དོན་གཅོད་ཁང་ཁག་ནང་རྒྱུགས་སྤྲོད་ཀྱི་ལམ་ནས་གཞུང་ཞབས་གནས་སྤོས་ཐོག་དྲི་བ་དྲིས་ལན།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ༄༅། །བཀའ་ཤག་སྐབས་ ༡༢ པའི་སྐབས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནང་གཞུང་ཞབས་གནས་སྤོས་གནང་དགོས་བྱུང་ཚེ་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུའི་ལམ་ལུགས་ཞིག་གསར་གཏོད་གནང་བའི་ཐད་བཀའ་འདྲི་ཞུ་རྒྱུར།
༡ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནང་ལས་བྱེད་གནས་སྤོས་གནང་བར་ཡིག་རྒྱུགས་གཏོང་དགོས་པ་དང༌། གཞན་རྒྱ་གར་ནང་ཁུལ་གནས་སྤོས་གནང་སྐབས་ཡིག་རྒྱུགས་གཏོང་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
༢ ཡིག་རྒྱུགས་ནང་ཞུགས་མཁན་གྱི་ལས་བྱེད་རྣམས་རྡ་སར་ཆེད་ཕེབས་གནང་དགོས་པས་དེ་དག་གཞུང་འབྲེལ་ཐོག་ཕེབས་ཀྱི་ཡོད་དམ། ཡང་ན་སྒེར་གྱི་དགོངས་པ་ཞུས་ཏེ་ཕེབས་ཀྱི་ཡོད་མེད་ཐད་གསལ་བཤད་ཡོང་བ་ཞུ།
བཀའ་ལན།
༡ཀ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནང་བཀོད་བསྒྲིགས་བྱེད་རྒྱུའི་ལས་བྱེད་རྣམས་ཁེ་ཕན་ཆེ་བའི་ས་མིག་ཅིག་ཏུ་བརྩི་གི་ཡོད་པ་དང༌།
ཁ དོན་ཁང་ཁག་ཆབ་སྲིད་ཀྱི་ལས་དོན་རྒྱ་ཆེ་གནང་དགོས་པ་མ་ཟད། བོད་གཞུང་མང་གི་སྐུ་ཚབ་མཚོན་ཐུབ་པའི་རྒྱལ་སྤྱིའི་གནས་ཚད་ལོངས་པའི་ཤེས་སྦྱོང་དང༌། བཟང་སྤྱོད། མི་བབ་འཛོམས་པ་དགོས་པ།
ག སྐད་ཡིག་མི་འདྲ་བ་གཉིས་ཀྱི་ཐོག་ལས་དོན་འཕེར་ངེས་དང༌། ཀམ་པུ་ཀྲར་སྦྱངས་པ་ཚད་ལྡན་མེད་ན་གོ་ཆོད་དཀའ་བ།
ང གནས་སྤོས་ལམ་གྲོན་དང་རྒྱུན་གྱི་ཕོགས་ཐོབ་སོགས་གཞུང་གྲོན་ཆེ་བ་བཅས་ལ་བརྟེན་དབང་ལྡན་འགན་འཛིན་གྱིས་རང་འདོད་ལྟར་འདེམས་བསྐོ་བྱ་རྒྱུ་མ་འཚམས་པར་མཐོང་སྟེ། ཆ་རྐྱེན་འོས་ཆོས་གཏན་འབེབས་ཀྱིས་རྒྱུགས་སྤྲོད་ཀྱི་ལམ་སྲོལ་གཏོད་པ་ཡིན།
༢ རྒྱུགས་སྤྲོད་ནང་ཞུགས་མཁན་རྣམས་རྡ་སར་སྒེར་དགོངས་མ་ཡིན་པར་གཞུང་འབྲེལ་ཐོག་ཕེབས་ཀྱི་ཡོད།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འཕྲོས་དོན་དྲི་བར།
བཀའ་བློན་ཁྲི་པ་མཆོག་གི་བཀའ་ལན་དང་པོར་ཀ་ནས་ང་བར་དུ་ཡོད་པ་དེའི་ཐོག་ལ་འཕྲོས་དོན་དྲི་བ་ཁག་འགའ་ཤས་ཤིག་ཞུ་རྒྱུ་ཆགས་སོང༌། དྲི་བ་དང་པོ་དེ་གང་ཡིན་ཞེ་ན། གཞུང་ཞབས་བཀོད་བསྒྲིགས་གནང་བའི་སྐབས་སུ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་གནས་རིམ་དེའི་འོས་ཆོས་ཚང་བ་ཡོད་མེད་ཀྱི་ཐོག་ལ་ཞིབ་འཇུག་གི་ཐོག་ནས་ཡིག་རྒྱུགས་གཏོང་གི་ཡོད་རེད། ཡིག་རྒྱུགས་ཆ་ཚང་བཏང་ཚར་བའི་རྗེས་ལ་གནས་རིམ་དེ་ལ་ལས་འགན་སྒྲུབ་ཐུབ་ཀྱི་ཡོད་པ་ཞིག་གི་ཐོག་ནས་བསྐོ་གཞག་གནང་བ་རེད། དེའི་ཐོག་ལ་བཀའ་ཤག་གིས་གནས་སྤོས་སྐབས་སུ་ཡིག་རྒྱུགས་འཕར་མ་ཞིག་གཏོང་དགོས་པའི་གནས་སྟངས་དེ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་གནང་བ་དེའི་ཐོག་ལ་ཏག་ཏག་ཅིག་མ་འགྲིགས་པའི་དགོངས་ཚོར་ཡོད་པའི་ཐོག་ནས་གཟིགས་ཀྱི་ཡོད་དམ། ཡང་ན་ག་རེ་ཡིན་ནམ་ཞེས་ཞུ་རྒྱུ་གཅིག་ཡིན། གང་ཡིན་ཞེ་ན། སྡེ་ཚན་འགན་འཛིན་གྱི་གནས་རིམ་ཞིག་ལ་ལས་བྱེད་ཅིག་གཏོང་དགོས་པ་དེ་སྡེ་ཚན་འགན་འཛིན་གྱི་ཕྱག་ལས་གནང་ཐུབ་མཁན་ཞིག་དང་པོ་ནས་བསྐོ་གཞག་གནང་ཐུབ་ཡོད་རེད་ཅེས་ངས་ཞུ་རྒྱུ་གཅིག་འདི་ཆགས་ཡོད།
གཉིས་ཐད་ནས་ག་པ་དེའི་ནང་ལ་སྐད་ཡིག་མི་འདྲ་བ་གཉིས་ཞེས་སྡེ་ཚན་འགན་འཛིན་ཡིན་ནའང་རེད། ལས་བྱེད་ག་འདྲ་ཞིག་ཡིན་ནའང་རེད། སྐད་ཡིག་གཉིས་ཀྱི་ཐོག་ལ་ཡིག་རྒྱུགས་བཏང་ནས་གྲུབ་འབྲས་ཐོན་ཏེ་ཡར་ཕེབས་བསྡད་པ་ཞིག་རེད། མདོར་བསྡུས་ན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་དང་པོ་ནས་ཆ་རྐྱེན་ཚང་བའི་གནས་རིམ་འདིའི་ལས་ཀ་བྱེད་ཐུབ་མཁན་ཞིག་ལ་འགོ་ནས་གནས་སྤོས་སྐབས་སུ་ཡིག་རྒྱུགས་གཏོང་དགོས་པའི་གནས་སྟངས་ཤིག་ག་རེ་ཆགས་ཀྱི་ཡོད་དམ། དེ་འདྲ་གནང་དུས་རྒྱ་གར་ནང་ལ་གཞིས་འགོ་ལ་སོགས་པ་གཞན་དག་དེ་དག་ཚང་མ་མི་བབ་མེད་པ་དང༌། ཤེས་སྦྱོང་མེད་པ་དེ་ཚོའི་ཐོག་ལ་དགོངས་ཚུལ་འདྲ་ཞིག་ག་རེ་ཆགས་ཀྱི་ཡོད་དམ། དེ་དང་འབྲེལ་བའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གི་ནང་ལ་ཉེ་ཆར་ཨ་རི་ནང་ལ་སྡེ་ཚན་འགན་འཛིན་གནས་སྤོ་གནང་བའི་སྐབས་སུ་གསལ་བསྒྲགས་ནང་ལ་འཛིན་གྲྭ་བཅུ་པ་ཐོན་པའི་སྡེ་ཚན་འགན་འཛིན་དང༌། ཞབས་ལོ་བརྒྱད་ཞབས་ཕྱི་ཞུས་པ། ད་ག་ནང་བཞིན་ཨ་རི་ལ་སློབ་སྦྱོང་དུ་སྐྱོད་མཁན་དེ་ཚོ་འཛུལ་ཞུགས་མི་ཆོག་པའི་གནས་སྟངས་ཤིག་དེ་འདྲ་བྱས་ནས་འཁོད་བསྡད་ཡོད་རེད། དཔལ་ལྡན་བཀའ་ཁྲི་མཆོག་གི་བཀའ་ལན་ནང་ལ་མི་འཇོན་པ་དང་དྲག་ག་ཞེས་ཡོད་རེད། དཔེར་ན་ཨ་རི་ལ་སློབ་སྦྱོང་དུ་སྐྱོད་མཁན་ནང་ལ་ཚུད་བསྡད་པ་དེ་ཚོ་དྲག་ག་ཞིག་གི་ཐོག་ནས་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་ཡིག་རྒྱུགས་ཀྱི་ལམ་སྟོན་ཞིག་གནང་ནས་ཤེས་རིག་ལས་ཁུངས་ལ་བཏང་སྟེ་ཚུད་ནས་ཨ་རི་ལ་འགྲོ་མཁན་གྲངས་ལ་ཚུད་པ་རེད། དེ་ད་རེས་དེའི་ནང་ལ་འཛུལ་ཞུགས་གནང་མ་ཆོག་པའི་གནས་འགག་དེ་ག་རེ་བྱས་པ་རེད་དམ། དྲག་ག་དེའི་ལམ་ཁ་འགག་དགོས་པའི་གནས་སྟངས་དེ་ག་རེ་ཆགས་པ་རེད་དམ། དེ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་ཡིན་ཞེ་ན། ན་ནིང་ཉི་ཧོང་དོན་གཅོད་ཁང་ལ་དྲུང་གཞོན་གཏོང་དུས་ཨ་རི་ལ་ཚུད་ནས་ཕེབས་ཁར་ཉི་ཧོང་དོན་གཅོད་ལས་བྱེད་ཀྱི་ཡིག་རྒྱུགས་ནང་ལ་འཛུལ་ཞུགས་གནང་སྟེ་ཚུད་ནས་ཨ་རི་བཞག་ནས་ཉི་ཧོང་ལ་ཕེབས་པ་རེད། ན་ནིང་འགྲིག་པ་ལ་ད་ལོར་མ་འགྲིགས་པའི་གནས་སྟངས་དེ་ག་རེ་ཆགས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་རྒྱུ་ཞིག་མ་གཏོགས། ན་ནིང་གནང་བའི་ལས་བྱེད་དེའི་ཐོག་ལ་དང་དེ་མ་འོས་པ་སོགས་དེ་འདྲའི་བསམ་ཚུལ་གང་ཡང་མེད། ན་ནིང་དང་ད་ལོ་བར་ལ་འགྱུར་བ་ཕྱིན་པའི་གནས་སྟངས་དེ་ཇི་ཆགས་ཀྱི་ཐོག་ལ་བཀའ་འདྲི་ཞུ་འདོད་བྱུང༌།
དེ་ནས་འཛིན་གྲྭ་བཅུ་པ་ཞེས་པ་དེ་འཛིན་གྲྭ་བཅུ་པ་མན་གྱི་སྡེ་ཚན་འགན་འཛིན་དེ་དག་དེ་འདྲ་ཡོད་རེད་དམ་མ་རེད། སྡེ་ཚན་འགན་འཛིན་ནང་ལ་འཛིན་གྲྭ་བཅུ་པ་ལས་གནས་ཚད་དམའ་བ་ཡོད་རེད་དམ་མ་རེད། གནས་རིམ་གཅིག་པའི་ནང་ལ་གོ་སྐབས་གཅིག་པ་མེད་པའི་གནས་སྟངས་དེ་ག་རེ་ཆགས་པ་རེད་དམ། ཡང་བཅུ་པ་ཡན་ཡིན་པ་ཡིན་ན། གོང་དུ་དཔལ་ལྡན་བཀའ་ཁྲི་མཆོག་གིས་གསུངས་པ་ནང་བཞིན་མི་འཇོན་པ་དང་ཡག་པ། ཤེས་ཚད་དགོས་པ་དེའི་ཐོག་ལ་ཏག་ཏག་ཅིག་བསྡད་ཀྱི་འདུག་བསམ་གྱི་འདུག བྱས་ཙང་འདི་ཚོ་བང་སྒྲིག་པོ་ཞིག་བྱུང་མ་སོང་སྟེ། འདིར་མཚམས་བཞག་ན་བསམ་བྱུང༌།
བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བ་དེ་དྲི་བ་དངོས་གཞིའི་ཐོག་ནས་ཕལ་ཆེར་ལན་ཐེབས་ཡོད་བསམ་པ་ཡིན། གཞུང་ཞབས་ཀྱི་ནང་འོས་ཆོས་ཚང་ཞིང་རྒྱུགས་སྤྲོད་ཐོན་ནས་ཕེབས་མཁན་ཞིག་མ་གཏོགས་འོས་ཆོས་མ་ཚང་བར་ཕེབས་མཁན་གཅིག་ཀྱང་ཡོད་མ་རེད། ཡིན་ན་ཡང་འོས་ཆོས་ཚང་ཞིང་རྒྱུགས་སྤྲོད་ཐོན་ནས་ཡོང་བའི་ལས་བྱེད་ཚང་མ་གྲིས་བཅད་པ་ལྟ་བུ་འདྲ་མཉམ་ཁྱད་པར་མེད་པ་གཅིག་གྱུར་ཞིག་རྩ་བ་ནས་ཡོང་ཤེས་ཀྱི་མ་རེད། རྒྱུགས་སྤྲོད་གཏོང་བའི་སྐབས་སུའང་བརྒྱ་ཆ་ལྔ་བཅུ་ཐོབ་ནས་རྒྱུགས་ཐོན་པ་དང༌། བརྒྱ་ཆ་དགུ་བཅུ་གོ་ལྔ་ཐོག་ནས་རྒྱུགས་ཐོན་པ་འདྲ་མིན་སྣ་ཚོགས་ཡོད་རེད། གཞུང་ཞབས་འདེམས་ལྷན་གྱིས་རྒྱུགས་སྤྲོད་བཏང་ནས་བསྐོ་གཞག་གནང་སྐབས་རྒྱུགས་འཕྲོད་པ་དེ་ཚོའི་ནང་ནས་ཀྱང་རྩེ་བཏོག་བརྒྱབས་ནས་གནང་གི་ཡོད་རེད། ཁོང་ཚོ་རྒྱུགས་འཕྲོད་པ་གཅིག་པ་རེད། ཡང་བསྐྱར་བརྩེ་བཏོག་བརྒྱབ་རྒྱུ་ཡོད་མ་རེད་ཅེས་གཞག་གནང་གི་ཡོད་མ་རེད། ས་མིག་ཉུང་ཉུང་དང་རྒྱུགས་སྤྲོད་གཏོང་མཁན་མང་པོ་ཡོད་པ་ཡིན་ན་རྒྱུགས་འཕྲོད་པའི་ནང་ནས་རྩེ་བཏོག་བརྒྱབས་ནས་བསྐོ་གཞག་གནང་གི་ཡོད་རེད། དེ་འདྲ་ཡིན་ཙང་འདྲ་འདྲའི་ནང་ལ་ཡང་མི་འདྲ་བ་དེ་ངེས་པར་དུ་ཡོང་སྲིད་པ་ཞིག་རེད། ཕྱི་རྒྱལ་དུ་བཀོད་བསྒྲིགས་བྱེད་རྒྱུ་དེ་དྲིས་ལན་དོན་ཚན་དང་པོར་ཞུས་པ་བཞིན་གཞུང་ཞབས་ཚོས་ཁེ་ཕན་ཆེ་བའི་ས་མིག་ཅིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཡིན་ཙང༌། དེའི་ནང་ལ་འགྲོ་མཁན་གྱི་མི་དེ་འདྲ་འདྲའི་ནང་ནས་ཁྱད་པར་ཅན་དེ་ཚོ་བསྐྱར་དུ་དྲག་འདེམས་རྒྱག་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། བསྐྱར་དུ་དྲག་འདེམས་རྒྱག་སྟངས་དེ་བཀའ་བློན་ཁྲི་པ་ངོ་ཤེས་མིན་དང༌། ཕྱི་དྲིལ་བཀའ་བློན་དང་འབྲེལ་བ་ཡོད་མེད་ཀྱི་ཐོག་ནས་ཐག་བཅད་པ་ཡིན་ན། དེ་འགྲིག་གི་མི་འདུག ཕྱི་དྲིལ་བཀའ་བློན་དང༌། བཀའ་བློན་ཁྲི་པ་སུ་ཡིན་ནའང་གཞུང་ཞབས་ཡོངས་སུ་རྫོགས་པའི་གནས་བབ་དེ་ཤེས་ཀྱི་ཡོད་མ་རེད། ཁ་ཤས་ཤེས་ཀྱི་ཡོད་རེད། ཁ་ཤས་ཤེས་ཀྱི་ཡོད་མ་རེད། ཁ་ཤས་མཉམ་དུ་ལས་ཀ་བྱས་མྱོང་ཡོད་རེད། ཁ་ཤས་མཉམ་དུ་ལས་ཀ་བྱས་མྱོང་ཡོད་མ་རེད། དེ་འདྲ་སོང་བ་ཡིན་ཙང་དེ་ཚོ་རྒྱུགས་སྤྲོད་ཀྱི་ལམ་ནས་དྲག་འདེམས་ཤིག་བྱས་པ་ཡིན་ན། དེའི་ནང་ལ་རྒྱུགས་མ་འཕྲོད་མཁན་དེ་ཚོ་གཞུང་ཞབས་ལ་མ་འོས་པ་རེད་ཅེས་ནམ་ཡང་ཟེར་གྱི་ཡོད་མ་རེད། དེའི་ནང་ལ་རྒྱུགས་མ་འཕྲོད་པ་དེ་ཚོ་ཕྱི་རྒྱལ་ལ་གཏང་མ་འོས་པ་རེད་ཅེས་ཀྱང་ཟེར་གྱི་ཡོད་མ་རེད། ཕྱི་རྒྱལ་ལ་གཏང་རྒྱུ་དེ་ལས་བྱེད་གང་ཡོད་ཀྱི་ནང་ནས་དྲག་ཤོས་དེ་འདེམས་པའི་སྐབས་སུ་དེའི་ནང་མ་ཚུད་པ་དེ་ཚོ་སོ་སོའི་གནས་རིམ་གང་ཡིན་དང༌། ལས་འགན་གང་ཡིན་རང་འཇགས་བསྡད་ཀྱི་ཡོད་རེད་མ་གཏོགས་ཞན་ཆའི་རྣམ་པ་ཞིག་ནམ་ཡང་ཐོན་གྱི་ཡོད་མ་རེད། རྒྱལ་ཁབ་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ནའང་འདྲ་འདྲའི་ནང་ནས་དྲག་འདེམས་བྱེད་རྒྱུ་ལམ་དང་ལུགས་སྲོལ་ཡོད་པ་ཞིག་རེད། དྲག་འདེམས་ཆེད་རྒྱུགས་སྤྲོད་ལེན་པ་དེས་གཞུང་ཞབས་འདེམས་ལྷན་གྱི་རྒྱུགས་སྤྲོད་ལ་ཚད་འཛིན་མ་ཞུས་པ་མ་རེད། གཞུང་ཞབས་འདེམས་ལྷན་གྱི་རྒྱུགས་སྤྲོད་ཐོན་པའི་ནང་ནས་ད་དུང་དྲག་འདེམས་བྱེད་རྒྱུའི་རིམ་པ་གཉིས་པའི་འདེམས་སྒྲུག་ཅིག་རེད།
ལྷག་པར་དུ་སྤྱི་ཚོགས་དང་གཞུང་ཞབས་རང་གི་ནང་ལ་འདིའི་སྐོར་ཐུགས་འདོད་མ་ཁེངས་མཁན་མང་པོ་ཡོད་པ་རེད། ཕྱི་རྒྱལ་ལ་ང་བཀོད་བསྒྲིགས་བྱས་མ་སོང༌། ཁོ་བཀོད་བསྒྲིགས་བྱས་སོང༌། དེ་ག་འདྲ་བྱས་ནས་བྱས་པ་རེད་ཅེས་གསུང་མཁན་ཡོད་པ་རེད། འོས་ཆོས་ཚང་བ་ཚང་མ་འགྲན་བསྡུར་བྱེད་དེ་གང་ཐོན་པ་དེ་བཏང་བཞག་པ་ཡིན་ན་དཀའ་ངལ་ཡོང་གི་མ་རེད། དེ་ནས་ཐུགས་བློ་མ་ཁེངས་པ་བྱུང་བ་ཡིན་ནའང་དྲང་བདེན་གྱི་ཐུགས་བློ་མ་ཁེངས་པའི་གནས་སྟངས་ཤིག་མ་རེད། ལྷག་པར་དུ་དེ་སྔོན་ཕྱི་རྒྱལ་དུ་བཀོད་བསྒྲིགས་བྱས་པའི་ལས་བྱེད་ཁ་ཤས་ཀམ་པུ་ཊར་མ་ཤེས་པ་ཡིན་ཙང་སྐུ་ངལ་ཆགས་པ་བྱུང་འདུག དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཀམ་པུ་ཊར་གྱི་བྱང་ཆ་ཇི་ཡོད་མ་བལྟས་ཐབས་མེད་བྱུང་བ་རེད། ཉེ་ཆར་ཨ་རི་ལ་བཀོད་བསྒྲིགས་བྱེད་རྒྱུའི་སྡེ་ཚན་འགན་འཛིན་འདེམས་སྒྲུག་བྱེད་སྐབས་ལ་རྒྱུགས་སྤྲོད་གཏོང་མཁན་ཉི་ཤུ་ཡས་མས་ཤིག་ཡོད་རེད། མི་མ་ཐོབ་པའི་དཀའ་ངལ་མ་བྱུང་བ་རེད། དེ་འདྲ་ཡིན་ཙང་ཨ་རིར་སློབ་སྦྱོང་འགྲོ་རྒྱུར་མིང་ཐོ་ཐོན་བསྡད་པ་དེ་ཚོ་ད་རེས་རྒྱུགས་སྤྲོད་དུ་ཞུགས་རྒྱུ་བཀག་པ་རེད། དེའི་རྒྱུ་མཚན་ཡང་སློབ་སྦྱོང་གི་མི་འགྲོ་ལ་འགྱུར་ལྡོག་དང༌། ལས་བྱེད་ཁོ་རང་གི་སློབ་སྦྱོང་གི་གོ་སྐབས་ཆུད་ཟོས་མི་འགྲོ་བའི་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་ལྟོས་ནས་བཀག་པ་རེད། གལ་སྲིད་སློབ་སྦྱོང་ལ་འགྲོ་མཁན་དེ་ཨ་རི་ལ་སླེབས་པ་ཙམ་གྱི་དམིགས་ཡུལ་བཟུང་ནས། གལ་སྲིད་ཨ་རི་ལ་བཀོད་བསྒྲིགས་བྱེད་པ་ཡིན་ན། སློབ་སྦྱོང་གི་གོ་སྐབས་བཞག་ཐུབ་མཁན་ཞིག་ཡིན་ན། དེ་འདྲའི་བསམ་ཚུལ་འཁྱེར་མཁན་དེ་ཚད་ལྡན་ཞིག་མ་རེད། སྔ་ལོར་ཉི་ཧོང་དོན་ཁང་དུ་བཀོད་བསྒྲིགས་བྱེད་སྐབས་རྒྱུགས་སྤྲོད་གཏོང་མཁན་མི་གཉིས་མ་གཏོགས་བྱུང་ཡོད་མ་རེད། མི་གཉིས་ཀྱི་ནང་ནས་གཅིག་ཉི་ཧོང་གི་སྐད་ཡིག་གི་གནས་ཚད་མ་ལོངས་པ་ཡིན་ཙང༌། མི་གཅིག་མ་གཏོགས་ལྷག་ཡོད་མ་རེད། དེ་ལ་ང་ཚོས་རེ་འདུན་ཞུས་ནས་ཁྱེད་རང་ཕུལ་བི་རཡི་ཀྲི་ Fulbright ནང་ལ་ཐོན་ཡོད་ཀྱང༌། ཉི་ཧོང་དུ་བཀོད་བསྒྲིགས་བྱས་པ་ཡིན། འགྲོ་ཐུབ་ཀྱི་རེད་དམ་ཞེས་དྲིས་སྐབས་ལ། འགྲོ་ཐུབ་ཀྱི་ཡོད། ཡིན་ན་ཡང་མ་འོངས་པ་ལ་ཨ་རི་འགྲོ་རྒྱུའི་གོ་སྐབས་དེ་ཉར་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་སོང༌། དེ་ཉར་ཐུབ་ཀྱི་མ་རེད། ཐེངས་གཅིག་བུད་ན་བུད་ཟིན་པ་རེད། རྗེས་སུ་སྤྱི་ཡོངས་ཀྱི་འགྲན་བསྡུར་གྱི་ནང་ནས་ཐོན་ན་མ་གཏོགས་ད་རེས་ཉི་ཧོང་ལ་བཀོད་བསྒྲིགས་བྱས་པའི་རྒྱུ་མཚན་གྱིས་ཨ་རིའི་སློབ་སྦྱོང་གི་གོ་སྐབས་དེ་ཉར་ཐུབ་ཀྱི་མ་རེད་ཅེས་གསལ་པོ་ཞུས་ཡོད། དེ་འདྲ་སོང་བ་ཡིན་ཙང༌། དེའི་གནས་ཚུལ་དང་ད་ལོའི་གནས་ཚུལ་གཉིས་མཚུངས་བསྡུར་བྱེད་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་ཆགས་ཀྱི་མེད།
སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
ད་ལྟ་ཁ་པ་དེའི་ནང་ལ་བོད་གཞུང་མང་གི་སྐུ་ཚབ་མཚོན་པའི་རྒྱལ་སྤྱིའི་གནས་ཚད་ལོངས་པའི་ཤེས་སྦྱོང་དང་ཞེས་པ་ཞིག་འདུག ང་ཚོས་དུས་རྒྱུན་དུ་གོ་རྒྱུ་ཡོད་པ་དེ་ཤེས་འཇོན་ཞེས་པ་ཞིག་ཡོད་རེད། འདིར་ཡོད་པའི་ཤེས་སྦྱོང་ཞེས་པ་དེ་ད་ག་རང་ཡིན་པ་ཡིན་ནམ། ཡང་ན་ཤེས་འཇོན་ཞེས་པ་དེ་ག་རེ་ཟེར་གྱི་ཡོད་དམ།
བཀའ་ལན།
དེ་ག་རེ་གནང་ནའང་ཁྱད་པར་མི་འདུག
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས།
དྲི་བ་དང་འཕྲོས་དོན་དྲི་བའི་ཐོག་ལ་དཔལ་ལྡན་བཀའ་ཁྲི་མཆོག་ནས་བཀའ་ལན་གནང་བ་ཁག་འདོད་བློ་ཁེངས་པ་དང་གསལ་པོ་བྱུང་བསམ་པ་བྱུང་སོང༌། ཡིན་ན་ཡང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་འཕྲོས་དོན་དྲི་བའི་བཀའ་ལན་གྱི་འགྲོས་ནས་རང་ཉིད་ནས་གོ་བ་ལེན་ཕྱོགས་ནོར་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན་མ་གཏོགས། དེའི་ཐོག་ལ་འབྲེལ་བ་ཡོད་པའི་ཐོག་ནས་ཡང་དྲི་བ་ཞིག་འབུལ་དགོས་པའི་གནས་སྟངས་ཆགས་སོང༌། ཉི་ཧོང་དོན་གཅོད་ཀྱི་ལས་བྱེད་གནས་སྤོས་སྐབས་ཀྱི་ཡིག་རྒྱུགས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཐོག་ལ་མི་འགྲོ་གཉིས་ལས་མི་འདུག གཉིས་ཀྱི་ནང་ནས་གཅིག་སྐད་ཡིག་འབྲི་རྒྱུར་རང་རྐྱ་འཕེར་བ་མི་འདུག བྱས་ཙང་ཨ་རི་ལ་ཕེབས་མཁན་དེ་ཁྱེད་རང་ཕེབས་ཐུབ་ཀྱི་རེད་དམ་ཞེས་ཡིག་རྒྱུགས་མ་བཏང་སྔོན་ནས་ Compromise མང་པོ་ཞིག་གནང་རྒྱུ་དང༌། ཁོ་རང་རང་བདམ་རྒྱུ་ཡིན་པ་གཏན་འཁེལ་བའི་གནས་སྟངས་འདྲ་པོ་ཞིག་ངའི་ཚོར་སྣང་དེ་འདྲ་འདྲ་པོ་ཞིག་བྱུང༌། དེ་འདྲ་ཡིན་པ་ཡིན་ན། ཡིག་རྒྱུགས་གཏང་རྒྱུ་དེ་ཕྱག་རྒྱའི་ཚོད་ཙམ་ཞིག་ཆགས་ཀྱི་མ་རེད་དམ། གང་ཡིན་ཞེ་ན། གཞན་དག་དེ་གནས་ཚུལ་དེ་ཚོ་ཤེས་ཀྱི་ཡོད་མ་རེད། ཡིན་ན་ཡང་བཀའ་ཤག་དང་ཉི་ཧོང་དོན་གཅོད་ལ་ལས་བྱེད་གཏང་རྒྱུ་གཉིས་བར་ལ་བཀའ་མོལ་ག་རེ་བྱུང་བ་དེ་དོ་བདག་ལས་བྱེད་དེས་ཤེས་ཀྱི་ཡོད་ཀྱི་མ་རེད། བྱས་ཙང་ཡིག་རྒྱུགས་མ་བཏང་གོང་ནས་བཀའ་མོལ་གནང་རྒྱུ་དེ་ཚོ་ཚང་མ་ཏག་ཏག་ཅིག་བསྡད་ཀྱི་ཡོད་མེད་དང༌། ཡིག་རྒྱུགས་གཏང་རྒྱུ་དེ་ཕྱག་རྒྱ་ཙམ་ཆགས་ཀྱི་མ་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
ཡིག་རྒྱུགས་མ་བཏང་སྔོན་ནས་སྐད་ཆ་བྱས་པ་ཡིན་ཞེས་ངས་རྩ་བ་ནས་ཞུས་མེད། ཡིག་རྒྱུགས་གཏོང་མཁན་གཉིས་བྱུང་བ་རེད། གཉིས་ཀྱི་ནང་ནས་གཅིག་རྒྱུགས་འཕྲོད་པ་རེད། གཅིག་རྒྱུགས་མ་འཕྲོད་པ་རེད། རྒྱུགས་འཕྲོད་མཁན་དེ་ཨ་རིར་འགྲོ་མཁན་ཁོངས་སུ་ཚུད་པ་ཞིག་རེད་འདུག དེའི་སྐབས་སུ་ཁོ་རང་ལ་ཁྱེད་རང་རྒྱུགས་འཕྲོད་འདུག ཉི་ཧོང་དུ་བཀོད་བསྒྲིགས་བྱས་ན་ངོས་ལེན་བྱེད་ཀྱི་ཡིན་ནམ་མིན་ཞེས་སྐད་ཆ་དྲིས་པའི་སྐབས་སུ། བཀོད་བསྒྲིགས་བྱུང་ན་ཉི་ཧོང་དུ་ལས་བཅར་ཞུ་རྒྱུ་ཡིན། ཡིན་ནའང་ཨ་རིའི་སློབ་སྦྱོང་གི་གོ་སྐབས་རྗེས་སུ་གནང་ཐུབ་ཀྱི་རེད་དམ་ཞེས་ཞུས་སོང༌། དེ་སྐབས་རྗེས་སུ་སྤྱི་ཡོངས་འཚང་རྒྱུགས་ནས་ཚུད་ན་མ་གཏོགས། ད་རེས་འདིའི་ཚབ་ཏུ་དམིགས་བསལ་གོ་སྐབས་ཕུལ་ཐུབ་ཀྱི་མ་རེད། ཁྱེད་རང་གིས་ཨ་རི་སློབ་སྦྱོང་དེ་གལ་ཆེ་བ་བརྩིས་པ་ཡིན་ན། ཨ་རི་ལ་ཕེབས་རོགས་གནང༌། རྗེས་སུ་དམིགས་བསལ་གོ་སྐབས་ཕུལ་ཐུབ་ཀྱི་མ་རེད་ཅེས་ལབ་པ་རེད། གནས་ཚུལ་འདི་ཚོ་རྒྱུགས་སྤྲོད་བཏང་བའི་རྗེས་ལ་བཀའ་མོལ་བྱུང་བ་ཞིག་རེད་མ་གཏོགས། རྒྱུགས་སྤྲོད་མ་བཏང་གོང་ནས་སྐད་ཆ་དེ་ཡོང་རྒྱུའི་གཞི་རྩ་ཡོད་མ་རེད། སུ་རྒྱུགས་འཕྲོད་གྲབས་ཡོད་མེད་ཤེས་ཀྱི་ཡོད་མ་རེད། ལར་ནས་སྙན་ཞུ་གཏོང་མཁན་གཉིས་མ་གཏོགས་བྱུང་ཡོད་མ་རེད། གང་ཡིན་ཞེ་ན་ཉི་ཧོང་གི་སྐད་ཡིག་ཐོག་ལས་དོན་བྱེད་འཕེར་ཡོད་པ་ཞེས་ཆ་རྐྱེན་བཀོད་ཡོད་རེད། རང་རེའི་སྤྱི་ཚོགས་ནང་ཉི་ཧོང་སྐད་ཤེས་མཁན་དཀོན་པོ་རེད། སྙན་ཞུ་འབུལ་མཁན་གཉིས་ཀྱི་ནང་ནས་གཅིག་ཨ་རིར་འགྲོ་མཁན་རེད་ཅེས་ཕུད་བཞག་པ་ཡིན་ན། སྙན་ཞུ་འབུལ་མཁན་གཅིག་ལས་མེད་དུས་འགྲན་བསྡུར་དང་དྲག་འདེམས་བྱེད་རྒྱུའི་གོ་སྐབས་བརླག་གི་ཡོད་རེད། མི་གཉིས་ཀྱི་ནང་ནས་དྲག་འདེམས་བྱས་པའི་མི་གཅིག་པོ་དེ་རྒྱུགས་སྤྲོད་ཐོན་པའི་རྗེས་སུ་དེ་ལ་འགྲོ་ཐུབ་མིན་སྐད་ཆ་དྲིས་པ་རེད། དེ་ལ་ང་ཚོས་བཟང་སྤྱོད་ཀྱི་ཐོག་ནས་ཡིན་ནའང་རེད། ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ཡིན་ནའང་རེད། གང་ལའང་འགལ་བ་ཡོད་པ་ཞིག་རྩ་བ་ཉིད་ནས་མཐོང་གི་མེད་ཞུ་རྒྱུ་ཡིན།
སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
དོན་ཚན་དང་པོ་ལ་འཕྲོས་དོན་དྲི་བ་ཞེ་དྲགས་བཀོད་གནང་སོང༌། དོན་ཚན་གཉིས་པར་འཕྲོས་དོན་དྲི་བ་བཀོད་མཁན་བྱུང་མ་སོང༌། ང་རང་གིས་དེར་འཕྲོས་དོན་དྲི་བ་ཞིག་མ་བཀོད་ན་འགྲིག་མ་སོང༌། དོན་ཚན་གཉིས་པར་ཕྱི་རྒྱལ་དོན་གཅོད་ཁག་ལ་ཕེབས་མཁན་དེ་ཚོ་ཚང་མ་རྒྱུགས་སྤྲོད་གཏོང་བའི་སྐབས་ལ་གཞུང་འབྲེལ་གྱི་ཐོག་ནས་ཕེབས་པ་རེད་ཅེས་གསུངས་གནང་འདུག བྱས་ཙང་ངས་བཀའ་འདྲི་ཞུ་རྒྱུ་དེ་ལས་བྱེད་གང་ཡང་རུང་བ་ཞིག་རྡ་རམ་ས་ལར་སོ་སོའི་གནས་རིམ་དེ་ལས་མཐོ་བ་དེ་འདྲ་ཞིག་གི་ཐོག་རྒྱུགས་སྤྲོད་གཏོང་བར་ཕེབས་པ་ཡིན་ན། དེ་ལ་གཞུང་གྲོན་གཏོང་གི་ཡོད་རེད་དམ་མ་རེད། དཔེར་ན། ཉེ་ཆར་དྲུང་གཞོན་ལས་རོགས་ཀྱི་རྒྱུགས་སྤྲོད་གཏང་བའི་ཆེད་དུ་གཞུང་ཞབས་ཡིན་པ་གང་ཞིག་ལ་ས་གནས་གཞན་དག་ནས་འདིར་ཕེབས་ཡོད་བཟོ་ངས་གོ་ཐོས་བྱུང་སོང༌། གཞུང་ཞབས་གཅིག་ཡིན་དུས་ཁ་ཤས་གཞུང་གྲོན་དང༌། ཁ་ཤས་གཞུང་གྲོན་མ་བྱས་པ་དེ་བྱས་པ་ཡིན་པ་ལ་འགྲིགས་པ་ལྟ་བུ་མཐོང་སོང༌། ཕྱི་རྒྱལ་དང་འདི་གཉིས་ལ་ཁྱད་པར་གང་ཡོད། ད་ལྟ་འདི་ནས་བཀའ་སློབ་གསུངས་བཞག་པ་དེ་ནང་བཞིན་ཧ་མ་གོ་དུས་གཞུང་ཞབས་ཚོ་ལ་དགོངས་ཚོར་ཏན་ཏན་ཡོད་ཀྱི་རེད་བསམ་གྱི་འདུག བྱས་ཙང་ཕྱི་རྒྱལ་ཕེབས་མཁན་ཚོ་ལ་གཞུང་གྲོན་གཏོང་རྒྱུ་དང༌། ཕྱི་རྒྱལ་མ་ཡིན་པ་དྲུག་གཞོན་ལས་འཕར་ལ་སོགས་པ་དེ་འདྲ་ས་གནས་གཞན་དག་ནས་རྡ་སར་ཕེབས་པ་ཡིན་ན། དེ་ཚོའི་གྲས་ལ་གཞུང་གྲོན་ཐོག་ནས་ཕེབས་ཀྱི་ཡོད་རེད་དམ་མ་རེད། མེད་པ་ཡིན་ན། དེ་ཚོར་གཞུང་གྲོན་བྱེད་དགོས་པའི་རྒྱུ་མཚན་དེ་ག་རེ་གཟིགས་ཡོད་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།
བཀའ་ལན།
གཞུང་ཞབས་ཡོད་བཞིན་པ་ཞིག་གནས་རིམ་གོང་མ་ལ་རྒྱུགས་སྤྲོད་གཏང་རྒྱུ་དེ་སྒེར་གྱི་དགོས་མཁོ་རེད་མ་གཏོགས་གཞུང་གི་དགོས་མཁོ་མ་རེད། གཞུང་གིས་ལས་བྱེད་སུ་ལའང་གནས་རིམ་གོང་མ་ལ་རྒྱུགས་སྤྲོད་གཏོང་ཤོག་གསུངས་ཡོད་མ་རེད། དེ་ཡིན་ཙང་དེ་སྒེར་དོན་ཆགས་པ་རེད། ཕྱི་རྒྱལ་དུ་བཀོད་བསྒྲིགས་བྱེད་རྒྱུ་དེ་སྒེར་གྱི་དགོས་མཁོ་མ་རེད། གཞུང་གི་དགོས་མཁོ་རེད། ང་ཚོས་ཕྱི་རྒྱལ་ལ་མི་ཞིག་བཀོད་བསྒྲིགས་བྱེད་དགོས་ཀྱི་འདུག ཡིན་ན་ཡང་རྒྱུགས་ལེན་ནས་གཞི་ནས་བཀོད་བསྒྲིགས་བྱེད་ཀྱི་ཡིན། ཁྱེད་རང་ཚོ་རྒྱུགས་གཏོང་བར་ཤོག་ཅེས་ལབ་པ་ཡིན་ཙང༌། དེ་གཞུང་འབྲེལ་མ་བྱས་པའི་ཐབས་མེད་པ་ཞིག་རེད།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣