དེང་རབས་ཚན་རིག་སློབ་གཉེར་གནང་ཕྱོགས་ཐད་གནང་བའི་གསུང་བཤད།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ ༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་དེང་རབས་ཚན་རིག་སློབ་གཉེར་གནང་ཕྱོགས་ཐད་གནང་བའི་གསུང་བཤད།How to Learn Science (1)དེ་རིང་འདིར་དེང་རབས་ཚན་རིག་དང་ནང་པའི་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུར་ཕེབས་པའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལས་ཟུར་རྣམ་པ་དང་། རྒྱལ་སྲས་བླ་སྤྲུལ་རྣམ་པ། དགེ་བཤེས་རྣམ་པ་ཚོས་དབུས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་དབུ་འཛིན། བགྲོ་གླེང་ནང་ཆ་ཤས་བཞེས་མཁན་གྱི་རྒན་ལགས་རྣམ་པ། མཁས་དབང་རྣམ་པ། དེ་བཞིན་སློབ་ཕྲུག་རྣམ་པ་བཅས་ཚང་མ་ལ་ཐོག་མར་ཁྱེད་རང་ཚོས་སྲོལ་རྒྱུན་གྱི་གདན་ས་ཆེན་པོ་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པ་ནང་པའི་རིག་གཞུང་གཏིང་ཟབ་ལ་སློབ་གཉེར་གནང་སའི་སྡེ་ཚན་གཅིག་གི་ནང་དེང་རབས་ཀྱི་ཚན་རིག་ཐོག་ཐུགས་སྣང་དང་ཉམས་ཞིབ་གནང་རྒྱུ་དབུ་འཛུགས་གནང་བ་དང་། བགྲོ་གླེང་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་དུས་ཀྱི་དགོས་མཁོ་དང་འཚམས་པ་ཡིན་ཙང་། གོ་སྒྲིག་གནང་མཁན་དང་། ཆ་ཤས་བཞེས་མཁན་ཚང་མ་ལ་ངས་དགའ་བསུའི་འཚམས་འདྲི་དང་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ་ཡིན།

How to Learn Science (7)མཛད་རིམ་ནང་དེང་རབས་ཚན་རིག་སློབ་གཉེར་གནང་ཕྱོགས་སྐོར་བཤད་དགོས་ཞེས་གསུངས་འདུག བོད་ཀྱི་གཏམ་དཔེར། མགོ་སྤུ་མེད་ལ་རལ་པའི་ཁྲལ་ཞེས་མི་མགོ་དམར་པོ་ཞིག་ལ་རལ་པ་ཐོར་ཅོག་ཆིངས་དགོས་གསུངས་ན་བཅིང་རྒྱུ་གང་ཡང་མེད། ངས་དེང་རབས་ཀྱི་ཚན་རིག་ལ་སློབ་སྦྱོང་བྱས་མྱོང་མེད་ལ། ཨ་མཆོག་ཀྱང་གཟེད་མེད། ལྷག་པར་དུ་དེང་རབས་ཀྱི་ཚན་རིག་ལ་གུས་ཞབས་ཡོད་མཁན་ཞིག་ཀྱང་མིན། དེ་ལ་དེང་རབས་ཀྱི་ཚན་རིག་སློབ་གཉེར་གནང་ཕྱོགས་སྐོར་བཤད་དགོས་ཞེས་གསུངས་པ་དེ་འོས་འཚམས་ཤིག་མིན། ཁ་སང་དགོང་མོ་མ་གཏོགས་མཛད་འཆར་ཆ་ཚང་ཡག་པོ་ཞིག་ཤེས་རྟོགས་མ་བྱུང་། སྤྱིར་བཏང་དེའི་སྐོར་སྔོན་ནས་བཀའ་མོལ་བྱུང་རུང་། མཉམ་པར་མ་བཞག་པར་ལུས་པ་རེད། ཡིན་ནའང་སྤྱིར་བཏང་ཤེས་བྱའི་གནས་བབས་ཤིག་གི་ཐོག་ནས་ཞུས་ན། གཞུང་ཆེན་མོ་ལ་སློབ་གཉེར་གནང་མཁན་ཚོས་སློབ་ཚན་གང་ལ་སློབ་སྦྱོང་བྱེད་ནའང་། སློབ་གཉེར་གནང་ཕྱོགས་མ་ཤེས་པར་སྐུ་ངལ་འཕྲད་ཀྱི་རེད་ཅེས་ཁྱོན་ནས་དྲན་གྱི་མེད། འཇིག་རྟེན་འདིའི་ནང་སློབ་ཚན་ག་འདྲ་ཡིན་རུང་། ང་ཚོ་ཤར་ཕྱོགས་པའི་འཇིག་རྟེན་གྱི་ནང་ཆོས་ཐམས་ཅད་ལ་མིང་བཏགས་དུས་ནས་ཤེས་བྱ་ཞེས་བརྗོད་ཀྱི་རེད། ནུབ་ཕྱོགས་པས་ཤེས་བྱ་ཞེས་བཤད་ཤེས་ཀྱི་མི་འདུག ང་ཚོས་གནའ་སྔ་མོ་ནས་རྟག་པ་དང་མི་རྟག་པ་སོགས་ཚང་མ་ལ་ཤེས་བྱ་ཞེས་བརྗོད་ཀྱི་རེད། ཤེས་བྱ་ཞེ་ན། ཤེས་འདོད་ཡོད་ན་ཤེས་ཐུབ་པ་ཞིག་ལ་བརྗོད། གང་ལྟར་སློབ་སྦྱོང་བྱེད་ན་ཤེས་ཐུབ་པ་ལས། ཤེས་མི་ཐུབ་པའི་དངོས་པོ་གང་ཡང་མེད། མངོན་གྱུར་ཡིན་ན་དབང་པོའི་མངོན་སུམ་གྱིས་བལྟས་ནས་མཐོང་ཐོས་མྱོང་རིག་ལ་སོགས་པ་བྱེད་ཐུབ་པ་དང་། ལྐོག་གྱུར་ཡིན་ན་དངོས་པོ་སྟོབས་ཤུབས་ཀྱི་རིགས་པའི་བརྒྱུད་ནས་ཤེས་ཐུབ་པ། ཤིན་ཏུ་ལྐོག་གྱུར་ཡིན་ན་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་ཤེས་ཐུབ། ལྷག་པར་དུ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་བྲལ་རུང་དང་སྤང་རུང་ཡིན་དུས། ཤེས་བྱའི་ཆོས་ཐམས་ཅད་མཐོང་རུང་དང་ཤེས་རུང་ཡིན་པ་རང་བཞིན་གྱིས་ཞར་ནས་གྲུབ་པ་ཞིག་རེད། དེར་བརྟེན་ཚན་རིག་གི་སློབ་གཉེར་བྱེད་སྟངས་ཀྱང་ནམ་རྒྱུན་ཤེས་བྱ་ཡོངས་རྫོགས་ཀྱི་སློབ་གཉེར་བྱེད་སྟངས་ལས་ཐ་དད་པ་གང་ཡང་མེད། ང་ཚོས་སློབ་གཉེར་བྱེད་སྟངས་ནི་དང་པོ་ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་གནས་ཚུལ་དེ་ཕྲན་བུ་ཤེས་པ་དང་། དེ་ནས་བསམས་བྱུང་གི་ཤེས་རབ་ཀྱིས་དཔྱད་པ། དེ་རྗེས་བསྒོམས་བྱུང་གི་ཤེས་རབ་ཀྱིས་ཉམས་སུ་མྱོང་ནས་དངོས་སུ་རྟོགས་པའི་བར་འགྲོ་རྒྱུ་དེ་རེད། དེང་རབས་ཚན་རིག་གི་སློབ་སྦྱོང་བྱེད་སྐབས་ཐོས་བྱུང་གི་ཤེས་རབ་ཀྱིས་གནས་ཚུལ་གོ་རྟོགས་བྱེད་རྒྱུ་དང་། དེ་ལ་བསམས་བྱུང་གི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ཏེ་ཡིན་པ་དང་མ་ཡིན་པའི་རྣམ་དབྱེ་ཕྱེ་རྒྱུ་གཉིས་པོ་དེ་ཡོད་རེད། ནང་དོན་རིག་པའི་གནས་ཚུལ་མིན་དུས་བསྒོམས་ནས་མྱོང་བ་འཐོན་རྒྱུ་གང་ཡང་མེད། གང་ལགས་ཤེ་ན། གཞི་དངོས་པོའི་གནས་ལུགས་ཤ་སྟག་བཤད་ཀྱི་ཡོད། ངས་སྟབས་བདེ་པོར་ཞུས་ན། ནང་དོན་རིག་པའི་སློབ་སྦྱོང་བྱེད་སྐབས་ཐོས་བསམ་སྒོམ་གསུམ་དགོས་པ་དང་། དེང་རབས་ཀྱི་ཚན་རིག་སློབ་སྦྱོང་བྱེད་སྐབས་ཐོས་བསམ་གཉིས་མ་གཏོགས་མི་དགོས། དེ་ནས་གནས་ཚུལ་གཞན་ཞིག་ལ། ང་ཚོས་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་སྐབས་གནས་ཚུལ་མང་པོ་ཞིག་རང་གིས་མ་ཤེས་གོང་ནས་གཞི་དངོས་པོའི་གནས་ལུགས་དང་། ལམ་བགྲོད་པའི་རིམ་པ། འབྲས་བུའི་གནས་སྟངས་རྣམས་ལྟ་གྲུབ་ཀྱི་ཆ་ནས་སམ། ཡང་ན་ཚད་མའི་སྐྱེས་བུས་བསྟན་ཕྱོགས་ཀྱི་ཆ་ནས་གཏན་འཁེལ་ཟིན་པ་རེད། དེའི་བར་དུ་ཤེས་ནས་དེའི་གོང་ལ་ཚད་མས་ངེས་པ་རྙེད་པའི་བློ་གཅིག་སྐྱེས་སྐབས་གཅིག་གྱུར་ཆགས་ཀྱི་རེད། དེང་རབས་ཀྱི་ཚན་རིག་སློབ་སྦྱོང་བྱས་ཏེ་མཐའ་མའི་གྲུབ་འབྲས་ལ་སྔོན་གྱི་མཁས་པ་ཚོས་དཔྱད་ཟིན་པའི་གྲུབ་མཐའ་དང་། ང་ཚོས་དཔྱད་ནས་རྙེད་པའི་དོན་གཉིས་གཅིག་པ་ཡིན་དགོས་པའི་ངེས་པ་མེད། གང་ལགས་ཤེ་ན། ཚན་རིག་གི་རྣམ་གཞག་དེ་ད་ལྟའང་དཔྱད་པ་དང་སློབ་སྦྱོང་བྱེད་བཞིན་པའི་གནས་སྐབས་མ་གཏོགས། ཚང་མ་ལ་དཔྱད་མཐར་སོན་ནས་དེ་ལས་བརྒལ་བའི་གྲུབ་དོན་རྙེད་རྒྱུ་མེད་པའི་མཚམས་སུ་སླེབས་པ་ཧ་ལམ་གཅིག་ཀྱང་མེད། དེར་བརྟེན་སོ་སོས་དཔྱད་དོན་མི་འདྲ་བ་རྙེད་ཆོག ང་ཚོས་ནང་དོན་རིག་པ་ལ་སློབ་སྦྱོང་བྱེད་སྐབས་ཐོས་བྱུང་གི་ཤེས་རབ་ཀྱིས་དཔྱད་ཟིན་པའི་རྗེས་སུ་བསམས་བྱུང་གི་ཤེས་རབ་ཀྱིས་རིགས་པ་བཞིའི་སྒོ་ནས་བརྟག་དགོས་པར་གསུངས་ཤིང་། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས།། ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས།། བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི།། རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག། ཅེས་རིགས་པ་རྣམ་པ་བཞིས་བརྟག་དཔྱད་བྱེད་ཀྱི་རེད། དེང་རབས་ཀྱི་ཚན་རིག་སློབ་སྦྱོང་བྱེད་སྐབས་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་གསུམ་པོ་དེ་མང་བ་བེད་སྤྱོད་བྱེད་ཀྱི་ཡོད། འཐད་པ་སྒྲུབ་པའི་རིགས་པའི་རྣམ་བཞག་སྐོར་ཚད་མ་རིག་པ་ལ་ལྟོས་དགོས་སྟབས། དེང་རབས་ཚན་རིག་པ་ཚོས་གཏིང་ཟབ་ཤེས་ཀྱི་མེད་ལ། ཚན་རིག་སློབ་སྦྱོང་བྱེད་སྐབས་དགོས་མཁོ་ཆེན་པོ་ཡིན་པའང་མཐོང་གི་མེད། དེའི་སྐོར་རྗེས་སུ་ཞིབ་ཚགས་ཞུ་ན་བསམས་བྱུང་།

How to Learn Science (6)དེའི་སྔོན་དུ་ང་ཚོས་ཐོག་མར་ཚན་རིག་ལ་སློབ་སྦྱོང་བྱེད་པའི་དགོས་པ་མཁྱེན་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་ཕྱི་ལོ་ ༡༩༥༩ བར་དུ་གངས་རིའི་རྭ་བས་བསྐོར་བའི་ཞིང་ཞེས་བོད་ཆོས་ལྡན་གྱི་ཞིང་དུ་ཟུར་བཅད་ལྷག་པ་ཡིན་ཙང་། གངས་རིའི་རྭ་བའི་ཕྱི་ལ་འཇིག་རྟེན་ག་འདྲ་འགོ་མཇུག་ལོག་ནས་འགྲོ་བ་ལ་ཚོར་སྣང་བྱུང་མེད། འཇིག་རྟེན་གྱི་གནས་སྟངས་སྐོར་དུས་ནས་དུས་སུ་གནས་ཚུལ་མཁྱེན་མཁན་ཧ་ཅང་དཀོན་པོ་རེད། ང་ཚོ་རྒྱ་གར་དུ་འབྱོར་གྲབས་སྐབས་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསུང་སྒྱུར་ལ་ཆེད་འཛུགས་ཞུས་པའི་འབྲས་ལྗོངས་ཀྱི་ལས་བྱེད་པ་ཡེ་པ་སྟོབས་རྒྱས་ལགས་ཀྱིས་ང་ལ་དངོས་སུ་གསུངས་པ་ལྟར་ན། ཕྱི་ལོ་ ༡༩༥༥ ལོར་འབྲས་སྤྱིའི་བློན་ཆེན་སྐུ་ཞབས་ཨ་བྷཱ་པནྟ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྐུ་མདུན་རྒྱ་གར་དུ་ཕེབས་རྒྱུའི་སྙན་གསན་ཞུ་ཆེད་བོད་དུ་ཕེབས་སྐབས་ཁོང་ཞབས་གྲས་སུ་ཡོད་པ་དང་། (ང་དེ་དུས་འབྲས་སྤུངས་བློ་གསལ་གླིང་དུ་ཡོད། ཉིན་གཅིག་བློ་གསལ་གླིང་ཆོས་རྭའི་ནང་དུ་ནེཧ་རཱུ་བཞིན་གོས་ཐུང་དཀར་པོ་ཆུང་ཆུང་མཆོད་མཁན་མི་ནག་པོ་ཞིག་ཕེབས་སོང་། རྗེས་མ་དེ་སྐུ་མདུན་ལ་རྒྱ་གར་དུ་ཕེབས་རོགས་ཞེས་སྙན་གསན་ཞུ་མཁན་གྱི་རྒྱ་གར་གཞུང་གི་སྐུ་ཚབ་དེ་རེད་འདུག) ཁོང་ཚོ་སྐབས་དེ་དུས་སེ་རའི་རྒྱབ་ཏུ་སྒྲུབ་ཁང་རི་ཁྲོད་ལ་མཆོད་མཇལ་ཕེབས་སྐབས་མཚམས་པ་བ་ཞིག་འདུག་པ་དེས་ཁྱེད་རང་རྒྱ་གར་ནས་ཕེབས་པ་ཡིན་ནམ། གསར་འགྱུར་ག་རེ་འདུག འཛམ་གླིང་དམག་ཆེན་གཉིས་པ་ཟེར་བ་ཞིག་འཁྲུག་གི་ཡོད་པ་དེ་ད་ལྟ་གང་དུ་སླེབས་ཡོད་ཅེས་བཀའ་འདྲི་གནང་གི་འདུག འཛམ་གླིང་དམག་ཆེན་གཉིས་པ་ལོ་བཅུ་ཙམ་གོང་ནས་མཇུག་བསྒྲིལ་ཟིན་རུང་། ལོ་བཅུའི་རྗེས་སུ་གྲྭ་སར་བཞུགས་མཁན་ཚོས་དམག་ཆེན་གཉིས་པའི་སྐོར་བཀའ་འདྲི་གནང་གི་འདུག་གསུང་གི་འདུག གང་ལྟར་ང་ཚོས་གངས་རིའི་རྭ་བའི་ཕྱི་ལ་འཇིག་རྟེན་འགྱུར་བ་ཇི་ལྟར་འགྲོ་མིན་ལ་མ་བལྟས་པའམ་མ་ཤེས་པར་བསྡད་པ་རེད། དེ་ཡག་པ་བྱུང་ཡོད་གསུང་མཁན་གྱི་རིགས་གཅིག་དང་། དེས་ང་ཚོ་རྗེས་ལུས་ཐེབས་པ་རེད་གསུང་མཁན་གྱི་རིགས་གཅིག་ཡོད། དེ་གང་ཡིན་མིན་ཁྱེད་ཚོས་བརྟག་དཔྱད་བྱེད་རྒྱུ་མ་གཏོགས། ངས་བཤད་དགོས་པ་གང་ཡང་མི་འདུག ངས་ག་རེ་ཞུ་གི་ཡོད་ཅེ་ན། ང་ཚོ་ཆོས་ལྡན་གྱི་ཞིང་ནང་སྐྱིད་པོ་བསྡད་པའི་རིང་ལ་འཇིག་རྟེན་འདིའི་ནང་ཧ་ཅང་འཁྲུགས་ཆ་དོད་པོས་མགོ་མཇུག་མང་པོ་ལོག་ཚར་བ་རེད། དེ་ལོག་པའི་བརྒྱུད་རིམ་ནང་ང་ཚོས་ཕྱིར་བལྟས་སློག་ན། འདས་པའི་ལོ་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཀྱི་རིང་དེ་འཁྲུགས་ཤོས་བྱུང་བ་རེད། ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་པའི་མཇུག་དང་བཅུ་བདུན་པའི་མགོ་ནས་དེང་རབས་ཀྱི་ཚན་རིག་ཟེར་བ་དེ་ཡར་རྒྱས་འགྲོ་མགོ་ཚུགས་ཏེ། ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་ནང་ཧ་ཅང་ཡར་རྒྱས་སུ་སོང་ཞིང་། ལོ་ཉིས་བརྒྱ་ཙམ་གྱི་སྔོན་ནས་ནུབ་ཕྱོགས་འཇིག་རྟེན་ནང་ཚན་རིག་ཟེར་བའི་ཚིག་དེས་ཐད་ཀར་གང་མཚོན་གྱི་ཡོད་ཅེ་ན། ཆོས་དང་མི་མཐུན་པ་དང་། ཆོས་དང་འགལ་བ་ཞིག་ཡིན་པ་དང་། ཆོས་ཟེར་བ་དེ་རྨོངས་དད་ཡིན་པ། རིགས་པའི་རྗེས་སུ་འབྲང་ན་ཆོས་དེ་ཚད་མ་མ་ཡིན་པ་བཤད་མཁན་ཞིག་བྱུང་བ་ཡིན་སྟབས། ཚན་རིག་ལ་བརྟེན་ནས་ནུབ་ཕྱོགས་པའི་ཆོས་ལུགས་སྤྱི་དང་། ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་ལ་ཧ་ཅང་ཤུབས་རྐྱེན་ཆེན་པོ་ཐེབས་པ་ཙམ་དུ་མ་ཟད། ཡུ་རོབ་ལྟ་བུར་མཚོན་ན། རྒྱལ་ཕྲན་ཆེ་ཆུང་བསྡོམས་པའི་བརྒྱ་དང་ལྔ་བཅུ་དྲུག་ཅུ་ཙམ་ཞིག་ཡོད་པ་ཚང་མའི་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་དང་། དེའི་ནང་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མང་པོ་སླེབས་ཤིང་། མཐར་ཆོས་ཀྱིས་ཆབ་སྲིད་ཐོག་ཇུས་གཏོགས་བྱེད་པའི་གོ་སྐབས་དེ་མེད་པར་བཟོས་ཏེ། ཆོས་ལུགས་རིས་མེད་ (Secularism) ཟེར་བ་དེ་བྱུང་བ་རེད། སྤྱིར་བཏང་ Secularism ལ་ཆོས་འགལ་རིང་ལུགས་དང་། ཆོས་ལུགས་རིས་མེད། ཆོས་དང་ཐ་དད་པ། འཇིག་རྟེན་རྐྱང་པའི་རིང་ལུགས་སོགས་འགྲེལ་པ་རྒྱག་སྟངས་ཧ་ལམ་བརྒྱ་ལྷག་ཙམ་ཡོད་བཟོ་འདུག གང་ལྟར་གཞུང་དང་ཆོས་ཁང་ཐ་དད་འབྱེད་པའི་ (The separation of Church and State) སྐད་ཆ་དེ་བྱུང་བ་རེད། གཞུང་དེ་ཆོས་ཁང་གི་དབང་བསྒྱུར་འོག་ནས་ཟུར་བཏོན་དང་། ཆབ་སྲིད་ཀྱི་ལས་དོན་དེ་ཆོས་དང་མ་འདྲེས་པར་བྱེད་རྒྱུའི་བསམ་བློ་དེ་ནི་འཇིག་རྟེན་མིའི་བྱུང་རབས་ནང་འགྱུར་བ་ཆེན་པོ་ཞིག་རེད། དེ་དང་ཆབས་ཅིག་ཏུ་ཚན་རིག་དང་། ཚན་རིག་གི་མཉམ་དུ་འཕྲུལ་ལས་དེ་ཡར་རྒྱས་ཕྱིན་པ་རེད། ཚན་རིག་དེ་རྒྱུ་ལྟ་བུ་དང་། འཕྲུལ་ལས་དེ་དེའི་འབྲས་བུ་ལྟ་བུ་ཞིག་རེད། འཕྲུལ་ལས་ཡར་རྒྱས་ཆེན་པོ་བྱུང་བ་དེས་དོན་དག་གཉིས་བྱུང་བ་རེད།

How to Learn Science (5)དང་པོ་དེས་འགྲོ་བ་མི་ལ་དགོས་མཁོ་ལས་ལྷག་པའི་དངོས་ཟོག་ཐོན་སྐྱེད་བྱེད་པའི་གོ་སྐབས་ཤིག་བསྐྲུན་པ་རེད། སྔོན་མ་ཚང་མ་ལག་པས་བཟོ་བ་ཡིན་ཙང་། འགྲོ་བ་མིའི་དགོས་མཁོ་རྣམས་འདང་ངེས་ཤེས་པ་ཞིག་ཐོན་སྐྱེད་བྱེད་ཐུབ་ཅིང་། མ་འདང་བར་ལྟོ་ཤི་ཐེབས་པ་དང་། འཁྱག་ཤི་ཐེབས་པ་དེ་འདྲ་མི་ཡོང་། ཡིན་ནའང་མི་ཞིག་གིས་ཉིན་གཅིག་ལ་ལྷམ་ཆ་གཅིག་བཟོ་ཐུབ་ན། འཕྲུལ་ལས་ཐོག་ནས་ཆུ་ཚོད་གཅིག་ནང་ལྷམ་སྟོང་ཕྲག་མང་པོ་བཟོ་ཐུབ་པར་བརྟེན། མིའི་དགོས་མཁོ་ལས་ལྷག་པའི་ཅ་ལག་སྐྲུན་པའི་གནས་ཚུལ་དེ་བྱུང་། གནས་ཚུལ་དེས་བག་མེད་ལོངས་སྤྱོད་རིང་ལུགས་དང་ཁྲོམ་རྭའི་རིང་ལུགས་ཟེར་བ་དེ་མེད་དུ་མི་རུང་བ་ཆགས་པ་རེད། བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་དེ་མེད་ན་མིའི་དགོས་མཁོ་ལས་ལྷག་པའི་ཐོན་སྐྱེད་དེ་ཚོ་འགྲོ་ས་མེད་ཅིང་། གང་ལྟར་བེད་སྤྱོད་ (Utilization) བྱེད་པས་མི་འགྲིགས་པར། བག་མེད་ལོངས་སྤྱོད་ (Consume) བྱེད་དགོས་པར་བཤད་ཀྱི་ཡོད། ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་གཉིས་པོ་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་རྨང་གཞི་ལྟ་བུ་དེ་རེད། དེས་ན་ Modern, Modernity, Modernization གསུམ་པོ་མཉམ་དུ་འགྲོ་རྒྱུ་ཞིག་རེད། ངས་དེ་ཚོའི་སྐོར་ཁྱེད་རང་སློབ་ཕྲུག་ཚོར་དམིགས་ཀྱིས་བཀར་ནས་བཤད་ཀྱི་ཡོད། ནུབ་ཕྱོགས་པའི་མཁས་པ་ཊོ་ལི་སི་ཊོ་ཡི་ (Tolstoy) དང་། དེ་བཞིན་ཤར་ཕྱོགས་པའི་མཁས་པ་ཀུམཱར་སྭཱམཱི། (Coomaraswamy) ངའི་རྒྱུན་རིང་གྲོགས་པོ་སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) བཅས་ཚང་མ་དེང་རབས་དང་ནུབ་ཕྱོགས་པའི་སློབ་སྦྱོང་འོག་ནས་ཐོན་པའི་མི་ཤ་སྟག་རེད། ཁོང་ཚོའི་ Modern, Modernity, Modernization ཐོག་ལ་གཟིགས་ཕྱོགས་གང་བྱུང་མིན་ང་ཚོས་ངེས་པར་དུ་ཤེས་དགོས། ཚན་རིག་ཤེས་དགོས་པ་བཞིན་ཚན་རིག་དང་ཕྱོགས་འགལ་གྱི་གནས་སྟངས་ཀྱང་ཤེས་དགོས་ལ། དེང་རབས་ཤེས་དགོས་པ་བཞིན་དེང་རབས་དང་ཕྱོགས་འགལ་གྱི་གནས་སྟངས་ཀྱང་ཤེས་དགོས། བདག་ཉིད་ཆེན་པོ་གཱཾདྷཱི་ལྟ་བུར་མཚོན་ན། ཊོ་ལི་སི་ཊོ་ཡི་ (Tolstoy) དང་། ཐོ་རོ་ (Thoreau) བཅས་ཀྱི་དགོངས་ཚུལ་ནས་བཞེས་ཏེ་ཕྱི་ལོ་ ༡༩༠༩ ལོར་ཧིནྡ་སྭཱརཱཇ་ (Hind Swaraj) ཞེས་པའི་གཞུང་དེ་བརྩམས་པ་རེད། དེའི་ནང་གཙོ་བོ་ནི་དེང་རབས་སྤྱི་ཚོགས་དཔལ་ཡོན་ (Modern Civilization) གྱིས་འགྲོ་བ་མི་ལ་གང་སྤྲད་པ་དང་། ད་ལྟ་གང་དུ་བསྐྱལ་བ་བཅས་ཀྱི་སྐོར་རེད། ངས་བསྡོམས་བརྒྱབས་ནས་ཞུ་ན། ཚན་རིག་གིས་འཕྲུལ་ལས་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་སྦྱར་བ་དང་། འཕྲུལ་ལས་ཀྱིས་འགྲོ་བ་མིའི་དགོས་མཁོ་ལས་ལྷག་པའི་དཔལ་འབྱོར་ཐོན་སྐྱེད་ཀྱི་གོ་སྐབས་དེ་བསྐྲུན་པ། དེ་ལ་བརྟེན་ནས་ཁྲོམ་རྭའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་གཉིས་པོ་དེ་ངེས་པར་དུ་དགོས་རྒྱུ་ཞིག་ཆགས་པ། དེའི་ཆེད་དུ་འགྲོ་བ་མིའི་སེམས་རྒྱུད་ལ་ཡོད་པའི་འདོད་རྔམས་དང་སྲེད་པ་ཡར་རྒྱས་གཏོང་བའི་ཐབས་ཤེས་བྱེད་པ། འདོད་རྔམས་དང་སྲེད་པ་གཉིས་སྤེལ་ཐུབ་ན། ཇི་ཙམ་ཡོད་ནའང་ཆོག་ཤེས་མེད་པར་བག་མེད་ལོངས་སྤྱོད་དང་ཁྲོམ་རྭའི་རིང་ལུགས་ཐོག་འགྲོ་ཐུབ་པ། དེའི་དོན་དུ་མཚུངས་བསྡུར་དང་འགྲན་བསྡུར་གྱི་ཐབས་ལམ་དེ་ཤེས་ཡོན་ནང་ལ་སྤྲད་པ་བཅས་འདས་པའི་ལོ་ཉིས་བརྒྱའི་ནང་གི་སྐོར་བ་འཁོར་སྟངས་གཅིག་དེ་འདྲ་རེད།

How to Learn Science (4)ཚན་རིག་གིས་གནས་ཚུལ་གཉིས་པ་གང་བཟོས་ཡོད་ཅེ་ན། སྔོན་མ་རྡོ་གཞུས་ནས་འཛིང་གི་ཡོད་རེད། གྲི་ཁུར་ནས་འཛིང་གི་ཡོད་རེད། མདའ་གཞུས་ནས་འཛིང་གི་ཡོད་རེད། དེང་སང་དེ་འདྲ་ཁྱོན་ནས་མི་དགོས་པར། འཛིང་པའི་སྐབས་སུ་མཚོན་ཆ་གཡུག་མཁན་སོ་སོ་ཉེན་ཁའི་ནང་རྩ་ནས་འགྲོ་མི་དགོས་པར་ཐག་རིང་པོར་བསྡད་ནས་མི་འབུམ་ཕྲག་མང་པོ་སྡེབ་གཅིག་ལ་གསོད་ཐུབ་པའི་རྡུལ་ཕྲན་མཚོན་ཆ་སོགས་བྱུང་བ་རེད། དམག་ཆེན་གཉིས་པའི་སྐབས་སུ་ཧི་རོ་ཤི་མ་དང་། ན་ག་ས་ཀིའི་གནས་སྟངས་གང་བྱུང་བ་ང་ཚོ་ཚང་མའི་མདུན་ལ་ཡོད་བཞིན་པ་དེ་རེད། ཧི་རོ་ཤི་མ་དང་ན་ག་ས་ཀིིའི་གནས་སྟངས་དེའི་འོག་ནས་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་ག་འདྲ་ཞིག་ཡིན་པ་ཤེས་རྟོགས་ཐུབ་དགོས། ལྷག་པར་དུ་དེང་སང་འགྲོ་བ་མིའི་ཐོབ་ཐང་སྐོར་བཤད་ཀྱི་ཡོད་རུང་། འགྲོ་བ་མིའི་ཐོབ་ཐང་དེ་དེང་རབས་སྤྱི་ཚོགས་དཔལ་ཡོན་ནང་གང་དུ་སླེབས་མིན་གནས་ཚུལ་ཚང་མ་དེའི་ཐོག་ནས་ཤེས་ཐུབ། དུས་ཚོད་བསྲི་ཚགས་ཆེད་ངས་ཕྱོགས་ཙམ་ཞིག་ཞུས་པ་ཡིན།

How to Learn Science (3)དེ་དང་ཆབས་ཅིག་ཏུ་ཚན་རིག་ཡར་རྒྱས་ཕྱིན་པའི་སྐབས་སུ་མི་ཚང་མའི་བསམ་བློའི་ནང་ཡོངས་ཁྱབ་ཀྱི་བག་ཆགས་ཤིག་གང་སླེབས་ཡོད་ཅེ་ན། རྨོངས་དད་དེ་བྱབ་མི་འདུག ཆོས་ཟེར་བ་དེ་རྨོངས་དད་རེད་མ་གཏོགས། རྨོངས་དད་ལས་གཞན་པའི་གནས་སྟངས་གང་ཡང་མི་འདུག་བསམས་ཏེ། ཆོས་པ་དེ་ཚོ་རྙིང་ཞེན་ཅན་དང་རྗེས་ལུས་ཐེབས་པ་ཞིག་ཏུ་བསམ་བློ་བཏང་བ་དང་། ཡར་ཐོན་ཅན་གྱི་མི་ཞིག་ཡོང་དགོས་ན། ངེས་པར་དུ་ཆོས་ཀྱི་བག་ཆགས་དེ་གཡུགས་ནས་ཚན་རིག་དང་མཐུན་པར་འགྲོ་དགོས་པའི་གནས་ཚུལ་དེ་ཤུགས་ཆེན་པོ་ཆགས་པ་རེད། ང་ཚོ་བོད་པ་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ངས་ཡང་ནས་ཡང་དུ་གཞན་ལ་བཤད་པ་མ་ཟད། ལྷག་པར་དུ་ནུབ་ཕྱོགས་པ་ཚོར་བཤད་ཀྱི་ཡོད། དེ་ནི་བོད་དེ་ག་རེ་བྱས་ནས་རྒྱ་ནག་འོག་ཏུ་ཤོར་བ་རེད། རྒྱ་ནག་ག་རེ་བྱས་ནས་གུང་ཁྲན་ཆགས་པ་རེད། དེའི་རྒྱབ་ལྗོངས་ཀྱི་གནས་སྟངས་ང་ཚོས་མ་ཤེས་ན། བོད་ཀྱི་གནས་སྟངས་དེ་གློ་བུར་དུ་བྱུང་བ་ཞིག་ཏུ་བསམ་བློ་འཁོར་མཁན་མང་པོ་འདུག བོད་དེ་མི་འབོར་ཉུང་བ་མ་ཟད། དམག་གི་ཐད་ལ་གོམས་གཤིས་དང་འདུན་པ་མེད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་རེད། ཡིན་ནའང་རྟག་ཏུ་རྒྱ་གར་དང་། རྒྱ་ནག ཨུ་རུ་སུ། སོག་པོ་བཅས་སྟོབས་ཆེན་རྒྱལ་ཁབ་ཚོའི་བར་དུ་བསྡད་པ་རེད། འདས་པའི་ལོ་སྟོང་ཕྲག་གསུམ་གྱི་བྱུང་རབས་ལ་ཕྱིར་བལྟས་སློག་ན། ཕྱི་ལོ་ ༡༣༡༤།༡༣༡༥ ནས་མགོ་བཙུགས་ཏེ། ཕྱི་ལོ་༡༣༦༤།༡༣༦༥ བར་དུ་སོག་པོའི་འོག་ཏུ་བསྡད་པ་མ་གཏོགས། རྒྱལ་ཁབ་གཞན་པའི་འོག་ཏུ་ཁྱོན་ནས་བསྡད་མྱོང་མེད། རྒྱ་ནག་དང་མན་ཇུ་མཉམ་དུ་ཧ་ཅང་འབྲེལ་བ་ཡོད་པའི་སྐབས་སུའང་ཕྱི་ནས་བལྟས་ན་ཇུས་གཏོགས་ཡོད་པ་ལྟ་བུ་རེད་དེ། ནང་དོན་ང་ཚོ་རྦད་དེ་རང་བཙན་རྒྱལ་ཁབ་བྱས་ནས་བསྡད་པ་རེད། ཡིན་ནའང་ཕྱི་ལོ་ ༡༩༥༡ ལོར་བོད་ཀྱི་རང་བཙན་ཤོར་བ་དེ་ཅིའི་ཕྱིར་བྱུང་བ་རེད་ཅེ་ན། རྒྱ་ནག་གུང་ཁྲན་ཆགས་པ་དེ་ནས་ཤོར་བ་རེད། ནུབ་ཕྱོགས་ལ་མ་རྩའི་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་འགལ་ཟླ་གཉིས་ཀྱི་འཐབ་རྩོད་དེའི་ཐོག་ནས་གུང་ཁྲན་རིང་ལུགས་དེ་བྱུང་བ་རེད། ནུབ་ཕྱོགས་ལ་ཚན་རིག་གིས་འཕྲུལ་ལས་ཡར་རྒྱས་བཏང་བ་དང་། འཕྲུལ་ལས་ཀྱིས་མ་རྩའི་བདག་པོ་ཚོར་ཁེ་བཟང་མང་པོ་སྤྲད་པར་བརྟེན། མ་རྩའི་བདག་པོ་ཚོས་བཟོ་པའི་གྲལ་རིམ་དང་ཞིང་པའི་གྲལ་རིམ་ལ་ཧ་ལས་པའི་བཤུ་གཞོག་དང་མནར་གཅོད་བཏང་བ་དེའི་དབང་གིས་དེའི་འགལ་ཟླར་མ་ཁི་སིའི་རིང་ལུགས་དང་ལེ་ཉིན་རིང་ལུགས་བྱུང་སྟེ། རིམ་པས་ཨུ་རུ་སུ་དམར་ཤོག་ལ་བསྒྱུར་བ་རེད། མའོ་ཙེ་ཏུང་གིས་དེ་ནས་དཔེ་བླངས་ཏེ་རྒྱ་ནག་དམར་ཤོག་ལ་བསྒྱུར་རྗེས་བོད་ཆ་ཚང་ཤོར་བ་རེད། ལོ་འདི་དག་རིང་བོད་དེ་རྒྱ་ནག་དང་ཁྱིམ་མཚེས་བྱས་ཏེ་བསྡད་པ་རེད། ཕྱི་ལོ་ ༡༩༥༡ རྗེས་སུ་རྒྱ་མིས་འབུ་ཆེས་ཆུང་ཟོས་བྱས་ཏེ། ཧམ་ཟོས་བྱས་པའི་རྒྱུ་རྐྱེན་གང་དུ་ཐུག་ཡོད་ཅེ་ན། དེ་མ་རྩའི་རིང་ལུགས་ལ་ཐུག་པ་རེད་ཅེས་བརྗོད་ཀྱི་ཡོད། ད་ལྟ་ང་ཚོར་དབང་སྒྱུར་བྱེད་མཁན་དེ་མ་རྩའི་རིང་ལུགས་རེད་དེ། སྐབས་དེ་དུས་མའོ་ཙེ་ཏུང་མ་རྩའི་རིང་ལུགས་པ་མིན་པར། མ་ཁི་སིའི་རིང་ལུགས་པ་ཞིག་རེད། མ་ཁི་སིའི་རིང་ལུགས་པ་ཞིག་གིས་བོད་དབང་བསྒྱུར་བྱས་པ་གང་ཞིག་ལ། བོད་རྒྱ་འོག་ཏུ་འགྲོ་དགོས་པའི་རྒྱུ་མཚན་མ་རྩའི་རིང་ལུགས་ལ་ཐུག་པ་རེད་ཅེས་བརྗོད་དུས། ཧོབ་དེ་བལྟས་དུས་འབྲེལ་བ་མེད་པ་ལྟ་བུ་ཞིག་རེད་དེ། འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། མ་རྩའི་རིང་ལུགས་ཡར་རྒྱས་ཕྱིན་མེད་ན། དམར་ཤོག་རིང་ལུགས་ཡོང་ཐབས་མེད། དེ་མེད་ན་རྒྱ་ནག་གུང་ཁྲན་ཆགས་ཀྱི་མ་རེད། དེ་མ་ཆགས་ན་སྔ་མ་ནང་བཞིན་བསྡད་ཀྱི་རེད། གང་ལྟར་མིང་ཙམ་གྱི་མངའ་དབང་ཡོད་པའམ་མེད་པ་ལྟ་བུ་བསྡད་ཡོད་རེད། ང་ཚོས་བོད་ཤོར་བ་དེ་ཕར་བཙལ་ན་མཐར་ཐུག་ས་དེ་ཚན་རིག་ཡར་རྒྱས་ལ་ཐུག་ཡོད་ཅེས་བརྗོད་ན་མི་འགྲིག་པ་མེད། དེ་ནས་ཆོས་དང་ཚན་རིག་གཉིས་དབར་འགལ་ཟླ་ཆེན་པོ་ཆགས་ཏེ། ཆོས་པའི་ངོས་ནས་ཚན་རིག་ལ་གདོང་ལེན་བྱེད་པའི་ནུས་པ་ལྟ་བུ་མེད་པ་ཆགས་པའི་སྐབས་སུ། ཆོས་ལུགས་ཚང་མས་ཚན་རིག་དེ་དང་དུ་བླངས་མ་ཐུབ་པ་དང་། དགག་པའང་བརྒྱབ་མ་ཐུབ་པ་བྱུང་། མི་མང་ཤོས་དེ་ཚན་རིག་གི་རྒྱབ་ཏུ་འགྲོ་བར་བརྟེན། ཆོས་པ་ཚོ་ཟུར་དུ་བསྡད་པ་མ་གཏོགས། བྱེད་ཐབས་མེད་པ་ལྟ་བུར་གྱུར།

How to Learn Science (2)དེའི་སྐབས་སུ་ཤྲཱི་ལངྐཱའི་ནང་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་གྲངས་ནས་ Theosophist ལས་འགུལ་དེ་དར་བ་རེད། དེ་ག་འདྲ་བྱུང་བ་རེད་ཅེ་ན། ཁོ་རང་ཚོས་དངོས་སུ་མཇལ་མེད་རུང་། དག་སྣང་གི་ཐོག་ནས་བོད་ནང་ཡོད་པའི་བླ་མ་སྐུ་ཐོགས་མེད་དང་། མཽརྱ་ཞུ་བ་གཉིས་མཇལ་ཞིང་། ཁོང་གཉིས་ཀ་བོད་པའི་འབྲོག་པ་ལྟ་བུ་ཞིག་རེད། དེའི་མདུན་ནས་བྷ་ལ་ཝ་སི་ཀི་ (Blavatsky) ཞུ་བའི་ཨུ་རུ་སུའི་སྐྱེས་དམན་དེས་ཆོས་མང་པོ་ཞུས་པ་མ་ཟད། ཡིག་འགྲུལ་མང་པོ་གནང་ནས་ད་ལྟ་ Theosophical Society ཞེས་པ་དེ་བྱུང་། དེས་ཤྲཱི་ལངྐཱའི་ནང་པ་ཚོར་རྒྱབ་སྐྱོར་བྱས་པ་དང་། ཤྲཱི་ལངྐཱའི་ནང་པ་ཚོས་ནང་ཆོས་དང་ཚན་རིག་དབར་འགལ་ཟླ་མེད་པ་མ་ཟད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།། ཞེས་པ་ལུང་དྲངས་ཏེ་ཚན་རིག་དང་མཐུན་པའི་ཆོས་ཤིག་ཏུ་སྒྲུབ་པའི་ཐབས་ཤེས་མང་པོ་གནང་འདུག བརྒྱ་ཕྲག་བཅུ་དགུ་པའི་མཇུག་ཏུ་བྱུང་བའི་གྲགས་ཆེ་བའི་ཁྲིམས་རྩོད་པ་དང་། རིགས་དམན་པའི་དབུ་ཁྲིད། དེ་བཞིན་རྒྱ་གར་དུ་ནང་པའི་བསྟན་པ་བསྐྱར་གསོ་གནང་མཁན་ཌོག་ཊར་བྷཱིམ་རཱབ་ཨམྦེཌཀར་ (Dr. Bhimrao Ambedkar) གྱི་རྩོམ་ཡིག་ནང་དུའང་ནང་པའི་ཆོས་དེ་ཚན་རིག་དང་མཐུན་པ་ཡིན་པར་བསྒྲུབས་ཡོད། དགེ་འདུན་ཆོས་འཕེལ་ཤྲཱི་ལངྐཱར་ཕེབས་པའི་སྐབས་སུ་དེ་གའི་རབ་བྱུང་ཞིག་གིས། ནང་ཆོས་མ་གཏོགས་ཆོས་ལུགས་གཞན་རྣམས་ཚན་རིག་མཉམ་དུ་རྒྱུགས་མི་ཐུབ་ཅིང་། གོམ་པ་གཅིག་རྒྱུགས་ན། ཚན་རིག་པ་དེ་རྒྱུགས་ཀྱི་རེད། ཆོས་པ་དེ་རིལ་འགྲོ་རྒྱུ་རེད། ནང་ཆོས་དང་ཚན་རིག་གཉིས་མཉམ་དུ་རྒྱུགས་ན། རྒྱུན་རིང་པོ་རྒྱུགས་ཐུབ་པ་མ་ཟད། ཡོང་མཚམས་ཤིག་ཏུ་ཚན་རིག་པ་དེ་ཐང་ཆད་ནས་རིལ་འགྲོ་གི་རེད་བྲིས་འདུག་ཅེས་གཏམ་རྒྱུད་གསེར་གྱི་ཐང་མའི་ནང་དུ་བཀོད་འདུག དགེ་འདུན་ཆོས་འཕེལ་གྱིས་ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་དང་འབྲེལ་བ་བྱུང་ན་ཧ་ཅང་ཕན་ཐོགས་ཡོང་བ་འདུག་སྙམ་ནས་དེའི་སྐོར་མང་པོ་གསུངས་ཡོད།
དེང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་ཕྱོགས་ཀྱི་ཚན་རིག་པའི་མཉམ་དུ་བགྲོ་གླེང་དང་འབྲེལ་བ་གནང་ནས་འདས་པའི་ལོ་སུམ་ཅུ་སོ་གསུམ་སོ་བཞི་ཞིག་འགྲོ་མུས་རེད། རིམ་པས་ད་ཆ་སྲོག་དང་སེམས་ཀྱི་བསྟི་གནས་ཁང་ (Mind and Life Institute) གི་ངོ་བོར་ཆགས་ཏེ། ཚོགས་ཆེན་ཐེངས་ཉི་ཤུ་རྩ་གསུམ་རྩ་བཞི་ཞིག་ཚོགས་ཟིན། འདི་ལོ་བསྐྱར་དུ་སེ་ར་ལ་ཚོགས་རྒྱུ་རེད། དེའི་བརྒྱུད་ལམ་ཐོག་ནས་དེ་སྔ་ནུབ་ཕྱོགས་ཀྱི་འཇིག་རྟེན་ནང་ཁྱོན་ནས་མ་གྲགས་པ་ཙམ་དུ་མ་ཟད། བསམ་བློའི་ནང་ལའང་མེད་པའི་གནས་ཚུལ་གསར་པ་ཞིག་བྱུང་བ་དེ་ངོ་མཚར་དངོས་བྱུང་ཞིག་རེད་ལ། འདིས་མ་འོངས་པའི་ཚན་རིག་གི་ལམ་ཁར་ལམ་སྟོན་གསར་པ་ཞིག་རྙེད་པ་ཙམ་དུ་མ་ཟད། ཚན་རིག་གི་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། བག་མེད་ལོངས་སྤྱོད་དང་། ཁྲོམ་རྭའི་རིང་ལུགས། མཚོན་ཆ་བཟོ་བསྐྲུན་སོགས་ཀྱི་ནང་ཆ་ཚང་འགྲོ་རྒྱུའི་ཚབ་ཏུ་འགྲོ་བ་མིའི་བདེ་སྐྱིད་སྐྲུན་པའི་བྱ་བ་ལ་བེད་སྤྱོད་གཏང་ཐུབ་པ་དང་། མིའི་བསམ་བློ་ཡར་རྒྱས་གཏང་རྒྱུའི་ཐོག་བེད་སྤྱོད་གཏང་ཐུབ་པ་ཡོང་རྒྱུ་རེད།

༧སྐྱབས་མགོན་རིན་པོ་ཆེས་ཚན་རིག་པ་དང་འབྲེལ་བ་གནང་རྒྱུ་དང་། ལྷག་པར་དུ་ཚན་རིག་པ་དང་འབྲེལ་བ་གནང་བའི་མཉམ་དུ་དེང་རབས་ཀྱི་འཇིག་རྟེན་ནང་སྔར་མ་གྲགས་པའི་གདམས་ངག་ཆེན་པོ་ཁ་ཤས་གནང་ཡོད། དང་པོ་འཇིག་རྟེན་ཡོངས་ཁྱབ་ཀྱི་ལས་འགན་ (Universal Responsibility) ཞེས་པ་དེ་རེད། དེའི་ཐོག་ད་ལྟ་འཇིག་རྟེན་ནང་ཧ་ཅང་རྒྱབ་སྐྱོར་ཆེན་པོ་ཡོད་རེད། གཉིས་པ་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ (Beyond Religion, ethics for a whole world) དེ་རེད། དེ་བཞིན་ནང་པ་ཚོར་དམིགས་བསལ་གང་གསུངས་ཡོད་ཅེ་ན། ནང་པའི་ལྟ་གྲུབ་དང་། ནང་པའི་ཚན་རིག་གཉིས་ནང་པ་ཡིན་མིན་ལ་མ་ལྟོས་པར་ཚང་མས་བེད་སྤྱོད་བྱེད་རྒྱུ་ཞིག་ཡིན་པ་དང་། ནང་པའི་ཆོས་ཞེས་པ་ནི་ནང་ཆོས་ཉམས་ལེན་བྱེད་མཁན་གྱིས་བེད་སྤྱོད་བྱེད་རྒྱུ་ཞིག་ཡིན་པ་གསུངས་པ་རེད། ནང་པའི་ཚན་རིག་ཞེས་པ་ནི་གཞི་དངོས་པོའི་གནས་ལུགས་ཀྱི་དོན་རྣམས་གསུང་གི་ཡོད། ང་ཚོའི་མངོན་པའི་ནང་གི་བརྗོད་བྱ་མང་ཆེ་བ་གཞི་དངོས་པོའི་གནས་ལུགས་སྐོར་རེད། ནང་པའི་ལྟ་གྲུབ་ཞེས་པ་ནི་གཞི་དངོས་པོའི་གནས་ལུགས་དེ་དག་མཐར་ཐུག་པའི་གནས་སྟངས་ག་འདྲ་ཡིན་པ། དཔེར་ན། སེམས་ཙམ་གྱི་བདག་ཉིད་ཙམ་དུ་གྲུབ་པ་རེད་དམ། རང་གི་ངོ་བོས་གྲུབ་པ་རེད་དམ། ཚུགས་ཐུབ་ཏུ་གྲུབ་པ་རེད་དམ། སེམས་ཀྱི་ངོ་བོ་ཙམ་དུ་གྲུབ་པ་རེད་དམ། མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ་པ་རེད་དམ་ཞེས་ཤེས་བྱ་སོ་སོའི་མཐར་ཐུག་གི་གནས་ལུགས་ལ་དཔྱོད་པ་དེ་ལ་ལྟ་གྲུབ་བརྗོད་ཀྱི་ཡོད། དེས་ན་ང་ཚོ་ནང་པ་ཚོ་ལ་དམིགས་བསལ་གྱི་འགན་ཆེན་པོའམ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཆེན་པོ་གསར་པ་ཞིག་གང་འཁྲི་གི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོས་གང་ཐུགས་རེ་གནང་གི་ཡོད་པ། ༧གོང་ས་༧སྐྱབས་མགོན་ཆེན་པོས་འགན་ག་རེ་བཀལ་གནང་ཡོད་པ། དེ་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ཞུགས་དང་སྐུ་འཚོ་ཞུགས་མེད་པའི་གནས་སྐབས་ག་དུས་ཡིན་ནའང་། ནང་ཆོས་དང་ཚན་རིག་གི་འབྲེལ་བ་དེ་རྒྱུན་གནས་ཐུབ་པ་བྱུང་ན། ནང་ཆོས་ནས་ཚན་རིག་ལ་ཕན་ཐོགས་ཡོང་བ་དང་། ནང་ཆོས་ཀྱི་བསླབ་བྱའི་ཐོག་ནས་ཚན་རིག་ཡར་རྒྱས་ཀྱི་ཁ་ཕྱོགས་དེ་བསྒྱུར་ཐུབ་པ་བྱུང་ན་དགོངས་ཀྱི་ཡོད་རེད། ང་ཚོས་ཚན་རིག་པ་ལ་ཕན་བཏགས་དགོས་ཀྱི་ཡོད་ན། ཚན་རིག་གི་རྣམ་བཞག་སྟེ་ཕྱོགས་སྔ་དེ་ཡག་པོ་མ་ཤེས་ན་ཕན་བཏགས་མི་ཐུབ། དེས་ན་ང་ཚོས་ཚན་རིག་སྦྱོང་དགོས་པའི་རྒྱུ་མཚན་དེ་ཧ་ཅང་གལ་ཆེན་པོ་རེད། སློབ་དཔོན་ཆོས་ཀྱི་གྲགས་པས་ཕྱི་རོལ་པ་བཀག་པའི་སྐབས་སུ་ཕྱི་རོལ་པའི་རིག་པའི་གསང་ཚིག་རྣམས་མ་མཁྱེན་པར་བརྟེན། བྲམ་ཟེ་ཚོའི་བ་ཕྱུགས་འཚོ་མཁན་གྱི་གཡོག་པོར་ཞུགས་ནས་ཕྱི་རོལ་པའི་གསང་ཚིག་སྦྱངས་པའི་རྣམ་ཐར་ཡོད་རེད། ང་ཚོས་དེ་འདྲའི་དཀའ་ལས་བརྒྱབ་དགོས་ཀྱི་མེད། ལས་སླ་པོའི་ཐོག་ནས་ཐོས་བསམ་བྱེད་པའི་གོ་སྐབས་ཡོད་པའི་སྐབས་སུ་ཚན་རིག་ངེས་པར་དུ་མཁྱེན་པ་གནང་དགོས། ཚན་རིག་མ་མཁྱེན་ན་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཟེར་བ་དེ་ཆགས་རྒྱུ་རེད། ང་ཚོས་ཚན་རིག་པའི་མཉམ་དུ་དཔུང་པ་མཉམ་གཤིབས་བྱས་ནས་དོན་སྒྲུབ་ཐུབ་པ་ལ་ཁོང་ཚོའི་འདོད་ཚུལ་དེ་ཤེས་དགོས་པ་མ་ཟད། ཁོང་ཚོའི་མཉམ་དུ་སྐད་ཡིག་གཅིག་གི་ཐོག་ནས་སྐད་ཆ་བཤད་ཐུབ་པ་ཞིག་མ་བྱུང་ན། ཁོང་ཚོའི་ཁ་གཏད་གཅོག་མི་ཐུབ། དེར་བརྟེན་ངེས་པར་དུ་ཕྱོགས་སྔ་ཚན་རིག་ཤེས་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། དེ་ནི་ང་ཚོས་གཞན་དོན་སྒྲུབ་པའི་ཡན་ལག་ཅིག་ཏུ་བསམ་བློ་བཏང་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་རེད།

སྤྱིར་བཏང་ཚན་རིག་ཅེས་པ་ལ་ཚན་རིག་པ་ཚོས་བཤད་ཚུལ་མི་འདྲ་བ་མང་པོ་རེད། ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་ཀྱི་དབུ་དེར་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཚན་རིག་སྐོར་ཞིབ་ཚགས་པོ་ཞིག་བྲིས་འདུག་པ་དེར་གཟིགས་ན་ཚན་རིག་གི་གནས་བབས་རོབ་ཙམ་མཁྱེན་ཐུབ། ང་ཚོས་སློབ་སྦྱོང་བྱེད་སྐབས་སྤྱིར་བཏང་གི་ཤེས་བྱའི་ངོ་བོར་ཤེས་རྒྱུ་ཞིག་རེད་མ་གཏོགས། དེ་ལ་ཆེད་མཁས་ཀྱི་ངོ་བོར་ང་ཚོས་མི་ཐུབ་ལ། དགོས་པའང་མེད། གང་ལྟར་དེ་ནི་ཁོང་ཚོའི་མཉམ་དུ་སྐད་ཆ་བཤད་ཐུབ་པའི་གནས་བབས་སུ་སླེབས་ཐུབ་པའི་དོན་དུ་རེད། ཚན་རིག་ལའང་ཚན་རིག་དངོས་དང་། ཚན་རིག་ཕལ་པ་གཉིས་ཕྱེ་གི་འདུག ཚན་རིག་དངོས་དེ་གལ་ཆེ་ཤོས་ཤིག་རེད། དེའི་ནང་དངོས་ཁམས་ཀྱི་ཚན་རིག་དང་། སེམས་ཁམས་རིག་པའི་ཚན་རིག ལུས་ཀྱི་གནས་བབས་ཀྱི་ཚན་རིག་བཅས་དགོས་མཁོ་ཆེ་བའི་རིགས་རེད། སྤྱིར་བཏང་སློབ་ཚན་ཡོངས་རྫོགས་ཚན་རིག་དང་སྒྱུ་རྩལ་གཉིས་སུ་ཕྱེ་ཞིང་། དངོས་དང་སྲ་ཞིང་འཐས་པའི་ཚན་རིག་ལ་ཉུང་ཉུང་མ་གཏོགས་མེད། གཞན་རྣམས་སྒྱུ་རྩལ་ནང་ཚུད་པ་རེད། ཡིན་ནའང་མིང་བཏགས་པའི་སྐབས་སུ་སྲིད་དོན་ཚན་རིག་དང་། སྤྱི་ཚོགས་ཚན་རིག་ཅེས་ཚང་མ་ལ་ཚན་རིག་ (Science) ཅེས་སྦྱར་གྱི་འདུག དེ་ལ་ཁྱད་པར་གང་ཡང་ཡོད་མ་རེད། སློབ་སྦྱོང་བྱེད་པའི་སྐབས་སུ་དགོས་གལ་ཆེ་ཤོས་དེ། འདི་ཚོའི་རིགས་རྣམས་ཐ་སྙད་ཀྱི་རིག་གནས་ཡིན་ཙང་། ནང་དོན་རིག་པ་བཞིན་གཏིང་ཟབ་བྱེད་རྒྱུ་གང་ཡང་ཡོད་མ་རེད། ང་ཚོས་མིག་དང་ཨ་མཆོག་མ་བཀག་པར་ཕྱེ་བཞག་ན། དེའི་ཐོག་དམིགས་བསལ་གྱིས་དུས་ཚོད་མང་པོ་བཏང་ནས་མ་བྱེད་པ་ཡིན་ནའང་དཀའ་ངལ་དེ་ཙམ་འཕྲད་ཀྱི་མ་རེད། དེང་སང་གནས་ཚུལ་ནི་ཕྱོགས་མང་པོ་ནས་ཡོང་མུས་རེད། དམིགས་ཀྱིས་བཀར་ཏེ་དུས་ཚོད་མ་བཏང་བ་ཡིན་ནའང་། སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་སོགས་ག་རེ་ཡིན་རུང་། སོ་སོའི་མིག་དང་། ཨ་མཆོག ཡིད་ཀྱི་རྣམ་པར་ཤེས་པ་རྦད་དེ་སྒོ་མ་བརྒྱབ་པར་ཕྱེ་བཞག་ན་རང་བཞིན་གྱིས་ཤེས་ཡོང་རྒྱུ་རེད་བསམ་གྱི་འདུག

ངས་མཐའ་བསྡོམས་སུ། བདག་ཉིད་ཆེན་པོ་གཱཾདྷཱི་མཆོག་ནས་སྙིང་རྗེ་པོ་ཞིག་གསུངས་ཡོད་པ་དེ་ཞུ་རྒྱུ་ཡིན། ང་བསྡད་སའི་ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབས་ནས་ཕྱི་རོལ་གྱི་རླུང་གཅིག་ཀྱང་ནང་དུ་ཡོང་ས་མེད་པ་བཟོ་འདོད་མེད། ངའི་སྒོ་དང་སྒེའུ་ཁང་ཚང་མ་ཕྱེ་སྟེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་རླུང་བསིལ་པོ་དེ་ངའི་ཁང་པའི་ནང་དུ་ཡོང་དུ་འཇུག་འདོད་ཡོད། ཡིན་ནའང་ངས་དྲན་ཤེས་བསྟེན་དགོས་པ་གཅིག་གང་རེད་ཅེ་ན། ཕྱི་ནས་ཡོང་བའི་རླུང་དེས་ང་རང་འཁྱེར་མི་འགྲོ་བ་དང་། ངའི་རྐང་པ་སའི་སྟེང་དུ་བཙུགས་མ་ཐུབ་པ། རིལ་མི་འགྲོ་བ་དེར་ངས་གཟབ་གཟབ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། དེས་ན་ང་ཚོས་གཟབ་གཟབ་བྱེེད་དགོས་པ་དེ་རེད། ཚན་རིག་དང་དཔལ་འབྱོར་སོགས་ང་ཚོའི་ཤེས་བྱ་རེད། དེ་ང་ཚོས་ཤེས་དགོས་ཀྱི་རེད། ཡིན་ནའང་དེ་ཤེས་པའི་རྒྱུ་མཚན་གྱིས་ང་ཚོའི་བསམ་བློའིᨋག᪄ས་ཚད་ལ་འགྱུར་བ་ཕྱིན་ཏེ། སོ་སོའᨑ་དངོས་གནས་དོན་དང་ལྡན་པའི་ཤེས་ཡོན་དེ་ཚོ་ཆུད་ཟོས་སུ་བཏང་བ་མ་ཟད། རིན་ཐང་གི་བསམ་བློའི་ཁྱེར་ཕྱོགས་ལ་འགྱུར་བ་ཕྱིན་ནས། ང་ཚོའི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རིན་ཐང་ཅན་ཡིན་པ་དེ་ཚོ་ཚན་རིག་ཧབ་བེ་ཧོབ་བེ་ཞིག་ཤེས་པའི་རྒྱུ་མཚན་གྱིས་རིན་ཐང་མི་འདུག་སྙམ་པ་དང་། ལྷག་པར་དུ་སྲོལ་རྒྱུན་གྱི་རིག་གནས་ལ་ཐེ་ཚོམ་སྐྱེ་བ་ལྟ་བུ་བྱུང་ན། སློབ་སྦྱོང་བྱེད་སྟངས་དེ་ནོར་བ་རེད། དེར་བརྟེན་ཚན་རིག་ཤེས་དགོས་ཀྱི་ཡོད་པ་དེ་བཤད་མ་དགོས་པ་རེད། མ་ཤེས་པ་ཡིན་ན། ལྷ་སའི་གཏམ་དཔེར། གཙང་ཆུ་ལས་ཐར་ཡང་ཡུར་ཆུ་ལས་མ་ཐར་ཞེས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱས་ནས་གཙང་ཆུ་ལས་ཐར་བ་རེད་དེ། ཚན་རིག་གི་རིགས་ལ་སོགས་པ་ཙག་ཙིག་ཁ་ཤས་ལ་རྨོངས་ན། ཡུར་ཆུ་ལས་མ་ཐར་བ་རེད། ཚན་རིག་ཅེས་པ་དེ་ང་ཚོས་རིག་པའི་གནས་སུ་བརྩི་གི་ཡོད་མ་རེད། རིག་པའི་གནས་སུ་མ་བརྩི་བ་ཡིན་ནའང་ཤེས་བྱ་ཞིག་ལ་ངེས་པར་དུ་བརྩི་དགོས། རིག་པའི་གནས་དང་ཤེས་བྱ་ལ་ཁྱད་པར་ཆེན་པོ་ཡོད་རེད། རིག་པའི་གནས་ཡིན་ན་ཚད་མའི་གཞུང་ལུགས་ཤིག་གི་ཐོག་ནས་ཡོང་གི་རེད།

ཚད་མའི་གཞུང་ལུགས་ཞེས་པ་གང་ལ་བརྗོད་ཀྱི་ཡོད་ཅེ་ན། དཔེར་ན། ཀུམཱར་སྭཱམཱི་མཆོག་གི་གསུང་ལྟར་ན། སྲོལ་རྒྱུན་ (tradition) ཞེས་པ་ནི་སྔ་མོ་ནས་ཡོད་པའི་ལམ་དང་ལུགས་སྲོལ་ཡོངས་རྫོགས་ལ་བརྗོད་ཀྱི་མེད། སྲོལ་རྒྱུན་གྱི་མཚན་ཉིད་ཅིག་བཞག་ན། དང་པོ་ཚད་མའི་སྐྱེས་བུ་ལས་བྱུང་བ་དེ་རེད། ང་ཚོ་ཡིན་ན་སྟོན་པ་སངས་རྒྱས་ཀྱིས་གསུངས་པའམ་ཚད་མའི་སྐྱེས་བུས་གསུངས་པ། ཡང་ན་ཚད་མའི་སྐྱེས་བུས་བརྩམས་པ་ཞིག་དགོས། གཉིས་པ་རང་གི་བར་དུ་བརྒྱུད་པ་བར་མ་ཆད་དུ་ཡོད་པ་དེ་རེད། དཔེར་ན་སངས་རྒྱས་ཀྱིས་གསུངས་པ་ནས་བཟུང་སྟེ། ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་དེ། བརྒྱུད་པ་དེ་སོ་སོའི་བླ་མའི་བར་དུ་བར་མ་ཆད་པར་རང་གི་སར་སླེབས་པ་ཞིག་དགོས། གསུམ་པ་རིགས་པ་ཡང་དག་གིས་མི་གནོད་པའམ་རིགས་པས་བརྟག་དཔྱད་བྱེད་བཟོད་པ་དེ་རེད། དེ་གསུམ་ཚང་ན་དེ་ལ་སྲོལ་རྒྱུན་ཞེས་བརྗོད་ཀྱི་རེད། དེ་ཚུར་ལྡོག་པ་ཡིན་ན། དེང་རབས་ཀྱི་མཚན་ཉིད་རེད། དེ་ཡང་ཚད་མའི་སྐྱེས་བུས་གསུངས་པ་མ་ཡིན་པ་དང་། བརྒྱུད་པའང་མེད་པར་མི་རེ་རེས་གསར་པ་རེ་བཟོ་བ། བརྟག་དཔྱད་བྱེད་པ་ཡིན་ནའང་མང་ཆེ་བར་དཔྱད་མི་བཟོད་པ་བཅས་རེད། སློབ་དཔོན་ས་རཎ་གྱིས་བསྡོམས་བརྒྱབ་དུས། novelty, self grounding, violence synonym to modernity ཞེས་གསུངས་པ་རེད། novelty ཞེས་པ་ནི་རྙིང་པ་ནས་རྙིང་པར་བརྒྱུད་པ་མ་ཡིན་པར་གསར་པ་ལྟ་བུ་ཞིག་རེད། self grounding ཞེས་པ་ནི་སོ་སོའི་རྐང་པ་གཞག་སའི་སྡིངས་ཆ་རྩ་བ་ནས་མེད་པར་སོ་སོའི་མགོ་ལ་སོ་སོ་ལངས་པ་ལྟ་བུ་ཞིག་རེད། violence ཞེས་པ་ནི་འཚེ་བ་རེད། དེ་ལྟ་བུ་ཞིག་ལ་དེང་རབས་ཀྱི་དཔལ་ཡོན་ནམ་དེང་རབས་ཀྱི་ཚན་རིག་ཅེས་བརྗོད་ཆོག དེས་ན་དེང་རབས་ཀྱི་ཚན་རིག་སློབ་སྦྱོང་བྱེད་པའི་སྐབས་སུ་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་བ་དེ་ཕྱེ་ཤེས་པར་བྱ་དགོས། དེ་བཞིན་ང་ཚོར་དེང་རབས་ཚན་རིག་གི་དགོས་མཁོ་གང་ཡིན་པ་དང་། དེ་མེད་ན་སྤྱིར་ནང་པའི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་སུ་ནང་པའི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་བ་ལ་མ་འདང་བ་ཡིན་ཙང་། ཕུན་སུན་ཚོགས་པའི་ཡན་ལག་དང་། གཞན་དོན་སྒྲུབ་པའི་ཡན་ལག་ཏུ་ངེས་པར་དུ་ང་ཚོས་དེང་རབས་ཀྱི་སྤྱི་ཚོགས་ཀྱིས་ཚད་མར་བཟུང་བའི་ཚན་རིག་གི་རྣམ་གཞག་དེ་ངེས་པར་ཤེས་དགོས་པ་ཞིག་རེད། ང་ཚོས་ཆོས་དེ་ཚན་རིག་དང་མཐུན་མིན་བརྟག་དཔྱད་བྱེད་ཀྱི་ཡོད་མ་རེད། ཆོས་ཀྱི་བསླབ་བྱའི་ཐོག་ནས་དེང་རབས་ཚན་རིག་གི་འགྲོ་ཕྱོགས་ལ་འགྱུར་བ་བཏང་སྟེ། འགྲོ་བ་མི་ལ་གནོད་འཚེ་བྱེད་པའི་ལམ་ཕྱོགས་དེ་བཀག་ནས་འགྲོ་བ་མི་ལ་ཕན་ཐོགས་བྱེད་པའི་ལམ་ཕྱོགས་ཤིག་ལ་གཏང་ཐུབ་པའི་འབད་རྩོལ་བྱེད་དགོས་པ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ། ཞེས་གསུངས།། །།

(འབྲས་སྤུངས་བློ་གསལ་གླིང་ཕྱག་མཛོད་ཁང་དང་ཚན་རིག་སློབ་གཉེར་ཁང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ ༢༠༡༥ ཕྱི་ཟལ་ ༡༡ ཚེས་ ༡༦ ཉིན་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བསྩལ་བའི་བཀའ་སློབ་འདི་བཞིན་ལྕོག་རི་དགེ་ལེགས་རྒྱལ་མཚན་ནས་ ༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༥ སྟེ་ᨮ᪱ས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པའི་འདས་མཆོད་ཉིན་ཟེར་སྡེར་ལས་ཡིག་ཐོག་ཏུ་རྫོགས་པར་ཕབ་བཤུས་བྱས་པའོ།།)