དད་སེམས་ཀྱི་མཆོད་སྤྲིན།  

སེར་སྨད་གཙང་མཁྱེན་རབ་སངས་རྒྱས།  
འཇམ་དབྱངས་ཀྱི་ཐུགས་དང་དབྱེར་མེད་པའི།།
ཕྱག་ཆེན་གྱི་ལྟ་བ་འདོམས་མཁས་ཤིང་།།
༸སྐྱབས་མགོན་གྱི་རྒྱལ་བའི་སྲས་ཀྱི་མཆོག།
དྲིན་ཅན་གྱི་བླ་མའི་ཞབས་ལ་འདུད། །

མཚན་དཔེ་ཡི་ལྷུན་བརྗིད་རབ་ཆེ་ལ།།
རྣམ་གསུམ་གྱི་ན་བཟའི་འཇའ་མཛེས་ཤིང་།།
གཟི་བྱིན་གྱི་སྐུ་མདོག་ཆེས་དཀར་བའི།།
ཁྱེད་སྐུ་ཡི་གངས་དཀར་འདི་མཚར་བ།།
ལྔ་རིག་གི་ལྷ་ལམ་མཐའ་བཅད་དེ།།
དེང་རབས་ཀྱི་ཤོག་རྩལ་ཀུན་ངོམས་ཀྱིན།།
ཟབ་གསལ་གྱི་ལེགས་བཤད་སྒྲོག་མཁས་པའི།།
ཁྱེད་གསུང་གི་དབྱངས་སྙན་འདི་མཚར་བ།།

ལྷག་བསམ་གྱི་རྩ་བ་ཆེས་བརྟན་ཅིང་།།
རྟེན་འབྱུང་གི་ལོ་འདབ་ཀུན་རྒྱས་ཏེ།།
གཞན་དོན་གྱི་འབྲས་བཟང་མྱུར་སྩོལ་བའི།།
ཁྱེད་ཐུགས་ཀྱི་ལྗོན་དབང་འདི་མཚར་བ།།
འཆད་ཉན་གྱི་བློ་གྲོས་མཁའ་དབྱིངས་སུ།།
རྩོད་པ་ཡི་རྣམ་དཔྱོད་འབྲུག་སྒྲས་འགེངས།།
རྩོམ་པ་ཡི་ལེགས་བཤད་སྦྲང་ཆར་ཆེས།།
མཁས་མང་གི་རྒྱུད་ཞིང་དུལ་བར་བྱས།།
མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཆེད།།
གྲགས་སྙན་གྱི་ཝཱར་ཎ་མཐོ་སློབ་ཆེར།།
སློབ་ཁྲིད་ཀྱི་རྩ་བ་བརྟན་བཙུགས་པས།།
འཛད་མེད་ཀྱི་སློབ་བུའི་སྐྱེད་ཚལ་བཞད།།
ཡོངས་འཛིན་གྱི་གསུང་གི་གདམས་པ་བཞིན།།
ཡིད་བཞིན་གྱི་ནོར་བུ་སྐྱབས་མགོན་རྗེའི།།
བཀའ་གསུང་དེ་སྤྱི་བོར་ལེན་བཞིན་དུ།།
ལུགས་གཉིས་ཀྱི་མཛད་པ་རླབས་ཆེན་བསྐྱངས།།
ལོ་མང་གི་གྲོས་ཚོགས་ཞིང་ས་ཆེར།།
འཆར་འགོད་ཀྱི་ས་བོན་གྲུང་པོ་ལ།།
དྲང་བདེན་གྱི་ཁྲིམས་སྲོལ་རྩ་བ་དང་།།
དར་སྤེལ་གྱི་མཛད་པའི་ལོ་འབྲས་བསྐྲུན།།
གངས་ཅན་པའི་བདེ་དོན་ཁོ་ནའི་ཆེད།།
དབེན་གནས་ཀྱི་བསམ་གཏན་བློས་བཏང་སྟེ།།
མང་མོས་ཀྱི་བཀའ་ཁྲིའི་ཐོག་མ་སོགས།།
མཚན་སྙན་གྱི་མཛད་འགན་བདག་གིར་བཞེས།།
གཉིས་ཕན་གྱི་དབུ་མའི་ལམ་ཕྱོགས་དང་།།
མི་རིགས་ཀྱི་རང་སྐྱོང་ཐོབ་དབང་སྐོར།།
སྒྲུབ་དཀའ་བའི་བོད་རྒྱའི་འབྲེལ་མོལ་སོགས།།
བསྒྲུན་མེད་ཀྱི་མཛད་འཕྲིན་བླ་ན་འབར།།
གཉིས་ཕུང་གི་དོལ་ཚོགས་ཝ་མོའི་གཡོ།།
ལུང་རིགས་ཀྱི་སྦར་ཁྱིམ་རྣོན་པོ་ཡིས།།
འཇིགས་མེད་ཀྱི་ང་རོ་ཆེར་སྒྲོག་པའི།།
གདོང་ལྔ་ཡིས་ཐབས་ཟད་ཁུང་བུར་བཅུག།
བུ་ལོན་གྱི་དྲེག་པ་ཀུན་བསལ་ཅིང་།།
ཁམས་གཙང་གི་ལང་ཚོའི་རྩིས་ཁྲ་ལ།།
འཛད་མེད་ཀྱི་མ་རྩའི་རྒྱན་སྤྲས་པའི།།
ལུགས་བཟང་གི་མཛངས་མ་ཁྱེད་ནས་སྟེར།།
དད་ལྡན་གྱི་སློབ་མའི་ནོར་འཛིན་གཞིར།།
བླ་མཆོད་ཀྱི་ཟབ་ཁྲིད་སྐྱེད་ཚལ་ཆེའི།།
དཀའ་གནད་ཀྱི་འདབ་མ་ཁ་ཕྱེ་མཁན།།
ཕྱག་ཆེན་གྱི་མངའ་བདག་རྟ་བདུན་དབང་།།
བློ་བཟང་གི་རྒྱལ་བའི་བསྟན་པ་དང་།།
རྩམ་གཟན་གྱི་བོད་མིའི་བདེན་དོན་ཆེད།།
ངོ་མཚར་གྱི་མཛད་པ་མཐའ་ཡས་ཕྱིར།།
བློ་དམན་གྱི་བདག་འདྲས་བརྗོད་སྤོབས་བྲལ།།
དེ་ལྟར་ཡང་ཁྱེད་སྐུ་གདོང་ལྔའི་དབང་།།
འགྱུར་མེད་ཀྱི་གངས་རིར་གནས་བཅས་ཏེ།།
བསྟན་དོན་གྱི་གཡུ་རལ་སྟུག་པོའི་ངང་།།
འཇིགས་མེད་ཀྱི་གད་རྒྱངས་སྒྲོག་པར་སྨོན།།
འདི་སྐད་ཀྱང་འཁྲུངས་སྐར་ཉིན་དཀྱིལ་ལ།།
རྟེན་འབྲེལ་གྱི་འཇའ་ཚོན་བཀྲ་ཕྱིར་དང་།།
བདག་བློ་ཡི་པད་མོ་རྒྱས་པའི་ཆེད།།
དགའ་དད་ཀྱིས་མཆོད་སྤྲིན་ཚུལ་དུ་ཕུལ།།