གསུམ་བཅུའི་དུས་དྲན་ཐེངས་ཞེ་བཞི་པའི་ཐོག་གནང་བའི་གསུང་བཤད།

༄༅། ། དེ་རིང་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༣ ཚེས་བཅུ། བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་ལ་ཞི་རྒོལ་གྱེན་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༤༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་ལྗོངས་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་བཏུད་ཞུ་རྒྱུ་དང༌། ད་ལྟའང་བཙན་འོག་ཏུ་མནར་གཅོད་སྡུག་སྦྱོང་མྱོང་བཞིན་པའི་ཉེས་མེད་ཀྱི་བོད་རིགས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་ཤུགས་དྲག་གིས་འཚམས་འདྲི་དང་ཐུགས་གསོ་ཞུ་རྒྱུ་ཡིན། སྔ་ལོ་ ༢༠༠༢ གསུམ་བཅུའི་དུས་དྲན་ཉིན་སྡིངས་ཆ་འདིའི་ཐོག་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་སྐབས་བཅུ་གཉིས་པས་གཏམ་བཤད་ཐོག་མ་ཞུས་པ་དེའི་ནང༌། འདས་པའི་ལོ་ ༤༣ རིང་གི་བྱུང་རིམ་ལ་ཕྱི་མིག་བལྟས་ཏེ་བཟང་ཞན་གཉིས་ཀའི་གནས་ཚུལ་རྣམས་ཕྱོགས་བསྡོམས་ཤིག་བརྒྱབས་ཏེ་དྲན་གསོ་ཞུས་ཡོད། དེ་དང་ཆབས་ཅིག་ཏུ་བོད་ཀྱི་རྩ་དོན་བོད་རྒྱ་ཞི་མོལ་གྱི་ལམ་ནས་སྒྲུབ་ཐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་མའི་ལམ་གྱི་མཛད་བྱུས་ལ་བཙན་བྱོལ་གཞུང་གིས་ལག་བསྟར་བྱེད་ཕྱོགས་ཐད་གཏན་ལ་ཕབ་པའི་སྲིད་བྱུས་ཇི་ཡིན་དང༌། དེའི་སླད་བོད་མིའི་སྟོབས་ཤུགས་གོང་འཕེལ་གཏོང་བའི་བྱེད་ཕྱོགས་ལ་བོད་མི་མང་ཚོགས་ཀྱི་ཐུགས་སྣང་དང༌། རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག རིང་མིན་བོད་རྒྱ་ཞི་མོལ་དངོས་སུ་འགོ་ཚུགས་པའི་རེ་བ་དང་ཡིད་ཆེས་ཡོད་ཚུལ་ཞུས་པ་ཡིན། གཏམ་བཤད་དེ་བཀའ་ཤག་གིས་བསམ་ཞིབ་གཏིང་ཟབ་བྱས་པའི་གྲུབ་དོན་གྱི་ཉིང་ཁུ་ཆབ་སྲིད་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གསལ་བསྒྲགས་གལ་ཆེ་ཞིག་ཡིན་ཁུལ་ཡིན་སྟབས། བོད་མི་ཚང་མས་ཐུགས་སྣང་གཏིང་ཟབ་གནང་ཡོད་པའི་རེ་བ་ཡོད། དེར་བརྟེན་གཞི་རིམ་གྱི་གནས་ཚུལ་དེ་དག་བསྐྱར་ལྡབ་མ་དགོས་པར་ད་རེས་ཀྱི་གཏམ་བཤད་འདིའི་ནང་འདས་པའི་ལོ་འཁོར་གཅིག་གི་ནང་དངོས་སུ་བྱུང་བའི་འགྱུར་བ་དང༌། དེ་འབྲེལ་འཕྲལ་དང་ཕུགས་ཀྱི་ལས་འཆར་ཟུར་འདོན་གྱིས་ཞུ་རྒྱུ་ཡིན། ༢༠༠༢ ལོ་འགོ་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་དང་ཐད་ཀའི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་ནས་བཟུང་ྋགོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ཏུ་ཆེད་ཕེབས་བྱ་རྒྱུའི་སྐོར་འཕྲོས་མོལ་མུ་མཐུད་བྱས་འབྲས་སུ། ཕྱི་ཟླ་དགུ་པའི་ནང་ྋགོང་ས་ཆེན་པོའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་བོད་ས་གཉིས་ཀར་ཕེབས་ཐུབ་པ་མ་ཟད། རྒྱ་བོད་གཉིས་ཀྱི་གནད་ཡོད་མི་སྣ་མི་ཉུང་བ་ཞིག་དང་འཕྲོས་མོལ་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༩༣ ནས་བཟུང་འབྲེལ་ལམ་ཆད་པ་བསྐྱར་མཐུད་དང༌། སླད་ཕྱིན་འབྲེལ་ལམ་མུ་མཐུད་གནས་ཐུབ་པའི་རེ་བ་ཞིག་ཀྱང་རྙེད་ཡོད། གནས་ཚུལ་འདི་ལ་བོད་ཕྱི་ནང་དུ་གནས་པའི་བོད་རིགས་རྣམས་ལ་སེམས་ཚོར་དང་རེ་དྭོགས་གསར་པ་ཞིག་ཐོབ་པ་མ་ཟད། རྒྱལ་སྤྱིའི་ནང་བོད་དོན་ཐོག་སེམས་ཁུར་ཡོད་པའི་སྲིད་གཞུང་མང་པོ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཚང་མར་རེ་བ་དང་སེམས་ཤུགས་ཀྱི་ཕྱུར་རླབས་དངོས་གསལ་དོད་པོ་བྱུང་འདུག

ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ཡོང་རྒྱུ་དམིགས་ཡུལ་དུ་བཟུང་བའི་དབུ་མའི་ལམ་གྱི་ཐབས་བྱུས་ཀྱི་འོག་བོད་རྒྱ་ཞི་མོལ་བྱ་དགོས་ཀྱི་སྲིད་བྱུས་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཕྱིན་ད་རེས་ཀྱི་གོ་སྐབས་འདི་བརྟན་བཟུང་བྱེད་དགོས་པ་དང༌། བོད་མིའི་ངོས་ནས་བྱེད་ཕྱོགས་འགྲིགས་མིན་དབང་གིས་ཞི་མོལ་ལ་བར་ཆད་དང་གོ་སྐབས་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱེད་དགོས་པ་ནི་བརྗོད་མ་དགོས་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གྲོས་ཚོགས་ཚོགས་དུས་བཞི་པར། ད་ལྟ་ནས་བཟུང་ ༢༠༠༣ ཕྱི་ཟླ་དྲུག་པ་ཡས་མས་ཀྱི་བར་དུ་ང་ཚོའི་ངོས་ནས་རྣམ་འགྱུར་བཟང་པོ་ཞིག་བསྟན་ཐུབ་པ་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་འབད་བརྩོན་ཤུགས་ཆེ་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཞུས་ཡོད། བཀའ་ཤག་གིས་རེ་འདུན་ཇི་ལྟར་ཞུས་པ་བཞིན་བཙན་བྱོལ་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་བཀའ་ཤག་གི་ཐག་ཆོད་དེ་བཞིན་ཚད་ལྡན་ཡིན་མིན་གྱི་དགོངས་ཚུལ་དང་ཐུགས་དྭོགས་སྣ་ཚོགས་ཤིག་བྱུང་ཡོད་མིན་ལ་མ་ལྟོས་པར་ངོས་ལེན་དང་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་བ་དེར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན། གྲོས་ཚོགས་དང་མང་ཚོགས་ཀྱི་མཐུན་འགྱུར་དེ་ལ་བརྟེན་ནས་འདས་པའི་ཟླ་བ་དྲུག་གི་ནང་བོད་རྒྱའི་འབྲེལ་ལམ་ལ་བར་ཆད་དང་ཉམས་ཆག་བྱུང་མེད་པ་མ་ཟད་རིང་པོར་མ་ཐོགས་པར་ད་དུང་འབྲེལ་བ་དང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་མང་ཙམ་ཐོབ་པའི་རེ་བ་དང་གོ་སྒྲིག་བྱེད་བཞིན་པ་ཡིན།

ཡང་ཕྱོགས་འགའ་ཤས་ནས་བཀའ་ཤག་གིས་ཕྱི་ཟླ་དྲུག་པའི་ས་མཚམས་བཟུང་བ་ལ་སོ་སོའི་རྣམ་རྟོག་གི་འགྱུར་བ་དང་བསྟུན་ནས་ཚོད་དཔག་གིས་འགྲེལ་བརྗོད་སྣ་ཚོགས་ཤིག་གནང་འདུག་ནའང༌། དེ་དག་གིས་བདེན་པའི་གནས་ཚུལ་གང་ཡང་མཚོན་གྱི་མེད་པ་དེ་མང་ཚོགས་ཀྱིས་མཁྱེན་དགོས། ད་ལྟའི་འཛིན་སྐྱོང་གིས་ལས་དོན་ཇི་འདྲ་ཞིག་ཡིན་ཡང་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གྱི་རྒྱ་ལས་མི་བརྒལ་བ་བྱེད་རྒྱུ་ཡིན་པ་ཡོངས་ཁྱབ་ཏུ་ཞུས་ཟིན་པ་ལྟར། ཕྱག་རྒྱ་དེ་ལས་བརྒལ་བའི་གནས་ཚུལ་ཞིག་ཡོང་རྒྱུ་སུ་ཞིག་གིས་ཚོད་དཔག་གནང་བ་ཡིན་ནའང་ནོར་འཁྲུལ་ཡིན་པར་ཐག་བཅད་ཆོག ༢༠༠༣ ཕྱི་ཟླ་དྲུག་པའམ་དུས་ཚོད་ཇི་འདྲ་ཞིག་ཏུའང་བོད་རྒྱ་ཞི་མོལ་ཡོང་ཐབས་མེད་པའི་གནས་ཚུལ་གསལ་རྟོགས་བྱུང་ཚེ། སྐབས་དེར་བཙན་བྱོལ་གཞུང་གིས་འཇུག་ངོགས་དང༌། ཐབས་ལམ་ལ་བསྐྱར་ཞིབ་བྱེད་རྒྱུ་མ་གཏོགས་གཞི་རྩའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་དང་གཏོང་འཆར་གང་ཡང་མེད་པའི་གནད་དོན་འདི། གསར་འགོད་པ་རྣམས་ཀྱིས་ཚོད་དཔག་བྱ་རྒྱུར་མ་བཞག་པར་ཚིག་ཐག་ཆོད་པོས་གསལ་བཤད་བྱེད་རྒྱུ་ཡིན།

བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་པའི་ཆེད་དགོས་མེད་རྒྱ་མིར་བསུན་གཙེར་དང་མཐོ་འཚམས་མི་དགོས་པ་གཙོ་འདོན་བྱ་དགོས་བརྗོད་པ་དེ། བདེན་པ་ནག་བསུབ་ཀྱིས་མགོ་སྒུར་ནས་ངོ་སྲུང་སྤྲེལ་ལད་བྱེད་དགོས་པའི་དོན་དུ་འགྲེལ་བརྗོད་བྱེད་པ་ནི་དངོས་དོན་མ་རྟོགས་པའི་གསུང་ཕྱོགས་ཤིག་རེད། ྋགོང་ས་ཆེན་པོའི་སྐུ་ཚབ་ཚོགས་ཆུང་བོད་དང་རྒྱ་ནག་ནས་ཕྱིར་འཁོར་ཟིན་པ་ནས་བཟུང་ད་ལྟའི་བར་བོད་ཀྱི་ནང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག་བྱས་པས་མཚོན་རྒྱ་དམར་གྱི་བྱེད་ཕྱོགས་མ་འོས་མ་འཚམས་པ་རྣམས་ལ་སྐྱོན་བརྗོད་བྱེད་རྒྱུ་ནམ་ཡང་མཚམས་འཇོག་བྱས་མེད། དཔེར་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་བཟང་དོན་གྲུབ་བཅས་ལ་ཁྲིམས་ཞིབ་ཚད་ལྡན་མ་བྱས་པར་སྲོག་ཉེས་གཏོང་བ་དང་ཉེས་ཆད་ལག་བསྟར་བྱས་པ་བཅས་ལ་འབྲེལ་ཡོད་རྒྱ་མིའི་དབུ་ཁྲིད་ཚོར་ཐད་ཀར་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་བརྒྱུད་ལམ་ཐམས་ཅད་དུ་གསལ་བསྒྲགས་དང་ལས་འགུལ་ཤུགས་ཆེ་སྤེལ་ཡོད། ཐུགས་སྣང་ཅན་རེ་ཟུང་གིས་དེའང་བོད་རྒྱ་ཞི་མོལ་ལ་གནོད་སྐྱོན་ཡོང་སྲིད་པས་གནས་སྐབས་མ་བྱས་ན་ལེགས་ཚུལ་དགོངས་འཆར་གནང་མཁན་བྱུང་ཡང་དངོས་བྱུང་གི་གནས་ཚུལ་སྣང་མེད་དུ་འཇོག་ཐབས་མ་མཐོང་བས་ངོས་ལེན་ཞུས་མེད། བོད་རྒྱ་ཞི་མོལ་བྱུང་བའི་སྐབས་དང༌། ཞི་མོལ་གྱི་ལམ་ནས་གཉིས་མོས་ཀྱི་འགྲིག་ཆགས་ཤིག་བྱུང་ཟིན་པའི་རྗེས་ སུའང་མ་འོས་མ་འཚམས་པའི་གནས་ཚུལ་ནམ་བྱུང་ལ་ཞི་རྒོལ་དང་གདོང་ལེན་བྱ་དགོས་པ་མ་གཏོགས། སྣང་མེད་འཇོག་ཐབས་མེད་པ་ནི་བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་དམ་བཅའ་ཞིག་རེད། འོན་ཀྱང་སྐྱོན་བརྗོད་དང་ངོ་རྒོལ་གྱི་ལས་རིམ་ཇི་འདྲ་ཞིག་ཡིན་ནའང་བྱམས་བརྩེས་ཀུན་ནས་བསླངས་པའི་འཚེ་མེད་ཀྱི་རྣམ་འགྱུར་ཞིག་མ་གཏོགས། ཁོང་ཁྲོས་དྲངས་པའི་སྡང་ཟུག་འཚེ་བའི་རྣམ་འགྱུར་དང་མི་ལྡན་པ་ཞིག་དགོས་རྒྱུ་དེའང་གོང་གསལ་གྱི་ལྟ་གྲུབ་དེའི་ཕྱག་རྒྱ་ཡིན་པ་བརྗོད་མ་དགོས།

མི་ལོ་ ༥༥ ལ་ཉེ་བའི་བོད་རྒྱའི་རྙོག་འཛིངས་འདི་ནི་སྲིད་དོན་ཁོ་ནའི་རྙོག་འཛིངས་ཤིག་མ་ཡིན་པར། མི་རིགས་ཀྱི་གནས་སྟངས་དང་འབྲེལ་བའི་རྙོག་འཛིངས་ཤིག་ཡིན་པ་ནི་ཀུན་གསལ་རེད། བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་ངོ་མ་མི་རིགས་དབར་གྱི་འཁོན་རྩོད་ཅིག་མིན་ནའང༌། མི་རིགས་ཀྱི་གནས་བབས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ནི་སུས་ཀྱང་འགོག་མི་ནུས། སྤུར་རྒྱལ་བོད་ཀྱི་མི་རིགས་ནི་བྱུང་རབས་དང༌། སྐད་ཡིག རིག་གཞུང༌། ཆོས་ལུགས། ལེགས་བྱང༌། རིག་གནས། སྒྱུ་རྩལ་སོགས་གང་གི་ཆ་ནས་ཁྱད་པར་བ་ཞིག་ཡིན་པ་མ་ཟད། སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་སྒྲུབ་པའི་ནུས་པ་ཡོད་པའི་མི་རིགས་ཤིག་ཡིན་པ་དང༌། འདས་པའི་མི་ལོ་སུམ་སྟོང་བརྒལ་བའི་རིང་ཁྱིམ་མཚེས་རྒྱལ་ཁབ་སྤྱི་དང༌། ཁྱད་པར་རྒྱ་དཀར་ནག་གཉིས་ལ་ཕྱོགས་ཡོངས་ནས་འབྲེལ་ལམ་དམ་ཟབ་ཡོད་པ་དང༌། ལྷག་པར་རྒྱ་ནག་མཉམ་དུ་སྐབས་རེ་དམག་འཁྲུག་དང༌། སྐབས་རེ་མཐུན་འབྲེལ་སོགས་འཕར་བུབ་ཇི་སྙེད་ཅིག་བྱུང་ཡོད་རུང༌། དུས་ཚོད་མང་ཆེ་བ་གཅིག་ཕན་གཅིག་གྲོགས་མཛའ་མཐུན་མཉམ་གནས་བྱས་པ་མ་ཟད། དུས་རབས་བཅུ་གསུམ་པའི་མཇུག་ཙམ་ནས་མཆོད་ཡོན་གྱི་འབྲེལ་ལམ་ཐུན་མོང་མ་ཡིན་པ་ཞིག་བྱུང་བ་དེས་ཕན་ཚུན་གཉིས་ཀར་ཁེ་ཕན་ཆེན་པོ་བྱུང་ཡོད། འབྱུང་འགྱུར་ཡང་རང་སྲིད་རང་སྐྱོང་གི་གནས་བབས་གཙང་མ་ཞིག་བྱུང་ཚེ། བོད་རྒྱ་མཉམ་གནས་ཐུབ་པ་ཡོང་རྒྱུའི་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་དུ་མི་རིགས་མཐུན་འབྲེལ་གྱི་དགོས་མཁོ་ནི་སྲིད་དོན་གྱི་དགོས་མཁོ་ལས་གཙོ་ཆེ་བར་དགོངས་པ་ནི་ཧ་ཅང་ཚད་མཐོའི་གཟིགས་ཚུལ་ཞིག་ཡིན་པ་དང༌། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་མི་རིགས་འདྲ་མཉམ་དང༌། མི་རིགས་མཐུན་འབྲེལ་གྱི་ཆ་རྐྱེན་བཀོད་པ་དེ་དངོས་དོན་ལག་ལེན་བསྟར་ཕྱོགས་ཀྱི་ཐོག་མདུན་མཆོང་ཆེན་པོ་ཡོང་བའི་ཐབས་ལམ་ཡང་ཡིན། མི་རིགས་འདྲ་མཉམ་ཟེར་བ་མི་འབོར་དང༌། དཔལ་འབྱོར་དམག་ཤུགས་སོགས་ལ་མ་ལྟོས་པར་མིའི་རྣམ་དཔྱོད་དང་ཚོར་སྣང་ལ་ལྟོས་ཏེ་མཐོ་དམན་དང་བཟང་ཞན་མི་དབྱེ་བར་འདྲ་མཚུངས་ཀྱི་འབྲེལ་བ་བྱེད་ཐུབ་པ་ཞིག་ལ་ཟེར་བ་ཡིན་སྟབས། མི་རིགས་ཀྱི་འདྲ་མཉམ་ནི་མི་རིགས་མཐུན་འབྲེལ་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། བོད་རྒྱ་མི་རིགས་གཉིས་དབར་འདྲ་མཉམ་གྱི་འབྲེལ་ལམ་གྱི་ཐོག་ནས་བོད་རྒྱ་མཉམ་གནས་ཐུབ་པའི་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀའི་མཐུན་རྐྱེན་སྨིན་པ་ཞིག་བྱུང་བ་ཡིན་ན་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་འབྲེལ་དང༌། ཞི་བདེ་བརྟན་ལྷིང་གི་གཞི་རྩ་ཆེན་པོ་ཞིག་ཡོང་རྒྱུ་མ་ཟད། རྒྱ་ནག་དང་འབྲེལ་བའི་དཀའ་རྙོག་གཞན་དང༌། འཇིག་རྟེན་ནང་མི་རིགས་ལ་བརྟེན་པའི་དཀའ་རྙོག་མང་པོ་སེལ་བ་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་པར་ཐེ་ཚོམ་མེད།

ྋགོང་ས་མཆོག་གིས་ཆོལ་གསུམ་ཆིག་བསྒྲིལ་གྱི་སྒོ་ནས་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་ཚུད་དགོས་པའི་དགོས་འདུན་གནང་བའང་མི་རིགས་ཀྱི་དཀའ་རྙོག་ཡོངས་རྫོགས་དུས་གཅིག་ཏུ་བསལ་ཐུབ་པ་དང༌། རྒྱ་བོད་མཉམ་གནས་བརྟན་ལྷིང་མིང་དོན་མཚུངས་པ་ཞིག་ཡོང་བའི་ཆེད་ཡིན་པས། བོད་མི་རིགས་ཀྱི་མདུན་ལམ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་འདི་ནི་ནམ་ཡང་འདོར་ཐབས་མེད་པའི་རྩ་བའི་དམ་བཅའ་ཞིག་ཡིན། འདི་ནི་བོད་རྒྱ་ཞི་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་རྩ་བ་ནས་མ་ཡིན་པར་མཐར་ཐུག་གི་བསྒྲུབ་བྱའི་གཙོ་བོ་དེ་ཡིན། བོད་རྒྱ་ཞི་མོལ་ལ་མི་འདོད་པ་རེ་ཟུང་གིས་ཞི་མོལ་ལམ་ལྷོང་བྱུང་བ་ཡིན་ན་ད་ལྟའི་བོད་རང་སྐྱོང་ལྗོངས་སུ་གྲགས་པ་དེ་ཁོ་ན་མ་གཏོགས། དེའི་ཕྱི་རོལ་ཏུ་ཡོད་པའི་བོད་རིགས་ལ་ཁེ་ཕན་གང་ཡང་མེད་ཚུལ་གྱི་རྫུན་གཏམ་ཁྱབ་སྤེལ་བྱེད་པ་ནི་གཞི་རྩ་གཏན་ནས་མེད་པའི་འཁྱོག་བཤད་རང་དོན་ཉི་ཚེ་བ་སྒྲུབ་ཐབས་ཀྱི་ངན་གཡོ་ཡིན་པ་ཚང་མས་མཁྱེན་དགོས། འདས་པའི་མི་ལོ་ ༤༤ རིང་ྋགོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་གིས་ཆོལ་གསུམ་ཁ་བྲལ་ཐབས་མེད་པའི་རྩ་དོན་གྱི་དམ་བཅའ་འདི་ལ་འགྱུར་བ་སྤུ་ཙམ་ཞིག་བཏང་མེད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་ནམ་ཡང་འདོར་ཐབས་མེད་པའི་རྩ་དོན་ཞིག་ཡིན།

མི་རིགས་འདྲ་མཉམ་དང་མཐུན་འབྲེལ་ཡོང་བའི་རྒྱུ་རྐྱེན་མེད་དུ་མི་རུང་བ་གཅིག་ནི་ཕན་ཚུན་འཁོན་འཛིན་དང་སྡང་ཟུག་ཕྲག་དོག་སོགས་ཀྱི་འདུ་ཤེས་མེད་པར་བྱམས་བརྩེ་དང་མཛའ་སེམས་ཁ་ཞེ་མེད་པ་ཞིག་དགོས་རྒྱུ་དེ་ཉིད་ཡིན་སྟབས། སྔ་ལོའི་གཏམ་བཤད་དུ་ནན་ཏན་ཆེན་པོས་འབོད་སྐུལ་ཇི་ལྟར་ཞུས་པ་བཞིན་གཞིས་བྱེས་བོད་མི་ཚང་མས་རྒྱའི་མི་རིགས་ལ་འཁོན་འཛིན་དང་སྡང་སེམས་དོར་ཏེ་བྱམས་བརྩེའི་ངང་ནས་འབྲེལ་བ་བྱེད་ཐུབ་པ་ཞིག་ཡོང་ཐབས་གནང་དགོས་པ་དེ་ད་རེས་བསྐྱར་ནན་དུ་ཞུ་རྒྱུ་ཡིན། དེ་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་ཀྱི་གཞི་རྩ་གཅིག་པུ་ཡིན་པ་མ་ཟད། ྋགོང་ས་མཆོག་གིས། ཉོན་མོངས་གདོན་གྱིས་མྱོས་པའི་བརླང་སྤྱོད་ཀྱིས། ། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། ། མི་སྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག། ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། ། ཞེས་སྨོན་འདུན་མཛད་པའི་དམིགས་ཡུལ་ཡང་ཡིན་པ་དང༌། ཁྱད་པར་དུ། རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན། ། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། ། སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། ། ཅེས་པའི་སྨོན་འདུན་འགྲུབ་ཐབས་ཀྱི་རྒྱུ་རྐྱེན་མེད་དུ་མི་རུང་བ་དེ་ཡིན་པའང་ཚང་མས་མཁྱེན་དགོས།

ད་ལྟའི་རྒྱ་ནག་སྐམ་ས་ཆེན་པོའི་གནས་བབས་ལ་གཞིགས་ནའང་ཕྱི་ལོ་ ༡༩༥༡ ནས་བཟུང་ད་ལྟའི་བར་མི་ལོ་བཅུ་ཕྲག་ལྔ་ལྷག་གི་རིང་བོད་མི་རིགས་ཀྱིས་རྒྱ་ནག་གི་གསར་བརྗེ་དང་བཅོས་སྒྱུར་གྱི་བྱུང་རིམ་ནང་མཉམ་རུབ་དང་གྲུབ་འབྲས་མི་དམན་པ་ཞིག་བཏོན་ཡོད་པ་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་ངོས་ལེན་གསལ་པོ་གནང་ཡོད། བོད་མིས་ཆ་ཤས་བླངས་པའི་ལག་རྗེས་དེ་དག་ཚུལ་མཐུན་དང་ཡང་དག་ཡིན་མིན་གྱི་དཔྱད་ཞིབ་བྱ་རྒྱུ་ནི་གནས་ཚུལ་གཞན་ཞིག་ཡིན་ནའང་རྒྱ་ནག་གསར་པའི་བྱུང་རབས་ཀྱི་འཕེལ་རིམ་ནང་ཕན་གནོད་འདྲེས་པ་ཞིག་ཡིན་པ་ནི་བརྗོད་མ་དགོས།

ལྷག་པར་དུ་དཀའ་རྙོག་དང་འགལ་འདུ། ལུས་སྲོག་ལ་གཟན་པའི་ཉེན་ཁ་དུ་མ་ཞིག་གི་འོག་བོད་ཀྱི་ནང་རང་གི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས། ལེགས་བྱང༌། དེ་དག་གི་གཞི་རྩ་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་ཙམ་དུ་མ་ཟད། ཕྱོགས་འགའ་ཤས་ནས་སྔར་ལྷག་ཡར་རྒྱས་ཀྱང་གཏོང་ཐུབ་པའི་ལས་དོན་རླབས་པོ་ཆེ་བསྒྲུབས་ཡོད་པ་དེའང་བོད་མི་རིགས་ཀྱི་ཆེ་རྟགས་ཤིག་ཡིན་པ་གདོན་མི་ཟ། མི་རིགས་ཀྱི་ཚོར་སྣང་ནི་བཙན་བྱོལ་དུ་ཡོད་པ་རྣམས་ལས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཤུགས་ཆེ་བ་ཡོད་པ་སྒོ་དུ་མ་ནས་མཐོང་ཐུབ། སྔ་ལོ་ྋགོང་ས་མཆོག་གི་སྐུ་ཚབ་ཚོགས་པ་བོད་དུ་གཟིགས་སྐོར་ཡུད་ཙམ་ཞིག་གནང་རྒྱུའི་གོ་སྐབས་བྱུང་བ་དེའི་ཚེ་ནའང་བོད་རིགས་ཀྱི་འགོ་ཁྲིད་དང་ལས་བྱེད་རྣམས་ཀྱི་རྣམ་དཔྱོད་དང༌། སྙིང་སྟོབས། ཆོད་སེམས་སོགས་གཟིགས་སྐབས་ཐུགས་འགུལ་ཆེན་པོ་ཐེབས་ཚུལ་འགྲེལ་བརྗོད་གནང་བྱུང་བའང་ང་ཚོ་བློ་སྤོབས་སྐྱེ་འོས་པའི་གནས་ཚུལ་ཞིག་རེད། འབྱུང་འགྱུར་བོད་རྒྱ་ཞི་མོལ་དངོས་སུ་འགོ་ཚུགས་པའི་སྐབས་མ་འོངས་བོད་ཀྱི་མདུན་ལམ་ཇི་འདྲ་ཞིག་དགོས་པའི་འཆར་འགོད་དང༌། རྒྱ་ནག་དབུས་གཞུང་དང་བགྲོ་གླེང་བྱ་རྒྱུ་བཅས་ཀྱི་ཐོག་བོད་ནང་ཡོད་པའི་བོད་མི་མཁས་པ་དང་རྒན་རབས་རྣམས་ཀྱིས་གཙོ་བོ་ཆ་ཤས་བླང་ཐུབ་པའི་རེ་བ་ཡོད་པ་མ་ཟད། བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་བྱུང་བའི་སྐབས་སུའང་དེའི་འཛིན་སྐྱོང་བོད་ནང་ཡོད་པའི་ཤེས་ཡོན་དང་ཉམས་མྱོང་ཅན་གྱི་བོད་མི་རྣམས་ཀྱིས་གནང་དགོས་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༢ ལོར་བསྩལ་བའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ནང་ཡོངས་ཁྱབ་གསལ་བསྒྲགས་མཛད་ཟིན་པ་ཡིན་ནའང་གལ་ཆེ་ནན་དཔེའི་ཚུལ་དུ་ད་ལམ་བསྐྱར་དུ་དྲན་གསོ་དང་ནན་བརྗོད་ཞུ་རྒྱུ་ཡིན།

བོད་ཀྱི་བྱུང་བའི་ནང་བོད་མིའི་རྩ་དོན་ལ་ཕམ་ཉེས་དང་གོད་ཆག་ཇི་བྱུང་ཐམས་ཅད་ནང་ཁ་མ་འཆམ་པའི་དབང་གིས་བྱུང་བ་དངོས་མཐོང་གཟུགས་གྲུབ་ཏུ་ཡོད་པ་དེ་ལས་བསླབ་བྱ་ཞིག་བླངས་ཏེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཐབས་སུ་བོད་རིགས་ཡོངས་རྫོགས་བློ་མཐུན་ཆིག་བསྒྲིལ་དགོས་རྒྱུའང་གལ་གནད་ཆེ་ཤོས་ཤིག་ཡིན་པར་སྔ་ལོའི་གཏམ་བཤད་ནང་ཞུས་ཡོད་པ་དེ་བསྐྱར་བརྗོད་ཞུ་རྒྱུ་ཡིན། བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་བསམ་འདུན་དང་དམ་ཚིག་ནི་ས་འོག་གི་རྒྱ་མཚོ་བཞིན་དུ་འཁྱིལ་ཕྱོགས་གཅིག་གྱུར་དུ་ཡོད་བཞིན་པ་དེ་ལྟར་ཡང༌། རང་དབང་གི་ཡུལ་དུ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་སྐབས་རེ་རི་ངོས་ཀྱི་ཆར་ཆུ་བཞིན་དུ་རང་ལམ་གར་ལོན་གྱིས་འབབ་ཕྱོགས་སྣ་ཚོགས་ཤིག་བྱུང་དང་ཡོང་བཞིན་འདུག་པ་དེ་འདྲ་མི་ཡོང་བ་ཤིན་ཏུ་གལ་ཆེ་བས་སྤྱི་དོན་ཐོག་སྒེར་འཁོན་གྱིས་མ་བསླད་པ་གནང་རྒྱུའི་གཞེན་སྐུལ་ཡང་ཞུ་རྒྱུ་ཡིན། དེ་ལྟར་བོད་མིས་རང་ངོས་ནས་བསྒྲུབ་དགོས་པའི་ཆ་རྐྱེན་དེ་དག་ཚང་འཛོམས་ཤིག་བྱུང་ན་བོད་རྒྱ་གཉིས་ཕྱོགས་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཞི་མོལ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་དཀའ་ཚེགས་གང་ཡང་མ་མཐོང༌།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་སྲིེད་མཐར་བརྟན་ཅིང༌། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན།