གཞུང་འབྲེལ་གསལ་བཤད་ཐོག་བགྲོ་གླེང་གནང་ཕྱོགས།

སྤྱི་འཐུས་སྐབས་ ༡༢ པར་མཚོན་ནའང་ད་རིང་ཚོགས་ཐེངས་ ༦ པ་ཡིན་པར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞི་མཁྱེན་གྱི་ཡོད་ཤག་རེད། དེར་བརྟེན་ཚོགས་གཙོའི་ངོས་ནས་བགྲོ་གླེང་གི་དཀྱིལ་དུ་བར་ཆད་གཏོང་རྒྱུ་སོགས་གང་ཡང་ཞུས་མེད། ཡིན་ཡང་ཚོགས་གཙོའི་ལས་འགན་ཡིན་པའི་ཆ་ནས་གསལ་འདེབས་ཞུ་དགོས་པ་ཞིག་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བཅུ་གཅིག་པའི་ནང་གསེས་དོན་ཚན་ ༤༡།༤༢།༤༣ དེ་ཚོའི་འོག་གཞུང་འབྲེལ་གསལ་བཤད་ཀྱི་ཐོག་བགྲོ་གླེང་བྱེད་ཀྱི་ཡོད། བགྲོ་གླེང་གནང་སྐབས་གཟིགས་དགོས་པའི་དོན་ཚན་དེ་དག་ཡིན་པས་ཚང་མས་གཟིགས་ཡོད་ཤག་རེད།དེ་ནི་བཀའ་ཤག་གི་གསལ་བཤད་ཐོག་དགོངས་འཆར་གནང་རྒྱུ་དང༌། དྭོགས་འདྲི་གནང་རྒྱུ་སོགས་ཡིན་པ་རེད། སྤྱི་འཐུས་སྔོན་ལ་གསུང་མཁན་གྱི་ལན་དེ་རྗེས་མའི་སྤྱི་འཐུས་ཀྱིས་གནང་རྒྱུ་དང༌། སྤྱི་འཐུས་ནང་ཕན་ཚུན་གསལ་བཤད་གནང་རྒྱུའི་དུས་ཚོད་དེ་མིན། དེར་བརྟེན་མ་འོངས་པར་བགྲོ་གླེང་གནང་ཚུལ་དེ་སྒྲིག་གཞི་དང་མཐུན་པར་གནང་དགོས་གལ་འདུག སྤྱིར་སྟངས་ང་ཚོའི་གནས་ཚང་རྒྱ་གར་ཡིན་ལ། ཡུ་པི་དང༌། བྷི་ཧཱར་མངའ་སྡེའི་གྲོས་ཚོགས་ནང་གང་བྱུང་བ་དེ་གསར་ཤོག་དང་རླུང་འཕྲིན་བརྒྱུད་དེ་གཟིགས་ནས་དེའི་ཟློས་གར་དེ་འདིར་འཁྲབ་སྟོན་གནང་རྒྱུའི་ཐབས་ཤེས་གནང་བ་ཡིན་ན། རྩ་བའི་ད་ལྟའི་ཚོགས་གཙོ་གཉིས་ལ་ནུས་པ་ལྟ་བུ་གང་ཡང་མེད་ཀྱང༌། ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ལ་དེ་འདྲ་བའི་གནས་ཚུལ་མི་ཡོང་བ་ཞིག་ངེས་པར་དུ་ཚང་མས་ཐུགས་འགན་བཞེས་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥