ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་སྐོར།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆགས་པ་ལ་རང་ལོ་ལྔ་བཅུ་ཧྲིལ་པོར་ལོན་དགོས་པའི་གྲོས་ཆོད་དང་འབྲེལ་བའི་སྐོར།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གང་ཡང་རུང་བ་ཁྲིམས་ཞིབ་ཁང་གཅིག་གི་ནང་ལོ་རྒྱུན་ཧ་ཅང་རིང་པོའི་བར་ཕྱག་ལས་གནང་བ་ཡིན་ན། སྤྱི་ཚོགས་དང༌། ཁྲིམས་ལུགས་ཀྱི་གནས་སྟངས་གཉིས་ཀའི་ཐོག་ནས་དཀའ་ངལ་ཡོང་སྲིད་པ་ཞིག་གཟིགས་ཀྱི་ཡོད་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞིག་བསྐོ་གཞག་བྱས་ཚར་རྗེས། གནས་སྤོས་གཏང་ས་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཅིག་སོ་སོའི་ལས་ཡུན་མ་རྫོགས་གོང་དགོངས་ཞུ་གནང་བ་ཡིན་ནའང༌། དགོངས་ཞུ་གནང་རྗེས་གཞུང་གི་ཁེ་ཡོད་ཀྱི་ལས་ཀ་གང་ཡང་བྱེད་ས་ཡོད་མ་རེད། ལས་དོན་གཞན་དག་གི་ཆེད་དུ་བེད་སྤྱོད་མེད་པ་ཆགས་ཟིན་པ་རེད། གོང་ཞུས་བྱེད་སའི་ཁྲིམས་ཁང་མཐོ་ཤོས་དེའི་ཁྲིམས་ཞིབ་པ་ཡིན་ཙང༌། ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་ཁྲིམས་རྩོད་རྙོག་ཁྲ་ཅན་མང་པོ་ཞིག་ཐག་གཅོད་གནང་དགོས་ཡོང་སྲིད་པ་ཞིག་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཆེས་མཐོའི་ཁྲིམས་ཞིབ་པ་འཕོས་ས་མེད་པ། སྤར་ས་མེད་པ། ཕབ་ས་མེད་པ། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ནས་གནས་དབྱུང་བཏང་ན་མ་གཏོགས་གང་ཡང་བྱེད་ས་མེད་པའི་ས་མིག་གཅིག་གི་ནང་མི་འགྲོ་རང་ལོ་སུམ་ཅུ་བྱས་པ་ཞིག་ཁྲིམས་དཔོན་ལ་བསྐོ་བ་ཡིན་ན། རང་ལོ་དྲུག་ཅུ་རེ་ལྔའི་བར་ལོ་སུམ་ཅུ་སོ་ལྔའི་རིང་དེའི་ནང་བསྡད་རྒྱུ་རེད། ལོ་བཞི་བཅུ་བྱས་པ་ཞིག་བསྐོ་བ་ཡིན་ན། ལོ་ཉི་ཤུ་རྩ་ལྔ། ལོ་ལྔ་བཅུ་བྱས་པ་ཞིག་བསྐོ་བ་ཡིན་ནའང་ལོ་བཅོ་ལྔའི་བར་དུ་མུ་མཐུད་ནས་ལས་ཀ་བྱེད་དགོས་རེད། དེ་འདྲ་ཡིན་དུས་ཉུང་མཐའི་ལོ་ཚད་དེ་མ་བྱུང་བ་ཡིན་ན་དཀའ་ངལ་གཅིག་ཡོང་གི་ཡོད་པ་དེ་ཕྱོགས་མང་པོ་ཞིག་ནས་གཟིགས་ཀྱི་ཡོད་རེད། ཡང་འགའ་ཤས་ཀྱིས་ཉུང་མཐའི་ལོ་ཚད་མ་བཞག་པ་ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེས་ཐད་བསྐོ་གནང་རྒྱུ་ཡིན་དུས། ྋསྐྱབས་མགོན་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་གནང་ནས་ལོ་ལྔ་བཅུ་མན་ལ་བསྐོ་གཞག་མ་གནང་ན་འགྲིག་རྒྱུ་ཞིག་རེད། འོན་ཀྱང་འདི་བཅའ་ཁྲིམས་ནང་གསལ་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེ་ན། སྤྱིར་བཏང་ྋསྐྱབས་མགོན་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་བསྐོ་གཞག་གནང་རྒྱུ་རེད་དེ། ཡིན་ནའང་བཅའ་ཁྲིམས་ནང་ཆ་རྐྱེན་གསལ་པོ་ཞིག་མེད་ན་མཚམས་རེ་བཀའ་བློ་མི་བདེ་བ་ཡོང་སྲིད་པ་དང༌། གླེང་གཞི་གཅིག་བྱུང་བ་ཡིན་ཙང༌། ད་རིང་འདིར་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན་ཟེར་བ་དེ་བྱུང་བ་རེད། ༼ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན་༽ ཞེས་བཀོད་ནའང་ད་དུང་ལོ་བཅོ་ལྔ་བར་དུ་ཁྲིམས་ཞིབ་ཁང་གཅིག་གི་ནང་མུ་མཐུད་ནས་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོད་པ་རེད། ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཚོའི་ནང་དེང་དུས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་རེ་ཟུང་བྱུང་ན་ཡག་པོ་ཡོད་རེད་དེ། འདི་ངེས་པར་དགོས་པ་ཞིག་གཟིགས་ཡོད་མ་རེད། བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འདི་མ་བཀོད་པ་གང་རེད་ཞུ་ན། འདི་ཉིད་ཁ་སྐོང་བྱེད་རྒྱུའི་ཆེད་བཤེར་དཔང་གི་ཆ་རྐྱེན་དེ་བཏོན་པ་རེད། ཁྲིམས་ཞིབ་པ་དེང་རབས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་མེད་མཁན་རྐྱང་རྐྱང་འཁོད་པ་ཡིན་ན། དེ་ལ་དེང་རབས་ཀྱི་སློབ་སྦྱོང་ཡོད་པའི་གང་ཟག་ཅིག་གིས་ཞབས་འདེགས་ཞུ་ཆེད་བཤེར་དཔང་བཙུག་རྒྱུའི་ཆ་རྐྱེན་བཏོན་ཡོད་རེད། ཆ་རྐྱེན་དེའི་ནང་བཤེར་དཔང་གསུམ་གྱི་ནང་ནས་གཉིས་ལས་མ་ཉུང་བ་ཞིག་དེང་དུས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་ཞིག་དགོས་ཞེས་འཁོད་ཡོད་རེད། དེང་དུས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་ཐོན་དང་མ་ཐོན་གཉིས་དབར་ཁྲིམས་ཞིབ་པའི་ཕྱག་ལས་གནང་རྒྱུར་དེ་ཙམ་གྱིས་ཐུགས་ཁྱད་མེད་ཙང༌། ཁྲིམས་ཞིབ་པའི་མདུན་ལ་ཁྲིམས་གཏུག་མཁན་དང་རྩོད་པ་རྒྱག་མཁན་དེ་དེང་དུས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་ཞིག་ཡོད་ན། ཕན་ཐོགས་ཡོད་པ་རེད་མ་གཏོགས། རྩོད་པ་གསན་རྒྱུར་སྤྱིར་བཏང་གི་རྣམ་དཔྱོད་ཀྱི་ཤེས་རབ་ཡག་པོ་ཡོད་ན་དེང་དུས་ཀྱི་ཁྲིམས་ཀྱི་སློབ་སྦྱོང་མ་ཐོན་པ་ཡིན་ནའང་རྩོད་པ་གསན་ཤེས་ཀྱི་ཡོད་པ་དེ་འཇིག་རྟེན་ཡོངས་གྲགས་རེད། འདིའི་རྒྱུ་མཚན་ལ་བརྟེན་ནས་ཁྲིམས་ཀྱི་ལམ་སྲོལ་ཡག་པོ་ཡོད་མཁན་གྱི་རྒྱལ་ཁབ་རྣམས་ཀྱིས་བར་དཔང་དང་གཟུ་དཔང་ཞིབ་འཇུག་ཚོགས་ཆུང་མང་པོའི་ནང་ཁྲིམས་ཀྱི་སློབ་སྦྱོང་མ་ཐོན་པ་བསྐོས་དང་སྐོ་བཞིན་པ་རེད། གང་ལགས་ཤེ་ན། དེས་ཁྲིམས་རྩོད་པའི་སྐད་ཆ་ཉན་ནས་ཐག་གཅོད་བྱེད་རྒྱུ་ཞིག་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟའི་གནས་སྐབས་འདིར་ང་ཚོའི་སྤྱི་ཚོགས་ནང་ལོ་ལྔ་བཅུ་ལོན་པའི་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་ཞིག་མེད་དབང་དུ་བཏང་ནའང༌། ང་ཚོའི་དངོས་ཡོད་ཀྱི་ལས་དོན་གྱི་ཐོག་ཉམས་ཆག་མི་འགྲོ་བ་ཞིག་གཟིགས་ཡོད་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༦/༠༩/༡༦ ་་་ ༡༩༩༦/༠༩/༢༦