚོར་ལས་ཀ་བསྐུལ་བ་ཁྲིམས་འགལ་མ་རེད། འོན་ཀྱང་སྐྱབས་བཅོལ་བོད་མི་ལས་མེད་མང་པོ་ཡོད་བཞིན་དུ་ཁོང་ཚོར་ལས་ཀ་མ་བསྐུལ་བར་རྒྱ་གར་གྱི་ཡུལ་མིར་ལས་ཀ་བསྐུལ་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་སླེབས་ཀྱི་ཡོད་རེད། དྲི་བ་དེ་ནི་སྦྱིན་བདག་སོ་སོར་དྲིས་ན་མ་གཏོགས་བཀའ་ཤག་གིས་ལན་བརྒྱབ་ཐུབ་རྒྱུ་ཞིག་མ་རེད། དཔེར་ན་གངས་ཅན་སྐྱིད་གཤོངས་སུ་གད་པ་ཞིག་དགོས་ཀྱི་ཡོད་ཀྱང་བོད་རིགས་ལས་མེད་ཀྱི་ནང་ནས་གད་བརྒྱབ་རྒྱུ་དང༌། གསང་སྤྱོད་གཙང་མ་བཟོ་རྒྱུའི་ལས་བྱེད་པ་རྙེད་ཀྱི་མི་འདུག དེ་འདྲ་སོང་ཙང་གཞུང་གི་ལས་ཁུངས་ཁག་ཏུའང་ལས་རིགས་བྱེ་བྲག་པ་ཁ་ཤས་ཀྱི་ཆེད་དུ་རྒྱ་གར་གྱི་ལས་བྱེད་མ་ཉར་ཀ་མེད་ཡོང་གི་འདུག དེ་ཚོ་ཆེད་མངགས་བོད་མི་ལས་མེད་ཚོ་སྣང་མེད་བྱས་ཏེ་ཉར་བ་ཞིག་མ་རེད། སྤྱིར་བཏང་ནས་སྦྱིན་བདག་ཚང་མར་ལས་ཀ་བསྐུལ་བདེ་པོ་དང༌། ཧུར་ཐག་བྱེད་མཁན། གླ་ཆུང་བ་དེ་རིགས་བདམས་འགྲོ་བ་རང་བཞིན་གྱིས་གནས་སྟངས་ཤིག་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་གླིང་ཚང་ཚེ་རིང་རྡོ་རྗེ་ལགས་ནས།
དྲིས་ལན་གྱི་ནང་ལ་དྭོགས་འདྲི་ཞིག་ཡོད་པ་དེ་ནི། ད་ལྟའི་ལས་གཞི་དེ་ཚོའི་ནང་བག་ལེབ་བཟོ་རྒྱུ་ཞིག་འཁོད་བསྡད་འདུག་པ་དེའི་ནང་ཞལ་ལག་བཟོ་རྒྱུ་དེ་དེའི་ནང་དང་འབྲེལ་བ་ཆགས་ཀྱི་ཡོད་དམ་མེད། གལ་སྲིད་དེའི་ནང་འབྲེལ་བ་ཆགས་ཀྱི་མེད་ན་དེ་འདྲའི་དམིགས་བསལ་སྡེ་ཚན་ཞིག་བསྐྱར་དུ་སྒོ་ཕྱེ་གནང་ཐུབ་ཀྱི་རེད་དམ། དེ་ནས་ཉེ་ཆར་གོ་ཐོས་ཤིག་ལ། སི་ལ་ཀུའི་ VTC ནང་ལ་བོད་ཕྲུག་མང་པོ་ཞིག་གིས་མགྲོན་ཁང་འཛིན་སྐྱོང་Hotel Management གི་སློབ་ཚན་དེ་ཞུ་བསྡད་ཀྱི་འདུག་སྟེ། ཡིན་ནའང་ད་ལྟ་ ཆཅསྐྲ ནང་གི་ཞལ་ལག་བཟོ་རྒྱུའི་སྡེ་ཚན་དེའི་ནང་མགྲོན་ཁང་འཛིན་སྐྱོང་གི་ཆ་རྐྱེན་ཆ་ཚང་དེ་དེར་ཚང་གི་ཡོད་ས་མ་རེད། ཡིན་ནའང་གང་ལྟར་དེང་སང་འཛིན་གྲྭ་ ༡༠ དང་ ༡༢ ཐོན་ཟིན་པའི་སློབ་གཉེར་བ་མང་པོ་ཞིག་དེའི་ནང་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད་འདུག དེ་འདྲ་སོང་ཙང་བོད་ཕྲུག་མང་པོ་ཞིག་ཞལ་ལག་བཟོ་རྒྱུའི་ཐད་དོ་སྣང་ཞིག་སླེབས་སྡོད་ཀྱི་འདུག ད་ལྟ་ VTC ནང་ཡོད་པའི་ས་མིག་དེར་བོད་ཁྱིམ་ཁག་ནས་ཐོན་པའི་སློབ་གཉེར་བ་མ་གཏོགས་སློབ་གཉེར་བ་ཟུར་པ་ཚོ་དེའི་ནང་འཛུལ་ཞུགས་བྱ་རྒྱུའི་ས་མིག་མེད་པ་བཟོ་རྒྱུའི་ཐོག་ལ་ནང་ཁུལ་བཀའ་མོལ་ཞིག་གནང་གི་ཡོད་རེད་ཅེས་གོ་ཐོས་བྱུང༌། གལ་སྲིད་བཀའ་བསྡུར་དེའི་ནང་ཐག་གང་ཆོད་མིན་ཤེས་ཀྱི་མི་འདུག་སྟེ། ཡིན་ནའང་དེ་འདྲའི་གྲོས་བསྡུར་ཞིག་གནང་གི་ཡོད་ས་རེད། དེ་འདྲ་གནང་དགོས་པའི་རྒྱུ་མཚན་གང་ཡིན་མིན་ང་ཚོས་ཚོད་དཔག་བྱེད་དུས་ VTC ནང་ལ་ས་མིག་ཉུང་ངུ་དང༌། སློབ་གཉེར་བ་འཛུལ་ཞུགས་བྱེད་མཁན་མང་པོ་ཞིག་ཡོད་པ་སོང་ཙང་དམིགས་བསལ་གྱིས་བོད་ཁྱིམ་རང་ནས་ཐོན་པའི་སློབ་གཉེར་བ་རང་ལ་མ་གཏོགས་མ་འབུལ་རྒྱུའི་བཀའ་མོལ་བྱུང་ཡོད་ས་རེད། དེས་ན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གནད་དོན་དེའི་ཐོག་ལ་གསན་ཡོད་མེད་ཐོག་བཀའ་འདྲི་ཞིག་ཞུ་གི་ཡིན། གལ་སྲིད་དེ་འདྲ་ཞིག་གནང་ཡོད་ན་དེ་ནས་བོད་ཕྲུག་ག་ཚོད་ཡོད་པ་ཡིན་ནའང་བོད་རིགས་སྤུན་ཟླ་རང་རེད། ཁྱེད་རང་ག་ནས་རེད་ཟེར་དུས་ང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་གང་རུང་ཞིག་ནས་ཐོན་པའི་ཕྲུ་གུ་ཞིག་ཡིན་ཞེས་ཟེར་དུས། དེ་འདྲ་ཡིན་ན་ཁྱེད་རང་ལ་འདིར་ས་མིག་ཡོད་མ་རེད། གང་ལགས་ཟེར་ན་འདིར་བོད་ཁྱིམ་རང་ནས་ཐོན་པའི་ཕྲུ་གུ་ལ་མ་གཏོགས་ཡོད་མ་རེད་ཅེས་གསུངས་ན། དེ་འདྲའི་གསུང་སའི་ཕྲུ་གུ་དེའི་སེམས་ནང་ཚོར་སྣང་ག་འདྲ་ཞིག་སླེབས་ཀྱི་ཡོད་མེད་དེའི་ཐོག་ལ་དགོངས་པ་ཞིག་བཞེས་དགོས་འདུག་བསམ་གྱི་འདུག བོད་ཁྱིམ་རང་ནས་ཐག་གཅོད་ཇི་གནང་རྩ་བའི་བོད་ཁྱིམ་ལ་དབང་ཚད་ཆ་ཚང་ཡོད་རེད། ཡིན་ནའང་ངའི་བསམ་ཚུལ་ལ་བོད་ཁྱིམ་རང་ལ་ཡོད་པའི་ཞལ་ལག་བཟོ་སའི་སྡེ་ཚན་དེ་རྒྱ་བསྐྱེད་གཏང་རྒྱུའི་ཐོག་ལ་བོད་ཁྱིམ་དང་ནང་སྲིད་དབར་བཀའ་མོལ་ཞིག་གནང་ཐུབ་ཀྱི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ཕྲུ་གུ་ཕལ་ཆེ་བས་མགྲོན་ཁང་འཛིན་སྐྱོང་ Hotel Management ཐོག་ལ་རེ་མོས་ཆེན་པོ་བྱེད་ཀྱི་ཡོད་ས་རེད། དེ་འདྲ་ས་མིག་ཉུང་ཉུང་ཡོད་པ་དེ་ཏོག་ཙམ་མང་དུ་གཏོང་ཐུབ་ན་ན་གཞོན་ལས་མེད་བར་ལྡིང་མང་པོ་ཞིག་གི་མི་ཚེའི་མདུན་ལམ་ལ་ཕན་ཐོགས་ས་རེད། བྱས་ཙང་དེ་འདྲའི་ཐོག་ལ་དགོངས་པ་བཞེས་ཀྱི་ཡོད་དམ་མེད།

བཀའ་ལན།
ང་ཚོའི་སྦྱོང་བརྡར་ལས་གཞིའི་གྲངས་ཡོད་པའི་བག་ལེབ་བཟོ་རྒྱུ་ཟེར་བ་དེ་བག་ལེབ་རྐྱང་པ་རེད། ཞལ་ལག་བཟོ་སྟངས་མ་རེད། བག་ལེབ་ཀྱི་རིགས་སྣ་ཚོགས་དཔེར་ན་ཌབྷལ་རོ་ཀྲི་དང༌། བམ་རོ་ཀྲི། ཀེཀ་ལ་སོགས་པ་རེད། ཞལ་ལག་བཟོ་སྟངས་བསླབ་ན་ཡག་པོ་འདུག་ཅེས་དགོངས་འཆར་གནང་བ་དེ་སེམས་བཞག་གིས་ནི་ལ་མང་ག་ལར་སྦྱོང་བརྡར་སྡེ་ཚན་ནང་མ་བྱན་སློབ་སྦྱོང་སྡེ་ཚན་ཞིག་བཙུག་ཐུབ་མིན་ཞིབ་འཇུག་བྱེད་ཀྱི་ཡིན།
ད་ཡོད་བོད་ཁྱིམ་ལག་ཤེས་སློབ་ཁང་ནང་ཞལ་ལག་བཟོ་རྒྱུ་དང་འདེགས་འབུལ་Cooks and Waiters གཉིས་ཀའི་སྦྱོང་བརྡར་གནང་གི་འདུག མགྲོན་ཁང་འཛིན་སྐྱོང་ Hotel Management གི་སྦྱོང་བརྡར་ང་ཚོས་སྤྲོད་ཐུབ་ཐབས་ཡོད་མ་རེད། དེ་ནི་མཐོ་རིམ་སློབ་ཚན་ཞིག་རེད། གཙུག་ལག་སློབ་གཉེར་ཁང་ནས་བི་ཨེ་B.A. ཐོན་པའི་རྗེས་སློབ་སྦྱོང་བྱ་རྒྱུའི་སློབ་ཚན་ཞིག་ཡིན་ཙང་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་མ་གཏོགས་སྦྱོང་བརྡར་གྱི་སྡེ་ཚན་འདི་འདྲའི་ནང་ཡོང་ཐབས་མེད་པ་ཞིག་རེད།
བོད་ཁྱིམ་ལག་ཤེས་སྦྱོང་བརྡར་སློབ་ཁང་ནང་བོད་ཁྱིམ་ནས་ཐོན་པའི་སློབ་ཟུར་བ་མ་གཏོགས་གཞན་དག་བཅུག་གི་མེད་པའི་གནས་ཚུལ་ངས་ཤེས་ཀྱི་མེད། གལ་སྲིད་དེ་འདྲ་ཡིན་ནའང་མི་འགྲིགས་པ་ཡོད་མ་རེད། དེང་སང་གཙུག་ལག་སློབ་ཁང་གང་དུ་ཡིན་རུང་སོ་སོའི་སློབ་ཕྲུག་ལ་འཛུལ་ཞུགས་གོ་སྐབས་སྔོན་དུ་སྤྲོད་རྒྱུའི་ལམ་སྲོལ་ཡོད་བཞིན་པ་ཞིག་རེད། ཤེས་རིག་ལས་ཁུངས་ནས་བོད་ཁྱིམ་དང་འབྲེལ་བ་ཞུས་ཏེ་ཤེས་རིག་གི་ལག་ཤེས་སློབ་ཁང་ཟུར་འཛུགས་མ་དགོས་པར་འགྲོ་སོང་མཉམ་གཏོང་བྱས་ཏེ་ད་ཡོད་སློབ་ཁང་ནང་ཚང་མ་ཚུད་ཐབས་སྐོར་བཀའ་བསྡུར་འགྲོ་བཞིན་པ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
ད་ལྟའི་བཀའ་ལན་ནང་དུ་བལྟས་དུས་བོད་མི་མང་ཆེ་བ་གཞིས་ཆགས་ཆེ་ཁག་ལ་གནས་སྡོད་བྱེད་ཀྱི་ཡོད་པར་སོང་བཀའ་ཤག་གི་ངོས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་གནང་བ་དེར་དམིགས་བསལ་གྱིས་བསྔགས་བརྗོད་ཞུ་ན་བཀའ་ཤག་མཉེས་པོ་ལྟ་ཡོད་མ་རེད་དེ། རང་ཉིད་ནས་ཞུ་འདོད་བྱུང༌། ཐབས་ཤེས་གནང་སྟངས་ལ་ཆ་མཚོན་ན་དང་པོ་དེ་ལ་ཟབ་སྦྱོང་དང༌། དེ་ནས་སློབ་གསོའི་ལས་འགུལ། བུ་ལོན་སྔ་གཡར་གྱི་ལས་གཞི་བཅས་གནང་འདུག ལས་འཚོལ་སྡེ་ཚན་སོགས་མང་པོ་ཞིག་གནང་འདུག་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་མང་རང་ངོས་ནས་བྱེད་མཁན་ཞིག་ཡིན་ན་གཞུང་ངོས་ནས་གྲ་སྒྲིག་ཨང་གསར་རེད་འདུག་ཅེས་ཞུ་འདོད་བྱུང༌།
ངས་བཀའ་འདྲི་ཞུ་རྒྱུ་དེ། ད་ལྟ་གཞིས་ཆགས་ཀྱི་ནང་ནས་གཞོན་སྐྱེས་ ༢༤༢ ཙམ་ལ་སྦྱོང་བརྡར་གནང་འདུག དེ་འདྲ་ཡིན་དུས་ཁ་ཐོར་མི་མང་དེ་དག་ལ་དམིགས་བསལ་ལས་གཞི་འདི་རིགས་དང་ཟབ་སྦྱོང་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་ག་རེ་ཡོད་གནང་ཡོད་དམ། དེ་ནས་བུ་ལོན་སྔ་གཡར་གནང་བ་དེ་ཡིག་ཐོག་ལ་དུས་ཚོད་ངེས་ཅན་གྱི་བུན་འཇལ་མ་ཐུབ་པ་ཡིན་ན། དེའི་ཐོག་ལ་ཕྱག་བསྟར་གནང་ཕྱོགས་ཀྱི་སྒྲིག་གཞི་དེ་འདྲ་ཡོད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་མཐའ་མ་ཡིན་ཞེས་བཀའ་གནང་བ་དེ་ཧ་ཅང་དགའ་པོ་བྱུང༌། ངས་འཕྲོས་དོན་དྲི་བ་མཐའ་མ་གཏན་ནས་མེད་པ་མིན་ནམ་བསམ་པའི་དྭོགས་པ་བྱུང་སོང༌།
ཁ་ཐོར་གནས་སྡོད་བོད་མི་རྣམས་ལ་ད་ཕན་དམིགས་བསལ་གྱི་ལམ་སྟོན་གང་ཡང་བྱས་ཐུབ་མ་སོང་ཞེས་ཞུ་རྒྱུ་ཡིན། འོན་ཀྱང་ཁ་ཐོར་མང་ཆེ་བ་ཐག་ཉེ་འབྲེལ་མཚུངས་ཀྱིས་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་སུ་བཅུག་དགོས་པའི་ལམ་སྟོན་སྔོན་མ་ནས་བྱས་ཟིན་པ་ཡིན། དེ་འདྲ་སོང་ཙང་མ་འོངས་པར་ས་གནས་འགོ་འཛིན་སོ་སོ་ནས་ལས་འཆར་སྙན་ཐོ་བསྡུ་ལེན་བྱེད་སྐབས་གཞིས་ཆགས་དང་ཁ་ཐོར་མི་མང་བཅས་ལ་ཁྱབ་པ་དགོས་པའི་བཀོད་མངགས་བྱེད་རྒྱུ་ཡིན། དེ་ཙམ་མ་ཟད་གསལ་བསྒྲགས་རིགས་གང་ཡིན་ཡང་ཁ་ཐོར་མི་མང་ལ་ཁྱབ་པ་ཞུ་རྒྱུ་ཡིན།
བུ་ལོན་ཕྱིར་བསྡུ་མ་ཐུབ་པའི་དཀའ་ངལ་ད་ཕན་བྱུང་མ་སོང༌། བུ་ལོན་སྤྲོད་སྐབས་རྒྱ་གར་གྱི་ཁྲིམས་ཐོག་འཕེར་བའི་ཁྲིམས་ཤོག་ཐོག་གན་རྒྱ་བཞག་གི་ཡོད་ཅིང༌། གན་རྒྱའི་ནང་བུ་ལོན་སྒྲུབ་འཇལ་མ་བྱས་ན་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུའི་ཆ་རྐྱེན་གསལ་པོ་བཀོད་ཀྱི་ཡོད། འོན་ཀྱང་ད་ཕན་ཁྲིམས་གཏུག་བྱེད་དགོས་པ་དེ་འདྲ་བྱུང་མ་སོང་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩