༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན།
༄༅། །ཟླ་བྲལ་བསྟན་འགྲོའི་དཔུང་གཉེན་དམ་པ་༸སྐྱབས་མཆོག་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་གསོལ་འདེབས་འཆི་མེད་ལྷའི་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
བྲག་གཡབ་༸སྐྱབས་མགོན་སྐྱེ་ཕྲེང་དགུ་པ་རྔོག་ལོ་བློ་ལྡན་ཤེས་རབ་ཀྱིས་མཛད།
༄༅། །སྐུ་བཞིའི་བདག་ཉིད་སྟོན་པ་རྫོགས་སངས་རྒྱས། །
སྤངས་རྟོགས་ཡོན་ཏན་ཀུན་ལྡན་དམ་པའི་ཆོས། །རིག་གྲོལ་བརྒྱད་ལྡན་འཕགས་ཚོགས་དགེ་འདུན་ཏེ། །
བསླུ་མེད་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ། །
འགྲོ་བའི་འདྲེན་པ་མཉམ་མེད་ཟས་གཙང་སྲས། །
པཎ་གྲུབ་བཅུ་བདུན་རྩ་བརྒྱུད་བླ་མ་དང་། །
འཆི་མེད་ཚེ་ལྷ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །
རྗེ་བཙུན་བླ་མའི་སྐུ་ཚེ་བསྐལ་བརྒྱར་སྤེལ། །
རྒྱལ་ཀུན་འཕྲིན་ལས་ཟམ་མ་ཆད་པའི་རྒྱུན། །
མཐའ་ཡས་གདུལ་བྱའི་ཁམས་སུ་ཡོངས་འབེབས་པར། །
མི་འཇིགས་གདོང་ལྔའི་གད་རྒྱངས་ཆེར་སྒྲོག་པའི། །
རྒྱལ་སྲས་དཔའ་བོའི་དབང་པོར་གསོལ་བ་འདེབས། །
སྔོན་ཚེ་བློ་ཆེན་རྒྱལ་བའི་སྤྱན་སྔ་རུ། །
ཇི་ལྟར་ཐུགས་བསྐྱེད་དམ་བཅའ་བཟང་པོའི་མཐུས། །
སྙིགས་དུས་བསྟན་པ་འཛིན་ལ་ཆེས་དཔའ་བས། །
ཆོས་ཀྱི་རྒྱལ་མཚན་སྒྲེང་ལ་གསོལ་བ་འདེབས། །
དེ་ཕྱིར་སྤྲུལ་སྐུའི་ཟློས་གར་སླར་བསྒྱུར་ནས། །
བཤེས་གཉེན་དུ་མ་ཚུལ་བཞིན་ལེགས་བསྟེན་ཞིང་། །
ཆེ་བ་རྣམ་བཞིས་མདོ་སྔགས་གཞུང་ཀུན་ལ། །
དབང་འབྱོར་དམ་པའི་རང་རྟགས་མངོན་མཛད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
རྒྱ་ཆེན་གཞུང་ལུགས་ཐོས་པའི་དོན་རྣམས་ལ། །
བསམ་པས་སྒྲོ་འདོགས་བཅད་(གཅོད་)ཀྱིན་ཐུགས་ཉམས་སུ། །
བསྟར་ཞིང་བསྟན་འགྲོའི་དོན་ཆེན་ལ་གཞོལ་བའི། །
འཁོར་ལོ་གསུམ་གྱི་བྱ་བས་མཛེས་གྱུར་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
སྡེ་སྣོད་གསུམ་དང་བརྡ་སྤྲོད་གསོ་རིག་སོགས། །
ཕྱི་ནང་ཤེས་བྱར་མཁས་པའི་གཙོར་གྱུར་ཅིང་། །
སྡོམ་གསུམ་རྣམ་དག་བག་ཡོད་ཁྲིམས་ཀྱིས་བཙུན། །
བྱམས་བརྩེའི་འཕྲིན་ལས་བཟང་པོའི་དཔལ་མངའ་བ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ཚིག་ཚོགས་རེར་ཡང་དོན་གྱིས་ཆེས་ལྕི་བའི། །
མདོ་སྔགས་གཞུང་བརྒྱ་སྨྲ་ལ་དབང་འབྱོར་བ། །
ཁྱོད་མིན་སུ་ཞིག་མིག་སྟོང་ལྡན་པས་ཀྱང་། །
མ་རྙེད་འཛུམ་པའི་གནས་སུ་བཀོད་མཛད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ཕྱི་ནང་ཆོས་སྲིད་ལྔ་རིག་གནས་ཀུན་ལ། །
ཕྲ་ཞིབ་མཛངས་པའི་རྣམ་དཔྱོད་ལ་བརྟེན་ནས། །
ཟླ་བྲལ་འཆད་པའི་སྤོབས་པ་མཆོག་མངའ་བས། །
དྲན་དབང་ཀུན་གྱི་གཙུག་ན་ལྷམ་མེ་བ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
གཞོན་ནུའི་དུས་ནས་མཁས་པའི་ཁུར་འཛིན་པའི། །
ལོག་སྨྲའི་ཁྱུ་ཚོགས་ལུང་རིགས་མཚོན་རྣོན་གྱིས། །
གཟིར་ལ་དཔའ་ཞིང་རིངས་པའི་བརྟུལ་ཞུགས་ཀྱིས། །
རྩོད་ཕྱིར་ཕྱོགས་ཀྱི་གླང་པོའི་རྗེས་འགྲོ་བ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
དཎྜིའི་རང་གཞུང་སླར་ཡང་གསལ་བའི་ཕྱིར། །
དབྱུག་པ་ཅན་ཉིད་དགེ་སྦྱོང་ཚུལ་འཆང་སྟེ། །
རྩོམ་རིག་སྨྲ་བའི་ཚོགས་རྣམས་ཟིལ་གནོན་པའི། །
དབྱངས་ཅན་མགྲིན་པར་རྩེན་པའི་སྨྱུག་འཛིན་དབང་། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
འཕགས་ཡུལ་བོད་མིའི་སློབ་གྲྭ་དུ་མ་རུ། །
རང་རིགས་རྒྱུན་འཛིན་སོན་རྩ་གཞོན་ནུའི་ཁྱུ། །
གངས་ཅན་ཐོན་མིའི་བརྡ་དག་ནས་བརྩམས་ཏེ། །
ཤེས་བྱའི་གནས་ཀུན་མཁས་པའི་ཚོགས་སྤེལ་བ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
སྟོན་པས་ཆོས་སྒྲ་བསྒྲགས་པའི་ནགས་ཚལ་དེ། །
ཁྱོད་ཀྱིས་ལྔ་རིག་སྐྱེད་ཚལ་དུ་བསྒྱུར་ནས། །
གངས་ལྗོངས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། །
སྒོ་འཕར་གསར་དུ་འབྱེད་པའི་ཆོ་ག་མཁན། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ལྷག་པར་གནའ་དེང་ཕྱི་ནང་ཤེས་བྱ་ཡི། །
ཡོན་ཏན་ལེགས་བཤད་དུ་མའི་སྐྱེས་བཟང་གིས། །
མི་རིགས་སེར་སྐྱ་ཕོ་མོ་རིས་མེད་པར། །
ཕན་བདེའི་དགའ་སྟོན་འཇོ་བའི་ལམ་སྟོན་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
གཞན་ཡང་རིན་བྲལ་བཀའ་བསྟན་གཞུང་ལུགས་དག །
འཕགས་བོད་ཡིག་རིགས་ཕན་ཚུན་ཁ་སྐོང་ཕྱིར། །
བསམ་ཡས་སྒྲ་བསྒྱུར་རྒྱ་གར་གླིང་བཞིན་དུ། །
འགྱུར་གྱི་བྱ་བ་རྒྱ་ཆེའི་སྐབས་འབྱེད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
འཕགས་ཡུལ་པ་ཡི་སློབ་གཉེར་ཁང་ཡོངས་ཀྱི། །
ཚོགས་སྡེའི་གཙོ་སྐྱོང་མཆོག་ཏུ་མངའ་གསོལ་ཕྱིར། །
སློབ་དཔོན་ཆེན་པོ་ཀུན་ནས་མགྲིན་གཅིག་ཏུ། །
དབང་བསྐུར་གངས་ཅན་མཁས་པའི་རྒྱན་གཅིག་པུ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
རྒྱལ་ཐབས་འཕྲིན་ལས་རླབས་ཆེན་སྤེལ་བའི་ཕྱིར། །
མང་བཀུར་ཚོགས་ཀྱི་རྭ་བའི་གཙོ་བོ་དང་། །
ཕྱིང་(འཕྱིང་)སང་རྗེ་བོའི་ཁྲི་ལ་ཞབས་བཀོད་ནས། །
འཇིགས་མེད་ལུང་གིས་ཐོག་མར་དབང་བསྒྱུར་(སྒྱུར་)མཁན། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ས་ལ་རབ་བརྟན་གྱིས་ཀྱང་ཐེགས་(ཐེག་)དཀའ་བའི། །
པད་དཀར་འཆང་བའི་མཛད་བརྒྱའི་ཁུར་ཆེན་པོ། །
ཁྱོད་ཀྱི་ཕྲག་པར་ལྷུང་ཡང་མི་ངལ་བའི། །
སྙིང་སྟོབས་བདག་གིར་མཛད་པའི་དཔའ་བོ་ཆེ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
གངས་ལྗོངས་བསྟན་འགྲོའི་བདེན་དོན་ལ་གཞོལ་ཕྱིར། །
དཀར་མིན་དཔལ་འབྱོར་འདུ་འགོད་ཡོངས་སྤངས་ཏེ། །
འཚེ་མེད་ཞི་བས་གཉིས་སྨན་དབུ་མའི་ལམ། །
མང་གཙོའི་སྒྲིག་སྲོལ་གཙང་མར་སྐྱོང་མཛད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ཕྱི་ཚུལ་གཏིང་དཔོག་དཀའ་བའི་སྒམ་ཚུགས་དང་། །
རན་པར་སྨྲ་ཞིང་འགལ་འདུ་དང་བྲལ་བའི། །
དོན་སྤྱོད་དོན་མཐུན་ཉམས་སུ་བསྟར་མཛད་པས། །
དྲེགས་ལྡན་ཆེ་རྒུའི་གཙུག་ན་མངོན་བརྗིད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
དོན་དུ་ཞི་དུལ་ཆོག་ཤེས་བག་ཡོད་ཀྱིས། །
དམན་ས་འཛིན་པའི་སེམས་དཔའི་སྤྱོད་པ་ཡིས། །
ཁྲིམས་ལྡན་རྒྱ་མཚོར་སྐྱེངས་པ་སྟེར་མཛད་པས། །
འདུལ་འཛིན་སེམས་དཔའ་ཆེན་པོར་རབ་བཀུར་བ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
དེ་ལྟར་རླབས་ཆེའི་འཕྲིན་ལས་ཟབ་མོ་ཡིས། །
གཞན་ཕན་འཇུག་པ་ཡངས་པའི་དྲིན་གྱི་ཚད། །
གཞལ་ལ་རྒྱལ་ཀུན་དགྱེས་བཞིན་བགྲོ་བ་དང་། །
ཐལ་མོའི་སྒྲ་ཡིས་ཆེས་ཆེར་གཟེངས་བསྟོད་པ། །
བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །
ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
རིང་ནས་བཤེས་གཉེན་དུ་མས་དམ་ཆོས་ཀྱིས། །
ཐུགས་རྒྱུད་གཏམས་པའི་ཕན་བདེའི་གཏེར་ཆེན་པོ། །
གཞན་ཕན་འཛད་མེད་འཇོ་ལས་དམ་པའི་ཁུར། །
མ་དམིགས་ཐུགས་ཀྱི་དཔལ་བེའུར་གསལ་འདིར་དགོངས། །
རྒྱལ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །
རིང་ལུགས་དྲི་མེད་བསམ་འཕེལ་ཡིད་བཞིན་ནོར། །
སྐལ་ལྡན་གདུལ་བྱའི་རེ་བ་སྐོང་བའི་སླད། །
ཕྱོགས་མཐར་འགྱེད་པའི་མཛད་བཟང་སྐྱོང་བར་མཛོད།
མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །
རྟེན་ཅིང་འབྲེལ་འབྱུང་བསླུ་མེད་བདེན་པའི་མཐུ། །
བདག་སོགས་དད་དམ་གཙང་མའི་ནུས་སྟོབས་ཀྱིས། །
སྨོན་པའི་གནས་ཀུན་གེགས་མེད་ལྷུན་འགྲུབ་ཤོག
ཅེས་༸རྒྱལ་བསྟན་གསལ་བའི་ཉིན་བྱེད་ཟླ་བྲལ་བསྟན་འགྲོའི་དཔུང་གཉེན་དམ་པ་༸མི་རྗེ་བཀའ་བློན་ཁྲི་ཟུར་༸སྐྱབས་མཆོག་འབྲས་བློ་གླིང་ཚ་བ་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རླབས་ཆེའི་འཕྲིན་ལས་ཆ་ཤས་ཙམ་ཞིག་བསྔགས་པའི་ཡུལ་དུ་གླེང་བའི་སྒོ་ནས་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་གསོལ་འདེབས་འཆི་མེད་ལྷའི་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། རིན་པོ་ཆེ་མཆོག་ཉིད་ལུང་རྟོགས་ཡོན་ཏན་འབུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་། གནའ་དེང་ཤེས་བྱའི་གནས་ལ་མཁྱེན་པའི་སྤྱན་སྟོང་བཀྲ་བས་གངས་ལྗོངས་ཕན་བདེའི་གཞི་རྩར་ལུགས་གཉིས་རིག་གཞུང་དང་བཅས་པའི་རླབས་ཆེན་མཛད་འཕྲིན་ཕལ་དང་ཕལ་གྱིས་འགྲན་དུ་མི་བཟོད་པ་མུ་མེད་རྒྱ་ཆེ་ཡུན་རིང་བསྐྱངས་པར་རྟག་ཏུ་ཡིད་སྨོན་འཕེལ་བ་དང་། ལྷག་པར་ད་ལམ་འཕགས་ཡུལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། དམ་པའི་སྐྱེས་བུའི་ཐུན་མིན་ཐུགས་བསྐྱེད་མི་འདོར་བར་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཟབ་ལམ་བླ་མ་མཆོད་པ་དང་། དགའ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་སོགས་ཀྱི་བཀའ་ཁྲིད་གནང་རྒྱུའི་ཞལ་བཞེས་བསྩལ་བར་སྙིང་ནས་ཡི་རང་བས་དགའ་དད་སྤྲོ་གསུམ་ཐོབ་པའི་འཕྲལ་རྐྱེན་ལ་བརྟེན་ནས། ༸སྐྱབས་མཆོག་གང་ཉིད་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས། ༸སྐྱབས་རྗེ་ཡོངས་འཛིན་དགའ་ལྡན་ཁྲི་ཆེན་གླིང་རྡོ་རྗེ་འཆང་དང་། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་དབང་རྣམ་གཉིས་སོགས་མཚན་ལྡན་དུ་མས་རྗེས་བརྩེའི་གཟིགས་པ་ཆེན་པོས་བསྟོད་བཀུར་བསྔགས་གསུམ་མཛད་པ་མ་ཟད། སློབ་ཚོགས་རྒྱ་ཆེར་སྐྱོང་བའི་དམ་པའི་ཤུལ་འཛིན་ཕ་ལས་བུ་རྫིག་འོང་བར་ཐུགས་རེ་གནང་ཡུལ་གཞན་ཟླ་བྲལ་གཤིས། འབྱུང་འགྱུར་ཟབ་དང་རྒྱ་ཆེའི་མདོ་དང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་རྒྱུན་མི་ཆད་པའི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་རེ་སྨོན་གསོལ་འདེབས་ཀྱིས་མཚམས་སྦྱར་ཏེ། ད་ལམ་རྒྱུད་སྟོད་གསུང་ཆོས་སྐབས་སུ་དམ་ལྡན་སློབ་ཚོགས་ཡོངས་ནས་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་གསོལ་བ་འདེབས་ཕྱིར། ༸སྐྱབས་མཆོག་གང་དང་གཞོན་ནུའི་དུས་ནས་ཐོས་བསམ་གྱི་བྱ་བར་འཛིན་གྲྭ་གཅིག་ཏུ་བརྩོན་ཏེ་འདྲིས་ཤིང་འགྲོགས་པའི་གློ་བ་ཉེ་བའི་དམ་གཙང་རྡོ་རྗེའི་(རྗེ་)སྤུན་གྲོགས། འདོད་རྒྱལ་མཁན་པོས་བྲག་གཡབ་༸སྐྱབས་མགོན་སྐྱེ་ཕྲེང་དགུ་པར་བཏགས་ཤིང་། རྔོག་ལོ་བློ་ལྡན་ཤེས་རབ་ཅེས་པའི་མཚན་གྱི་ཅོད་པན་སྤྱི་བོར་བཅིངས་པའི་ངལ་བ་བསྟེན་ཡང་། འདི་སྣང་ཆོས་བརྒྱད་ཀྱི་ཁོལ་པོར་ལུས་པའི་འདུ་གསུམ་པས། ཕྱི་ལོ་ཉིས་སྟོང་བཅུ་བཞིའི་ཟླ་བ་དང་པོའི་གྲལ་ཚེས་བཅོ་ལྔ་དགེ་བར་བྲིས་ཤིང་། ཆོས་སྦྱིན་འགྲེམས་སྤེལ་ཞུས་པའི་དགེ་བས་ཇི་ལྟར་སྨོན་པའི་གནས་ཀུན་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག། །།