དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་།

༄༅། །བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཆེ་ལོང་ཙམ་བསྟོད་པ་གཟུར་གནས་བློ་ལྡན་དགྱེས་པའི་མཆོད་སྤྲིན།
དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་།
བརྩེ་ཆེན་ཞགས་པའི་གདུལ་དཀའི་འགྲོ་རྣམས་འཁྱིད། །
ཟླ་བྲལ་མཁྱེན་པས་བླང་དོར་གནས་ལུགས་གཟིགས། །
རྣམ་འདྲེན་སྟོང་ནས་པདྨ་དཀར་པོ་ལྟར། །ཟས་གཙང་སྲས་དེས་དགེ་ལེགས་བྱིན་ཆར་ཕོབས། །
མཁྱེན་རབས་གཏེར་ཆེན་བཤེས་གཉེན་རྣམ་རོལ་གར། །
ཞིང་འདིའི་བསྟན་འགྲོའི་ལེགས་བྱས་བགོ་སྐལ་མཆོག །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །
ཡབ་སྲས་བརྒྱུད་བཅས་མི་ཕྱེད་དད་པས་མཆོད། །
རྒྱལ་ཀུན་བརྩེ་ཆེན་རང་གཟུགས་སྤྱན་རས་གཟིགས། །
འཇིག་རྟེན་ཞི་བདེའི་དེད་དཔོན་སྐུར་བཞེངས་པའི། །
༸ལྷ་མིའི་རྣམ་འདྲེན་༸རྒྱལ་མཆོག་བཅུ་བཞི་པར། །
བཀའ་དྲིན་དྲན་བཞིན་སྤྱི་བོས་ལན་བརྒྱར་འདུད། །
སུམ་རྩེན་གཉིས་པ་གངས་ཅན་སཱ་ལའི་ལྗོངས། །
སྡིག་ཅན་རྒྱ་དམར་སྲིན་པོའི་ཁར་ཚུད་པས། །
ཀུན་ཕན་ཆོས་རིག་སྐད་ཡིག་བཟང་སྤྱོད་ཀུན། །
རྩད་ནས་འཇོམས་པའི་ལོག་སྤྱོད་མངོན་གྱུར་ཚེ། །
ཆོས་ལྡན་བྷོ་ཊའི་སྣོད་བཅུད་མྱུར་སྐྱོབ་ཕྱིར། །
གངས་ཅན་མགོན་པོའི་རླབས་ཆེན་མཛད་འཕྲིན་ལ། །
ཀུན་ནས་ཕན་པ་སྒྲུབ་མཛད་པཎྜི་ཏ། །
སྐྱབས་རྗེ་མཚུངས་མེད་ཟམ་གདོང་བླ་མར་བསྔགས། །
ཐོས་པས་རྒྱ་ཆེན་གཞུང་ལུགས་ཕ་མཐར་སོན། །
བསམ་པས་ལོག་རྟོག་སོམ་ཉི་འབུམ་ཕྲག་བཅོམ། །
སྒོམ་པས་ཐུགས་རྒྱུད་བྱིན་རླབས་རྒྱ་མཚོར་བསྒྱུར། །
མཚུངས་མེད་སྐྱབས་རྗེ་ཟམ་གདོང་བླ་མར་བསྔགས། །
བླང་དོར་རྣམ་འབྱེད་མཁྱེན་རབ་ནོར་འཛིན་གཞིར། །
སྡོམ་གསུམ་གཙང་མའི་ལྗོན་པའི་རྩ་བ་བརྟན། །
ལྷག་བསམ་བཟང་པོའི་མཛད་འཕྲིན་ཡར་ག་རྒྱས། །
ཀུན་ཕན་འབྲས་བུའི་གཏེར་གྱུར་ཁྱེད་ལ་བསྔགས། །
གནས་མཆོག་ཝ་ཎའི་མཐོ་རིམ་སློབ་གླིང་དུ། །
སྣ་མང་འགལ་རྐྱེན་ལས་ལ་འཛེམས་མེད་ཀྱིས། །
གནའ་དེང་ཤེས་རིག་འཛིན་སྐྱོང་འཛུགས་བསྐྲུན་སོགས། །
ཀུན་ཕན་ཡར་རྒྱས་འབྱུང་གནས་ཁྱེད་ཉིད་ཙམ། །
དེ་ནས་དེང་རབས་མང་གཙོའི་འོས་འདེམས་ནས། །
ལྔ་ཟུང་བགྲང་བྱར་སྤྱི་འཐུས་ཚོགས་གཙོའི་འགན། །
ཡོངས་སུ་བཞེས་ནས་ཁྲིམས་བཟོའི་ལས་དོན་རིགས། །
འཐུས་ཚང་གོང་འཕེལ་མགོན་ཁྱོད་མཛད་རྗེས་མཆོག །
དེ་ནས་བོད་འབངས་བཙན་བྱོལ་མི་མང་གིས། །
ཁྱེད་ཉིད་བཀའ་བློན་ཁྲི་པར་འོས་འདེམས་ལྟར། །
སྤྱི་སྒེར་ཡོངས་དང་གཞུང་གི་ལས་དོན་ཀུན། །
ཁྲིམས་ལུགས་གཞིར་བཟུང་ལག་བསྟར་བཏབ་ལ་བསྔགས། །
རང་ཉིད་སྒེར་དོན་བྱ་ཉུང་དོན་ཉུང་ཞིང་། །
རླབས་ཆེན་སྤྱི་དོན་བྱ་མང་དོན་མང་བའི། །
རྨད་བྱུང་བཀའ་གདམས་གོང་མའི་མཛད་བཟང་གཏེར། །
ཁྱེད་ཉིད་རྒྱལ་བའི་སྲས་ཀྱི་ཐུ་བོ་ཉིད། །
༸སྐྱབས་མགོན་༸རྒྱལ་བའི་རིང་ནས་བཞེད་པའི་དོན། །
སྤྱི་ཚོགས་གང་ཟག་དབང་ལས་ཁྲིམས་ལུགས་ཀྱིས། །
དབང་བསྒྱུར་གསར་བརྗེ་གཙང་མ་འབྱུང་ཐབས་ཀྱི། །
རླབས་ཆེན་དགོངས་གཞི་ཇི་བཞིན་ཁྱེད་ཀྱིས་བསྒྲུབས། །
མདོར་ན་མགོན་ཁྱོད་སྐུ་ངལ་བརྒྱ་ཕྲག་གིས། །
༸སྐྱབས་གཅིག་གངས་ཅན་མགོན་པོའི་བཀའ་དགོངས་ལྟར། །
གངས་ལྗོངས་བསྟན་དང་འགྲོ་བའི་བདེ་སྐྱིད་ཕྱིར། །
རླབས་ཆེན་མཛད་རྗེས་གཟུར་གནས་བློ་ངོར་བརྗིད། །
གང་གི་གསང་གསུམ་ཡོན་ཏན་མ་གྲོས་ཀླུང་། །
ཇི་བཞིན་བརྗོད་པར་སྨྲོས་ཅི་ཆ་ཙམ་ཡང་། །
བརྗོད་མི་བཏུབ་མོད་བཀའ་དྲིན་མཚོན་པའི་ཕྱིར། །
ཚིག་འགའ་སྨྲས་ལ་དགེ་ལས་ཉེས་པ་ཅི། །
སྨྲས་པ།
འདིར་འབད་དྲང་བོའི་ངག་གིས་དགེ་རྩ་དེས། །
རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། །
༸གངས་ཅན་མགོན་དང་སྲས་ཀྱི་ཐུ་བོ་མཆོག །
ཡབ་སྲས་ཞབས་བརྟན་བཞེད་དོན་མྱུར་འགྲུབ་ཤོག །
ཅེས་བོད་བསྟན་མི་རིགས་བཅས་ཀྱི་བདེ་དོན་དུ་སྐུ་ཚེ་ཧྲིལ་བོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་བཀའ་དགོངས་རྩེ་གཅིག་སྒྲུབ་པའི་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོའི་ཆེ་མཆོག་ཕྱི་ལོ་༢༠༡༤་ལོའི་ཟླ་༡༡་པའི་ཚེས་༥ ཉིན་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་ལ་རྟེན་འབྲེལ་སྲི་ཞུ་མཚོན་ཕྱིར་(མངོན་བསྟོད་གླེགས་བམ།)ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་ཞུ་འཆར་ཡོད་པའི་རྩོམ་བརྡ་འབྱོར་འཕྲལ་དགའ་ཚོར་དཔག་མེད་བཅས་སྐྱེས་མཆོག་གང་གི་བཀའ་དྲིན་མཚོན་ཕྱིར་དུ་རི་བོ་དགེ་ལྡན་པ་ཡོངས་ཀྱི་མ་དགོན། འཕགས་ཡུལ་ལྷོ་རྒྱུད་ཀྱི་གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་བོད་རྒྱལ་ལོ་༢༠༤༡་ལོའི་ཟླ་༨་ཚེས་༤་ཉིན་དང་། ཕྱི་ལོ་༢༠༡༤་ཟླ་༩་ཚེས་༢༨་ཉིན་སྤེལ་བ་དགེ་ལེགས་འཕེལ། །