ང་ཡི་བླ་མ།

ངག་དབང་རྡོ་རྗེ། (སྨྱུག་མིང་། བསེ་རུ།) (ཨོ་གླིང་།)
སྐུ་མཆོག་མཚན་དཔེའི་ཉིན་བྱེད་འོད་ཟེར་གངས་རིའི་ལྗོངས་ནས་གླིང་འདིར་འཕྲོས།།
གསུང་དབྱངས་འཚེ་མེད་བདེན་དོན་དབྱར་རྔ་འཇིག་རྟེན་རྨོངས་པའི་མགོན་དང་སྐྱབས།།
ཐུགས་རྒྱུད་བྱམས་བརྩེ་ཆུ་གཏེར་ཆེན་པོ་ཉམ་ཐག་འགྲོ་བའི་དཔུང་དང་གཉེན།།
ང་ཡི་བླ་མ་སྐྱབས་རྗེ་གང་དེ་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག།།

ཐོས་བསམ་སྒོམ་པའི་རྣམ་དཔྱོད་རིན་ཆེན་ཤེས་རིག་བྱེ་བའི་འབྱུང་གནས་ཉིད།།
འཆད་རྩོད་རྩོམ་པའི་ཡོན་ཏན་རིན་ཆེན་སྐྱེ་འགྲོ་ཀུན་གྱི་ལོངས་སྤྱོད་ཉིད།།
མཁས་བཙུན་བཟང་བའི་དལ་འབྱོར་རིན་ཆེན་ནོར་བུ་དགོས་འདོད་ཀུན་འབྱུང་ཉིད།།
སྐྱབས་རྗེ་ཟམ་དོང་བློ་བཟང་བསྟན་འཛིན་སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན།།

ཝ་སྐྱེས་ལོག་སྨྲའི་དཔུང་ཚོགས་དེ་ཀོ་ཐུགས་རྗེའི་ཞགས་པས་འགུགས་པར་མཛད།།
མི་བསུན་ཀླ་ཀློའི་བརླང་སྤྱོད་ཡོད་རྒུ་བྱམས་པའི་ཕྱག་གིས་ཞི་བར་མཛད།།
མ་རྟོགས་ལོག་རྟོག་མུན་པར་འཐིམས་རྣམས་ཐབས་ཤེས་ཟུང་གིས་འདྲེན་པར་མཛད།།
གསང་གསུམ་མཛད་འཕྲིན་ཉི་ཟླའི་འོད་སྣང་འཇིག་རྟེན་ཀུན་ལ་ཁྱབ་གྱུར་ཅིག།།
མཁྱེན་པ་རབ་རྫོགས་འཇམ་དཔལ་དབྱངས་སམ་དེ་ཡི་བྱིན་རླབས་ཞུགས་སམ་ཅི།།
བརྩེ་བ་རབ་གཏམས་སྤྱན་རས་གཟིགས་སམ་གང་གི་བརྩེ་བས་སྐྱོང་ངམ་ཅི།།
ནུས་པ་རབ་རྫོགས་གསང་བའི་བདག་གམ་དེ་ཡང་ཐུགས་ལ་ཞུགས་སམ་ཅི།།
ང་ཡི་བླ་མའི་གསང་གསུམ་ཡོན་ཏན་ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་ནུས་བྲལ།།

གངས་ཅན་མགོན་པོའི་སྐུ་ཚེ་བརྟན་ཅིང་གངས་ཅན་བདེན་དོན་གསལ་བར་སྨོན།།
གངས་ལྗོངས་ཞི་བདེའི་རང་དབང་ཐོབ་ཅིང་གངས་ལྗོངས་བདེ་སྐྱིད་ལྡན་པར་སྨོན།།
གངས་ཅན་ཤེས་རིག་སྣ་མང་དར་ཞིང་གངས་ཅན་མངའ་ཐང་རྒྱས་པར་སྨོན།།
ང་ཡི་བླ་མའི་སྐུ་ཚེ་བརྟན་ཅིང་གཞིས་བྱེས་ལྷན་འཛོམས་ཡོང་བར་སྨོན།།