དཔལ་འབྱོར་འདུ་འགོད་ཀྱི་ལྟ་བ་ཡང་དག་པ་ཞིག་དགོས་གནད།

དཔལ་འབྱོར་འདུ་འགོད་ཀྱི་ལྟ་བ་ཡང་དག་པ་ཞིག་དགོས་གནད་དང༌། གནད་དོན་དེ་དབུ་འཚོས་པ་གནང་གལ་ཆེ་སྐོར།
འདས་པའི་ཉིན་གཉིས་ནང་གྲོས་ཚོགས་ནང་ ༩༣་་་༩༤ ལོའི་སྔོན་རྩིས་ཐོག་མུ་མཐུད་བཀའ་བསྡུར་གནང་ཡོད། སྔོན་རྩིས་དེ་གལ་ཆེན་པོར་བརྩིས་ཏེ་གཞུང་གི་ལས་དོན་ཚང་མའི་གཞི་འཛིན་ས་དཔལ་འབྱོར་འདུ་འགོད་ཀྱི་ལྟ་བ་ཡང་དག་པ་ཞིག་བྱུང་ན་ལས་དོན་གཞན་རྣམས་རང་བཞིན་གྱིས་ཡག་པོ་ཡོང་གི་རེད། ང་ཚོར་འགྲོ་སོང་མང་པོ་གཏོང་རྒྱུ་མེད་ཀྱང༌། དེ་ཡང་དག་པའི་ལམ་ལུགས་ཐོག་ཕྱིན་ཐུབ་ན་ཡག་པོ་ཡོད། ང་ཚོས་གཅོག་བྱ་གནང་རྒྱུ་རྐྱང་རྐྱང་མ་རེད།འགྲོ་གྲོན་རྣམས་ཆབ་སྲིད་ཀྱི་ལམ་ཕྱོགས་དང་མཐུན་པ་ཡོད་མེད་ཅིག་གཟིགས་དགོས་པ་དེ་གཞི་རིམ་གྱི་ལྟ་བ་རེད། ང་ཚོ་རྩིས་པ་ནང་བཞིན་བྱས་ཏེ་རྩིས་རྒྱག་རྒྱུ་ཙམ་མ་རེད། རྩིས་པ་དེ་གཞུང་རེད།གྲོས་ཚོགས་ལམ་སྟོན་བྱེད་མཁན་དེ་རེད།
ཁ་སང་བཀའ་བློན་ཁྲི་པས་གཙོས་རེ་ཟུང་གིས་ང་ཚོ་མགོ་འཚོས་པ་གནང་དགོས་འདུག་གསུངས་པ་དེ་བདེན་པ་རེད། གཅིག་བྱས་ན་གྲོས་ཚོགས་ནང་བཀའ་མོལ་དེ་འདྲ་རྫབ་ཆེན་ནང་བཞིན་ཡོད། དེའི་ཐོག་ལ་དྲི་བ་ཞུས་ན་མི་ཆོག་པ་མེད་ཀྱང༌། ད་ལམ་ཚོགས་གཙོ་གཉིས་ནས་བཀའ་མོལ་དེ་དངོས་ཡོད་བདེན་པ་ཞིག་ཡོད་སྟབས་དགའ་པོའི་ངང་ནས་ངོས་ལེན་ཞུ་དགོས་པ་ཞིག་རེད།
ལས་དོན་མང་པོ་ལ་མགོ་མ་འཚོས་པ་ཡོང་དང་ཡོང་བཞིན་པ་རེད། དཔེ་མཚོན་ཞུ་ན། དེ་སྔོན་བསྐྱར་བཅོས་སྔོན་རྩིས་སྐབས་བཀའ་ཤག་ནས་བཀའ་བློན་ཁྲི་པའི་མཚན་རྟགས་འཁོད་པ་འབྱོར་བར་རྒྱུན་ལས་ནས་བཀའ་བསྡུར་གནང་སྟེ་བཀའ་བློན་ལ་དྭོགས་འདྲི་ཞུ་སྐབས། བཀའ་བློན་རྣམ་པས་དྲུང་ཆེ་དང་དེས་གཤམ་འོག་ལས་བྱེད་ལ་དྲིས་པས་སུ་ལའང་བཤད་རྒྱུ་མེད་པ། ཚང་མས་མགོ་མ་འཚོས་པ་དེ་འདྲ་འདུག གང་འཚམས་ན་དབུ་འཚོས་མཁན་དཀོན་མཆོག་མ་གཏོགས་མེད་པ་ཆགས་ཉེན་འདུག
རང་གཞན་རོགས་ཚང་མས་གྲོས་ཚོགས་ནང་དུས་རྒྱུན་དུ་བཀའ་མོལ་མ་གནང་གོང་དབུ་འཚོས་པ་དགོས་རྒྱུ་གལ་ཆེན་པོ་འདུག བྱ་སྤྲེལ་གཏམ་ལས་ཧ་མ་གོ་ཧམ་སྟོང་རིལ་རིལ་ཟེར་བ་ལྟར་ཡོང་གི་རེད། དབུ་མ་འཚོས་ཁུལ་གནང་ན་གྱོང་གུན་རང་ལ་རག་གི་རེད། དབུ་འཚོས་རྒྱུ་ལ་དཀའ་ལས་དང་འབད་བརྩོན་གནང་དགོས། གཞན་ལ་འདྲི་བསྡུར་གནང་རྒྱུ་སོགས་སྙུག་བསྲིངས་ནས་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།
ཁ་སང་འགའ་ཞིག་གིས་སྔོན་ལ་བཀའ་ཤག་གི་གསལ་བཤད་དགོས་པའི་དགོངས་འཆར་བྱུང་འདུག གྲོས་ཚོགས་ཀྱི་འགྲོ་སྟངས་བྱས་ན་དང་པོ་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང༌། དེ་ནས་འབྲེལ་ཡོད་བཀའ་བློན་ནས་འགྲེལ་བརྗོད་གནང་ན་ལེགས་ཚུལ་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༣/༠༡/༡༤  ནས་  ༡༩༩༣/༠༡/༢༦